སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཉི་ཤུ་པ། ཚ་བ་རྙོགས་པ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.11.2023
མན་ངག་རྒྱུད། >> ལེའུ་ཉི་ཤུ་པ། ཚ་བ་རྙོགས་པ་བཅོས་པ།




ལེའུ་ཉི་ཤུ་པ།  ཚ་བ་རྙོགས་པ་བཅོས་པ། 

དེ་མ་ཁད་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ལ། དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཚ་བ་རྙོགས་པ་ཞེས་པའི་རྒྱུ་དང་རྐྱེན་དང་ངོ་བོ་རྣམས་གང་ལགས་ཤིང༌། རྙོགས་པ་ཞེས་པའི་ཚ་བའི་མིང་དུ་དགོས་པ་ཅི་ཕྱིར་ནས་བཏགས་པ་དང༌། དེ་ལ་དབྱེ་བ་དང་རྟགས་དང་བཅོས་པའི་ཐབས་སོགས་ཅི་འདྲ་ཡོད་ཀྱང་བདག་ཅག་རྣམས་ལ་བཤད་དུ་གསོལ་ཞེས་དེ་སྐད་ཅེས་ཞུས་པའི་དོན་ལ་ལན་གསུངས་པ།

ཚ་བ་རྙོགས་པའི་རྒྱུ་དེ་ནི་ཆུ་སེར་ཡིན་ཏེ་འབྱུང་རྒྱུ་གཤམ་དུ་འཆད་པ་ལྟར་དེ་ལ་ཚ་བ་བབས་པ་ཡིན་ནོ། །

དེ་ལ་རྐྱེན་ནི་རང་བཞིན་དུ་རྙོགས་པ་དང་རྐྱེན་གྱིས་རྙོགས་པ་དང་གཉིས་ལས་རང་བཞིན་དུ་རྙོགས་པ་ཆུ་སེར་ཤས་ཆེ་བའི་ཚ་བ་རྣམས་བཅོས་པའི་རྗེས་ལ་ནད་གཞིའི་ཐོག་ཏུ་ལྷུང་བ་ཡིན་ནོ། །རྐྱེན་གྱིས་རྙོགས་པ་ནི་མ་སྨིན་པར་བཅོས་སྔས་པ་དང་བད་ཀན་གྱི་རི་ཐང་མཚམས་སུ་ཁ་འཐལ་བ་གཉིས་ལས་བཅོས་པ་སྔས་པས་མ་སྨིན་པའི་ཚ་བའི་རིགས་གང་ཡང་སྨན་དང་དཔྱད་དང་ཟས་དང་སྤྱོད་ལམ་གྱི་གཉེན་པོ་བསྟེན་སྔས་པས་བད་ཀན་སྐྱེས་ཏེ་དེས་ཕོ་བའི་མེ་དྲོད་ཤོར་ལ་རླུང་ནད་སྐྱེས་པས་ཚ་བ་རྩ་མིག་ཏུ་བྱེར་ཞིང་རླུང་གིས་ཁྲག་གཡོས་པས་ཆུ་སེར་སྐྱེད་པ་ཡིན་ལ། ཁ་འཐལ་བ་ནི་བད་ཀན་རི་ཐང་མཚམས་སུ་བསིལ་བསྟེན་དྲགས་པས་དྭངས་མ་གནས་སུ་མ་སྨིན་པར་ཕོ་བའི་མེ་ཤི་སྟེ་གྲང་ཆུར་འགྱུར་རོ། །

རྙོགས་པའི་ངོ་བོ་ནི་རླུང་ཁྲག་ཆུ་སེར་གསུམ་འདུས་པའི་ནད་ཡིན་ཏེ། དེ་དག་ཟུངས་དང་འདྲེས་ཚུལ་ནི་དཔེར་ན་ཆུ་མིག་རྙོགས་པའམ་བྱེ་མ་དང་ཆབ་སྟེ་ཆུ་དང་ལྷན་དུ་གཡོས་པ་བཞིན་ནོ། །

དེ་ཡང་བཅོས་ཉེས་ན་ནད་དང་ལུས་ཟུངས་མཉམ་པོར་རྙོགས་པའི་ཕྱིར་རྙོགས་ཚད་ཀྱི་མིང་དུ་བཏགས་པ་དེ་ནི་འཇུག་སྒོ་རྣམ་པ་དྲུག་ལ་ཞུགས་ནས་ལུས་ཀུན་དུ་ཁྱབ་པར་བྱེད་དོ། །

དེ་ལ་དབྱེ་བ་ནི་སྤྱི་དང་བྱེ་བྲག་གཉིས་ལས་སྤྱི་ལ་ཡང་ཚ་བས་རྙོགས་པ་དང་གྲང་བས་རྙོགས་པ་གཉིས་རྒྱུ་རྐྱེན་ཚ་གྲང་དག་གིས་ནད་འབྱུང་བ་སྟོབས་ཆེ་བ་ཚ་བ་ཆུང་བ་གྲང་བ་ཡིན་ནོ། །བྱེ་བྲག་ཏུ་ཕྱེ་ན་པགས་པ་ལ་གྲམས་པ་དང་ཤ་ལ་རྒྱས་པ་དང་རྩ་རུ་འགྲིམས་པ་དང་རུས་ལ་ཞེན་པ་དང་དོན་ལ་བབས་པ་དང་སྣོད་དུ་ལྷུང་བ་དང་དྲུག་གོ།

དེ་རྣམས་ངོས་འཛིན་པའི་རྟགས་ལ་འང་སྤྱི་དང་བྱེ་བྲག་ཏུ་ཕྱེ་བ་རྣམ་པ་གཉིས་ལས་སྤྱི་རྟགས་ལ་ཚ་རྙོགས་ནི་ཆུ་དམར་པོ་རྒྱ་ཚོས་བཤལ་བ་དང་འདྲ་བའི་མདོག་དང༌། རྩ་རྒྱུད་ནི་ཕྲ་ལ་མགྱོགས་ཤིང་གཏིང་ན་རྒྱུག་པ་དང༌། གདོང་པ་མདོག་སེར་ཞིང་སྦོས་ལ་ལྕེ་རྙིལ་དང་སེན་མོའི་བཀྲག་སྐྱ་གླེག་ཏུ་འཆོར་ཞིང་ལུས་འགུལ་སྐེ་ན་དབུགས་རྔམ་པ་དང་རྒོད་ལ་གློ་སྙིང་གཉིས་འཕར་བ་དང༌། ལུས་ཀྱི་ཤེད་ཆུང་ཞིང་རྔུལ་ཁ་སྙི་བ་སྟེ་འཕྲལ་འཕྲལ་དུ་འོང་ལ་ཁ་དང་ལྕེ་སྐམ་པ་དང་ཉིན་དང་མཚན་གཉིས་ཀར་གཉིད་ཆེ་ལ་གློ་མང་ཞིང་མིག་ལྕིབས་དང་རྐང་པའི་བོལ་གཡོ་བ་དང་ལུས་པོ་བྱིངས་བརྩེ་ཞིང་རོ་སྟོད་ལ་གཟེར་ཕྲན་འོང༌། དེ་ཡང་ནད་ཀྱི་སྟོབས་ཆེ་ན་དོན་ལ་རྣག་དང་ཆུ་གསོག་ཅིང་ཁྱད་པར་དུ་རྔུལ་བ་སྐྱི་བརྩེ་ཞིང་སྣ་ཁྲག་གཡོ་བ་ཡིན། གྲང་བས་རྙོགས་པ་ནི་རྩ་རྒྱུད་ཕྲ་ཞིང་སྟོང་པ་ལ་མགྱོགས་པ་དང་ཆུའི་མདོག་དམར་སེར་ལ་རྙོག་ཅིང་གདོང་པ་སྦོ་བ་དང༌། བྲང་དང་གསུས་པ་སྟེ་ཕོ་བ་དང་ངར་གདོང་དང་རྐང་པའི་བོལ་སོགས་གཡོ་ཤིང་ལྕེ་དང་སོ་རྙིལ་སྐྱ་ལ་ལུས་རྔུལ་ཞིང་རྔམ་པ་རྒོད་པ་དང་ཕོ་བ་རྫིང་ལ་ཁ་ཟས་འཇུ་བའི་སྟོབས་ཆུང་ཞིང་ནད་ཀྱི་སྟོབས་ཆེ་བ་ན་ཚ་ཆུར་འགྱུར་བ་ཡིན་ནོ། །

བྱེ་བྲག་ཏུ་པགས་ལ་གྲམས་ན་སྐྲ་དང་བ་སྤུ་འབྱི་བ་དང་ཟ་འཕྲུག་བྱེད་ཅིང་ཆུ་རྐང་གློ་བུར་དུ་འབྱུང་ཞིང་མེ་དབལ་ཤུ་ཐོར་ཡོད་པ་དང་ཤ་ལ་རྒྱས་ན་ཁོལ་བུར་དུ་ན་ཞིང་ལུས་ལ་འབར་འབུར་སྐྲངས་པ་འོང༌། དམར་ལ་སྲབ་པར་བརྟོལ་ན་རྣག་དང་ཁྲག་དང་ཆུ་སེར་རྣམས་འཛག་གོ །རྩར་འགྲིམས་ན་རྩ་རྒྱས་ལ་མདོག་ནག་པོར་གསལ་བ་དང༌། རྩ་འཁྱུག་ཅིང་རྩའི་སྟེང་སྐྲངས་ཤིང་ཡན་ལག་རྣམས་སྦྲིད་པ་འབྱུང༌། རུས་ལ་ཞེན་ན་ཤ་སྐམ་ཞིང་མདོག་སྔོ་ལ་ཁོལ་བུར་ན་བ་དང་གདོང་པ་སྐྲངས་ལ་རྐང་ལག་སོགས་ཀྱི་ཚིགས་ཁ་གཡོ་ཞིང་སྒྱིད་པ་འཁུམས་པ་དང་སོ་དང་སེན་མོའི་བཀྲག་འཆོར་ཞིང་མདོག་སྐྱ་གླེག་འགྲོ་བ་དང༌། གློ་བར་བབས་ན་དབུགས་ཐུང་ཞིང་སྐད་འཛེར་ལ་བྲང་དང་རྒྱབ་གཉིས་གཟེར། མིག་དང་མཆུ་དང་རྐང་པའི་བོལ་སྐྲངས་ལ་དབུགས་རྒོད་ཅིང་རྣག་དང་ཁྲག་ལུའོ། །སྙིང་ལ་བབས་ན་ཡིད་སྣང་དུ་འཐིབས་བ་དང་མྱོས་ཤིང་དྲན་པ་ཉམས་ལ་བསིལ་བ་དང་གྲང་མོ་འདོད། །མཆིན་པར་བབས་ན་མིག་སེར་ལ་ལུས་ལྕི་ཞིང་དང་ག་འགག་ཅིང་ལྕེ་སྔོ་བཀྲ་སོའི་རྙིལ་དཀར་ལ་ལུས་པོ་སྤྱི་སེར་པོར་འགྲོའོ། །མཆེར་པར་བབས་ན་ཕྱོགས་གཡོན་གཟེར་ཞིང་ཁའི་མཆུ་སྐྲངས་ལ་སྦྲིད་པ་མང་བ་དང༌། མཁལ་མར་བབས་ན་རྐེད་པ་ན་ཞིང་ལུས་ཀྱི་རོ་སྨད་ལྕིའོ། །སྣོད་དུ་ལྷུང་བ་ན་དང་ག་འགགས་པ་དང་འཁྲུ་བ་དང་སྐྱུག་པ་བྱེད་ཅིང་དྲི་མ་འགག་གམ་ཡང་ན་འཚིང་ཞིང་ན་འབྱུང་འོང༌།

གསོ་བའི་ཐབས་ལ་ཡང་སྤྱི་དང་བྱེ་བྲག་ཏུ་ཕྱེ་བ་གཉིས་ལས་དང་པོ་སྤྱི་དེ་ལ་བཅོས་པའི་ཚུལ་དང་གཉེན་པོ་གཉིས་ཀྱིས་བཅོས་པའི་ཚུལ་ནི་དང་པོ་ཆུ་སེར་རང་སར་སྐམ་པའམ། རླན་ཆེན་པོའི་རིགས་བྱེ་མས་སྐམ་པ་ལྟར་དང་བར་དུ་གཏར་སྦྱོང་སོགས་ཀྱིས་ཆུ་བོ་ཡུར་བའི་རྐ་རུ་དྲངས་བ་དང༌། ཐ་མར་ཆུ་སེར་ལུས་ཟུངས་སུ་གྱུར་པ་དགྲ་བོ་གཉེན་དུ་བཟླུམས་པ་ལྟ་བུར་བཅོས་པའོ། །དེ་ལ་གཉེན་པོ་སྨན་དང་དཔྱད་དང་ཟས་དང་སྤྱོད་ལམ་བཞི་ལས་དང་པོ་ཚ་རྙོགས་ཀྱི་ཆུ་སེར་སྐེམ་པའི་སྨན་ནི་ཚ་བ་སྤྱིའི་བཅོས་སུ་བཤད་པའི་སྡུད་ཐང་གསུམ་གྱིས་བྱེར་བ་རྣམས་བསྡུས་ཏེ་འདུས་པར་བྱས་ནས་ཕྱི་རྒྱུད་ཀྱི་ག་བུར་ཉི་ཤུ་རྩ་ལྔ་རུས་པའི་ཐང་གིས་ཕུལ་ལ་བཏང་བས་ཚ་བ་བྱེར་བ་འདུས་ཤིང་རླུང་ཁ་སྙོམས་པར་བྱེད་དོ། །དེ་ནས་ཙནྡན་དཀར་དམར་དང་ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་བྲག་ཞུན་དང་སྤོས་དཀར་དང་སོ་མ་རཱ་ཛ་དང་ཅུ་གུར་ལི་ཤི་སྟེ་བསིལ་གསུམ་པི་པི་ལིང་དང་ཀ་ར་རྣམས་སྦྱར་བ་སེང་ལྡེང་བསྡུས་གྲངས་ཀྱི་ཁུ་བས་ཕུལ་ལ་བཏང་བས་ཆུ་སེར་སྐེམ་མོ། །དེ་རྗེས་ལ་སྟོད་སྨད་དོན་སྣོད་གང་རྒྱས་ཀྱི་རྩ་ཁ་མང་དུ་དབྱེ་ལ་ཁྲག་ཉུང་བར་འདོན་ནོ། །ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་དང་ལྕུམ་རྩ་དུར་བྱིད་སོ་མ་ར་སྤོས་དཀར་ཐལ་ཀ་རྡོ་རྗེ་སྟེ་ཆུ་སེར་སྨན་གསུམ་གྱི་རྒྱུན་སྦྱོང་དག་པར་སྦྱང༌། གྲང་རྙོགས་ལ་དང་པོ་ཕྱི་རྒྱུད་ཀྱི་གུར་ཀུམ་བསྣན་པའི་སེ་འབྲུ་ལྔ་པའམ་ཅུ་གང་བདེ་བྱེད་ཆུང་ངུས་ཕོ་བའི་གཞི་བཟུང་བ་དང༌། དེ་རྗེས་ལ་ཚ་བ་སྤྱིར་བཤད་པའི་བསྡུ་བའི་ཐང་གིས་བསྡུས་ལ་བཤད་མ་ཐག་པའི་རྒྱུན་སྦྱོང་གོང་ལྟར་བྱ། ཅུ་གང་གུར་ཀུམ་ཛཱ་ཏི་ལི་ཤི་སུག་སྨེལ་ཀ་ཀོ་ལ་སྟེ་བཟང་པོ་དྲུག་དང་བཤད་མ་ཐག་པའི་ཆུ་སེར་གྱི་སྨན་གསུམ་ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་ཤ་རུ་དང་དུར་ནང་གི་ཐོད་པ་འགྲོན་བུ་ཟེ་ཚྭ་རྒྱམ་ཚྭ་ཁ་རུ་ཚྭ་སྟེ་ཚྭ་གསུམ་བསྲེགས་པའི་ཐལ་བ་རྣམས་སྦྱར་བ་དོང་གྲ་བསྣན་པས་སེ་འབྲུ་ལྔ་པ་དང་ལྟག་སྤྲོད་ཀྱིས་ཆུ་སེར་སྐེམ། དེ་ཡང་ནད་ཀྱི་སྟོབས་ཆེ་ན་དམུ་ཆུའི་སྐབས་ལྟར་གྱི་སྦྱོང་དང་སྐེམ་གང་དགོས་བྱའོ། །ཐ་མར་ཆུ་སེར་དང་ཚད་པའི་ལྷག་མ་ཟུངས་སུ་བསྒྱུར་དགོས། དེའི་སྦྱོར་བ་ཆུ་སེར་ལ་ཕྱི་རྒྱུད་ཀྱི་སྦྲང་ཆང་རྐྱང་ཁུག་གམ་རླུང་ལ་གཟེ་མའི་ཆང་མཁྲིས་པར་སྲོ་ལོ་བད་ཀན་ལ་ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་གྱི་ཆང་ལ་སོགས་པ་དེ་རྣམས་ཆུ་སེར་དང་རླུང་དང་མཁྲིས་པ་བད་ཀན་རྣམས་ཀྱི་ནད་གཞི་དང་བསྟུན་པ་དང་ཕྱི་རྒྱུད་ཀྱི་འབའ་སམ་སྨན་མར་སྦྲང་དང་སྦྱར་ལ་བསྟེན་པས་དེས་ཆུ་སེར་གྱི་ཁྲག་ངན་ཟུངས་ཁྲག་ཏུ་དངུལ་ལ་གསེར་འགྱུར་རྩི་བཞིན་དུ་སྒྱུར་བར་བྱེད་དོ། །འོན་ཀྱང་ཟས་དང་སྤྱོད་ལམ་ནི་རྙིངས་ཚད་ཇི་ལྟ་བ་བཞིན་ནོ། །

བྱེ་བྲག་ཤ་དང་པགས་པ་གཉིས་ལ་བབས་པ་ལ་མཆིན་པའི་རུ་ཐུང་དང་མཆེར་པའི་སྲིན་ལག་རྒྱབ་རྩ་གཏར་འབྲས་གསུམ་གྱི་རྒྱུན་སྦྱོང་གོང་བཤད་ལྟར་བྱ་བ་དང་ཆུ་ལྕག་ཐེངས་འགའ་བརྡེག་ཅིང་ཕྱི་རྒྱུད་ཀྱི་ག་བུར་ཉི་ཤུ་རྩ་ལྔ་སྦྱར་བ་དང་བ་སྤུའི་སྤྱི་ཁྲུས་ཀྱི་རྔུལ་འདོན་ནི་ལུག་གི་གཞུག་ཆུང་གསུམ་བརྡུངས་ཏེ་ཆང་བྲེ་གང་ལ་བཏབ་པ་ཕུལ་དོར་བསྡུས་པའི་དྭངས་མར་བ་ཞོ་ཕུལ་གང་བླུགས་ལ་ཕུལ་གང་དུ་བསྡུས་པར་རྒྱ་ཚྭ་དང་ཁ་རུ་ཚྭ་ཞོ་རེ་བུ་རམ་ཞོ་ཕྱེད་ཛཱ་ཏི་ཞོ་གང་བཏབ་པ་ལྟོ་སྟོང་བཏང་ལ་གོས་ཀྱིས་བྱིབས་ནས་རྔུལ་འདོན་པ་མཆོག་ཏུ་བསྔགས་པ་དང་ཙནྡན་དཀར་པོ་དང་ཆུ་སེར་གྱི་སྨན་སྤོས་དཀར་སོ་མ་རཱ་ཛ་གཉིས་བ་ཆུ་དང་བཅས་བྱུག་གོ །རྩར་བབས་ན་ཕྱི་རྩ་སྟོད་དུ་རུ་ཐུང་སྨད་ལ་བྱིན་གཞུག་ལོང་རྩ་རྣམས་གང་བབས་གཏར་ལ་ནང་རྩ་ཕྱི་རྒྱུད་རྩ་སྦྱོངས་ལྟར་སྦྱང་བ་དང་ཙནྡན་དཀར་དམར་ག་དུར་དོམ་མཁྲིས་སོ་མ་རཱ་ཛ་ཅུ་གང་ལི་ཤི་ཨུཏྤལ་མཚལ་ཧོང་ལེན་རྣམས་ཏེ་བཅུ་པ་ཀ་ར་དང་སྦྱར་བས་རྩའི་ཚ་བ་རྣམས་སྐེམ་མོ། །རུས་ལ་ཞེན་ན་མི་རུས་དང་བ་ལུ་མཁན་པ་ཤུག་པ་མཚེ་འོམ་བུ་སྟེ་བདུད་རྩི་ལྔ་སྣོད་ཆེན་པོར་བསྐོལ་བའི་ཁར་ཤིང་གྲབ་ཅན་བཏང་བའི་གསེང་དུ་རླངས་འོང་ཐབས་བྱས་ཏེ་གདན་གསེང་ཅན་གཏིང་བའི་ཁར་ནད་པ་བསྙལ་གོས་དྲོན་པོས་བྱིབས་ལ་རྔུལ་བཏོན་པའི་རླངས་ལུམས་བྱ་རྒྱུན་སྦྱོངས་དང་བ་སྤུའི་སྤྱི་ཁྲུས་གོང་ལྟར་བྱས་ལ་མཁལ་མའི་རྩ་བྱིན་གཞུག་གཏར་བ་དང༌། གོང་དུ་རྙིངས་ཚད་རུས་པ་ཞེན་པར་བཤད་པའི་ཤིང་སྨན་སྣ་བརྒྱད་པས་རུས་པའི་ཚད་པ་སྐེམ་མོ། །གློ་བར་བབས་ན་ཙནྡན་དཀར་པོ་དང་གི་ཝཾ་ཨ་ག་རུ་དང་ཅུ་གང་དང་གུར་ཀུམ་དང་ཤིང་མངར་དང་རྒུན་འབྲུམ་དང་སྲོ་ལོ་དང་སྤང་རྒྱན་དང་འབུ་སུ་ཧང་ཀ་ར་རྣམས་སྦྱར་བ་དང་རྣག་མང་ན་སྟར་བུ་པཉྩ་སྟེ་སྟར་བུ་པི་པི་ལིང་ཤིང་ཚ་རུ་རྟ་སྐྱུ་རུ་ར་དང་ལྔ་སྦྲང་དང་སྦྱར་བས་གྱེན་དུ་དྲངས་ཤིང་རྗེས་ལ་ཕྱི་རྒྱུད་ཀྱི་ག་བུར་ཉི་ཤུ་རྩ་ལྔས་རྣག་ཚད་སྐེམ་ཞིང་ཚ་བ་ཆོམས་ནས་བཙོད་དང་འབྲི་མོག་རྒྱ་ཚོས་ཏེ་དམར་གསུམ་ཅུ་གུར་ལི་སྟེ་བསིལ་གསུམ་དང་འདམ་བུ་ཀ་ར་ཤིང་མངར་ཀ་ར་སྦྲང་དང་མར་གསར་རྣམས་ཀྱི་ལྡེ་གུ་སྦྱར་རོ། །སྙིང་ལ་བབས་ན་ཨ་ག་རུ་དང་ཙནྡན་དཀར་པོ་དང་ཛཱ་ཏི་དང་ཅུ་གང་དང་གུར་ཀུམ་དང་ལི་ཤི་དང་སྙིང་ཞོ་ཤ་དང་སྐྱུ་རུ་ར་དང་ཀ་ར་རྣམས་སྦྱར་ཞིང་དེ་རྗེས་ལ་སྣོད་ཀ་གཏར་ལ་སྙིང་ཞོ་ཤ་ཙནྡན་དཀར་དམར་གཉིས་ཨ་རུ་ར་གུར་ཀུམ་སྤོས་དཀར་ཀ་ར་བཅས་པའི་སྨན་མར་སྦྱར་ལ་དཀར་ནག་མཚམས་དང་ཚིགས་པ་དྲུག་པར་སྤྲ་མེས་བསྲེགས་ལ་ནད་རྗེས་བཅད་ཅིང༌། མཆིན་པར་བབས་ན་ཕྱི་རྒྱུད་ཀྱི་བྲག་ཞུན་དགུ་པ་དང་བློན་པོའི་སྦྱོར་བ་མཆིན་ཚད་སེལ་བའི་གུར་ཀུམ་བདུན་པ་སྦྱར་ལ་རུ་ཐུང་དང་སྣོད་ཀ་གཏར་ཞིང་བྲག་ཞུན་གུར་ཀུམ་གཉིས་གང་རུང་སྟེང་དུར་བྱིད་བསྣན་པའི་འཇམ་ཁྲུས་བྱ་བ་དང༌། མཆེར་པར་བབས་ན་རྒྱུད་ཕྱི་མའི་གུར་ཀུམ་བདུན་པ་དང་སེ་འབྲུ་བཞི་པར་གུར་ཀུམ་བསྣན་པའི་ལྔ་པ་ལྟག་པ་སྤྲད་དེ་བཏང་བ་དང༌། རྗེས་ལ་ཕོ་གསང་ཚིགས་པ་བཅུ་གཉིས་པ་དང་བཅུ་གཅིག་པ་བསྲེག མཁལ་བབས་གུར་ཀུམ་ཏིག་ཏ་སྐྱུ་རུ་འཇམ་འབྲས་གླ་རྩི་ཤུག་ཚེར་ཙནྡན་བཅས་བདུན་པ་དང་བྲག་ཞུན་ཏིག་ཏ་གླ་རྩི་སྤོས་དཀར་སོ་མ་ར་གུར་ཀུམ་ཤུག་ཚེར་སྤང་རྩི་རྣམས་ཏེ་བརྒྱད་པར་ཀ་ར་དང་སྦྱར། རྗེས་ལ་བྱིན་གཞུག་གཏར་ལ་ཚིགས་པ་བཅུ་བཞི་པ་དང་དེ་ནས་ཚོན་གང་དང་ཕུན་གང་གཡས་གཡོན་དུ་གཞལ་བ་རྩ་ནག་དང་བཅུ་བཞི་པ་བསྲེག་ཅིང་ཕྱི་རྒྱུད་ལྟར་གྱི་སྦྲང་ཆང་རྐྱང་པ་ཁུག་པ་དང་རྟ་རྐྱང་བོང་བུ་སོགས་བཤུལ་ཤས་མཁལ་ཟུངས་གསོའོ། །སྣོད་དུ་ལྷུང་ན་རྒྱུད་ཕྱི་མའི་ལས་ལྔ་ལྟར་གཙོ་བོའི་སྟེང་ཁ་བསྒྱུར་བའི་བཤལ་བྱ་བ་དང་ཅུ་གང་བདེ་བྱེད་ཆེ་བ་སྦྱར། ཚ་བ་ཆེ་ན་གུར་ཀུམ་དང་གསེར་གྱི་མེ་ཏོག་དོམ་མཁྲིས་དང་ཏིག་ཏ་བྲག་ཞུན་དང་ཨ་རུ་ར་གླ་སྒང་དང་ཀ་ར་རྣམས་སྦྱར་བས་སྣོད་ཚད་སེལ་ལོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཚ་བ་རྙོགས་པ་བཅོས་པའི་ལེའུ་སྟེ་ཉི་ཤུ་པའོ།། །།


 

མཐའ་མའི་འདོན་ཐེངས་།: 24.11.2023 ཉིན། 11:24 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།