སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་ཉེར་གཅིག་པ། དཔྱད་ལྔ་མེ་བཙའ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 17.08.2011
ཕྱི་མ་རྒྱུད། >> ལེའུ་ཉེར་གཅིག་པ། དཔྱད་ལྔ་མེ་བཙའ་བསྟན་པ།



ལེའུ་ཉེར་གཅིག་པ། མེ་བཙའ་བསྟན་པ། 

དཔྱད་ལྔའི་མཆོག་གྱུར་གཏར་གའི་ལེའུ་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་ཏེ། དཔྱད་ལྔའི་ནང་ནས་མེ་བཙའ་ནི། མཁས་མཆོག་དཔའ་བོས། མེ་བཙའ་ཐལ་སྨན་ལས་མཆོག་སྟེ། །དེས་བསྲེགས་པ་ནི་སླར་མི་འབྱུང༌། །སྨན་དང་ཐལ་སྨན་མཚོན་དཔྱད་ཀྱིས། །མ་གྲུབ་པ་ཡང་གྲུབ་བྱེད་ཡིན། །ཞེས་སོགས་རྒྱས་པར་བཤད་པར་ལྟར་བྱ་ཐབས་ལ་སྤྲ་བ་རུང་བ། མི་རུང་བ། མེ་དམིགས། གདབ་ཐབས། ཕྱི་རྗེས་བཅད་པ། ཕན་ཡོན་བཤད་པ་དང་བདུན་དུ་ཡོད་པ་ལས།

སྤྲ་བ་ནི་སྟོན་ཟླ་སྟེ་གྲོ་བཞིན་ཁྲུམས་སྟོད་དབྱུག་པ་གསུམ་གྱི་དུས་བཟང་པོ་ཚེས་བརྒྱད་ལ་སོགས་པར་བཏུས་པ། དེ་ཡང་སྣ་མ་ཆད་པ་སྤྲ་ཤིག་མེད་པར་བརྡུངས་ལ་མཁྲེགས་པར་དྲིལ། དབྱིབས་རྩ་བ་བརྟན་ཞིང་ཟླུམ་པོ་རྩེ་མོ་ཕྲ་ལ་རྣོ་བས་མེ་ལེན་པ་མྱུར་བའི་དགོས་པ་ཡོད་པས་དེ་ལྟར་བྱ་ཞིང༌། ཆེ་ཆུང་གི་ཚད་རྒྱབ་ཀྱི་ཚིགས་པའི་མཁར་ལ་མཛུབ་མོའི་རྩེ་མོ་ཙམ་དང༌། མགོ་དང་ཡན་ལག་དང་ལུས་ཀྱི་མདུན་རྣམས་ལ་ནི་མཐེབ་ཆུང་གི་རྩེ་ཙམ། རྩ་སྒོ་འགེགས་པ་ལ་ཟླུམ་པོ་མི་བྱེད་པ་ལེབ་མོ་རིལ་མ་ཙམ། །འབྲས་དང་སྐྲན་ནད་ལ་ཨ་རུ་ར་ཙམ་བྱ་ཞིང༌། བྱིས་པའི་ལྷེན་སྣར་ནི་སྲན་མ་བཙོས་ནས་འཕོས་པ་ཙམ་བྱའོ། །

མེ་བཙའ་གདབ་ཏུ་རུང་བའི་ནད་གཞི་ནི་མ་ཞུ་བ། ཕོ་བའི་མེ་དྲོད་ཉམས་པ། སྐྱ་རྦབ། དམུ་ཆུ། སྐྲན། གྲང་མཁྲིས། མགོ་དང་ཡན་ལག་གི་ཆུ་སེར་དང༌། འབྲས་དང༌། ལྷོག་པ། སྟོངས་པའི་ཚ་བ་དང༌། སྨྱོ་བྱེད་དང་བརྗེད་བྱེད་ཀྱི་གདོན་དང༌། རྩ་ནད་ཐམས་ཅད་དང༌། ཚ་བའི་རྗེས་ཕལ་ཆེར་ལ་མེས་བཅོས་པ་སྟེ། མདོར་ན་བད་ཀན་དང་རླུང་ལས་གྱུར་བའི་གྲང་བའི་ནད་རིགས་ཀུན་དང༌། ཁྱད་པར་རྩ་ནད་ཆུ་སེར་ཐམས་ཅད་མེས་བསྲེགས་པར་བསྔགས་སོ། །

མེ་བཙའ་མི་རུང་བ་ནི་མཁྲིས་ཚད་དང་ཁྲག་ནད་ཐམས་ཅད་དང༌། དབང་པོའི་སྒོ་རྣམས་དང༌། ཕོ་མོའི་སྲིད་རྩར་སྤང་བར་བྱའོ་ཞེས་པའི་ཕོ་མོའི་སྲིད་རྩ་མཚན་དབྲག་ཏུ་རྩ་གསུམ་འོང་བའི་དབུས་ཆུ་རྩ་གཡས་སྲོག་རྩ་གཡོན་སྲིད་རྩ་རྒྱུ་བ་དེ་དང༌། གཞན་ཡང་ཟིན་ཏིག་ལས་སྤུན་དགུའི་གསེབ་གོང་དེའི་སྟེང་ན་རྩ་འགུལ་བ་ཞིག་མཆིས་ཏེ། དེར་བསྲེགས་ན་ཕོ་མཚན་ལྡང་མི་ནུས་ཏེ་མི་བསྲེག་གོ། །ན་སོ་རྒན་རྒོན་དུ་སོང་བའམ། མ་ནིང་ངམ་བུ་མི་འབྱུང་བར་འདོད་ན་དེར་བཏབ་པས་ཆོག་ཅེས་གསུངས་ཤིང༌། འདི་དང་རིན་ཆེན་གྲང་སྦྱོར་གྱི་ཁ་བསྒྱུར་སྲིད་རྒྱུན་གཅོད་པའི་སྨན་སོགས་བསྟེན་པའི་དུས་ཟླ་མཚན་འབབ་པའི་ཞག་བཅུ་གཉིས་པོ་ཁོ་ནའི་དུས་སུ་དགོས་ལ། དེ་ལས་སྔ་ཕྱིར་གྱུར་ན་ནུས་པ་འབྱིན་མི་ནུས་ཤིང༌། འདིས་མཚོན་སྲིད་སྤེལ་བའི་རྟེན་འབྲེལ་སོགས་སྲུང་བའི་རིགས་དང༌། སྨན་སྦྱོར་མན་ངག་སོགས་ཀྱང་སྐབས་འདི་ཉིད་དུ་བགྱིད་དགོས་ཤིང༌། གཞན་ཡང་ཨ་ཙ་ར་ཕྱག་རྡུམ་གྱིས། ཁ་ཆར་བུ་ཡུག་དུས་མི་བསྲེགཚེས་གཅིག་དྲུག་བཅོ་བརྒྱད་ཉེར་གཉིས་ཉེར་བཞི་ཉ་སྟོང་རྣམས་ལ་གཏར་བསྲེག་གཉིས་ཀ་སྤང༌། སྟོན་ཟླ་གསུམ་ལ་རྩིབ་མ་གཡས་མི་བསྲེག དཔྱིད་ཟླ་གསུམ་ལ་རྩིབ་མ་གཡོན་མི་བསྲེག དབྱར་གསུམ་ལྟེ་བར་མི་བསྲེག དགུན་གསུམ་རྐེད་པ་མི་བསྲེག བྱི་བ་ལོ་པ་ཉི་ཕྱེད་ལ་མི་བསྲེག དེ་བཞིན་གླང་ལོ་པ་ཕྱེད་ཡོལ། སྟག་ལོ་པ་ཉི་མྱུར། ཡོས་ལོ་པ་མྱུར་སྨད། འབྲུག་སྦྲུལ་རྟ་ལུག་བཞི་ཉི་ནུབ། བྱ་སྤྲེའུ་ཐོ་རངས། ཉི་ཤར་ཁྱི། ཕག་དྲོས་ཆེན་དུས་སོགས་ལ་མི་བསྲེག་ཅེས་ཀྱང་ཞིབ་པ་བདུན་ཟུར། བཞི་གཤེད། དུར་དགྲ་ཕྲད་ལ་མ་ཟད་གཟའ་སྐར་སྤར་སྨེ་སོགས་གཙུག་ལག་སྤྱི་དང༌། ཁྱད་པར་བླ་གནས་དང་ཀླུ་རིགས་ལྡན་གཉིས་ངེས་པར་བརྟག་དགོས་པ་སོགས་བཻ་ཌཱུརྱ་དཀར་པོ་ལས་ཤེས་པར་བྱོས་ཤིག

མེ་དམིག་ནི་ནད་ཀྱིས་ཚུར་བསྟན་པ་དང༌། སྨན་པས་ཕར་བཙལ་བ་གཉིས་སུ་ཡོད་པ་ལས། མེ་བཙའ་རྒྱག་པའི་དམིག་ནད་ཀྱིས་ཚུར་བསྟན་པ་ནི། ན་བའི་གཟེར་དམིག་གར་ཡོད་ལ་མཛུབ་མོ་སོགས་ཀྱིས་མནན་ན་ཕན་པ་སྙམ་བྱེད་ལ། མཐེབ་མོའི་རྗེས་འོང་ཞིང་རྩ་འཁྱུག་པ་དང༌། རྩ་ནད་གར་ལངས་པ་དེ་དང༌། དེའི་དམིག་ཏུ་གདབ་པར་བྱའོ། །སྨན་པས་བཙལ་བ་ནི་དོན་སྣོད་ཀྱི་གསང་རྣམས་ཏེ། དེ་ཡང་རྒྱབ་གསང་དངོས་བསྟན་ཉི་ཤུ། མདུན་གསང་ཉེར་གཉིས་མཛུབ་ཚུགས་གསང་ཉེར་དགུ་སྟེ། མེ་དམིག་དོན་གཅིག་ལས་རྒྱབ་གསང་ཉི་ཤུ་དེ་ལའང་འབྲི་གུང་པའི་མཆན་གྱི་རྗེས་འབྲང་འགའ་ཞིག་རུས་འབུར་དེ་ཨན་སྟོང་དང་དེའི་མས་ཉག་དེ་ཚིགས་པར་བཞེད་ནའང༌། བརྒྱད་པ་རྩ་འགྲེལ་དུ་བསྲེག་དམིག་སྐོར་གསལ་ཁ་མེད་ཅིང༌། ཟླ་བའི་རྒྱལ་པོར་རྒྱུ་མཚན་མང་བར་གསུངས་ཀྱང་འདི་གཅིག་མིན་མ་གསལ་ཞིང༌། བྱང་པ་བཀྲ་ཤིས་དཔལ་བཟང་གི་ཡིག་ཆ་དང་ཟུར་མཁར་བའི་ལུགས་འཛིན་རེ་གཉིས་གཅིག་པར་བཞེད་པ། ཨན་སྟོང་ཞེས་ཚིགས་པ་སྤྱི་མིང་ངམ་དོན་ཡས་མས་ཀྱི་གོ་བར་འཐད་པར་སེམས་པས་མཇིང་པ་སྒུར་བའི་དུས་རྒྱབ་ཏུ་རུས་པ་འབུར་ཏེ་འོང་བ་དེ་ཨན་སྟོང་ཚིགས་པ་དང་པོ་ནི་རླུང་གི་གསང་སྟེ། སྨྱོ་འདར་འཕྱོ་ལྐུགས་དང་ནུབ་མོ་གཉིད་མི་འོང་ཞིང་ཉིན་པར་གཉིད་ཆེ་བ་རྣ་བ་འོན་པ་ལྕེ་སྐྱ་བ་སྐེ་འགྱུར་མི་ཤེས་པ་སོགས་དང་རླུང་གི་ནད་ལ་གདབ་པར་བྱའོ། །གཉིས་པ་ནི་མཁྲིས་པའི་གསང་སྟེ་གྲང་མཁྲིས་ཀྱི་ནད་ལ་གདབ་པར་བྱའོ། །གསུམ་པ་ནི་བད་ཀན་གྱི་གསང་སྟེ་གྲང་རླུང་དང་གློ་སྙིང་མགོ་སྟོད་ན་ཞིང་བད་མཁྲིས་རྒྱས་པ་སོགས་ལ་གདབ་པར་བྱའོ། །བཞི་པ་གློ་བ་མ་དང་ལྔ་པ་གློ་བ་བུའི་གསང་སྟེ་མིག་ལས་མཆི་མ་འཛག་པ་སོགས་མིག་ནད་དང་གློ་བ་ལ་རླུང་དང་བད་ཀན་གྱི་ནད་ཞུགས་པ་ལ་གདབ་བོ། །དྲུག་པ་ནི་སྲོག་རྩ་དང༌། བདུན་པ་སྙིང་གི་གསང་སྟེ་འཕྱོ་འདར་སྨྱོ་འབོག་བད་རླུང་གི་ནད་དང༌། སྙིང་ནད་བརྗེད་ངས་གཉིད་ཡེར་བ་སྤྲོ་ཐུང་བ་སྙིང་འཁྲུགས་པ་སྲོག་རྩར་ཆུ་སེར་དང་རླུང་ཞུགས་པས་བྲང་གས་སྙམ་བྱེད་པ་ཁོང་དུ་ཆུ་འཐུངས་པས་ན་བ་རྣམས་ལ་གདབ། བརྒྱད་པ་མཆིན་དྲི་དང༌། དགུ་པ་མཆིན་པའི་གསང་གཉིས་ནི་སྒྲེག་སྐྱུག་དང་མཆིན་དྲི་འཁོར་བ་དང་གྲང་པའི་ཚེ་ན་བ་དང༌། མཆིན་སྐྲན་དང༌། མཆིན་པར་བད་རླུང་ཞུགས་པ། ཁྲག་གཟེར་དང༌། མཆིན་པ་ཁ་ལུད། མཆིན་རྒུད་སོགས་ལ་གདབ། བཅུ་པ་མཁྲིས་གསང་སྟེ་མ་ཞུ་མིག་སེར་དང༌། མཁྲིས་པའི་སྐྲན་དང༌། མཁྲིས་པ་སྐྱུག་པ། ཟས་ཡི་གར་མི་འོང་བ། རྟག་ཏུ་མགོ་ན་བ། མེ་དྲོད་ཉམས་པ་རྣམས་ལ་གདབ་བོ། །བཅུ་གཅིག་པ་མཆེར་གསང་སྟེ་མཆེར་ཡུལ་སྦོ་འཁྲོག་འུར་བ། ལུས་ལྕི་བ་གཉིད་ཆེ་བ་རྣམས་ལ་གདབ། བཅུ་གཉིས་པ་ཕོ་བའི་གསང་སྟེ་མེ་དྲོད་ཉམས་པ། བད་ཀན་ལྷེན་དང་ལྕགས་དྲེག སྐྲན། བད་སྨུག བཤུལ་ཤ་རེངས་པ། མིག་རུས་ཟུག་པ། ལྟག་ཁུང་དང་རྟག་ཏུ་འཁྲུ་བ་རྣམས་ཀྱི་ནད་ལ་གདབ་བོ། །བཅུ་གསུམ་པ་བསམ་སེའི་གསང་སྟེ་ཁུ་བ་དང་ཁྲག་རླུགས་པ། མངལ་སྐྲན། སེམས་འཕྱོ་བ། གྲང་རླུང་རྒྱས་པ། རྒྱུ་ལོང་སྦོས་པ། རྟུག་སྐམ། ཁ་བུབ་གན་རྐྱལ་ཉལ་མི་ཤེས་པ་སོགས་དང༌། ལྟེ་བ་གཡས་གཡོན་དུ་འཁྲོག་པ་རྣམས་ལ་གདབ་བོ། །བཅུ་བཞི་པ་མཁལ་གསང་སྟེ་མཁལ་མའི་གྲང་ནད། གླང་ཐབས་ལོང་ཁ་རྒྱུ་སྨད་ན་བ། སྐྱེས་པའི་ས་བོན་གྲང་བར་འོང་བ། འདྲེན་མི་བཟོད་པ། བུ་མོ་ཁོ་ན་འོང་བ་རྣམས་ལ་བཏབ་པས་སེལ། བཅོ་ལྔ་པ་དོན་སྣོད་སྤྱི་གསང་སྟེ་གྲང་རླུང་དང༌། མཁྲིས་པ་ཥ་ཡ། བུ་ཚིགས་མི་ཆགས་པ། ལྟེ་བ་མན་ཆད་ཀྱི་ནད་རྨྱ་རྣམས་ལ་གདབ་པས་སེལ། བཅུ་དྲུག་པ་ནི་ལོང་གི་གསང་སྟེ་རྒྱུ་ལོང་འུར་ཞིང་འཁྲོག་པ་སྐྲན་དང་དུས་མིན་དུ་སྦུགས་ངན་འབྱུང་བ། མཚན་ཁ་ཚ་བ། དྲི་ཆུ་སྲི་བ། གཞང་འབྲུམ་རྣམས་ལ་གདབ་བོ། །བཅུ་བདུན་པ་རྒྱུ་མའི་གསང་སྟེ་རྒྱུ་སྐྲན་དང༌། གྲང་རླུང་སྦུ་བ་བེ་སྣབས་འཁྲུ་བ་སོགས་རྒྱུ་མའི་ནད་ཀུན་ལ་གདབ་བོ། །བཅོ་བརྒྱད་པ་ལྒང་པའི་གསང་སྟེ་ལྒང་པར་ཞུགས་པའི་རྡེ་ནད་དང༌། གྲང་བས་ཆུ་ཁ་སྲ་བ་དང༌། སྙི་བ་དང་པུས་མོ་གྲང་བ་རྣམས་ལ་གདབ་བོ། །བཅུ་དགུ་པ་ཁུ་བའི་གསང་སྟེ། ཁུ་བ་འབྱམས་ཤིང་རླུགས་པ། ལུས་དགྱེ་དགུ་མི་ཤེས་པ། བཤུལ་ཤ་སྨད་ཤ་རེངས་པ། སྨད་བཤལ་ཞིང་ལྡང་མི་ནུས་པ་རྣམས་ལ་གདབ་པས་སེལ། ཉི་ཤུ་པ་ཐུར་སེལ་རླུང་སྒོའི་གསང་ཡིན་ཏེ། ཕྱེན་མི་ཐུབ་པ་དང་བེ་སྣབས་སྔོན་པོ་འཁྲུ་བའམ་དྲི་མ་འགགསཔའི་ནད་རྣམས་ལ་གདབ་བོ། །ཡང་ཁ་ཅིག་ཉེར་གཅིག་ཉེར་གཉིས་ཉེར་གསུམ་རྣམས་ལ་བཏབ་ནའང་བེ་སྣབས་དཀར་སྨུག་འཁྲུ་བ་དང༌། དཔྱི་མིག་ཟུག་པ་སོགས་གྲང་བའི་ནད་དང༌། གཞང་གས་པ་སྙམ་བྱེད་པ་སོགས་གཞང་ནད་རྣམས་ལ་རིམ་བཞིན་ཕན་པར་མཆིས་ཤིང༌། ཚིགས་པ་མཐའ་དག་དབུས་དང་གཡས་གཡོན་གྱི་ཚོན་རེའམ་ཕུན་བཞི་རེ་གཞལ་བའི་ས་གཉིས་ཏེ། ཁ་གསུམ་དུ་གདབ་པ་ནུས་པ་འདྲ་བར་འདོད། མདུན་གྱི་མེ་དམིགས་ཉེར་གཉིས་ནི། སྐེ་སྟོང་གི་ཙ་ར་ཁུང་ནི་སྲོག་རྩ་སྙིང་དང་འདོམས་པའི་གསང་ཡིན་ཏེ། སྙིང་འཆུས་པ། སྐྱིགས་བུ་བྱུང་དང༌། གྲེ་བ་འགགས་པ་རྣམས་ལ་གདབ། ནུ་མའི་དཀྱིལ་དྲང་ཐད་ཀྱི་བྲང་གཞུང་དཀར་ནག་མཚམས་ཀྱི་གསང་ནི་སེམས་འཕྱོ་བ་དང་འདར་བ་དང་སྙིང་མི་དགའ་བ་ལ་གདབ་པར་བྱ། ལྷེན་སྣའི་རྩེ་ནས་ཐུར་དུ་ནད་པ་རང་གི་ཚོན་གང་གཞལ་བ་ལྷེན་གྱི་གསང༌། དེ་འོག་ཚོན་གང་དང་གཡས་གཡོན་ཚོན་རེ་གཞལ་བའི་ཁ་གསུམ་པོ་སྐྲན་གྱི་གསང༌། དེ་འོག་ཚོན་གང་ནས་གོང་བཞིན་གཞལ་བའི་ཁ་གསུམ་པོ་མེ་མཉམ་གྱི་གསང་སྟེ་དེ་རྣམས་རིམ་བཞིན་ལྷེན་སྐྲན། མེ་ཉམས་གྲང་རླུང་རྒྱས་པ་རྣམས་ལ་གདབ་བོ། །ལྟེ་བའི་གཡས་གཡོན་ནས་ཚོན་རེ་རེ་བཅལ་བ་ལོང་གི་ཐེར་གྱི་གསང་ཡིན། དེ་ནས་སླར་ཡང་གཡས་གཡོན་ཚོན་རེ་རེ་བཅལ་བ་ལོང་ཕུགས་ཀྱི་གསང་ཡིན་པས་ལོང་སྐྲན་སྦོ་འཁྲོག་འཁྲུ་བ་འབྱམས་པ་རྣམས་ལ་གདབ། དེ་ནས་ལྟེ་འོག་ཏུ་ཚོན་གང་བཅལ་བ་དེ་ནས་གཡས་གཡོན་ལ་ཚོན་རེ་གཞལ་བ་ཁ་གསུམ་རྒྱུ་སྟོད་ཀྱི་གསང༌། དེ་འོག་ཚོན་གང་བཅལ་བ་ཁ་གསུམ་ནི་རྒྱུ་སྨད་ཀྱི་གསང་ཡིན་པས་རྒྱུ་མར་གྲང་རླུང་ཞུགས་པ་དང་འཁྲུ་བ་ལ་གདབ། དེ་འོག་ཚོན་གང་བཅལ་བ་ཁ་གསུམ་ལྒང་པའི་གསང་ཡིན་ཏེ། གྲང་བས་ཆུ་ཁ་སྲ་བ་དང་སྙི་བ་སེལ་བར་བྱེད། གཞན་ཡང་མགོ་དང་ཡན་ལག་མཛུབ་ཚུགས་སུ་བསྟན་པའི་གསང་དམིགས་ཉེར་དགུ་ནི། ལྟག་པའི་སྡུད་སྒོ། སྤྱི་གཙུག་སྤུ་འཁྱིལ། མཚོག་མའི་འདུས་སོ་དང་གསུམ་ནི་རླུང་གིས་མགོ་འཁོར་ཞིང་འགྱེལ་བུབ་བྱེད་པའི་ནད་ལ་གདབ། སྨྱོ་ཞིང་ལབ་མང་པོ་དང༌། བརྒྱལ་ཞིང་འབོག་ན་ལྟག་པའི་སྤུ་འཁྱིལ་གཉིས་བསྲེགརླུང་རིམས་ཀྱིས་ཁ་ལྐུགས་ཤིང་སྨྲ་མི་ཤེས་པ་ལ་མ་མཆུའི་འོག་གི་གཤོང་དེར་གདབ། ལྐོག་མའི་ནད་ཀྱིས་སྨྲ་མི་ཤེས་པ་ལ་རྐང་པའི་ཕྱི་ལོང་སྟེང་ནས་གྱེན་དུ་སོར་བཞི་གཞལ་བའི་ཆུ་བའི་བར་དུ་གདབ། རིམས་ནད་ངུ་ལབ་དང་འདྲེ་མཐོང་སྟེ་མང་དུ་སྨྲ་བ་སོགས་ལག་པའི་མཁྲིག་མའི་ནང་ངོས་ནས་སོར་བཞི་གཞལ་བའི་ཆུ་བའི་བར་དུ་གདབ། ཕོ་མཚན་མི་ལྡང་ཞིང་ས་བོན་ལུག་པ་ལ་རྐང་པའི་ནང་ངོས་ཀྱི་ལོང་བུའི་ཐད་དྲང་ངར་གདོང་གི་ཆུ་བར་དེ་བསྲེགརྐང་པ་བཤལ་ཞིང་འགྲོ་བ་དཀའ་ན་ནད་པ་དྲང་པོར་ལངས་ཏེ་ལག་པ་གཡས་པས་རྐང་པ་གཡས་དང་གཡོན་པས་རྐང་གཡོན་དུ་གཞལ་བའི་གུང་མོས་གར་སླེབས་ཀྱི་རྐང་པའི་བརླའི་ཕྱི་ངོས་ཀྱི་སུལ་བསྲེགབུད་མེད་བུ་བཙས་ནས་སྐྲངས་པ་ལ་ཨོལ་གོང་གི་འཛུམ་དུ་བསྲེག ལྟག་པ་རེངས་སམ་རླིག་པ་སྐྲངས་པ་དང་སྨྱོ་ལྐུགས་རྣམས་ལ་རྐང་པ་གཉིས་ཀྱི་མཐེ་བོང་གི་རྒྱབ་ངོས་ཀྱི་སྤུ་སྐྱེས་པ་དེར་བསྲེགམིག་ཚག་ཅིང་སྐྲངས་པས་འབོག་པ་ལ་རྐང་པའི་རྟིང་པའི་དྲེག་པ་ཆགས་མི་ཆགས་ཀྱི་མཚམས་དེར་བསྲེག རྒྱུ་ལོང་ཕོ་བ་སོགས་གླང་ཐབས་སུ་ན་བ་ལ་རྐང་པའི་ནང་ངོས་ཀྱི་ལོང་བུའི་ཁུགས་ཀྱི་འཕར་རྩ་བསྲེག དོན་མེད་དུ་དངངས་པ་དང་སྐྱིགས་བུ་དང་སྐྱུགས་པ་རྣམས་ལ་སྐེ་སྟོང་བསྲེག མཆུ་སྐྲངས་པ་དང་བད་ཀན་ཆགས་པ་སོགས་ཀྱི་ནད་ལ་སྲིན་ལག་གཡས་གཡོན་གྱི་རྒྱབ་ངོས་ཚིགས་མགོ་དབུས་མ་གཙོ་ཆེ་བའི་རིམ་གྱིས་གཅིག་གཉིས་གསུམ་ནད་ཚབས་དང་བསྟུན་ལ་བསྲེག སོ་ནད་ལ་གང་ན་ངོས་ཀྱི་རྣ་བའི་དྲུང་དང་སྲིན་ལག་གི་རྩེ་མོ་བསྲེག སྣ་ཁྲག་མ་ཆོད་ན་དབུགས་ཀྱིས་གར་སླེབས་པའི་སའི་དཔུང་པ་གཡས་གཡོན་སྣ་ཁྲག་གང་གི་མགོ་ལ་མེ་བཙའ་གདབ་པར་བྱ་དགོས་པ་སོགས་རྒྱུད་འདིར་བསྲེག་དམིག་དོན་གཅིག་ཏུ་བསྟན་ལ།

གཞན་ཡང་འདི་དང་ཆ་མཐུན་ཞིང་ཅུང་ཟད་རྒྱས་པ་ནི། སྨན་དཔྱད་ཟླ་བའི་རྒྱལ་པོ་ལས། ཡན་ལག་དང་པོ་མགོ་ལ་མཚོན་ཚེ་དམིག་བསྡུ་ན་ཉི་ཤུ་རྩ་གསུམ་སྟེ། རྣ་བ་གཉིས་དང་ཉེ་བར་གསུམ་གསུམ་སྟེ་དྲུག་ཏུ་བསྡུ། སྤྱི་བོ་དང་ཉེ་བར་ལྔ། དེ་བཞིན་ལྟག་པ་དང་ཉེ་བར་ལྔ། མཚོག་མ་དང་ཉེ་བར་ལྔ་དང༌། ལྟག་ཁུང་དང་ཉེ་བར་གཉིས་ལ་སོགས་པ་ཉེར་གསུམ་བཤད་དེ། སྤྱི་གཙུག་ཏུ་བཙལ་བ་སྟེ་དེར་བཏབ་ན་ཁྱད་པར་དུ་རླུང་ནད་དང་སྙིང་གི་དྲན་པ་ཉམས་པའི་མི་དྲན་པ་དང༌། བད་ཀན་སྐྱ་བོ་དང༌། མིག་མི་གསལ་བ་དང༌། སྣ་ཁྲག་མི་ཆོད་པ་རྣམས་ལ་ཕན། མཚོག་མའི་ཐད་ཀྱི་སྐྲ་མཚམས་ནས་སོར་བཞིའི་སར་ཡར་གཞལ་བར་བཏབ་པ་ན་ཀླད་ནད་བརྗེད་ངས་མགོ་བོ་འཁོར་བ་སེལ། །སོར་བདུན་གྱི་སར་ནི་བཏབ་པ་ན་སྣ་འགགས་པ་དང་སྣབས་མང་བ་ལ་ཕན། དཔྲལ་བའི་སྐྲ་ཡོད་མེད་ཀྱི་མཚམས་སུ་བཏབ་ན་མིག་རབ་རིབ་ཏུ་གྱུར་པ་དང་རིམས་ཀྱིས་མྱོས་པ་ལ་ཕན། མིག་གི་འབྲས་བུའི་ཐད་ཀའི་སྐྲ་མཚམས་ནས་ནི་ཐུར་དུ་ཚོན་གང་ལ་བཏབ་ན་མིག་ཚག་པ་ལ་ཕན། སྨིན་མའི་དབར་དུ་བཏབ་པ་ན་མིག་སེར་བ་དང༌། ཤ་སེར་བ་དང་སྣ་ཁྲག་མི་ཆོད་པ་ལ་ཕན། དེ་བཞིའི་དེའི་ལྟག་སོར་གང་ས་ཞོང་མོར་བཏབ་ན་ཡང་སྔོན་མ་བཞིན་ཕན། མིག་ཟུར་ནས་ཚོན་གང་ཕྱིར་བཅལ་བ་འགུལ་ས་ལ་བཏབ་པ་ན་མིག་ཚག་པ་དང་སྙིང་མི་དྲན་པ་ལ་ཕན། རྒྱབ་མདུན་གྱི་རྣ་བའི་བུ་གའི་ཐད་ཀར་བཏབ་ན་དེ་ཕྱོགས་ཀྱི་སོ་ན་བ་དང་རྣ་བ་འུར་བ་ལ་ཕན། རྣ་བའི་རྩེ་མོའི་ཐད་རྒྱབ་ལ་བཏབ་ན་གཉའ་བ་དང་རྩེ་ཆུང་རེངས་པ་ལ་ཕན། རྣ་བའི་བུག་པ་ནས་ཚོན་ཕྱེད་དེ་སོར་གང་མདུན་དུ་བཏབ་པ་ན་ཁ་ཡོ་བ་འབྱེད་མི་ཤེས་པ་དང་རྨེན་བུ་ཡོད་པ་དག་ལ་ཕན། རྣ་བའི་གཡས་གཡོན་གྱི་སྐྲ་མཚམས་སུ་བཏབ་ན་རྣ་བ་དང་ཀླད་པ་ན་བ་དང་རང་འགྱེལ་འགྲོ་བར་ཕན། རྣ་བའི་མདུན་ཟ་འགྲམ་རུས་པ་ལ་བཏབ་པས་རྣ་བ་འོན་པ་དང་ཁ་འབྱེད་མི་ཤེས་པ་དང་ཁ་མིག་ཡོ་བ་ལ་ཕན། རྣ་བའི་ནང་གི་ཙོག་ཙོག་པོར་བཏབ་ན་སྙིང་གི་བྱ་བ་མི་དྲན་པ་དང་སྨྲ་མི་ཤེས་པར་ཕན། ཁའི་འགྲམ་པའི་ཁ་ནས་ཡར་གསེགས་ཚོན་རེའི་སར་སོ་རྩ་འཕར་བ་ལ་བཏབ་ན་ཁ་མིག་ཡོ་བ་དག་ལ་ཕན། དེ་ནས་ཅུང་ཙམ་སྟེ་སོར་གང་སར་མར་བཏབ་ན་ཁ་དང་ལྕེའི་རྩ་བ་སྐྲངས་པ་ལ་ཕན། མ་མཆུའི་འོག་ཏུ་བཏབ་ན་དྲན་པ་མི་གསལ་བ་དང་ལྐུགས་པ་ལ་ཕན། ཡ་མཆུའི་གཤོང་ལ་བཏབ་ཀྱང་རུང་ལ་ཡང་ན་ཀོས་ཀོའི་གཤོང་བུར་བཏབ་ན་ལྕེ་སྐྲངས་ཤིང་སྨྲ་མི་ཤེས་པར་ཕན། ལྟག་པའི་རུས་པ་འབུར་བ་ནས་གྱེན་ལ་ཚོན་གང་བཅལ་བར་བཏབ་ན་སྣ་འགགས་པ་དང་མིག་མི་གསལ་བ་དང༌། དེའི་གཡས་གཡོན་ཚོན་དོ་རེའི་སར་བཏབ་ན་ཀླད་པའི་ནད་དང་མིག་ནད་སེལ། ལྟག་པའི་སྡུད་སྒོར་བཏབ་པ་ན་རིམས་དང་ཚ་བས་ཟིན་པ་དང༌། སྙིང་མི་དྲན་པ་དང་ལུས་སྦྲིད་པ་མིག་སེར་མགོ་བོ་འཁོར་བ་དང་གླལ་བ་སོགས་ལ་མཆོག་ཏུ་ཕན་ནོ། །མཆུའི་ཕན་ཚུན་གཉིས་ཀྱི་གཤོང་བུར་བཏབ་ན་གཉའ་བ་སྒུར་མི་ཤེས་པ་དང་བཤུལ་ཤ་རེངས་པ་ལ་ཕན། རྣ་བའི་ཕྱི་མཆན་གྱི་རྩ་འགུལ་བར་བཏབ་ན་མགོ་བོའི་ནད་སེལ། བྱང་ཁོག་གི་རྒྱབ་ཚིགས་པ་དང་པོ་གཡས་གཡོན་ཚོན་རེ་ཁ་གསུམ་དུ་བཏབ་ན་རྒས་པ་ལ་མཆོག་ཏུ་ཕན་ཞིང༌། སྟེ་ཞེས་པ་འདྲེན་ཚིག་ནས་གཞན་ཡང་ཚད་རྙིང་རུས་པ་ལ་ཞེན་པ་དང༌། དབུགས་ཐུང་བ། རྔུལ་ཁ་སྙི་བ་དང༌། རོ་རྒྱབ་ན་བ་དང༌། སྙིང་མི་བདེ་བ་དང༌། དང་ག་མི་བདེ་བ་ལ་སོགས་ནད་གསུམ་དག་ལ་ཕན་པའོ། །ཁྱད་པར་རླུང་གི་ནད་ཞི་བར་བྱེད། ཚིགས་པ་གཉིས་པ་ཁ་གསུམ་དུ་བཏབ་ན་ཁོང་དུ་ཚད་པ་ལྷུང་བ་དང༌། ལྦ་བ་བྱུང་བ་དང༌། སྟོད་ལྕི་བ་ཁྲག་མཁྲིས་རྒྱས་པ་སོགས་ལ་ཤིན་ཏུ་ཕན། ཚིགས་པ་གསུམ་པའི་ཁ་གསུམ་དུ་བཏབ་ན་བད་ཀན་རྒྱས་པ་དང༌། སྣ་བསྲུབ་ཅིང་ལྕེ་སྐམ་པ་དང་བད་ཀན་རྒྱས་པ་རྣམས་ཞི་བར་བྱེད། ཚིགས་པ་བཞི་པ་ཁ་གསུམ་དུ་བཏབ་ན་ཟས་ཀྱི་བྲོ་བ་མི་ཚོར་བ་དང་གློ་ནད་དང་སྟོད་གཟེར་དང་ཚད་པ་རྙིང་པ་དང་ལྡང་དུབ་ཚ་བ་ཆེ་བ་རྣམས་ལ་ཕན། ཚིགས་པ་ལྔ་པ་གློ་བའི་གསང་དུ་མེ་བཙའ་ཁ་གསུམ་དུ་བཏབ་ན་གློ་ནད་ཁྲག་འོང་བ་དང་རིམས་ནད་ཐིབས་པོ་ཐེབས་པ་དང་སྨྱོ་བ་དང་རྒྱབ་གཟེར་བ་རྐང་ལག་འདར་བ་སྐྱུག་པ་དང་སྐྱུག་བྲོ་རྣམས་སེལ་བར་བྱེད། དྲུག་པ་སྙིང་གསང་ཁ་གསུམ་དུ་བཏབ་ན་སྙིང་འདར་བ་དྲན་པ་མི་གསལ་བར་དང་སྙིང་འཛག་བརྡུང་བའི་ནད་དང་སྟོད་རྒྱས་པ་ཟས་ཀྱི་བྲོ་བ་མི་ཞིམ་པ་རྣམས་སེལ། བདུན་པ་སྲོག་རྩའི་གསང་ཁ་གསུམ་དུ་བཏབ་ན་འབོག་པ་དང་ཁོང་པ་ལྕི་བ་བརྗེད་ངས་ཆེ་བ་དང་ཁོག་ལྕི་ལ་ལུས་ལ་འབྲུམ་ཐོར་འོང་བ་མགོ་ལྕི་བ་སྙིང་དུ་ཆུ་སེར་ཞུགས་པ་སྲོག་རྩར་རླུང་ཞུགས་པའི་ནད་སོགས་ལ་ཕན། བརྒྱད་པ་མཆིན་དྲིའི་གསང་ཁ་གསུམ་དུ་བཏབ་ན་རྩིབ་ཐུང་ལ་ཟུག་བྱེད་པ་དང་ཁོང་པ་བསྡམས་པ་དང་མཆིན་དྲིར་བད་ཀན་ཞུགས་པ་དང་མཆིན་དྲི་འཁོར་བ་རྣམས་སེལ། དགུ་པ་མཆིན་གསང་ཁ་གསུམ་དུ་བཏབ་ན་མཆིན་པ་སྟོང་པ་ཞུ་བ་དང༌། ཆུ་སྐྱུར་སྐྱུག་པ་དང༌། རླུང་གཟེར་བྱེད་པ་དང༌། ཕྱི་འཕྲེང་སྦོ་བ་དང༌། ཁོང་པ་སྐྲངས་པ་དང༌། ས་བོན་ཁྲག་ཏུ་འཛག་པ་ལ་ཕན། བཅུ་པ་མཁྲིས་པའི་གསང་ཁ་གསུམ་དུ་ནི་གདབ་པར་བྱ་བ་མ་ཡིན་ཏེ། མཁྲིས་པ་རྒྱས་ན་གདབ་པར་བྱ་དགོས་ཏེ། ལུས་ལྕི་བ་ཁ་ཟས་མི་འཇུ་བ་དང༌། འུར་འུར་བྱེད་ཅིང་ཕྱི་ས་འགགས་པ་དང༌། ཤ་ལ་ནག་ཁྲ་དང༌། མདོག་སེར་བ་དང༌། ཁ་སྣ་ནས་ཆུ་སེར་འཛག་པ་དང༌། ཀླད་ནད་མིག་གིས་མི་མཐོང་བ་རྣམས་ལ་ཕན། བཅུ་གཅིག་པ་མཁྲིས་རྩ་ཁ་གསུམ་དུ་བཏབ་ན་འཁྲོག་ཅིང་སྐྲངས་པ་དང༌། ངོ་གདོང་སྐམ་ལ་ཟས་མི་འཇུ་བར་སྦོ་བ་ལ་ཕན། བཅུ་གཉིས་ཕོ་བའི་གསང་ཁ་གསུམ་ལ་བཏབ་ན་སྐྱུག་པ་དང་ཕོ་བའི་ནད་རྙིང་པ་ལ་སོགས་པ་ཕོ་བའི་ནད་རྣམས་ཞི་བར་འགྱུར། བཅུ་གསུམ་བསམ་སེའི་གསང་ཁ་གསུམ་དུ་བཏབ་ན་ཁུ་ཁྲག་རླུགས་པ་སོགས་མངལ་དང་ཁུ་བའི་ནད་ཀུན་ཞི་བར་བྱེད་པ་ཡིན་ཏེ། ནད་མེད་པ་ལ་བཏབ་ན་ཤ་ཞུའོ། །བཅུ་བཞི་ཁ་གསུམ་དུ་བཏབ་ན་མཁལ་ཚིལ་འཁྱགས་པ་དང་རྐེད་པ་ན་ཞིང་ཆུ་སྲི་བ་དང་ཕོ་མོའི་མཚན་མ་སྐྲངས་པ་དང༌། ཁོང་པ་ལྕི་བ་ཕོ་མཚན་འགྲེང་མི་ནུས་པ་དང་ཕྱི་ས་རླུགས་པ་རྣམས་ལ་ཕན། བཅོ་ལྔ་ཁ་གསུམ་གྱི་མཐའ་གཉིས་ལ་མཁལ་མའི་འབྲས་བུ་ཡོད་དེ། རྒྱུ་མཚན་དེའི་ཕྱིར་ན་སྐྱེས་པ་ལ་གདབ་མི་རུང་ངོ༌། །བཅུ་དྲུག་པ་ལོང་གསང་ཁ་གསུམ་ལ་བཏབ་ན་དྲི་མ་སྡོམ་པ་དང་སྦོ་ཞིང་ན་ལ་གཞང་ཁ་ལྷོད་པ་དང་འཁྲུ་བ་དང་ལངས་ན་རྐེད་པ་ན་བ་དང་ཟས་མི་འཇུ་བ་སྦོ་ལོང་འཁྲོག་པ་རྣམས་ལ་ཕན། བཅུ་བདུན་པ་ནི་རྒྱུ་མའི་གསང་ཡིན་ཏེ་ཁ་གསུམ་དུ་བཏབ་ན་ཚད་རྙིང་དང་བེ་སྣབས་འཁྲུ་བ་དང་ཁོང་སྐྲན་དང་དབུགས་ཐུང་བ་ཆུ་སྲི་བ་འཁྲུ་ནད་ཅན་སོགས་ལ་མཆོག་ཏུ་ཕན། བཅོ་བརྒྱད་ལྒང་པའི་གསང་ཁ་གསུམ་དུ་བཏབ་ན་ཆུ་ཁ་སྙི་བ་དང༌། ཆུ་ཚན་འོང་བ་ཕོ་མཚན་འགྲེང་ཞིང་སྐྲངས་པ་དང༌། ཟླ་མཚན་མི་འཛག་པར་ལྟེ་བར་འཁྱིལ་ནས་ན་བ་དང༌། བུ་བཙས་རྗེས་སུ་རླུང་ཞུགས་པ་རྣམས་ལ་ཕན། བཅུ་དགུ་ཁ་གསུམ་ལ་བཏབ་ན་ཆུ་སོ་དང་རྐེད་པ་ན་བ་དང༌། ཕྱི་སའམ་དྲི་ཆེན་སྐམ་པ་དང༌། རྐང་ལག་རེངས་ནས་འགྲོ་མི་ནུས་པ་དང༌། དབུགས་ཐུང་བ་དང༌། ཡ་མཆུ་མ་མཆུ་འཕྱང་བ་དང༌། ཉམ་ཆུང་ཞིང་ཁྲག་ཏུ་འཁྲུ་བ་ལ་ཕན། ཉི་ཤུ་པ་ཁ་གསུམ་ལ་བཏབ་ན་ཚད་པ་རྙིང་པ་དང་གཅིན་དང་ཟླ་མཚན་སྙི་བ་དང༌། སྨན་གྱིས་བཤལ་སོགས་མི་ཕིགས་པ་ཁྲག་འོང་བ་དང༌། ཚིལ་ནད་བྱུང་བ་སོགས་ལ་ན། ཉི་ཤུ་རྩ་གཅིག་ཁ་གསུམ་ལ་བཏབ་ན་རྐེད་པ་ན་བ་དང༌། དཔྱི་མིག་ཟུག་པ་དང༌། འཁྲུ་བ་དང་དབུགས་ཐུང་བ་དང༌། རླུང་ནད་ཀྱི་སྐད་མི་འབྱིན་པ་སོགས་ལ་ཕན། ཉི་ཤུ་རྩ་གཉིས་ཁ་གསུམ་ལ་བཏབ་ན་ཚད་པ་རྙིང་པ་དང༌། གཅིན་དང་ཟླ་མཚན་སྙི་བ་དང་རླུང་ནད་དྲག་པོ་ལ་ཕན། ཉེར་གསུམ་རྟ་མིག་བུ་ག་ལ་བཏབ་ན་རྐེད་པ་འཕྱེས་པ་དང་འཁྲུ་དང་བླ་འཆོལ་སྨྲ་བ་རྣམས་ལ་ཕན། མདུན་ནམ་ནང་དུ་གདབ་པ་ན་སྒྲོག་རུས་ནས་སོར་བཞི་བཅལ་བའི་སྐེ་ལ་བཏབ་ན་གློ་ཁྲག་དང་ལུད་པ་མི་ཆོད་པ་ལ་ཕན། སྙིང་ཁུང་ལ་བཏབ་པ་ཡིན་ན་སྐྱིགས་བུ་མི་ཆོད་པ་ལ་ཕན། སྒྲོག་རུས་མདོའི་རུས་པ་འབུར་པོ་ཙོག་ཙོག་པོ་ལ་བཏབ་ན་ལུས་ཀྱི་རྨ་གསོ་རུ་མི་བཏུབ་པ་དང་རླུང་གིས་རུས་པ་ན་བ་ལ་ཕན། སྒྲོག་རུས་པའི་གོང་གི་གཤོང་པོ་དེར་བཏབ་ན་གློ་ལུ་བ་དང་བྲང་དུ་ཟུག་བྱེད་པ་གློ་སྐམ་ལུ་བ་རྣམས་ལ་ཕན། སྐེའི་སྟོང་སྟོང་པོ་སྟེ་ཅ་ར་ཁུང་དུ་བཏབ་ན་སྐེ་འགགས་དང་རླུང་གི་ལྦ་བ་བད་ཀན་སྐྱེས་པ་ལ་ཕན། དེ་ནས་ཐུར་ཚོན་ཕྱེད་གསུམ་བཅལ་བ་དེ་བྱ་རོག་མིག་ཡིན་ཏེ་ཁ་གསུམ་དུ་བཏབ་ན་ཁྲག་ཚད་སྐྱེས་པ་དང་ཁྱད་པར་དབུགས་ཐུང་བ་ལ་མཆོག་ཏུ་ཕན། དེ་ནས་ཚོན་གང་བཅལ་བ་གློ་གསང་བར་པ་ཁ་གསུམ་ལ་བཏབ་ན་ཁ་ནས་རྣག་མནམ་པ་དང་ཚད་པ་སྐྱེས་པ་དང་ཟིན་པ་དང་བུས་པ་འབྲས་ནད་དང་གློ་བ་འཕར་བ་དང་གློ་འབུད་ཅིང་ལུད་པ་ལུ་བ་རྣམས་ལ་ཕན། དེ་ནས་ཡང་དེ་བཞིན་དུ་བཅལ་བར་གློ་གསང་འོག་མ་ཁ་གསུམ་ལ་བཏབ་ན་གློ་གསང་ཆུང་ངུ་ཞེས་བྱ་སྟེ་གློ་བའི་ནད་ཚ་གྲང་ཀུན་ལ་ཕན། ནུ་མ་ནི་ཆ་ཚད་དང་ཡུལ་ཐིག་བྱིངས་ལས་སོར་གང་གི་ཟླ་བའི་རྒྱལ་པོ་འདི་མཐོ་ལ་དེའི་དབང་གློ་སྙིང་གི་ཐིག་ཀྱང་ཅུང་ཟད་མི་འདྲ་བ་བྲིས་དཔེ་ལས་ཤེས་ལ། དེའི་ཐད་ཁ་གསུམ་དུ་བཏབ་ན་སྙིང་གསང་ཆེན་པོ་སྟེ་སྙིང་འདར་བ་ཟས་དང་བཏུང་བ་ལ་མི་དགའ་བ་ལྟོ་རུ་སྡང་བ་དང་སྙིང་གི་འདར་ནད་ཞི་བར་བྱེད། དེ་ནས་ཐུར་དུ་ཚོན་གང་ལ་བཏབ་པས་གཡས་གཡོན་གྱི་གཟེར་ཟུག་འཇོམས། དེ་ནས་ལྷེན་སྣེའི་ལྟག་ཏུ་ཚོན་གང་ལ་བཏབ་པ་དང་གཡས་གཡོན་ཚོན་ཕྱེད་དོ་རེར་བཏབ་ན་བད་ཀན་གྱི་བྲང་ཚ་བ་ཁ་མངལ་བ་ཆུ་སྐྱུར་སྐྱུག་པ་སྒྲེག་པ་བྱེད་པ་དང་སྟོད་བརྒྱངས་པ་ལྟ་བུར་དབུགས་ཀྱིས་གང་བ་ལ་ཕན། ལྷེན་སྣ་ཁ་གསུམ་དུ་བཏབ་ན་བད་ཀན་གྱི་མཚོ་ཡིན་ཏེ་སྟོད་རྒྱངས་ཤིང་ཟས་མི་འཇུ་བ་དང་སྣབས་ལུད་མང་བ་ཆམ་པ་མཚོག་མ་ལྕི་བ་སོགས་ལ་ཕན། དེ་ནས་ཚོན་གང་ཁ་གསུམ་ཕོ་བའི་གསང་ལ་བཏབ་ན་འཁྲུ་བ་སྐྱུག་པ་སྒྲེག་པ་སོགས་དང་ཟས་མི་འཇུ་བར་ཕན། དེ་ནས་ཚོན་གང་ཁ་གསུམ་དུ་བཏབ་ན་ཚུལ་འདིའི་མཆིན་གསང་སྟེ་ཆུ་སྐྱུར་སྐྱུག་པ་སྦོ་བ་སོགས་དང་ཁ་གདོང་སྐྲངས་པ་མཆིན་འོར་རྩིབ་ལོགས་ན་བ་གསུད་སྒྲེག་འོང་དང་དབུགས་ནད་རྣམས་སེལ། དེ་ནས་གཡས་གཡོན་ཁ་གསུམ་ཐ་མ་ནས་ཐུར་གང་བཅལ་བ་མཆིན་མཆེར་འཁོར་བའི་གསང་དུ་བཏབ་པ་ན་མཆིན་པའི་སྐྲན་དང་དམུ་སྐྲན་དང་ཟས་མི་འཇུ་བ་མཆེར་སྦོས་པ་འཁྲུ་ལ་སོགས་པ་རྣམས་སེལ་བར་བྱེད། རྩིབ་མ་རིང་པོའི་གཡས་གཡོན་དུ་བཏབ་ན་གཡོན་མཆེར་པ་དང་གཡས་མཆིན་པའི་གསང་སྟེ་ཟས་མི་འཇུ་བ་དང་འཁྲུ་བ་དང་གཟེར་ཟུག་ནད་རྣམས་སེལ། ལྷེན་སྣ་ནས་ཐུར་དུ་ཚོན་གསུམ་བཅལ་བར་ཁ་གསུམ་དུ་བཏབ་པ་ན་ཁོང་ལྕི་ཞིང་སྒུགས་པ་དང་སྦོ་ཞིང་སྒྲེག་པ་ལ་ཕན། ལྟེ་བའི་ཁུང་དུ་བཏབ་ན་བུད་མེད་ལ་བུ་མེད་ཅིང་ཟླ་མཚན་འཛག་པ་མངལ་དུ་རླུང་ཞུགས་ཤིང་སྦོ་བ་སོགས་ལ་ཕན། དེའི་གཡས་གཡོན་ཚོན་རེ་ལ་བཏབ་ན་སྦོ་འཁྲོག་བྱེད་པའི་ནད་ལ་ཕན། ལྟེ་བ་ནས་གཡས་གཡོན་ཚོན་དོར་གདབ་ན་སྦོ་འཁྲུ་དང་འགྲོ་མི་ཤེས་པ་ལ་ཕན། ལྟེ་བ་ནས་གཡས་གཡོན་དུ་ཐུར་དོ་རེ་དང༌། ཐུར་དུ་ཚོན་གང་ཁ་གསུམ་གྱི་སར་བཏབ་ན་གློ་བའི་ནད་དང་ལོང་ནད་སྐད་ངན་པ་ཆུ་ཚན་སྐྱུག་པ་ལོང་འཁྲོག་པ་རྣམས་ལ་ཕན། ལྟེ་བ་ནས་ཐུར་དུ་ཚོན་དོ་ཁ་གསུམ་དུ་བཏབ་ན་ཆུ་སོ་ན་བ་རླིག་པ་སྐྲངས་པ་ཟླ་མཚན་འཛག་པ་འཁྲུ་བ་སོགས་ལ་ཕན། ལྟེ་བ་ནས་ཚོན་གསུམ་བཅལ་བ་ཁ་གསུམ་དུ་བཏབ་ན་ཆུ་སྲི་བ་ཟླ་མཚན་འཛག་པ་དང་བུ་མི་ཆགས་པ་དང་འཆོར་བ་རྣམས་ལ་ཕན། ལྟེ་བ་ནས་ཚོན་བཞིར་བཏབ་ན་བུ་སྣོད་ན་བ་དང་མཁལ་རྐེད་ཀྱི་ཆུའི་ནད་དུ་གྱུར་པ་དང་རྐེད་ནད་རྣམས་ལ་ཕན་པར་འགྱུར་ལ། ཡང་ན་གཉེར་མ་རིང་པོ་ཁ་གསུམ་དུ་བཏབ་ན་ཁྲག་ནད་དང་ཆུ་སེར་མཁྲིས་ནད་འདུས་ཚད་བཅས་ལ་ཕན། རྨོངས་མཚམས་ཁ་གསུམ་དུ་བཏབ་ན་བེ་སྣབས་ལྦུ་ཅན་འཁྲུ་བ་དང་གཅིན་སྲི་བ་སྨད་རྐྱལ་འགྲོ་བ་བཅས་པར་ཕན། མཚན་མ་དང་རྐུབ་ཀྱི་བར་དུ་བཏབ་ན་འདར་བ་དང་དྲན་པ་མྱོས་པ་དང་སྟོད་ལྕི་ཞིང་དབུགས་ལྕི་བ་ཕོ་མཚན་སྐྲངས་པ་ས་བོན་ལུག་པ་ཟླ་མཚན་འཛག་པ་རྣམས་ཞི་བར་བྱེད། ཕོ་མཚན་སྐྲངས་པའམ་འདོད་ཆགས་སྤྱད་དྲགས་པས་རྡོ་རྗེ་འགྲེང་མི་ནུས་པ་ལ་མོན་རུ་དང་ཤ་རུ་གཉིས་དང་དཀུར་ཞེས་པ་དཔྱི་རུས་འབུར་མོ་བསྲེག་པ་སྨན་དཔྱད་ཟླ་བའི་རྒྱལ་པོར་ཡང་བཤད་དོ། །ཡན་ལག་ལ་དམིགས་ནི་དཔུང་པའི་མགོའི་གཤོང་ལ་བཏབ་ན་ཚིགས་པ་ན་བ་ལ་ཕན། ཕྱི་ལྟོ་ནང་ལྟོར་བཏབ་པ་ཡིན་ན་ཚིགས་པ་འཕྲུལ་བ་དང་ཐོན་སྙམ་བྱེད་པ་ལ་ཕན། ནང་གི་སྒྲོག་རུས་འོག་དང་ཕྱིའི་མཆན་ཁུང་གི་གཉེར་མ་རིང་པོར་བཏབ་ན་སྟོད་ལྕི་བ་དང་ལག་པ་བཤལ་བ་ལ་ཕན། ཕྲག་པའི་ཐལ་གོང་ལ་བཏབ་ན་གག་པ་དང་ལྐོག་མ་སྐྲངས་པ་དང་གློ་ཅན་ལག་པ་མི་ཐེག་པ་རོ་སྟོད་གཟེར་བ་རྣམས་ལ་ཕན། སོག་པའི་དཀྱིལ་ནས་གཡས་གཡོན་དུ་ཚོན་རེའི་སར་བཏབ་ན་རྩིབ་གློ་འབྱར་ནས་སྔོ་བ་དང་བྲང་ན་བ་སོགས་གློའི་ནད་ལ་ཕན། དཔུང་པའི་སྟེང་ལ་བཏབ་ན་སྣ་ཁྲག་མི་ཆོད་པར་ཕན། དཔུང་པ་ནས་ལག་ངར་གྱི་འགུལ་རྩར་བཏབ་ན་ལག་པ་ན་བ་དང་བུད་མེད་ཀྱི་རྩིབ་ན་བ་དང་སྐྱེས་པའི་གློ་ནད་ཀྱང་སེལ། གྲེ་མོའི་ཁུད་དུ་བཏབ་པ་ཡིན་ན་ཆུ་སེར་ཞུགས་པར་ཕན། རྒྱབ་ཀྱི་གྲུ་མོའི་གཞུ་མཆོག་གི་རུས་པ་འབུར་པོར་བཏབ་ན་རུས་ནད་ལ་ཕན། མཁྲིག་མ་དང་ཆུ་བའི་བར་ལ་བཏབ་ན་མིག་གི་རྒྱང་མཐོང་ཉམས་པ་དང་རུས་པའི་ནད་ལ་ཕན། ནད་རིམས་ཀྱིས་ལྐུགས་པ་ལ་ཕན་པར་འདོད་ན་དེ་ནི་གཉེར་མ་རིང་པོ་ཁ་གསུམ་ལ་བཏབ་ནའོ། །མཁྲིག་ཟུར་རྩ་སྟེང་ལ་མ་འཆུས་པར་བཏབ་ན་ཆུ་རྒྱུས་རེངས་པ་ལ་ཕན། མཁྲིག་མའི་རུས་པ་ཙོག་ཙོག་པོར་བཏབ་ན་མཛེར་པ་རྣམས་ཞི་བར་བྱེད། མཐེ་བོང་དང་མཛུབ་མོའི་བར་ནས་ཚོན་གང་གྱེན་དུ་བཏབ་ན་རིམས་ཚད་ཞེན་པ་དང་མིག་ནད་ཚད་པ་ལ་ཕན། མཐེ་བོང་མཁྲིག་མའི་ལོང་བུར་བཏབ་ན་ཀླད་པ་ན་བ་དང་མིག་ནད་སེལ། མཐེབ་ཆུང་དང་སྲིན་ལག་གི་བར་ནས་ཚོན་ཕྱེད་དོ་ཡར་བཅལ་བར་བཏབ་ན་མིག་འབྲས་ན་བ་དང་ཚགས་པ་སོགས་མིག་ནད་ལ་ཕན། ཡུལ་ཐིག་ལུགས་ཀྱི་སྡོད་སྟངས་ཐོག་ལག་པ་གཉིས་མཉམ་གཞག་སྐྱིལ་ཀྲུང་བཅས་ཏེ་ལུས་དྲུང་དུ་བསྲང་བ་ལས་དཔྱི་མིག་གི་འཛུམ་ཆག་གང་བཅལ། དེ་ནས་ཐད་ཀར་གཡས་གཡོན་དུ་ཚོན་གང་བཅལ་བར་བཏབ་ན་རྐང་པ་ཁོལ་བ་རྐེད་པ་ན་བ་བཅས་སེལ། དཔྱི་རུས་འབུར་པོ་དང་བརླའི་ལྡེབས་གཤོང་གཤོང་པོ་རྣམས་སུ་བཏབ་ན་ཁོང་དུ་ཆུ་སེར་ལྷུང་བ་དང་གྲང་སྐྲན་འོར་ལྷུང་རྟུག་སྐམ་སོགས་ལ་ཕན། དཔྱིའི་རུས་པ་འབུར་པོ་ནས་ཡར་ཚོན་གསུམ་བཅལ་བར་བཏབ་ན་བྱིན་སྐྲན་རྐང་པ་སྦྲིད་པ་སོགས་རྐང་ནད་མཐའ་དག་པ་རྣམས་ཞི་བར་བྱེད། སྒྱིད་ཁུང་གཉེར་མ་རིང་པོ་ནས་མར་ཐུར་གང་བཅལ་བར་བཏབ་ན། ཆུ་བ་འཁུམས་དང་རྐྱོང་མི་ཤེས་པ་གཞང་ནད་ཤུ་བ་དང་ཁྲག་འོང་བ་ལ་ཕན། ལོང་ནས་ཡར་ལ་ཐུར་གང་བཅལ་བར་བཏབ་ན་པུས་མོ་མན་ཆད་སྦྲིད་པ་དང་སྐྲངས་ཁོལ་སེལ། ཕྱི་ལོག་གྱེན་ལ་ཐུར་གང་བཅལ་བར་བཏབ་ན་ཆུ་སེར་སྨད་དུ་ལྷུང་བ་རྐང་པ་ལྕི་བ་ལྐོག་མ་སྐྲངས་པ་སོགས་ལ་ཕན། རྐང་པ་བསྐུམ་པའི་ཆུ་རྒྱུས་བར་མེ་བཙའ་བཏབ་ཀྱང་འབྲས་བུ་དེ་བཞིན་ནོ། །པུས་མོའི་ལོང་མིག་འབུར་བ་ནས་ཐུར་དུ་ཐུར་གང་བཅལ་བ་དེ་རྗེ་ངར་གྱི་རྐང་ལ་བཏབ་ན་ཟླ་མཚན་འཛག་པ་ཇི་སྲིད་དེ་རིམ་གྱིས་ཉུང་དུ་འགྲོ་བའོ། །དེ་ནས་རྟིང་ཆུའི་ཐུར་གང་ན་རྩ་འགུལ་བ་ཞིག་ཡོད་པ་ལ་བཏབ་ན་ཟླ་མཚན་འཛག་པ་འཁྲུ་སྐྱུག་ལྐོག་མ་སྐྲངས་པ་རྣམས་སེལ། ལངས་ནས་ལུས་དྲང་པོར་བསྲངས་པའི་ལག་པའི་གུང་མོའི་རྩེས་བརླ་ལྡེབས་སུ་གང་སླེབས་ཀྱི་སུལ་དུ་རྨེན་བུ་ལ་མ་སོང་བར་བཏབ་ན་རྐེད་པའི་ནད་དང་རྐང་པ་ཁོལ་བ་ལ་ཕན། གནག་པོ་ཆེའི་གཤོང་བུར་བཏབ་ན་རྐང་པ་ན་བ་དང་རུས་པ་ཁོལ་བ་རོ་སྨད་མི་ཐེག་པ་སོགས་སྨད་ཀྱི་ནད་རིགས་མཐའ་དག་ཞི་བར་བྱེད། རྐང་པ་རྐྱོང་བའི་ལྷ་ངའི་ལྟག་སོར་བཞི་ལ་བཏབ་ན་རྐང་ཤ་སྐམ་པ་རྐེད་པ་ན་བ་དང་བུད་མེད་ལ་ཡང་དེ་བཞིན་དང་བུ་ཚ་སྐྱེ་འཕྲོ་ཆད་པ་ལ་ཕན་པའོ། །སྒྱིད་ཁུང་བསྐུམས་པའི་གཉེར་མ་རིང་པོ་ནས་ཚོན་ཕྱེད་དོར་བཏབ་ན་ཚིགས་ན་ནས་འགྲོ་མི་ཤེས་པ་ལ་ཕན། ལྷང་འོག་བྱ་རོག་མིག་གཉིས་སུ་བཏབ་ན་ཕོ་བར་ཟས་མི་འཇུ་བ་བྱིན་སྙིང་ན་བ་རྣམས་སེལ། ངར་གདོང་ཐུར་འོག་རུས་འབུར་འོག་གཤོང་ལ་བཏབ་ན་རུས་པ་ཁོལ་བ་དང་བྱིན་ཤ་འགྱུར་བ་སོགས་པུས་མོ་མན་ཆད་ཀྱི་ནད་ལ་ཕན། ངར་གདོང་གི་ཆུ་བ་ཁ་དབྲག་གི་སྙིང་རྩ་ཆེན་པོའི་སྟེང་དུ་བཏབ་ན་རྒྱུ་ནད་ཤ་མིག་སེར་བ་ཕོ་མཆིན་རླིག་པ་རྣམས་སྐྲངས་པ་རླིག་འབྲས་ནང་དུ་བྲོས་པ་སོགས་ལ་ཕན། ལོང་གི་རུས་པ་འབུར་འབུར་ནས་འོག་གི་གཤོང་གཤོང་ལ་བཏབ་ན་རྐང་པ་དང་བྱིན་པ་སྒབ་ཁུང་སོགས་གྱི་ནད་ལ་ཕན། མཐེ་བོང་དང་མཛུབ་མོའི་བར་ནས་ཡར་ཚོན་གང་བཅལ་བར་བཏབ་ན་ཆུ་སེར་འོང་བ་རྐང་པ་སྦྲིད་པ་གསུས་པ་ཆེ་བ་གཅིན་སྲི་བ་རྣམས་ལ་ཕན། དེ་ནས་ཚོན་ཕྱེད་བཅལ་བར་བཏབ་ན་མཐིལ་གྲུམ་དང་རླིག་པ་སྐྲངས་པ་ལ་ཕན། ཚོན་གསུམ་གྱེན་ལ་བཅལ་བར་བཏབ་ན་ཁོང་ལྕི་བ་རླིག་སྐྲངས་པ་བཅས་ལ་ཕན། སོར་མོ་བསྐུམ་པའི་མཐེབ་གཤོང་དུ་བཏབ་ན་ཀླད་ནད་དང་གཅིན་སྲི་བ་ལ་ཕན། མཐེ་བོང་གི་ཚིགས་དབུས་མ་ལ་བཏབ་ན་དྲེག་ནད་བྱུང་བ་ལ་ཕན། རྐང་པའི་བོལ་གྱི་རྒྱ་ཆིངས་ལ་བཏབ་ན་འདུག་མི་ཚུགས་པ་དང་སྐྲངས་པ་ལ་ཕན། རྟིང་པའི་དྲེག་པ་དཀར་ནག་གི་མཚམས་སུ་བཏབ་ན་ཁ་འཐམས་པ་དང་མིག་རྩ་ལ་ལྦ་བ་འབྱུང་བ་ལྕེ་བཞོགས་སུ་འབྱིན་པ་དང་མྱོས་པ་ཡེ་འདྲོག་ཆེ་བ་དང་གདོན་གྱིས་ཟིན་པ་ལ་ཕན་ཞེས་གསུངས་པ་སོགས་མཆིས་རུང༌། ཟླ་བའི་རྒྱལ་པོ་འདི་མི་འདྲ་བ་མང་ཞིང་ཚིག་རྟོགས་དཀའ་བས་གོ་བ་མེད་པར་བྲིས་པ་མང་ཡང་དཔེ་ཁུངས་བཞི་གོ་བསྡུར་བཅས་རང་ཉིད་ནས་ལུང་རིགས་ཀྱིས་འགྲུབ་པའི་དམིག་བརྒྱ་དང་བཅུ་གཅིག་ཏུ་བཤད་པ་ཡིན་ཀྱང༌། ནུ་མའི་མཐོ་དམན་དེར་བརྟེན་པའི་གློ་སྙིང་གི་ཡུལ་ཐིག་མཆིན་གསང་སྙིང་དང་སྲོག་རྩ་མཁལ་འབྲས་བཅས་རྒྱུད་དང་ཅུང་ཟད་མི་མཐུན་པ་བྱུང་རུང༌། འདི་གའི་དཔེ་རྣམས་མཐུན་པས་བཞེད་པར་མངོན་ཏེ་བཞག།

དེ་དག་ལ་སོགས་པའི་མེ་བཙའ་རྣམས་གདབ་པའི་ཐབས་ལ་བཙོ་བ་དང༌། བསྲེག་པ་དང༌། བསྲོ་བ་དང་བསྡིག་པ་དང་རྣམ་པ་བཞི་རུ་ཡོད་པ་ལས་བཙོ་བ་ནི་འབྲས་དང་སྐྲན་ལ་སོགས་པར་མེ་ཐེངས་ཉི་ཤུ་ཡན་ཆད་གཅིག་ཐོག་ཏུ་གཅིག་བསྐྱར་ལ་ཚོས་པར་བཙོ། བསྲེག་པ་ནི་བད་ཀན་སྐྱ་བོ་དང་ཆུ་སེར་དང་སྙིང་རླུང་བཅས་ལ་མེ་ཐེངས་བཅོ་ལྔ་ཙམ་གྱི་རིམ་པས་གོང་བཞིན་བསྲེགརླུང་དང་སྲིན་དང་རྩ་ཆུ་འགགས་པ་བཅས་ལ་སྤྲ་བ་ཐེངས་ལྔའམ་བདུན་གྱིས་གོང་བཞིན་བསྲོ། བསྡིགས་པ་ནི་བྱིས་པའི་མེ་བཙའ་ལ་སྤྲ་ཚུགས་རེས་ཚོས་པར་མི་བསྲེག་པར་བསྡིགས་པ་སྟེ་དངངས་པ་བསྐྱེད་པ་ཙམ་བསྲེག་དགོས་ཤིང༌། དེར་མ་ཟད་བུ་བཙས་རྗེས་དང་བཤལ་གྱི་རྗེས་དང་རྩ་ཆད་མཐུད་པ་གསུམ་ལ་ནི་ཧ་ཅང་བསྲེགས་པ་དྲགས་ན་ཉེས་པ་ཆེ་བར་འགྱུར་བ་སོགས་ཀྱི་སྤང་བླང་ཤེས་རབ་རིག་པ་ལ་དཔྱད་ནན་གྱིས་དྲི་བ་གལ་ཆེའོ། །དེ་ཡང་སྤྲ་བ་དམིག་ཏུ་བཞག་ལ་མེ་སྦར་ཏེ་སྐྱབས་འགྲོ་བྱ་ཞིང་མེ་ནད་སྟེང་དུ་ཕེབས་ནས་ཐལ་བ་མི་འགུལ་བར་མཆིལ་མས་ཐུད་ཀྱིས་གདབ། དུ་བ་ཆད་ནས་སྤྲ་བའི་ལྷག་མ་དེ་ཁབ་མགོས་གསེང་བ་དང༌། བསྐྱར་དགོས་ཡིན་ན་སྤྲ་བ་སུམ་གཉིས་ཙམ་མཆེད་ནས་ཡང་སྤྲ་བ་གཅིག་ལ་སྦར་ཏེ་ཚ་བ་རྒྱུན་མི་ཆད་པར་བྱས་ན་ཚོས་པ་སྐྱེན་པ་ཡིན་ཞིང༌། བསྲེགས་ལེགས་ན་མེ་ཁོད་སྙོམས་ཤིང་ཡ་ཡོ་མེད་པ་དང༌། ཆུ་བུར་ཕྲ་མོས་མེ་བཙའི་མཐའ་བསྐོར་བ་དང༌། མེ་ཤུལ་ན་ཚ་མེད་པ་འབྱུང་ཞིང༌། ཚོས་པའི་ཚད་ནི་མེ་བཙའ་མདུན་དུ་བཏབ་པས་རྒྱབ་ཏུ་ཀར་རྩེ་ན་བ་དང༌། རྒྱབ་ཏུ་བཏབ་པས་མདུན་དུ་ན་ཞིང་སྐྱུག་པ་སྙམ་བྱེད་ན་ཚོས་པའི་རྟགས་ཡིན་པས་སྤྲ་བ་བསྲེག་འཕྲོ་བཅད་དགོས་ལ། དེ་ཡང་ཏོག་ཅེས་པའི་སྒྲ་ཐོན་ཞིང་སྤྲ་བ་ཡར་ན་ཕན་ཆེ་བར་འདོད་པ་ཡིན་ནོ། །

ཕྱི་རྗེས་ནི་མེ་ཤི་ནས་སྤྲ་བ་གྲང་པ་དང་མེ་ཤུལ་གྱི་མཐའ་མཐེ་བོང་གིས་ནན་གྱི་རྒྱས་གདབ་ཅིང༌། དེ་མ་ཐག་ནད་པ་དེ་ལངས་ནས་གོམ་པ་འགའ་བཅག་པ་དང༌། དེ་ནུབ་ཆུ་མི་བཏུང་སྟེ། གང་ཞེ་ན་གོམ་པ་འགའ་བཅགས་པས་ལུས་བརྟས་པར་བྱེད་ཅིང་ཆུ་སེར་འཐུངས་ལ་མེ་དབལ་གསོད་པ་ཡིན་ནོ། །གཞན་ཡང་སྣོད་དྲུག་པོ་ལ་ཟས་ཟོས་པའི་རྗེས་ལ་མེ་བཙའ་མི་གདབ་པ་ཡང་གསུངས་སོ། །

ཕན་ཡོན་ནི་རྩའི་འབྲོས་འཕྲང་འགེགས་པར་བྱེད་ཅིང༌། ཨ་ན་ཨན་ཚུགས་སུ་ན་བའི་ཟུག་འཕྲལ་དུ་གཅོག་པ་དང་རླུང་ནད་ཁ་ཡན་རྣམས་གནོན་ལ་མ་ཞུ་བ་འཇུ་ཞིང་ལྷན་སྐྲན་བཤིག་པར་བྱེད་པ་དང༌། འབྲས་དང་རྨ་རྒན་གྱི་ཤ་རོ་ངན་པ་རྣམས་གཅོད་ལ་སྐྲངས་པའི་མགོ་མནོན་ཅིང་ཆུ་སེར་འདྲེན་སྐེམ་སྡོམ་པ་དང་དོན་སྣོད་ཀྱི་ཐིགས་སྒོ་བསྲུང་ཞིང་ཕོ་བའི་མེ་དྲོད་བསྐྱེད་པ་དང༌། དྲན་པ་གསལ་བར་འགྱུར་བ་ལ་སོགས་གསོ་དཔྱད་གཞན་གྱིས་བཅོས་རྡུགས་པ་ཕལ་ཆེར་མེ་བཙས་གསོ་བར་བྱེད་དོ་ཞེས་གསུངས་སོ། །

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་དཔྱད་ལྔའི་ནང་ཚན་གཉིས་པ་མེ་བཙའ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།


མཐའ་མའི་འདོན་ཐེངས་།: 30.11.2023 ཉིན། 4:32 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།