སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་ཉེར་གཅིག་པ། དཔྱད་ལྔ་མེ་བཙའ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.12.2022
ཕྱི་མ་རྒྱུད། >> ལེའུ་ཉེར་གཅིག་པ། དཔྱད་ལྔ་མེ་བཙའ།



ལེའུ་ཉེར་གཅིག་པ། དཔྱད་ལྔ་མེ་བཙའ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །དཔྱད་ལྔའི་མེ་བཙའ་སྤྲ་བ་རུང་མི་རུང༌། །མེ་དམིགས་གདབ་ཐབས་ཕྱི་རྗེས་ཕན་ཡོན་བདུན།།

སྤྲ་བ་སྟོན་ཟླ་གསུམ་གྱི་དུས་བཟང་བཏུ། །མ་ཆད་ཤིག་མེད་བརྡུངས་ལ་མཁྲེགས་པར་དྲིལ། །རྩ་བ་བརྟན་ཟླུམ་རྩེ་རྣོ་མེ་ལེན་མྱུར། །ཚིགས་པའི་མཁར་ལ་མཛུབ་མོའི་རྩེ་མོ་ཙམ། །མགོ་དང་ཡན་ལག་མདུན་ལ་མཐེབ་ཆུང་ཙམ། །རྩ་སྒོ་འགེགས་ལ་ལེབ་མོ་རིལ་མ་ཙམ། །འབྲས་དང་སྐྲན་ལ་ཨ་རུ་ར་ཙམ་བྱ། །བྱིས་པའི་ལྷེན་སྣར་སྲན་མ་འཕོས་པ་ཙམ།།

མེ་བཙའ་གདབ་ཏུ་རུང་བའི་ནད་གཞི་ནི། །མ་ཞུ་མེ་ཉམས་སྐྱ་རྦབ་དམུ་ཆུ་སྐྲན། །གྲང་མཁྲིས་མགོ་དང་ཡན་ལག་ཆུ་སེར་དང༌། །འབྲས་དང་ལྷོག་པ་སྟོངས་པའི་ཚ་བ་དང༌། །སྨྱོ་བྱེད་རྗེད་བྱེད་རྩ་ནད་ཐམས་ཅད་དང༌། །ཚ་རྗེས་ཕལ་ཆེར་མེ་ཡིས་བཅད་པ་སྟེ། །མདོར་ན་བད་རླུང་ལས་གྱུར་གྲང་བ་ཀུན། །རྩ་ནད་ཆུ་སེར་མེ་ཡིས་བསྲེག་པ་བསྔགས།།

མི་རུང་མཁྲིས་ཚད་ཁྲག་ནད་ཐམས་ཅད་དང༌། །དབང་པོའི་སྒོ་དང་ཕོ་མོའི་སྲིད་རྩར་སྤང༌།།

མེ་དམིགས་ནད་ཀྱིས་བསྟན་དང་སྨན་པས་བཙལ། །ནད་ཀྱིས་བསྟན་པ་ན་བའི་དམིགས་ཡོད་ལ། །མནན་ན་ཕན་སྙམ་བྱེད་ལ་མཐེབ་རྗེས་འོང༌། །རྩ་འཁྱུག་རྩ་ནད་གར་ལངས་དམིགས་སུ་གདབ། །སྨན་པས་བཙལ་བ་དོན་སྣོད་གསང་རྣམས་ཏེ། །ཨན་སྟོང་ཚིགས་པ་དང་པོ་རླུང་གི་གསང༌། །སྨྱོ་འདར་འཕྱོ་ལྐུགས་ནད་ལ་གདབ་པར་བྱ། །གཉིས་པ་མཁྲིས་གསང་གྲང་མཁྲིས་ནད་ལ་གདབ། །གསུམ་པ་བད་ཀན་གསང་སྟེ་གྲང་རླུང་དང༌། །གློ་སྙིང་མགོ་སྟོད་བད་མཁྲིས་རྒྱས་ལ་གདབ། །བཞི་པ་གློ་མ་ལྔ་པ་གློ་བུའི་གསང༌། །གློ་ལ་རླུང་དང་བད་ཀན་ཞུགས་ལ་གདབ། །དྲུག་པ་སྲོག་རྩ་བདུན་པ་སྙིང་གི་གསང༌། །འཕྱོ་འདར་སྨྱོ་འབོག་བད་རླུང་ནད་ལ་གདབ། །བརྒྱད་པ་མཆིན་དྲི་དགུ་པ་མཆིན་པའི་གསང༌། །སྒྲེག་སྐྱུག་མཆིན་དྲི་འཁོར་དང་གྲང་ཚེ་ན། །མཆིན་སྐྲན་མཆིན་པར་བད་རླུང་ཞུགས་ལ་གདབ། །བཅུ་པ་མཁྲིས་གསང་མ་ཞུ་མིག་སེར་དང༌། །མཁྲིས་པའི་སྐྲན་དང་མེ་དྲོད་ཉམས་ལ་གདབ། །བཅུ་གཅིག་མཆེར་གསང་སྦོ་འཁྲོག་འུར་ལ་གདབ། །བཅུ་གཉིས་ཕོ་བའི་གསང་སྟེ་མེ་དྲོད་ཉམས། །ལྷེན་དང་ལྕགས་དྲེག་སྐྲན་གྱི་ནད་ལ་གདབ། །བཅུ་གསུམ་བསམ་སེའི་གསང་སྟེ་ཁུ་ཁྲག་རླུགས། །མངལ་སྐྲན་སེམས་འཕྱོ་གྲང་རླུང་རྒྱས་ལ་གདབ༌། བཅུ་བཞི་མཁལ་གསང་མཁལ་མའི་གྲང་ནད་སེལ། །བཅོ་ལྔ་དོན་སྣོད་སྤྱི་གསང་གྲང་རླུང་སེལ། །བཅུ་དྲུག་ལོང་གསང་འུར་འཁྲོག་སྐྲན་ལ་གདབ། །བཅུ་བདུན་རྒྱུ་མའི་གསང་སྟེ་རྒྱུ་སྐྲན་དང།༌། གྲང་རླུང་ལྦུ་བ་བེ་སྣབས་འཁྲུ་ལ་གདབ། །བཅོ་བརྒྱད་ལྒང་པའི་གསང་སྟེ་རྡེའུ་ནད་དང༌། །གྲང་བས་ཆུ་ཁ་སྲ་སྙིའི་ནད་ལ་གདབ། །བཅུ་དགུ་ཁུ་བའི་གསང་སྟེ་འབྱམས་རླུགས་སེལ། །ཉི་ཤུ་ཐུར་སེལ་རླུང་སྒོའི་གསང་ཡིན་ཏེ། །ཕྱེན་མི་ཐུབ་དང་འགགས་པའི་ནད་ལ་གདབ། །མདུན་གྱི་མེ་དམིགས་སྐེ་སྟོང་ཙ་ར་ཁུང༌། །སྲོག་རྩ་སྙིང་དང་འདོམ་པའི་གསང་ཡིན་ཏེ། །སྙིང་འཆུས་སྐྱིགས་དང་གྲེ་བ་འགགས་ལ་གདབ། །ནུ་མའི་དཀྱིལ་ཐད་བྲང་གཞུང་དཀར་ནག་མཚམས། །འཕྱོ་འདར་སྙིང་མི་དགའ་ལ་གདབ་པར་བྱ། །ལྷེན་སྣའི་རྩེ་ནས་མཚོན་གང་ལྷེན་གྱི་གསང༌། །དེ་འོག་མཚོན་གང་ཁ་གསུམ་སྐྲན་གྱི་གསང༌། །དེ་འོག་མཚོན་གང་ཁ་གསུམ་མེ་མཉམ་གསང༌། །ལྷེན་སྐྲན་མེ་ཉམས་གྲང་རླུང་རྒྱས་ལ་གདབ། །ལྟེ་བའི་གཡས་གཡོན་མཚོན་རེ་ལོང་གི་ཐེར། །དེ་ནས་གཡས་གཡོན་མཚོན་རེ་ལོང་ཕུགས་གསང༌། །ལོང་སྐྲན་སྦོ་འཁྲོག་འཁྲུ་བ་འབྱམས་ལ་གདབ། །ལྟེ་འོག་མཚོན་གང་ཁ་གསུམ་རྒྱུ་སྟོད་གསང༌། །དེ་འོག་མཚོན་གང་ཁ་གསུམ་རྒྱུ་སྨད་གསང༌། །རྒྱུ་མར་གྲང་རླུང་ཞུགས་དང་འཁྲུ་ལ་གདབ། །དེ་འོག་མཚོན་གང་ཁ་གསུམ་ལྒང་པའི་གསང༌། །གྲང་བས་ཆུ་ཁ་སྲ་སྙི་སེལ་བར་བྱེད། །མགོ་དང་ཡན་ལག་མཛུབ་ཚུགས་གསང་དམིགས་ནི། །སྡུད་སྒོ་སྤྱི་གཙུག་མཚོགས་མའི་འདུས་སོ་གསུམ། །རླུང་གིས་མགོ་འཁོར་འགྱེལ་བུག་ནད་ལ་གདབ། །སྨྱོ་ལབ་འབོག་ན་ལྟག་པའི་སྤུ་འཁྱིལ་བསྲེག །རླུང་རིམས་སྨྲ་མི་ཤེས་ལ་མ་མཆུའི་འོག །ལྐོག་ནད་སྨྲ་མི་ཤེས་ལ་ཕྱི་ལོང་སྟེང༌། །གྱེན་སོར་བཞི་ཡི་ཆུ་བའི་བར་དུ་གདབ། །རིམས་ནད་ངུ་ལབ་འདྲེ་མཐོང་ལག་པ་ཡི། །མཁྲིག་མའི་སོར་བཞི་ཆུ་བའི་བར་དུ་གདབ། །ཕོ་མཚན་མི་ལྡང་ས་བོན་ལུག་པ་ལ། །ནང་ལོང་ཐད་དྲང་གདོང་གི་ཆུ་བར་བསྲེག ། རྐང་བཤལ་འགྲོ་བ་དཀའ་ན་ལག་པ་ཡི། །གུང་མོས་གང་སླེབ་བརླ་ཡི་ཕྱི་སུལ་བསྲེག །བུད་མེད་བུ་བཙས་སྐྲངས་ལ་ཨོལ་འཛུམ་བསྲེག །ལྟག་པ་རེངས་སམ་རླིག་པ་སྐྲངས་པ་དང༌།།སྨྱོ་ལྐུགས་རྐང་པའི་མཐེ་བོང་སྤུ་སྐྱེས་བསྲེག །མིག་ཚག་འབོག་ལ་རྟིང་པའི་དྲེག་མཚམས་བསྲེག །རྒྱུ་ལོང་ཕོ་གླང་ནང་ལོང་འཕར་རྩ་བསྲེག །དངངས་དང་སྐྱིགས་བུ་སྐྱུག་ལ་སྐེ་སྟོང་བསྲེག །མཆུ་ནད་སྲིན་ལག་གཡས་གཡོན་ཚིགས་མགོ་བསྲེག །སོ་ནད་རྣ་དྲུང་སྲིན་ལག་རྩེ་མོ་བསྲེག །སྣ་ཁྲག་མ་ཆོད་དབུགས་ཀྱིས་གར་སླེབ་པའི། །དཔུང་པ་གཡས་གཡོན་མགོ་ལ་མེ་བཙའ་གདབ།།

གདབ་ཐབས་བཙོ་བསྲེག་བསྲོ་དང་སྡིག་པ་བཞི། །འབྲས་དང་སྐྲན་ལ་ཉི་ཤུ་ཡན་ཆད་བཙོ། བད་ཀན་ཆུ་སེར་སྙིང་རླུང་བཅོ་ལྔས་བསྲེག །རླུང་སྲིན་རྩ་ཆུ་སྤྲ་བ་ལྔ་བདུན་སྲོ། །བྱིས་པའི་མེ་བཙའ་སྤྲ་ཚུགས་རེ་ཡིས་བསྡིག །བུ་བཙས་བཤལ་རྗེས་རྩ་ཆད་འཐུད་པ་གསུམ། །ཧ་ཅང་བསྲེགས་པ་དྲགས་ན་ཉེས་པ་ཆེ། །སྤྲ་བ་བཞག་ལ་མེ་སྤར་སྐྱབས་འགྲོ་བྱ། །མེ་ཕེབས་ཐལ་བ་མི་འགུལ་ཐུད་གྱིས་གདབ། །དུ་བ་ཆད་ནས་སྤྲ་ལྷག་ཁབ་མགོས་གསང༌། །སུམ་གཉིས་མཆེད་ནས་སྤྲ་བ་གཅིག་ལ་སྤར། །ཚ་བ་རྒྱུན་མི་ཆད་ན་ཚོས་པ་སྐྱེན། །བསྲེག་ལེགས་ཁོད་སྙོམས་ཡ་ཡོ་མེད་པ་དང༌། །ཆུ་བུར་ཕྲ་མོས་མཐའ་བསྐོར་ན་ཚ་མེད། །ཚོས་ཚད་མདུན་བཏབ་རྒྱབ་ཏུ་ཀར་རྩེ་ན། །རྒྱབ་བཏབ་མདུན་དུ་ན་ཞིང་སྐྱུག་སྙམ་བྱེད། ཚོས་པ་ཡིན་པས་སྤྲ་བ་བསྲེག་འཕྲོ་བཅད༌། །ཏོག་ཐོན་སྤྲ་བ་ཡར་ན་ཕན་ཆེར་འདོད།།

ཕྱི་རྗེས་མེ་ཤི་སྤྲ་གྲངས་མཐེབ་རྒྱས་གདབ། །གོམ་པ་འགའ་བཅགས་དེ་ནུབ་ཆུ་མི་བཏུང༌། །བཅགས་པས་ལུས་བརྟས་ཆུ་འཐུངས་མེ་དབལ་གསོད། །སྣོད་ལ་ཟས་ཟོས་རྗེས་ལ་མེ་མི་གདབ།།

ཕན་ཡོན་རྩ་ཡི་འབྲོས་འཕྲང་འགགས་པར་བྱེད། །ཨ་ནའི་ཟུག་གཅོག་རླུང་ནད་ཁ་ཡན་གནོན། །མ་ཞུ་འཇུ་ཞིང་ལྷེན་སྐྲན་བཤིག་པར་བྱེད། །འབྲས་དང་རྨ་རྒན་ཤ་རོ་ངན་པ་གཅོད། །སྐྲངས་པའི་མགོ་གནོན་ཆུ་སེར་འདྲེན་སྐེམ་སྡོམ། །དོན་སྣོད་སྒོ་བསྲུང་དྲོད་སྐྱེད་དྲན་པ་གསལ། །གསོ་དཔྱད་གཞན་བརྡུགས་ཕལ་ཆེར་མེ་ཡིས་གསོ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དཔྱད་ལྔ་མེ་བཙའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།



 

མཐའ་མའི་འདོན་ཐེངས་།: 22.12.2022 ཉིན། 12:03 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།