སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ཉི་ཤུ་པ། སྨན་གྱི་ནུས་པ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.08.2011
བཤད་རྒྱུད། >> ལེའུ་ཉི་ཤུ་པ། སྨན་གྱི་ནུས་པ་བསྟན་པ།

གཉིས་པ་སྨན་གྱི་ནུས་པ་བསྟན་པ་ལ་གསུམ་སྟེ། ཉན་པར་གདམས་པ། གཞུང་དོན་དངོས། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཉོན་ཅིག་ཅེས་པའི་བར་གྱིས་བསྟན་ཏེ། ལེའུ་བཅུ་དགུ་པ་བཤད་ཟིན་པའི་རྗེས་ཐོག་དེ་མ་ཐག་པ་དེ་ནས་ཡང༌། དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་སོ། །གཉིས་པ་གཞུང་དོན་དངོས་བཤད་པ་ལའང་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། སྨན་གྱི་ཞེས་པ་ནས་གསུངས་པ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། འདི་ལྟར་སྨན་རྣམས་ཀྱི་ནུས་པ་བཤད་པ་དེ་ལའང་རོའི་དབང་དུ་བྱས་པའི་ནུས་པ་དང་རྫས་རང་རང་གི་ངོ་བོའི་དབང་དུ་བྱས་པའི་ནུས་པ་གཉིས་ཏེ། མིང་གི་རྣམ་གྲངས་ནུས་པ་སྤྱིར་བཤད་པ་དང༌། བྱེ་བྲག་ཏུ་བཤད་པ་ཞེས་བྱ་བར་ཡང་གསུངས་པ་ཡིན་ནོ། །ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལའང་གཉིས་ཏེ། སྨན་སྤྱིའི་རོའི་ནུས་པ་བཤད་པ་དང༌། བྱེ་བྲག་ངོ་བོ་སོ་སོའི་རོའི་ནུས་པ་བཤད་པའོ། །དང་པོ་ལ་གསུམ་སྟེ། མདོར་བསྟན། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། དང་པོ་ཞེས་སོགས་རྐང་པ་གཅིག་སྟེ། ནུས་པ་ལ་སྤྱི་བྱེ་བྲག་གཉིས་ཀྱི་དང་པོ་སྤྱིར་བཤད་པའམ། རོའི་དབང་དུ་བྱས་པའི་ནུས་པ་བཤད་པ་དེ་ལའང་ནང་གསེས་ཀྱི་ནུས་པ་སྤྱི་དང་བྱེ་བྲག་སྟོབས་དང་ཡོན་ཏན་གསུམ་དུ་བཤད་པར་བྱའོ། །ཞེས་པའོ།།

གཉིས་པ་རྒྱས་པར་བཤད་པ་ལ་གསུམ་ལས། དང་པོ་ནུས་པ་སྤྱིར་བཤད་པ་དེ་ལའང་སྤྱི་དོན་དང་ཚིག་དོན་གཉིས་ལས། དང་པོ། ཟླ་ཟེར་ལས། ད་ནི་སྨན་གྱི་ནུས་པ་བཤད་པ་རྩོམ་པར་བྱེད་དེ། དེ་ནི། སྨན་མཐུ་ལ་ལས་བཤད་པ་ནི། །ལྕི་སྣུམ་བསིལ་དང་འཇམ་པ་དང༌། །ཡང་རྩུབ་ཚ་དང་རྣོ་བ་སྟེ། །དེ་ལྟར་རྣམ་པ་བརྒྱད་དུ་འདོད། །ཅེས་བྱ་བ་ལ། སྨན་གྱི་མཐུ་ནི་ཐམས་ཅད་དུ་ཐོགས་པ་དང་རྡུགས་པ་མེད་པར་འགྲོ་བ་ཡིན་པས་སྨན་གང་ལ་ཡོན་ཏན་གྱི་རིགས་གང་ཅུང་ཟད་ཡོད་པ་དེ་ཐམས་ཅད་ལ་མཐུའམ་ནུས་པ་ཞེས་བྱའོ། །དེ་ལ་སློབ་དཔོན་གཞན་ལ་ལ་དག་གིས་བཤད་པ་ནི། སྨན་གྱི་མཐུ་ལྕི་བ་ལ་སོགས་པའི་ཡོན་ཏན་གྱི་དབྱེ་བས་རྣམ་པ་བརྒྱད་དུ་འཆད་དེ། དེ་ལྟར་ན་རྣམ་པ་འདིས་གྲངས་ཀྱི་རྣམ་པ་བརྒྱད་ཡིན་པར་སློབ་དཔོན་དག་འདོད་ཅིང་འཆད་ཀྱི། རྣམ་པ་གཞན་གྱིས་ནི་རྣམ་གྲངས་ཀྱི་ངེས་པ་གཞན་དུ་འདོད་དོ། །སྨན་མཐུ་ཙ་ར་ཀས་བཤད་པ། གང་གི་བྱ་བ་གང་བྱེད་པ། །མཐུ་མིན་ཅི་ཡང་མི་བྱེད་དེ། །དེ་དག་ཐམས་ཅད་མཐུ་ཡིས་བྱེད། །ཅེས་བྱ་བ་ལ། དྲང་སྲོང་ཙ་ར་ཀས་སྨན་གྱི་མཐུའམ་ནུས་པ་བཤད་ཅིང་བསྟན་པ་ནི། དངོས་པོ་གང་གི་བྱེད་པ་གང་ལ་ཞུགས་ཤིང་བྱ་བ་གང་ཞིག་བྱེད་ཅིང་རྫོགས་པར་འགྱུར་བས་དངོས་པོའི་རང་བཞིན་དེ་དེའི་མཐུ་ཡིན་ནོ། །ཞེས་མཐོ་བཙུན་དྲང་སྲོང་ཙ་ར་ཀས་བཤད་དེ། མཐུ་གང་གིས་བྱ་བ་གང་བྱེད་པ་ཞེས་བྱ་བའི་ཚིག་གིས་ནི་ནུས་པ་མཐུ་ཡིན་ཅིང་རོ་ཡང་མཐུ་ཡིན་པ་དེ་བཞིན་དུ་སྨན་ལ་བརྟེན་པའི་ཡོན་ཏན་ལྕི་བ་ལ་སོགས་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་སྨན་དེའི་མཐུ་ཞེས་བྱ་སྟེ། ནུས་པ་ཉིད་ལས་མ་འདས་པར་མཐུ་འབྱུང་བ་ཡིན་ནོ། །སྤྱིར་ནི་སྨན་གྱི་མཐུ་ལ་སློབ་དཔོན་རྣམས་ཐ་དད་པར་འདོད་དེ། སློབ་དཔོན་ལ་ལ་ནི་ལྕི་བ་ལ་སོགས་པའི་ཡོན་ཏན་བརྒྱད་ལ་མཐུ་རུ་འདོད་དེ། དེ་རྣམས་ཀྱི་ཁྱད་པར་ཅན་ཉིད་ལ་མཐུར་འདོད་ཀྱི་ནུས་པ་ཕྲ་མོ་ཙམ་ལ་ནི་མི་འདོད་དེ། གལ་ཏེ་ནུས་པ་ཕྲ་མོ་ཙམ་ལ་མཐུར་འདོད་ན་ནི། ལྕི་བ་ལ་སོགས་པའི་ཡོན་ཏན་བརྒྱད་པོ་ཆ་ཕྲ་མོ་དངོས་པོ་ཐམས་ཅད་ལ་ཡོད་པར་འགྱུར་བས་མི་རིགས་པ་ཡིན་ནོ། །དེའི་ཕྱིར་ཁྱད་པར་ཅན་གྱི་ནུས་པ་དང་ལྡན་པའི་ལྕི་བ་ལ་སོགས་པའི་ཡོན་ཏན་བརྒྱད་ལ་མཐུ་ཞེས་བྱ་བའི་མིང་ཐོབ་པ་ཡིན་ནོ། །དེས་ན་ཡོན་ཏན་ནི་བརྒྱད་པོ་དེ་དག་ཉིད་ཡིན་ནོ། །དེ་ཡང༌། གང་གི་སྦྱོར་བ་ལས་བྱེད་པ། །རྫས་དེའི་ནུས་པ་ཡིན་ཞེས་བྱ། །ཞེས་བྱ་བ་ཡིན་ནོ། །དེ་ལྟར་ན་དྲང་སྲོང་ཙ་ར་ཀའི་འདོད་ཀྱི་སྨན་གང་ལ་ཡོན་ཏན་གྱི་རིགས་གང་དག་ཡོད་པ་དེ་དག་ཐམས་ཅད་སྨན་དེའི་མཐུ་ཡིན་གྱི། མཐུ་དང་བྲལ་ཞིང་མཐུ་མ་ཡིན་པས་ནི་དངོས་པོའི་རིགས་དེའི་བྱ་བ་ཅི་ཡང་མི་བྱེད་དེ། བྱ་བ་གང་ཞིག་ཀྱང་རྫོགས་པར་མི་ནུས་སོ། །དེ་བས་ན་བྱ་བ་དེ་དག་ཐམས་ཅད་མཐུ་ཡིས་བྱེད་ཅིང་ནུས་པས་རྫོགས་པར་བྱེད་པ་ཡིན་ནོ། །གལ་ཏེ་དེ་ལྟར་བྱ་བ་ཐམས་ཅད་མཐུ་ཡིས་ཡིན་ན་ཅིའི་ཕྱིར་ལྕི་བ་ལ་སོགས་པའི་ཡོན་ཏན་བརྒྱད་པོ་ཉིད་ལ་མཐུ་ཞེས་བྱ་ཡི། རོ་ལ་སོགས་པའི་ཡོན་ཏན་གཞན་དག་ལ་མཐུ་ཞེས་ཅིའི་ཕྱིར་མི་བྱ། དེ་དག་གིས་ཀྱང་བྱ་བ་དེ་ནི་བྱེད་པ་ཉིད་ཡིན་ནོ། །ཞེ་ན་དེའི་ཕྱིར་སྨྲས་པ་ནི། །དེས་ནི་ལྕི་བ་ལ་སོགས་ཉིད། །ནུས་པའི་ཁྱད་པར་ལྡན་པ་ནི། །ཡོན་ཏན་མ་ལུས་སྙིང་པོར་ནི། །གྱུར་པས་མཐུ་ཞེས་བཤད་པ་དག །དོན་དང་མཐུན་པར་ཐ་སྙད་བཏགས། །ཞེས་བྱ་བ་ལ། དེས་ན་སློབ་དཔོན་དྲང་སྲོང་ཙ་ར་ཀས་ལྕི་བ་ལ་སོགས་པའི་བརྒྱད་པོ་ཉིད་ནི་ནུས་པའི་ཁྱད་པར་དང་ལྡན་པ་ཡིན་ཞིང༌། ཡོན་ཏན་མ་ལུས་པའི་སྙིང་པོར་གྱུར་པ་ཡིན་པས་མཐུ་ཞེས་བཤད་ཅིང་ནུས་པ་ཞེས་མིང་དུ་བཏགས་པ་དེ་ནི་གཞུང་དང་དོན་མཐུན་ཞིང་དོན་དང་ལྡན་པར་མིང་དུ་བཏགས་པ་ཡིན་ནོ། །དེ་ལ་ནུས་པའི་ཁྱད་པར་དང་ལྡན་པ་ནི་ཡོན་ཏན་ལྷག་པ་ཉིད་དེ་ཕུལ་དུ་བྱུང་བའི་ནུས་པའོ། །ཡོན་ཏན་མ་ལུས་པའི་སྙིང་པོ་ནི་ཡོན་ཏན་མཐའ་དག་གི་དམ་པར་གྱུར་པའོ། །ཐ་སྙད་ནི་འཇིག་རྟེན་པ་དང་བསྟན་བཅོས་ཀྱིས་བཏགས་པ་རྣམས་སོ། །དེ་ལས་ཀྱང་འདི་རྣམས་ནི་ཐ་སྙད་གཙོ་བོ་ཡིན་ནོ། །དེའང་འཇིག་རྟེན་པ་རྣམས་ནི་འདི་སྐད་སྨྲ་བ་དག་ཐོས་ཤིང་མཐོང་སྟེ་འདི་ནི་ལྕི་བའོ། །འདི་ནི་ཡང་བའོ། །འདིའི་ཡོན་ཏན་ནི་འདི་ལྟ་བུའོ་ཞེས་ཟེར་བ་དང༌། དེ་བཞིན་དུ་བསྟན་བཅོས་ལས། གཅེས་པ་མང་དུ་ཡོད་ན་ཡང༌། །ཐ་སྙད་གཙོ་བོ་ཉིད་ཀྱིས་ཡིན། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །གཞན་ཡང་གཅེས་པ་མང་དུ་སྨོས་ཞེས་བྱ་བ་ཡིན་ཏེ། ལྕི་བ་ལ་སོགས་པ་དེ་ནི་གཅེས་པར་མང་དུ་སྨོས་པ་ཡིན་གྱི། རོ་ལ་སོགས་པ་ནི་དེ་ལྟ་མ་ཡིན་པ་དང༌། དེ་བཞིན་དུ་གཙོ་བོ་ཉིད་དུ་སྨོས་པའང་ཡིན་ཏེ། རོ་ལ་སོགས་པའི་ཡོན་ཏན་ལས་དེ་རྣམས་མཆོག་ཏུ་བཟུང་བ་འོག་ནས་འཆད་དེ། བད་ཀན་ལ་སོགས་པའི་ནད་ཀྱི་རང་བཞིན་བརྟགས་པ་ན་རང་རང་གི་ཡོན་ཏན་ལྕི་བ་ལ་སོགས་པ་ཡོད་པ་བསྟན་པ་དང༌། བད་ཀན་ལྕི་ཞིང་བསིལ་ལ་སྣུམ། །ཞེས་བཤད་ཀྱི་མངར་བར་མ་བཤད་པ་དང༌། མཁྲིས་པ་སྣུམ་བཅས་རྣོ་ཞིང་ཚ། །ཞེས་བཤད་ཀྱི་མངར་བར་མ་བཤད་པ་ཡིན་ནོ། །དེ་བས་གོ་ནི་ལོག་པའི་ཕྱིར། །དེ་ནི་རོ་ལ་སོགས་པ་ལ། །སྲིད་དུ་ཟིན་ཀྱང་མ་བཤད་དེ། །དེ་ལས་ལྕི་བ་ལ་སོགས་ཡིན། །ཞེས་བྱ་བ་ལ་དེ་བས་དེ་ལྟར་བསྟན་པའི་རྒྱུ་འདི་ནི་ཡོན་ཏན་མ་ལུས་པའི་སྙིང་པོར་གྱུར་པ་ལ་སོགས་པ་ལས་གང་གོ་བཟློག་པར་གྱུར་པའི་རོ་ལ་སོགས་པ་ཞེས་བྱ་བ་སྟེ། རོ་དང་འཇུ་བ་ལ་སོགས་པའི་ཡོན་ཏན་གཞན་དག་ལ་དེ་སྲིད་ཀྱང་ཞེས་བྱ་བ་སྟེ། མཐུ་ཡོད་དུ་ཟིན་ཀྱང་གཙོ་བོར་མ་གྱུར་པ་མཐུ་ཞེས་དེ་ལ་མ་བཤད་པ་ཡིན་ནོ། །དེ་བས་ན་ལྕི་བ་ལ་སོགས་པ་ཉིད་མཐུ་ཡིན་གྱི་རོ་ལ་སོགས་པ་ནི་མ་ཡིན་ནོ། །ཞེས་གསལ་བར་བཤད་པ་ལྟར་རྟོགས་པར་བྱའོ།།

གཉིས་པ་ཚིག་གི་དོན་ནི། ནུས་པ་ཞེས་པ་ནས་མཐུ་ཞེས་བརྗོད་ཅེས་པའི་བར་གྱིས་བསྟན་ཏེ། སྨན་གྱི་ནུས་སྟོབས་ཡོན་ཏན་གསུམ་གྱི་ནང་ཚན་ནུས་པ་ཞེས་བྱ་བ་ནི་ལྕི་བ་དང༌། སྣུམ་པ་དང༌། བསིལ་བ་དང༌། བརྟུལ་བ་སྟེ་རྩ་བའི་ནུས་པ་བཞི་དང༌། དེ་ལས་གོ་བཟློག་པ་ཡང་བ་དང༌། རྩུབ་པ་དང༌། ཚ་བ་དང༌། རྣོ་བ་སྟེ་རྣམ་པ་བརྒྱད་དོ། །དེའི་ནང་ནས་དང་པོའི་ནུས་པ་ལྕི་སྣུམ་བསིལ་རྟུལ་བཞི་པོས་རིམ་པ་བཞིན་དུ་རླུང་དང་མཁྲིས་པ་སེལ་བར་བྱེད་དེ། དེ་ཡང་ལྕི་སྣུམ་གཉིས་ཀྱིས་རླུང་དང༌། བསིལ་རྟུལ་གཉིས་ཀྱིས་མཁྲིས་པ་སེལ་བ་ཡིན་ལ། འོག་མ་ཡང་རྩུབ་ཚ་རྣོ་བཞི་ཡིས་བད་ཀན་སེལ་བར་བྱེད་དོ། །དེ་བཞིན་དུ་ཡང་རྩུབ་བསིལ་བའི་ནུས་པ་གསུམ་གྱིས་རླུང་བསྐྱེད། ཚ་རྣོ་སྣུམ་པ་གསུམ་གྱིས་མཁྲིས་པ་སྐྱེད་པར་བྱེད་ལ། ལྕི་སྣུམ་བསིལ་བརྟུལ་བཞི་ཡིས་བད་ཀན་སྐྱེད་པར་བྱེད་པ་ཡིན་ནོ། །དེ་ལྟ་བས་ན་འཆད་འགྱུར་གྱི་ཡོན་ཏན་མ་ལུས་པ་ཀུན་གྱི་སྙིང་པོར་གྱུར་པ་དང༌། གཞན་ལས་ཕུལ་དུ་བྱུང་བའི་ནུས་པའི་ཁྱད་པར་དང་ལྡན་པ་ཉིད་ཀྱི་དབང་གིས་མིང་གི་རྣམ་གྲངས་མཐུ་ཞེས་བྱ་བར་བརྗོད་པ་ཡང་ཡོད་པའོ། །མཐུ་དང་ནུས་པ་ཞེས་བྱ་བ་ཡང་འཇིག་རྟེན་དང་བསྟན་བཅོས་གཉིས་ཀ་ལ་གཅིག་ཏུ་སྨྲ་བ་བྱེད་པ་བཞིན་ནོ།།

གཉིས་པ་སྨན་གྱི་སྟོབས་བཤད་པ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། སྔ་ཕྱིའི་སྨན་པ་ཀུན་ན་རེ། འདི་སྐབས་ཀྱི་གངས་ཅན་དང༌། འབིགས་བྱེད་ཅེས་པ་བྱང་ཕྱོགས་ན་ཡོད་པའི་གངས་ཅན་དང༌། ལྷོ་ཕྱོགས་ཀྱི་འབོགས་བྱེད་ཅེས་འཇིག་རྟེན་ན་ཡོངས་སུ་གྲགས་པ་གཉིས་པོ་ཡིན་པར་འཆད་ནའང་དེ་ནི་མ་ཡིན་ཏེ། ཉི་ཟླའི་སྟོབས་ཅན་ཞེས་པ་དང་ཚ་བསིལ་ཞེས་སྨོས་པའི་རིགས་པས་ཟླ་བའི་སྟོབས་དང་ལྡན་པའི་སྲིབས་རི་དང༌། ཉི་མའི་སྟོབས་དང་ལྡན་པའི་གདགས་རི་གང་ཡིན་པ་དེ་གཉིས་ལ་དགོངས་པ་ཡིན་ཏེ། དེ་ལྟ་བུའི་རི་ལས་བསིལ་དྲོད་ཀྱི་སྨན་ཤས་ཆེར་སྐྱེ་བ་དངོས་སུ་མཐོང་བའི་ཕྱིར། དེ་ལྟར་ཡང༌། ཟླ་ཟེར་ལས། གཞན་དག་ཚ་དང་བསིལ་ཉིད་གཉིས། །སྟོབས་ཡིན་ཞེས་ཀྱང་སྟོན་པར་བྱེད། །ཅེས་བྱ་བ་ལ། སློབ་དཔོན་གཞན་དག་ནི་སྨན་གྱི་ཚ་བ་དང་བསིལ་བ་གཉིས་ལ་སྟོབས་ཞེས་བྱའོ། །ཞེས་ཀྱང་སྟོན་ཏོ། །ཉིད་ཅེས་བྱ་བ་ནི་ངེས་པར་བཟུང་བའོ། །དེ་ཡང་རྫས་གང་གིས་བྱ་བ་གང་བྱེད་པ་དེ་ལ་སྟོབས་ཞེས་བྱ་ཡི། ལྕི་བ་ལ་སོགས་པའི་ཡོན་ཏན་བརྒྱད་པོ་ནི་སྟོབས་མ་ཡིན་ནོ། །དེའང་ཚ་དང་བསིལ་བའི་མཚན་ཉིད་ཅན་གྱི་སྟོབས་གཉིས་པོ་འདི་སྔར་བཤད་པའི་མཐུའམ་ནུས་པ་ཐམས་ཅད་འདུས་པ་ཡིན་པའི་ཕྱིར་རོ། །འདིར་དེའི་གཏན་ཚིགས་སྨྲས་པ་ནི། སྨན་ནི་སྣ་ཚོགས་བདག་ཉིད་ཅན། །ཉི་མ་ཟླ་བའི་སྟོབས་ཅན་ཡིན། །འགྲོ་འདི་གསལ་དང་མི་གསལ་ལས། །ནམ་ཡང་འདའ་བར་མི་འགྱུར་རོ། །ཞེས་བྱ་བ་ལ། གང་འདི་འགྲོ་བ་ན་སྨན་རྣམས་ནི་ངོ་བོ་གཅིག་ཀྱང་སྣ་ཚོགས་པའི་བདག་ཉིད་དུ་སྣང་ལ། དེའང་ཉི་མ་དང་ཟླ་བ་ཉིད་ནི་སྟོབས་ཆེ་བ་ཡིན་པས་ན་དེའི་རང་བཞིན་ལས་འདའ་བར་མི་བྱེད་དེ། དེའི་བདག་ཉིད་ཅན་པའི་ཕྱིར་རོ། །དེ་ལ་རེ་ཞིག་རྫས་འདི་དག་སྣ་ཚོགས་པ་དེ་དག་ཀྱང་ཉི་ཟླའི་རང་བཞིན་ལས་འདའ་བར་མི་བྱེད་ཅེ་ན། དེའི་དཔེ་བསྟན་པའི་ཕྱིར་ན་འོག་མ་འདི་སྨོས་པ་ཡིན་ཏེ་ཇི་ལྟར་འགྲོ་བ་འདི་དག་ནི་གསལ་བ་དང་མི་གསལ་བར་སྣང་བའི་ཆོས་ལས་ནམ་ཡང་འདའ་བར་མི་འགྱུར་རོ། །དེ་བཞིན་དུ་རྒྱུ་བ་དང་མི་རྒྱུ་བའི་ཚུལ་གྱི་སྣ་ཚོགས་པའི་བདག་ཉིད་ཅན་དུ་གནས་པ་དག་ཀྱང་ཟླ་བ་དང་ཉི་མའི་རང་བཞིན་ལས་འདའ་བར་མི་བྱེད་དོ། །དེ་ལྟར་ན་སྨན་ལ་ལ་ཉི་མའི་རང་བཞིན་ཅན་ཡིན་ལ། སྨན་ལ་ལ་ནི་ཟླ་བའི་རང་བཞིན་ཅན་ཡིན་ནོ། །དེ་བས་ན་ལ་ལ་ནི་ཚ་བའི་སྟོབས་ཅན་ཡིན་ལ། ལ་ལ་ནི་གྲང་བའི་སྟོབས་ཅན་ཡིན་ནོ། །དེ་ལ་ཚ་བས་མགོ་འཁོར་སྐོམ། །རྨྱ་རྔུལ་ཚ་ཞིང་མྱུར་འཇུ་བྱེད། །རླུང་དང་བད་ཀན་ཞི་བར་བྱེད། །ཅེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་ཚ་བ་དང་བསིལ་བའི་སྟོབས་གཉིས་ཀྱི་ནང་ནས་སྨན་ཚ་བའི་སྟོབས་ཅན་ནི་མགོ་འཁོར་བ་ལ་སོགས་པ་བྱེད་དོ། །མྱུར་འཇུ་བྱེད་ཅེས་བྱ་བ་ནི་ཟས་མྱུར་བ་ཉིད་དུ་འཇུ་བར་བྱེད་པའོ། །རླུང་དང་བད་ཀན་གཉིས་ཞི་བར་བྱེད་པ་ནི་རླུང་ནད་དང་བད་ཀན་གྱི་ནད་སེལ་བར་བྱེད་པའོ། །བསིལ་བ་དག་ནི་ཚིམ་བྱེད་ཀྱི། །འཚོ་དང་རེངས་པར་བྱེད་པ་དང༌། །ཁྲག་དང་མཁྲིས་པ་རབ་དྭངས་བྱེད། །ཅེས་བྱ་བ་ལ། སྨན་བསིལ་ཞིང་སྟོབས་གྲང་བ་དང་ལྡན་པ་ནི་ཚིམ་པར་བྱེད་པ་ལ་སོགས་པ་དང༌། ཁྲག་དང་མཁྲིས་པ་རབ་ཏུ་དྭངས་པ་ནི་དེ་དག་གསལ་ཞིང་རྙོག་པ་མེད་པའོ། །ཞེས་བཤད་པ་ཡིན་ནོ། །གཉིས་པ་ཚིག་གི་དོན་ནི། གངས་ཅན་ཞེས་པ་ནས་སེལ་བར་བྱེད་ཅེས་པའི་བར་གྱིས་བསྟན་ཏེ། གངས་ཅན་ཞེས་བྱ་བ་སྲིབས་རི་དང༌། འབིགས་བྱེད་ཅེས་པ་གདགས་རི་སྟེ་དེ་གཉིས་གོ་རིམ་བཞིན་དུ་སྔ་མ་ནི་ཟླ་བའི་སྟོབས་དང༌། ཕྱི་མ་ནི་ཉི་མའི་སྟོབས་ཅན་དུ་རང་བཞིན་གྱིས་གནས་པ་ལས། དེ་གཉིས་སུ་སྐྱེས་པའི་སྨན་རྣམས་ཀྱང་ཚ་བསིལ་གྱི་སྟོབས་ཕུལ་དུ་བྱུང་བ་དང་ལྡན་པ་ཡིན་པས་ན་སྟོབས་ཞེས་བྱ་བའི་མིང་ཐོབ་བོ། །དེ་ལ་ཚ་བའི་སྟོབས་དང་ལྡན་པའི་སྨན་གྱིས་གྲང་བའི་ནད་རྣམས་སེལ་བར་བྱེད་ཅིང༌། བསིལ་བའི་སྟོབས་དང་ལྡན་པའི་སྨན་གྱིས་ནི་ཚ་བའི་ནད་རྣམས་སེལ་བར་བྱེད་པ་ཡིན་ནོ། །དེའང༌། ཚ་གྲང་གཉིས་སུ་མ་འདུས་ནད་གཞན་མེད། །བསིལ་དྲོད་གཉིས་སུ་མ་འདུས་སྨན་གཞན་མེད། །ཅེས་གསུངས་པའི་དབང་དུ་བྱས་ནས་གདགས་ལས་སྐྱེས་པའི་སྨན་ཚ་བ་དང༌། སྲིབས་ལས་སྐྱེས་པའི་སྨན་རྣམས་བསིལ་བ་བཞིན་དུ་ནད་ཀྱང་ཚ་གྲང་གཉིས་སུ་བསྡུས་པའོ། །འདིར་ཡང༌། ནུས་པ་མ་ལུས་སྙིང་པོར་གྱུར་པ་དང༌། །མཐུ་ཡི་ཁྱད་པར་ལྡན་པས་སྟོབས་ཞེས་བྱ། །ཞེས་འདོན་པ་བསྒྱུར་བའི་དོན་བླངས་ཏེ་རྟོགས་པར་བྱེད་དགོས་སོ།།

གསུམ་པ་ཡོན་ཏན་བཤད་པ་ལ་གཉིས་ཏེ། ཡིན་ཏན་དངོས་བཤད་པ་དང༌། རོའི་ཁྱད་པར་བཤད་པའོ། །དང་པོ་ལ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ནི་སྔ་རབས་པའི་འགྲེལ་བ་མཁན་པོ་རྣམས་ན་རེ། རླུང་སེལ་བའི་ཡོན་ཏན་ལྔ། མཁྲིས་པ་སེལ་བའི་ཡོན་ཏན་དྲུག བད་ཀན་སེལ་བའི་ཡོན་ཏན་དྲུག་སྟེ་སྤྱིར་བཅུ་བདུན་ནོ། །དེ་ལ་རླུང་སེལ་བ་ལྔ་ལས་འཇམ་པས་རླུང་རྩུབ་པ་སེལ་ཏེ། སླེ་ཏྲེས་དང་ཀནྜ་ཀ་རི་འབྲས་ཐུག་ཡོས་ཐུག་ལྟ་བུའོ། །ལྕི་བས་རླུང་ཡང་བ་སེལ་ཏེ། ཁ་རུ་ཚ་བུ་རམ་རུས་རྙིང་ཟན་སྐམ་གྱི་ཚོད་མ་ལྟ་བུའོ། །དྲོ་བས་རླུང་གྲང་བ་སེལ་ཏེ། གསར་འཇམ་གྱི་ཆང་དང༌། ཟྭ་ཚོད་བཙོང་སྒོག་ལུག་ཤའི་ཚ་བ་ལྟ་བུའོ། སྣུམ་པས་རླུང་སྲ་བ་དང་ཕྲ་བ་སེལ་ཏེ། མར་དང་འབྲུ་མར་རྐང་མར་ཚིལ་ལྟ་བུའོ། །བརྟན་པ་ནི་རླུང་གཡོ་བ་སེལ་བའི་གཉེན་པོ་སྟེ། ཛཱ་ཏི་སྒོག་སྐྱ་ལ་ཕུག་ལ་སོགས་པའོ། །མཁྲིས་པ་སེལ་བ་ལ་དྲུག་ལས། གྲང་བ་བཤད་པ་ལ་ཞལ་གདམས་ཀྱི་སྐྱ་བཅས་བཅུག་སྟེ། སྐྱ་བཅས་ནི་མཁྲིས་པ་སྣུམ་བཅས་སེལ་བའི་གཉེན་པོ་སྟེ། ཕྱེ་ཐུག་སྡོར་མེད། དྲལ་ཐུག་རྩམ་སྐྱ། ཆུ་གྲོག་སོགས་བཅུད་མེད་རྣམས་སོ། །རྟུལ་བས་མཁྲིས་པ་རྣོ་བ་སེལ་ཏེ། ཅུ་གང་ཨུཏྤལ་ག་དུར་བོང་ང་དཀར་པོ་སོགས་སྐེམ་སྨན་དང་དུག་སྨན་རྣམས་སོ། །བསིལ་བས་མཁྲིས་པ་ཚ་བ་སེལ་ཏེ་ག་བུར་ཙན་དན་གི་ཝཾ་ཏིག་ཏ་ཧོང་ལེན་ལྟ་བུའོ། །མཉེན་པ་ནི་མཁྲིས་པ་ཡང་བའི་གཉེན་པོར་བཤད་ཀྱང་འདིར་ཞལ་གདམས་ཀྱི་མཁྲིས་པ་ཡང་བའི་གཉེན་པོར་གྲང་བ་གཏོང་སྟེ། ཡང་བ་ནི་གཉེན་པོའི་ཁ་ན་ཡང་ཞིང༌། བསིལ་བ་མེད་ཀྱང་གྲང་བ་ཙམ་གྱིས་སེལ་བར་ནུས་ཏེ། གྲང་བ་ནི་ཆུ་གྲང་ཇ་བ་ཞོ་དར་མར་གསར་སྐྱབས་དང་ཁུར་ཚོད་ལ་སོགས་པ་ལྟ་བུའོ། །སླ་བས་མཁྲིས་པ་དྲི་མནམ་པ་སེལ་ཏེ་བཤལ་སྨན་རྣམས་སོ། །སྐམ་པས་མཁྲིས་པ་འཁྲུ་གཤེར་སེལ་ཏེ། འཁྲུ་གཅོད་ཐམས་ཅད་དོ། །བད་ཀན་སེལ་བ་ལ་དྲུག་ལས། སྐྱ་བས་བད་ཀན་སྣུམ་པ་སེལ་ཏེ་སྲན་མ་སྲན་ཆུང་ཅོང་ཞི་ལྟ་བུའོ། །ཚ་བས་བད་ཀན་བསིལ་བ་སེལ་ཏེ་ན་ལེ་ཤམ་དང་ཙི་ཏྲ་ཀ་སྨན་སྒ་ཤིང་ཀུན་ལྟ་བུའོ། །ཡང་བས་བད་ཀན་ལྕི་བ་སེལ་ཏེ་གཡེར་མ་དར་གསར་ཡོས་ཐུག་ཆུ་སྐོལ་ལ་སོགས་པའོ། །ཞེས་བཤད་ཀྱང༌། དེ་རྣམས་ཀྱིས་ལྕི་བ་སེལ་མི་ནུས་ཏེ། ལྕི་བ་ནི་གཉེན་པོའི་ཁ་ན་ལྕི་བས་མེ་བཞི་ཡུན་དུ་བསྟེན་པ་ནི་ཡང་བའོ། །རྣོ་བས་བད་ཀན་རྟུལ་བ་སེལ་ཏེ་རྒྱམ་ཚ་དང་ཆང་དང་བོང་ང་ནག་པོ་དང༌། སྔོའི་ཚ་བ་གསུམ་ལྟ་བུའོ། །རྩུབ་པས་བད་ཀན་འཇམ་པ་དང་འབྱར་བག་ཅན་སེལ་ཏེ། སྟར་བུ་ཅོང་ཞི་རྒོད་བཏུལ་ཉ་ཤ་ཕག་ཤ་ལ་སོགས་པའོ། །གཡོ་བས་བད་ཀན་བརྟན་པ་སེལ་ཏེ་སྐྱུག་སྨན་ཐམས་ཅད་དོ། །ཞེས་བཤད་དོ། །འདི་རྣམས་ལ་མི་འཐད་པ་མང་སྟེ། རླུང་གི་སྐབས་སུ་ཁ་རུ་ཚ་དང་བུ་རམ་སོགས་བཞི་པོ་དེས་རླུང་སེལ་བ་སྟེ། ལྕི་བའི་ཡོན་ཏན་ཡོད་ནས་ཡང་བའི་ཆ་སེལ་བ་མ་ཡིན་ཏེ། དེ་རྣམས་དྲོ་བའི་ཡོན་ཏན་གཙོ་བོར་གནས་པ་ཡིན་ཞིང༌། ལྷག་པར་རུས་རྙིང་དང་ཟན་སྐམ་གྱི་ཚོད་མ་ནི་ཤིན་ཏུ་ཡང་བར་འཆད་དགོས་པའི་ཕྱིར། དེ་བཞིན་དུ་གསར་འཇམ་གྱི་ཆང་ཡང་དྲོ་བ་ལས་ལྕི་བའི་ཡོན་ཏན་ཤས་ཆེ་བར་གནས་པའི་ཕྱིར་རོ།།

མཁྲིས་པའི་སྐབས་སུ་ཡང་མཉེན་པས་མཁྲིས་པ་ཡང་བ་སེལ་བར་འདོད་པའི་ཕྱོགས་སྔ་མ་མི་འཐད་དེ། མཉེན་པ་དང་ཡང་བ་ཕན་ཚུན་འགལ་ཟླ་མ་ཡིན་པའི་ཕྱིར། མཁྲིས་པ་ཡང་བའི་གཉེན་པོར་གྲང་བ་གཏོང་བའི་ཕྱོགས་ཕྱི་མའང་མི་འཐད་དེ། དེ་གཉིས་ཀྱང་ཕན་ཚུན་གནོད་བྱ་གནོད་བྱེད་མ་ཡིན་པའི་ཕྱིར་དང༌། ཆུ་གྲང་དང་ཇ་སོགས་ཀྱིས་ཕན་པ་ནི་གཉེན་པོ་དེ་རྣམས་ལ་མཁྲིས་པའི་མཚན་ཉིད་དང་ཆོས་མི་མཐུན་པའི་སླ་རྟུལ་བསིལ་བརྟན་སོགས་ཡོད་པའི་དབང་གིས་ཡིན་པ་མ་གཏོགས་གྲང་བ་ཙམ་གྱིས་སེལ་ནུས་པ་མ་ཡིན་ཏེ། དེ་རྣམས་ལ་གྲང་བའི་ཡོན་ཏན་ལས་གཞན་སླ་བསིལ་གྱི་ཡོན་ཏན་ཤས་ཆེ་བའི་ཕྱིར། སྣུམ་པ་ལ་སྐྱ་བཅས་དང་ཡང་བ་ལ་གྲང་བ་གཏོང་བ་ཞལ་གདམས་སུ་འདོད་པ་ཤིན་ཏུའང་མི་རིགས་ཏེ། གཞུང་ལ་རས་ཆོད་བྱ་བར་འགྱུར་ལ། མིན་ན་ཡང་བའི་གཉེན་པོར་ལྕི་བ་དངོས་དེ་ཉིད་བཏང་བས་ཆོག་མོད། གྲང་བ་གཏོང་བ་ལ་དགོས་པ་ཅི་ཞིག་ཡོད། དེ་ལྟ་ན་ཡོན་ཏན་བཅོ་ལྔར་ཟད་པས་གཞུང་མ་དག་པར་ཐལ་ཞིང༌། དག་ན་ནི་དངོས་ཀྱི་དགོངས་པ་ལེན་དགོས་ལ། གྲང་བས་མཁྲིས་པ་སེལ་བའི་དབང་དུ་བྱས་ན་ནི་བསིལ་བ་ལས་ལྷག་པ་ཅི་ཞིག་ཡོད། ཡང་བ་ཙམ་ལ་བསམ་ན་ནི་རླུང་ལའང་ཧ་ཅང་ཐལ་བ་ལ་སོགས་ཉེས་པ་སྤང་བར་མི་ནུས་སོ། །དེ་བཞིན་དུ་བད་ཀན་གྱི་སྐབས་སུ་ཡང་གཡེར་མ་དང་དར་གསར་སོགས་ཀྱིས་ལྕི་བ་སེལ་མི་ནུས་ཞེས་པ་ཅིས་ཀྱང་བདེན་ཏེ། གཡེར་མ་ནི་བད་ཀན་ལ་མངོན་སུམ་དུ་གནོད་ཅིང༌། དར་གསར་ཡོས་ཐུག་ཆུ་སྐོལ་གསུམ་གྱི་ཡོན་ཏན་དྲོ་བ་ཡིན་གྱི་ཡང་བ་ནི་ནམ་ཡང་མི་འགྲུབ་ལ། མེ་བཞིས་བད་ཀན་སེལ་བར་ནུས་པ་དེའང་ཡང་བའི་ཡོན་ཏན་ཁོ་ནས་སེལ་བ་མ་ཡིན་ཏེ། དེ་བཞི་ལ་ཚ་རྣོ་སོགས་བད་ཀན་དང་ཆོས་མི་མཐུན་པའི་ཡོན་ཏན་མང་དུ་ཡོད་པའི་དབང་གིས་ཕན་པའི་ཕྱིར་ཏེ། མེ་བཞི་ཞེས་པའི་མིང་ཙམ་གྱིས་ཀྱང་གོ་ནུས་པས་སོ། །གཞན་ཡང་ཡང་བ་ནི་གཉེན་པོའི་ཁ་ན་ཡང་ཞེས་པ་དང༌། གཉེན་པོའི་ཁ་ན་ལྕི་ཞེས་པ་ལྟ་བུའི་ཚིག་འདི་ནི་བབ་ཆོལ་ཙམ་དུ་ཟད་དེ། ནད་དང་གཉེན་པོ་གཉིས་གོང་འོག་ཏུ་མ་ངེས་པའི་ཕྱིར་རོ། །ཡང་ཡོན་ཏན་བཅུ་བདུན་པོ་དེ་ཡིས་ནད་ཀྱི་མཚན་ཉིད་ཉི་ཤུ་འཇོམས་པར་བྱེད་པའི་ཕྱིར་ཡོན་ཏན་ཞེས་བྱ་བར་བཤད་དོ། །དེ་ལ་བཅུ་བདུན་གྱིས་ཉི་ཤུ་འཇོམས་པར་མི་འཐད་ཅེ་ན། སྣུམ་པ་དང་སྐམ་པ་དང་རྩུབ་པ་གསུམ་གྱིས་ནད་ཀྱི་མཚན་ཉིད་གཉིས་གཉིས་འཇོམས་པར་བྱེད་པའི་ཕྱིར། བཅུ་བདུན་གྱིས་ཉི་ཤུ་འཇོམས་པར་བྱེད་པ་སྟེ།

ཊིའཀྐ་ལས། སྲ་བ་སྣུམ་གྱིས་མཉེན་པར་འདུལ། །ཕྲ་བའི་བུ་ག་སྣུམ་གྱིས་འགེངས། །དེ་ཕྱིར་སྲ་ཕྲ་སོ་སོ་ཡང༌། །གཉེན་པོ་སྣུམ་པ་གཅིག་གིས་འཇོམས། །ཞེས་གསུངས་ཏེ། ལྟོ་བ་སྲ་བ་ཡང་སྣུམ་གྱིས་འདུལ། སྐྲངས་པ་སྲ་བ་ཡང་སྣུམ་གྱིས་འདུལ། ཕྲ་བ་བ་སྤུའི་བུ་ག་ཐམས་ཅད་ཀྱང་སྣུམ་གྱིས་འགེངས་ཏེ། སྣུམ་ལྕི་ལ་དྲོ་བས་རླུང་གི་སྟོབས་འཇོམས་པའོ། །གཤེར་བ་བརླན་པའི་ཆ་འཛིན་ཅིང༌། །ཐུར་དུ་འབབ་པས་འཁྲུ་བར་བྱེད། །དེ་ཕྱིར་འཁྲུ་གཤེར་སོ་སོ་ཡང༌། །གཉེན་པོ་སྐམ་པ་གཅིག་གིས་འཇོམས། །ཞེས་གསུངས་ཏེ་སྐམ་པ་དེས་འཁྲུ་བ་གཅོད་ནུས་ཤིང་གཤེར་བ་སྐེམ་པའོ། །འཇམ་པ་རྩུབ་པས་འབྲད་པར་བྱེད། །འབྱར་བག་རྩུབ་པས་དུམ་བུར་གཅོད། །དེ་ཕྱིར་འཇམ་འབྱར་སོ་སོ་ཡང༌། །གཉེན་པོ་རྩུབ་པོ་གཅིག་གིས་འཇོམས། །ཞེས་གསུངས་སོ། །དེ་ལ་བརྒྱད་པ་མཁན་པོ་རྣམས་ན་རེ། ཕྲ་བ་ལ་གཉེན་པོ་ཕྲ་བ་བཏང་བས་གྲོགས་སུ་འགྲོ་བས་ཕྲ་བའི་གཉེན་པོར་སྦོམ་པོ་གཏོང་ཟེར་ཏེ། སྦོམ་པོ་དེ་བུ་ག་ཕྲ་མོར་མི་འཇུག་པས་འཇོམས་མི་ནུས། དཔེར་ན་བྱི་ཁུང་དུ་བྱི་ལ་མི་ཤོང་བ་དང་འདྲ། འདིར་རླུང་ཕྲ་བ་དེ་ཡང་ཞིང་གྲང་ལ་གཡོ་བ་ཡིན་པས་སྣུམ་ཕྲ་བ་དེ་ལྕི་ཞིང་བརྟན་པ་ཡིན་པས་གྲོགས་སུ་འགྱུར་བ་མི་སྲིད་དེ། བྱི་ཁུང་དུ་དུད་པ་གཏོང་བ་བཞིན་ནོ། །སླ་སྐམ་གཉིས་གོ་ཟློག་ཡིན་པས་གཅིག་མཁྲིས་པའི་གཉེན་པོ་ཡིན་གཅིག་གྲོགས་སུ་འགྱུར་ཏེ། སྐམ་པ་མཁྲིས་པ་གཤེར་བ་ལ་གཏོང་ཡང་སླ་བ་མི་འཐད་དེ་སླར་འཁྲུ་བའི་ཕྱིར་རོ། །སླ་བ་བད་ཀན་འབྱར་བག་གི་གཉེན་པོ་ཡིན། མཁྲིས་པ་དྲི་མནམ་པ་ཡང་སླ་བས་མི་སེལ་ཕྲ་བ་གཏོང་དགོས་སོ་ཞེས་རྒོལ་ན། སླ་སྐམ་གཉིས་པོ་གོ་ཟློག་ཡིན་ཡང་དེ་གཉིས་དུས་གཅིག་ལ་གཏོང་བ་མིན། སླ་བ་དེ་ཆུ་ལས་བྱུང་བས་ནུས་པ་སླ་ལ་བསིལ་ཏེ། སླ་བས་དྲི་མནམ་པ་དེ་བཀྲུས་ནས་བསིལ་བས་མི་འདྲུལ་བར་བྱེད་ལ། སྐམ་པ་དེས་འཁྲུ་བ་གཅིད་སྐམ་པ་གཤེར་བར་བྱེད་དེ། དཔེར་ན་རྒྱུ་གཟེར་བྱུང་བའི་རྒྱུ་ལོང་འདྲུལ་བ་དེ་ལ་དང་པོ་བཤལ་བཏང་ནས་རུལ་དྲི་སྦྱངས་ལ། དེ་རྗེས་གཅོད་སྨན་སྐམ་པོ་གཏོང་བར་མི་འགལ་བ་བཞིན་ནོ། །སླ་བས་བད་ཀན་འབྱར་བག་ཅན་གྱི་གཉེན་པོར་མི་འཐད་དེ། སླ་བའི་རྫས་ངོ་བོ་བཀྲུ་སྨན་ཡིན་པ་དེ་བསིལ་བས་མེ་དྲོད་འཇོམས་པའི་ཕྱིར་གསོ་དཔྱད་ཀུན་ནས་ཀྱང་བད་ཀན་གྱི་གཉེན་པོར་སྦྱོངས་བཤད་པ་མེད་དེ།  མཁྲིས་པ་དྲི་མནམ་པའི་གཉེན་པོར་སྲ་བ་གཏོང་དགོས་ཟེར་བ་ཡང་མི་འདྲུལ་བར་བྱེད་པའི་སྲ་བ་ཡིན་ཏེ། སྲ་བ་སྟེ་བསིལ་རྟུལ་གཉིས་ལ་རང་བཞིན་གྱིས་གནས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། བསིལ་བ་གར་ཡོད་སར་འདྲུལ་མི་སྲིད་པ་དང༌། རྟུལ་བ་རྣོ་བའི་གཉེན་པོ་ཡིན་པས་རྟུལ་བར་བཤད་ཀྱང་སྲ་བ་ཡིན་ཏེ། རྣོ་བའི་གཉེན་པོར་སྲ་བ་དགོས་པའི་ཕྱིར། དཔེར་ན་མཚོན་རྣོན་པོ་ལ་གོ་ཆ་སྲ་དགོས་པ་བཞིན་ནོ། །ཞེས་ཟེར་རོ། །དེ་ལ་ཊཱིཀྐ་མུན་སེལ་སྒྲོན་མེའི་ལུང་ལ་བརྟེན་པའི་འབྲུ་སྣོན་དང༌། ཡན་ལག་བརྒྱད་པ་བ་རྣམས་ལ་དགག་པ་བྱས་པ་དེས་ནི་རང་གི་ནང་ཆ་བསྟན་པར་ཟད་དེ། བྱི་ཁུང་དུ་བྱི་ལའི་དཔེས་སྨན་གྱི་ཡོན་ཏན་ཐོགས་བཅས་སུ་ཁས་བླངས་པ་དང༌། ཕྲ་བ་དེ་རང་བཞིན་ཡང་ཞིང་གྲང་བར་འཁྲུལ་བ་དང༌། སྣུམ་པ་དང་ཕྲ་བ་གཅིག་པར་བཟུང་བ་དང༌། སྣུམ་པ་ལ་བརྟན་པས་ཁྱབ་པར་བྱས་པ་དང༌། སྣུམ་དེ་འབྲུ་མར་ལྟ་བུ་ལ་བློ་རྩེ་གཏད་པའི་ཉེས་པ་སོགས་མང་དུ་ཁས་བླངས་པ་དང༌། མདོར་ན་གནོད་བྱ་གནོད་བྱེད་ཀྱི་དགྲ་ཟུན་ཕན་ཚུན་ངོ་མ་ཤེས་པ་དང༌། སྨན་གྱི་ཡོན་ཏན་དང་ནད་ཀྱི་མཚན་ཉིད་སོ་སོར་མ་ཕྱེད་པར་འདྲེས་པ་དང༌། འཇིག་རྟེན་གྱི་དཔེ་ལ་ཧ་ཅང་ཞེན་ཆེས་པ་སོགས་རྣམ་པར་འཁྱམས་པའི་གནས་ཤིན་ཏུ་མང་ངོ༌།།

གཉིས་པ་རང་ལུགས་ནི། སློབ་དཔོན་གྱིས། ཡོན་ཏན་ལྕི་རྟུལ་བསིལ་དང་སྣུམ། །འཇམ་དང་བསྐ་བ་མཉེན་དང་བརྟན། །ཕྲ་དང་བཅས་ཤིང་སྐམ་བག་ཅན། །དེ་བཟློག་པ་ནི་ཉི་ཤུ་ཡིན། །ཞེས་བྱ་བ་ལ། འགྲེལ་བ་ཟླ་ཟེར་ལས། དེ་ལ་རྫས་ཀྱི་ཡོན་ཏན་ལྕི་བ་ལ་སོགས་པ་བཅུ་ཡིན་ལ། དེ་ལས་ཟློག་པ་དང་བཅས་པས། ཉི་ཤུ་ཡིན་པར་ཤེས་པར་བྱ་སྟེ། འདི་དག་རིམ་གྱིས་ཟློག་པ་ནི། ཡང་བ་དང༌། རྣོ་བ་དང༌། ཚ་བ་དང༌། སྐྱ་བ་དང༌། རྩུབ་པ་དང༌། སླ་བ་དང༌། སྲ་བ་དང༌། གཡོ་བ་དང༌། སྦོམ་པ་དང༌། བླ་གབ་ནལ་ནལ་པོ་རྣམས་ཡིན་ནོ། །དེ་ལྟར་ན་གོ་བཟློག་པ་ནི་འདི་དག་ཡིན་པས་སྤྱིར་ཉི་ཤུར་འགྱུར་རོ། །ཞེས་ཡོན་ཏན་ཉི་ཤུར་བཤད་ལ། འདིར་ནི། ཡོན་ཏན་འཇམ་དང་ལྕི་དྲོ་སྣུམ་དང་བརྟན། །གྲང་དང་རྟུལ་བ་བསིལ་མཉེན་སླ་དང་སྐམ། །སྐྱ་དང་ཚ་བ་ཡང་དང་རྣོ་རྩུབ་གཡོ། །བཅུ་དང་བདུན་གྱིས་མཚན་ཉིད་ཉི་ཤུ་འཇོམས། །ཞེས་བཤད་ལ། ཊཱིཀྐ མུན་སེལ་སྒྲོན་མེར། ནད་ཀྱི་མཚན་ཉིད་སྲ་ཕྲ་གཉིས་སྨན་གྱི་ཡོན་ཏན་སྣུམ་པས་འཇོམས། དེ་བཞིན་དུ་འཁྲུ་གཤེར་གཉིས་སྐམ་པས་འཇོམས། འཇམ་འབྱར་གཉིས་རྩུབ་པས་འཇོམས་ཞེས་བཤད་པ་ནི་ཡོན་ཏན་བཅུ་བདུན་དུ་མཛད་ཕྱིན་དེ་ལས་འོས་མི་འདུག་སྟེ། འདི་ནི་གཡུ་ཐོག་པའི་དགོངས་པ་ཡིན་པར་སེམས་སོ། །འདི་ལ་ཡན་ལག་བརྒྱད་པ་བ་རྣམས་ཀྱིས་ཀླན་ཀ་བརྗོད་པའི་ལན་ནི། གཞུང་དོན་དང་མི་མཐུན་ཏེ་སྨན་གྱི་ནུས་པ་ཐོགས་བཅས་སུ་ཁས་བླངས་པའི་ཕྱིར། དེ་ནི་མ་ཡིན་ཏེ། འགྲེལ་པ་ཟླ་ཟེར་ལས། སྨན་གྱི་མཐུ་ནི་ཐམས་ཅད་དུ་ཐོགས་པ་དང་རྡུགས་པ་མེད་པར་འགྲོ་བ་ཡིན་པས་སྨན་གང་ལ་ཡོན་ཏན་གྱི་རིགས་གང་ཅུང་ཟད་ཡོད་པ་དེ་ཐམས་ཅད་ལ་མཐུའམ་ནུས་པ་ཞེས་བྱའོ། །ཞེས་བཤད་པའི་ཕྱིར། གསུམ་པ་ཀླན་ཀ་སྤང་བ་ནི། རྟོགས་དཔྱོད་དང་ལྡན་པ་འགའ་ཞིག་ན་རེ། ཡན་ལག་བརྒྱད་པ་རྩ་འགྲེལ་ལས། ནད་ཀྱི་མཚན་ཉིད་ཉི་ཤུ་འཇོམས་པ་ལ། སྨན་གྱི་ཡོན་ཏན་ཉི་ཤུར་བཤད་འདུག་ཀྱང་འདིར་ནི་ནད་ཀྱི་མཚན་ཉིད་ཉི་ཤུ་ལ་གཉེན་པོ་ནི་བཅུ་བདུན་ལས་བཤད་འདུག་ཅིང༌། རླུང་གི་མཚན་ཉིད་སྲ་ཕྲ་གཉིས་ལ་གཉེན་པོ་སྣུམ་པ་གཅིག་པུ་དང༌། དེ་བཞིན་དུ་མཁྲིས་པའི་མཚན་ཉིད་འཁྲུ་གཤེར་གཉིས་ལའང་གཉེན་པོ་སྐམ་པ་གཅིག་པུ་དང༌། བད་ཀན་གྱི་མཚན་ཉིད་འཇམ་འབྱར་གཉིས་ལ་སྨན་གྱི་གཉེན་པོ་རྩུབ་པ་གཅིག་པོ་ལས་མ་བཤད་པ་འདུག་པས་འདི་ནི་ཤིན་ཏུ་མི་འཐད་དེ། ཡན་ལག་བརྒྱད་པའི་ལུང་དང་མངོན་སུམ་གྱི་རིག་པས་གནོད་དོ་ཞེ་ན་བརྗོད་པར་བྱ་སྟེ། འདི་ལ་ནད་ཀྱི་མཚན་ཉིད་ཉི་ཤུ་འཇོམས་པ་ལ། སྨན་གྱི་ཡོན་ཏན་བཅུ་བདུན་ལས་མང་མི་དགོས་ཤིང༌། ཉུང་ན་མི་འདུ་བའི་ཁྱད་པར་དང་ལྡན་པ་ཡིན་ཏེ། རླུང་མཁྲིས་བད་ཀན་གསུམ་གྱི་མཚན་ཉིད་ནི་འཇིག་རྟེན་ན་ཡོངས་སུ་གྲགས་པའི་ཐ་སྙད་གཙོ་བོར་བྱས་པ་ཡིན་པས་དེའི་སྒོ་ནས་དང༌། སྨན་གྱི་ཡོན་ཏན་ནུས་པ་ཡང་ཐོགས་མེད་ཡིན་པའི་རྒྱུ་མཚན་གྱིས་རླུང་མཁྲིས་བད་ཀན་གྱི་མཚན་ཉིད་ནི་སྲ་ཕྲ་སོགས་གཉིས་གཉིས་གཉེན་པོ་རེ་རེས་འཇོམས་པའི་ཐུན་མོང་མ་ཡིན་པའི་ཤེས་བྱེད་ནི། འགྲེལ་པ་ཟླ་ཟེར་ལས། ཕྲ་བ་སྟེ། རྩ་སྦུབས་ཕྲ་མོ་ལ་འཇུག་པ་དང༌། ཞེས་བཤད་པའི་རིགས་པས་སོ། །གལ་ཏེ་དེ་ལྟར་མ་ཡིན་ན་བརྒྱད་པར་ཡང་ནལ་ནལ་པོ་ལ་སྐམ་བག་གཏོང་བར་བཤད་པའང་དོན་དང་མི་མཐུན་ལ། མཁྲིས་པའི་མཚན་ཉིད་དྲོ་བར་བཤད་པའི་གཉེན་པོ་ལ་གྲང་བ་མ་བཤད་པ་སོགས་གནོད་བྱེད་མང་ངོ༌།།

གཉིས་པ་ཚིག་གི་དོན་ནི། ཡོན་ཏན་ཞེས་པ་ནས་བཤད་པ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། ནད་ཀྱི་མཚན་ཉིད་ཉི་ཤུ་འཇོམས་པའི་ཡོན་ཏན་ནི་རྩུབ་པ་ལས་བཟློག་པའི་འཇམ་པ་དང༌། ཡང་བ་ལས་བཟློག་པའི་ལྕི་བ་དང༌། གྲང་བ་ལས་བཟློག་པའི་དྲོ་བ་དང༌། སྐྱ་བ་ལས་བཟློག་པའི་སྣུམ་པ་དང༌། གཡོ་བ་ལས་བཟློག་པའི་བརྟན་པ་དང༌། དྲོ་བ་ལས་བཟློག་པའི་གྲང་བ་དང༌། རྣོ་བ་ལས་བཟློག་པའི་རྟུལ་བ་དང༌། ཚ་བ་ལས་བཟློག་པའི་བསིལ་བ་དང༌། སྲ་བ་ལས་བཟློག་པའི་མཉེན་པ་དང༌། གར་བ་ལས་བཟློག་པའི་སླ་བ་དང༌། སླ་བ་ལས་བཟློག་པའི་སྐམ་པ་དང༌། སྣུམ་པ་ལས་བཟློག་པའི་སྐྱ་བ་དང༌། བསིལ་བ་ལས་བཟློག་པའི་ཚ་བ་དང༌། ལྕི་བ་ལས་བཟློག་པའི་ཡང་བ་དང༌། རྟུལ་བ་ལས་བཟློག་པའི་རྣོ་བ་དང༌། འཇམ་པ་ལས་བཟློག་པའི་རྩུབ་པ་དང༌། བརྟན་པ་ལས་གོ་བཟློག་པའི་གཡོ་བ་སྟེ་བཅུ་བདུན་པོ་འདི་ཉིད་ཀྱིས་རླུང་གི་དྲུག་དང་མཁྲིས་པའི་མཚན་ཉིད་བདུན། བད་ཀན་གྱི་མཚན་ཉིད་བདུན་ཏེ་ནད་ཀྱི་མཚན་ཉིད་ཀྱི་ཟུར་མི་འདྲ་བ་ཉི་ཤུ་པོ་རྣམ་པར་འཇོམས་པ་དེའི་ཕྱིར། སྨན་གྱི་ཡོན་ཏན་བཅུ་བདུན་ཞེས་རྩོད་པ་དང་བྲལ་བའི་རྒྱུད་འདིར་ལེགས་པར་བཤད་པ་ཡིན་ནོ། །ཞེས་པའོ། །གཉིས་པ་རོའི་ཁྱད་པར་བཤད་པ་ལ་གསུམ་སྟེ། ནུས་སྟོབས་ཡོན་ཏན་ཐམས་ཅད་རོ་ལ་བརྟེན་པའི་ཚུལ། རོ་སོགས་མི་མཐུན་པ་འབྱུང་བའི་རྒྱུ་མཚན། དེ་ཉིད་མཐུན་དགོས་པར་གདམས་པའོ། །དང་པོ་ལ་སྤྱི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སྔ་ཕྱིའི་སྨན་པ་རྣམས་ཀྱིས་འདི་སྐབས་ཀྱི་འཆད་ལུགས་མི་འདྲ་བ་སྣ་ཚོགས་པ་འདུག་ཀྱང༌། སྐབས་འདི་ནི་དཔྱད་པར་ཤིན་ཏུ་དཀའ་ཞིང་སྨན་པ་རྣམས་ཀྱིས་མི་ཤེས་སུ་མི་རུང་བའི་དོན་གནད་ཆེ་སར་འདུག་པས་གོ་བདེ་བ་ནི། སྨན་གྱི་ནུས་སྟོབས་ཡོན་ཏན་ཐམས་ཅད་ཀྱང་འབྱུང་བའི་གཞི་ནི་སྨན་གྱི་རོ་འབའ་ཞིག་ཡིན་ཞིང༌། རོ་དེའང་ས་ཆུ་སོགས་འབྱུང་བ་ལྔ་པོ་རྣམས་ཚོགས་པ་ལས་འབྱུང་ཞིང༌། འབྱུང་བ་དེ་རྣམས་ལ་བརྟེན་པའི་རྒྱུ་མཚན་གྱིས་ལྕི་སྣུམ་ལ་སོགས་ཡོན་ཏན་ཚང་མ་རོ་དེ་ལས་བྱུང་བ་ནི་དངོས་པོའི་མཚན་ཉིད་ཡིན་ལ། དེ་བས་ན་རོ་དྲུག་ཏུ་བཤད་པའི་ནང་ནས་ལན་ཚྭ་བ་དང༌། བསྐ་བ་དང༌། མངར་བ་གསུམ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རྣམས་ལྕི་བ་ཡིན་ཏེ། ལན་ཚྭ་ལས་བསྐ་བ་ལྕི། བསྐ་བ་ལས་མངར་བ་ལྕི་བ་ཡིན་ནོ། །དཔེ་དེ་བཞིན་དུ་ལན་ཚྭ་དང་སྐྱུར་བ་དང་མངར་བ་གསུམ་ནི་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རྣམས་སྣུམ་པ་ཡིན་ཞིང༌། བསྐ་བ་དང༌། ཁ་བ་དང༌། མངར་བ་གསུམ་པོ་ནི་ཕྱི་མ་ཕྱི་མ་རྣམས་བསིལ་ལ། ཁ་བ་དང་བསྐ་བ་དང་མངར་བ་རྣམས་ནི་ཕྱི་མ་ཕྱི་མ་རྣམས་རྟུལ་བ་དང༌། སྐྱུར་བ་དང་ཚ་བ་དང་ཁ་བ་རྣམ་པ་གསུམ་ནི་རིམ་པས་ཡང་ལ་རྩུབ་པ་ཡིན་ཞིང༌། ཚ་བ་དང་སྐྱུར་བ་དང་ལན་ཚྭ་རྣམ་པ་གསུམ་ནི་རིམ་གྱིས་ཕྱི་མ་ཕྱི་མ་རྣམས་ཚ་ལ་རྩུབ་པ་ཡིན་ནོ། །འདི་ནི་གཞུང་ཇི་ལྟ་བུའི་འབྲུ་སྣོན་ཡིན་མོད། ཁོ་བོའི་གོ་བབས་ལྟར་ན་གཞུང་འདི་ཉིད་རོ་ནུས་ཞུ་རྗེས་རྣམས་མཐུན་པའི་དབང་དུ་བྱས་སྣང་བ་དེས་ན། ལན་ཚྭ་སྐྱུར་མངར་རྣམ་གསུམ་རིམ་བཞིན་ལྕི། །དེ་བཞིན་མངར་སྐྱུར་ལན་ཚྭ་སྣུམ་པ་ཡིན། །བསྐ་མངར་ཁ་བསིལ་བསྐ་བ་མངར་བ་རྟུལ། །སྐྱུར་ཁ་ཚ་བ་རྣམ་གསུམ་ཡང་ལ་རྩུབ། །ལན་ཚྭ་སྐྱུར་ཚ་རྣམ་གསུམ་ཚ་ལ་རྣོ། །ཞེས་པ་ལྟར་བྱས་ན་གོ་བབས་དང་མཐུན་པ་འདྲའོ། །འདི་དང་གོང་གི་ནུས་སྟོབས་ཡོན་ཏན་གྱི་སྐབས་ཐམས་ཅད་དུ་རྟེན་རྒྱུའི་རེའུ་མིག་རྣམས་ཀྱི་ས་སྨན་གྱི་ཡོན་ཏན་དྲུག་དང་ཆུ་སྨན་གྱི་དྲུག མེ་སྨན་གྱི་བདུན་རླུང་སྨན་གྱི་དྲུག་རྣམས་ཕན་ཚུན་འཕྲད་པ་ལ་བརྟེན་ནས་བརྟེན་པ་འབྲས་བུའི་རེའུ་མིག་འབྱུང་བ་དེའང་དཔེར་ན། རོ་ནི་མངར་སྐྱུར་ལན་ཚྭ་ཁ་ཚ་བསྐ། །གོ་རིམ་བཞིན་དུ་འཚོ་བྱེད་སྟོབས་ཆེན་ཡིན། །ཞེས་པ་ཕྱི་མ་བསྐ་བ་ལས་སྔ་མ་ཚ་བ་དང་ཁ་བ་སོགས་མངར་བའི་བར་དུ་ཡོན་ཏན་གྱི་སྟོབས་ཆེ་བར་གསུངས་པའི་རིགས་པས་མངར་བ་ལ་ས་ཆུ་གཉིས་ཕྲད་པས་ཡོན་ཏན་ལྕི་རྟུལ་བསིལ་ལ་བརྟན་སྣུམ་འཇམ་མཉེན་བརྒྱད་དང་ལྡན་པ་ལ། ལྕི་བ་ལ་ཡོན་ཏན་བཅུ། རྟུལ་བ་ལ་བདུན། བསིལ་སླ་བརྟན་གསུམ་ལ་ལྔ་ལྔ་འབྱུང་བ་ཡང་མངར་བའི་ནུས་པའི་གོ་རིམ་དང་བསྟུན། སྣུམ་པ་ལ་བཞི། འཇམ་པ་ལ་གསུམ། མཉེན་པ་ལ་གཅིག་རྣམས་སུ་གྲུབ་ལ།

ཚུལ་དེ་བཞིན་དུ་སྐྱུར་བ་ལ་མེ་ས་གཉིས་ཕྲད་པས་ཚ་སྐམ་སྣུམ་བརྟན་ལྕི་རྣོ་རྩུབ་པ་བདུན་དང་ལྡན་པ། ཚ་བ་ལ་ཡོན་ཏན་བདུན། སྐམ་པ་ལ་དྲུག སྣུམ་བརྟན་གཉིས་ལ་བཞི་བཞི། ལྕི་བ་ལ་གསུམ། རྣོ་བ་ལ་གཉིས། རྩུབ་པ་ལ་གཅིག་རྣམས་སུ་གྲུབ། ལན་ཚྭ་ལ་ཆུ་མེ་གཉིས་ཕྲད་པས་སྣུམ་རྩུབ་རྣོ་ཚ་ལྕི་སླ་མཉེན་གཡོ་བརྒྱད་དང་ལྡན་པའི་སྣུམ་རྩུབ་གཉིས་ལ་ཡོན་ཏན་བཞི་བཞི་ཡིན་ཀྱང་ལན་ཚྭ་ལ་རྩུབ་པ་ལས་སྣུམ་པ་ཡོན་ཏན་ཆེ་བའི་དབང་གིས་སྣུམ་པ་ཐོག་མར་བཞག དེ་ནས་རྩུབ་པ་གཉིས་པ་རྣོ་བ་གསུམ། ཚ་བ་ལ་གཉིས། ལྕི་སླ་མཉེན་གཡོ་བཞི་ལ་ཡོན་ཏན་རེ་རེ་ཡིན་ཀྱང༌། ལན་ཚྭ་ལ་སྟོབས་ཆེ་ཆུང་གི་དབང་གིས་རིམ་པ་གོང་ལྟར་བཞག་གོ། ཁ་བ་ཆུ་རླུང་གཉིས་ལས་བྱུང་བས་ཡོན་ཏན་བསིལ་སླ་རྟུལ་རྩུབ་ཡང་མཉེན་དྲུག་དང་ལྡན་པའི་བསིལ་བ་ལ་བདུན། སླ་བ་ལ་ལྔ། རྟུལ་བ་དང་རྩུབ་པ་ལ་གསུམ་གསུམ། ཡང་བ་ལ་གཉིས། མཉེན་པ་ལ་གཅིག་རྣམས་སོ། །ཚ་བ་མེ་རླུང་ལས་གྲུབ་པས་ཡོན་ཏན་ཡང་རྩུབ་སྐམ་གཡོ་རྣོ་ཚ་དྲུག་དང་ལྡན་པའི་ཡང་བ་ལ་དགུ། རྩུབ་པ་ལ་བདུན། སྐམ་གཡོ་རྣོ་གསུམ་ལ་དྲུག་དྲུག །ཚ་བ་ལ་ལྔ་སྟེ་གོ་རིམ་ནི་སྔ་མས་ཤེས་སོ། །བསྐ་བ་ནི་ས་རླུང་ལས་གྲུབ་པས་ཡོན་ཏན་གྲང་རྟུལ་སྐམ་པ་གསུམ་ལས་མེད་པས་གྲང་རྟུལ་གཉིས་ལ་ཡོན་ཏན་བཞི་བཞིར་མཉམ་ཡང་བསྐ་བ་ལ་གྲང་བ་ཅུང་ཟད་སྟོབས་ཆེ་བས་དང་པོ་དང་རྟུལ་བ་གཉིས་པ་སྐམ་པ་ལ་ཡོན་ཏན་གཉིས་ལས་མེད་དོ། །འདི་དང་མཐུན་པར་རྒྱུ་འབྲས་ཀྱི་རེའུ་མིག་སོ་སོའི་གྲངས་ཡིག་དང་བཅས་པ་ཁོ་བོས་བཀོད་པ་དག་ཡོད་པས་དེར་ཞིབ་ཏུ་རྟོགས་ཤིག འདི་ལ་ཟུར་མཁར་ཨ་བོ་ཆོས་རྗེས་རྒྱུ་འབྲས་ཀྱི་རེའུ་མིག་ཟུར་དུ་བཀོད་པ་ཞིག་འདུག་ཀྱང༌། སྔོན་ཆད་བོད་གངས་ཅན་དུ་སྔ་ཕྱིའི་སྨན་པ་སུས་ཀྱང་མ་བྱས་པ་ལ་འདི་ལྟ་བུ་ཤིང་རྟའི་སྲོལ་འབྱེད་དུ་བྱུང་འདུག་ཀྱང་ཊཱིཀྐ མུན་སེལ་སྒྲོན་མེ་གཞིར་གཞག་གི་བཤད་པར་འདུག་པས་ནོངས་པ་མང་ལ། དེར་ནི་ཚ་བ་དང་བསིལ་བ་ཕྲད་པས་དྲོ་བ་འབྱུང་ཟེར་བ། དེ་འདྲ་བ་ནི་རྫ་ལྟ་བུ་སྣོད་གཅིག་གིས་བར་དུ་ཆོད་ན་མ་གཏོགས་སྨན་གྱི་ནུས་སྟོབས་ཡོན་ཏན་གྱི་སྐབས་འདིར་ནི་དེ་ལྟ་བུ་ཤིན་ཏུ་མི་རུང་སྟེ་ཚ་བ་སྟོབས་ཆེ་བསིལ་བ་སྟོབས་ཆུང་ན་ཚ་བ་དེས་བསིལ་བའི་སྟོབས་ལྷག་མེད་དུ་གཏོང༌། བསིལ་བ་སྟོབས་ཆེ་ཚ་བ་སྟོབས་ཆུང་ན་བསིལ་བ་དེས་ཚ་བ་ལྷག་མེད་དུ་གཏོང༌། དེ་གཉིས་སྟོབས་མཉམ་ན་གཉིས་ཀ་ལྷག་མེད་དུ་འགྲོ་བ་འདི་ལྟ་བུའི་རྒྱུ་འབྲས་ཀྱི་རྩོམ་ཚུལ་མ་ཤེས་པས་རྣམ་པར་འཁྱམས་པའི་གནས་མང་ངོ༌། འདི་ལ་གོང་དུ་བགྲངས་པའི། སྲ་བ་སྣུམ་གྱིས་མཉེན་པར་འདུལ། །ཞེས་སོགས་སུ་ཤླཽཀ་གསུམ་ནི་གཡུ་ཐོག་པ་ཡོན་ཏན་མགོན་པོའི་གསུང་ཡིན་འདུག་པ་དེ་ཙམ་མ་གཏོགས་བརྟག་དཔྱད་བྱེད་པའི་བསྟན་བཅོས་སུ་མི་སྣང་ངོ༌། །གཉིས་པ་ཚིག་གི་དོན་ནི། དེ་དག་ཅེས་པ་ནས་ཚ་ལ་རྣོ་ཞེས་པའི་བར་གྱིས་བསྟན་ཏེ། གོང་དུ་བཤད་མ་ཐག་པའི་ནུས་སྟོབས་ཡོན་ཏན་དེ་དག་ཕལ་ཆེ་བ་ནི་རོ་དྲུག་ལས་རྗེས་སུ་འབྱུང་བ་ཡིན་ཏེ། རོ་དེའང་ས་ཆུ་ལ་སོགས་པའི་འབྱུང་བ་རྣམས་ལ་བརྟེན་ནས་བྱུང་བ་དེའི་ཕྱིར་ན་ལྕི་སྣུམ་བསིལ་རྟུལ་ལ་སོགས་པ་ཡོན་ཏན་ཐམས་ཅད་རོ་དྲུག་པོ་དེ་ལས་འབྱུང་བ་ཡིན་པས། ལན་ཚྭ་བསྐ་མངར་གསུམ་ནི་རིམ་པ་བཞིན་དུ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་དག་ལྕི་བ་ཡིན་ཞིང༌། དཔེ་དེ་བཞིན་དུ་ལན་ཚྭ་སྐྱུར་མངར་གསུམ་ནི་ཕྱི་མ་ཕྱི་མ་སྣུམ་པ་ཡིན་ལ། བསྐ་ཁ་མངར་བ་གསུམ་ཀྱང་རིམ་པ་བཞིན་བསིལ་བ་ཡིན་པ་དང༌། ཁ་བསྐ་མངར་བ་རྣམས་ནི་རིམ་པ་ལྟར་རྟུལ་བ་དང༌། སྐྱུར་ཚ་ཁ་བ་རྣམ་པ་གསུམ་ནི་གོ་རིམ་ལྟར་ཡང་ལ་རྩུབ་པ་ཤས་ཆེ་བ་དང༌། ཚ་སྐྱུར་ལན་ཚྭ་རྣམ་པ་གསུམ་ནི་ཚ་ལ་རྣོ་བའི་གོ་རིམ་དང་ལྡན་པ་ཡིན་ནོ། །ཞེས་པའོ།།

གཉིས་པ་རོ་སོགས་མི་མཐུན་པའི་རྒྱུ་མཚན་བཤད་པ་ནི། རོ་སོགས་ཞེས་པ་ནས་ཟིལ་གྱིས་གནོན་ཞེས་པའི་བར་གྱིས་བསྟན་ཏེ། རོ་སོགས་མ་བཅོས་གང་ཡང་སྟོབས་ཅན་ཡིན། །ཞེས་པ་ནི་རོ་མངར་བ་ལྟ་བུའི་ཞུ་རྗེས་ཀྱང་མངར་བར་ཞུ། ནུས་པ་ཡང་ལྕི་རྟུལ་བསིལ་སླ་སྣུམ་བརྟན་སོགས་རོ་ནུས་ཞུ་རྗེས་མཐུན་པ་སྟེ། དེ་ལྟ་བུ་ནི་རོ་གང་ལ་ཡོད་ཀྱང་སྟོབས་ཆེ་བ་ཡིན་ཀྱང༌། གལ་ཏེ་རོ་ནུས་ཞུ་རྗེས་མཉམ་དུ་ཟིན་ཀྱང༌། ནུས་པ་སོ་སོའི་རྟེན་འབྱུང་བ་ལྔ་ཤས་ཆེ་ཆུང་གི་སྟོབས་དང་འབྱུང་འགྱུར་ཡང་སྨན་སོ་སོའི་གསར་རྙིང་སྣ་ཚོགས་པ་ལས་གྱུར་པ་དང༌། ཐང་ཕྱེ་ལ་སོགས་པ་སྦྱར་བའི་དབང་ལས་མཐར་ཐུག་གི་ནུས་པ་ཆེ་ཆུང་དང་ཕན་གནོད་སྣ་ཚོགས་སུ་འབྱུང་བ་དེའི་ཕྱིར། རོ་ནུས་ཞུ་རྗེས་མི་མཐུན་ན་གང་མི་མཐུན་པ་དེའི་སྨན་འོག་མས་གོང་མ་ཟིལ་གྱིས་གནོན་པར་འགྱུར་བ་ཡིན་ནོ། །གསུམ་པ་རོ་ནུས་ཞུ་རྗེས་མཐུན་དགོས་པར་གདམས་པ་ནི། ཐམས་ཅད་ཅེས་པ་ནས་བསྡེབས་ཏེ་སྦྱར་ཞེས་པའི་བར་གྱིས་བསྟན་ཏེ། རོ་ནུས་ཞུ་རྗེས་རྣམས་མི་མཐུན་ན། འོག་མས་གོང་མ་ཟིལ་གྱིས་གནོན་པའི་རྒྱུ་མཚན་དེ་ལྟ་བས་ན། དེ་གསུམ་ག་གོང་དུ་སྨོས་པ་ལྟར་མཐུན་པ་གཅིག་བྱུང་ན་རོ་ལས་བྱེད་པ་ཞེས་བྱ་ལ། རོ་བཞིན་མི་གནོད་ཅེས་པ་རོའི་དབང་དུ་བྱས་ན་རླུང་མཁྲིས་བད་ཀན་གང་རུང་ལ་མི་གནོད་པའི་སྨན་ཞིག་བྱུང་ཕྱིར་ཞུ་རྗེས་ཀྱིས་ལས་བྱེད་པ་ཞེས་བྱ་ལ། དེའང་སྨན་གང་ཞིག་རོའི་དབང་དུ་བྱས་ན་ཉེས་པ་གསུམ་པོ་གང་རུང་ལ་གནོད་པར་རིག་ཀྱང་མི་གནོད་པར་ཕན་པར་འགྱུར་བ་ནི་རོ་ལས་གོ་བཟློག་པ་ཞེས་བྱ་སྟེ་ནུས་པས་ལས་བྱེད་པ་ཡིན་པ་དེས་ན། ཐང་ཕྱེ་སོགས་སྦྱོར་བ་ཐམས་ཅད་ལ་རོས་ལས་བྱེད་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས། དེ་བཞིན་དུ་ནུས་པས་ལས་བྱེད་པ་རྣམས་ནུས་པར་བསྡེབས། ཞུ་རྗེས་ཀྱིས་ལས་བྱེད་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་ཏེ་སྦྱར་དགོས་པས་སླད་ནས་སྨན་པ་རྣམས་ཀྱིས་དེ་ལྟ་བུའི་སྦྱོར་ཚུལ་མ་ཤེས་ན། མན་ངག་རྒྱུད་ལས། ལུས་ཀྱི་སྤྱི་བོ་ནས་རྐང་མཐིལ་གྱི་བར་གྱི་ནད་རེ་ལ་སྨན་གྱི་སྦྱོར་བ་རེ་གསུངས་སྣང་བས་མན་ངག་རྒྱུད་ལ་ཤིན་ཏུ་བློ་ཞིབ་པས་སྦྱངས་ཏེ་ཤེས་པར་བྱ་དགོས་པ་ཡིན་ལ། ད་ལྟའི་སྨན་པ་རྒན་པོ་རྣམས་ཀྱིས་མཁས་ཁྱད་དཔེ་མེད་ཡིན་པའི་ལུགས་བྱས་ནས་ཕྱི་མ་རྒྱུད་ཀྱི་སྨན་སྦྱོར་རེའི་སྟེང་དུ་ཁ་འཛིན་འགའ་ཤས་བསྣན་ཏེ་གཏོང་བ་ནི་རྒྱུད་འདི་དང་ཆ་ཙམ་ཡང་མི་མཐུན་ཏེ། སྨན་གྱི་རོ་ནུས་དང་ཞུ་རྗེས་ཀྱི་རྗེས་སུ་འགྲོ་ལྡོག་ཆ་ཙམ་ཡང་མི་ཤེས་པའི་ཕྱིར་རོ། གཉིས་པ་བྱེ་བྲག་ཏུ་ངོ་བོ་སོ་སོའི་ནུས་པ་བཤད་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། ངོ་བོ་ཞེས་པ་ནས་བརྒྱད་དུ་བཤད་ཅེས་པའི་བར་གྱིས་བསྟན་ཏེ། སྨན་གྱི་ངོ་བོ་རྫས་རེ་རེའི་ནུས་པ་ཞིབ་ཏུ་བསྟན་པ་ལ་ནི། རིན་པོ་ཆེའི་སྨན་དང༌། རྡོའི་སྨན་དང༌། སའི་སྨན་དང༌། ཤིང་གི་སྨན་དང༌། རྩིའི་སྨན་དང༌། ཐང་སྨན་དང༌། སྔོ་སྨན་དང༌། སྲོག་ཆགས་ཀྱི་སྨན་དང་བཅས་པས་དབྱེ་བའི་ས་བཅད་རྣམ་པ་བརྒྱད་དུ་བཤད་པ་ཡིན་ནོ།།

གཉིས་པ་རྒྱས་པར་བཤད་པ་ལ་བརྒྱད་ལས། དང་པོ་ནི། སྐབས་འདིར་དགག་གཞག་དང་འབྲུ་སྣོན་དཀྱུས་བཞིན་བྱས་ན་དོགས་པ་མི་ཆོད་པས་སྨན་རེའི་ངོས་འཛིན་དང༌། དབྱེ་བ་དགག་གཞག་སོགས་འཕྲལ་འཕྲལ་དུ་བརྗོད་པར་བྱའོ། །གསེར་གྱིས་ཚེ་རིང་རྒས་སྲ་དབྱིག་དུག་སེལ། །ཞེས་པའི་གསེར་ནི་རིགས་ཀྱིས་ཕྱེ་ན་དམར་པོ་དང་སེར་པོ་གཉིས། དང་པོ་ནི། བྱ་མེ་ཟན་གྱི་བྲུན་ཏེ་རྒྱ་ནག་དང་ཧོར་ནས་འབྱུང་བ་སྟེ། འདི་ལ་ཡང་ཁ་དོག་དམར་པོ་དྲིལ་བུ་ལ་སོགས་བཅོས་ན་གསུང་ཤིན་ཏུ་སྙན་པར་འབྱུང་བ་གཅིག་དང༌། གཞན་ནི་ཟངས་དམར་གཡའ་དག་པ་ལྟ་བུ་རྒྱ་ཧོར་གྱི་ཟི་ཁྱིམ་ཟེར་བ་བཙན་དུག་གི་ཆུ་བྱུགས་ན་འཇའ་ཚོན་འཕྲོ་བ་དུག་བརྟག་པའི་མཆོག་ཏུ་གྱུར་པ་དང་གཉིས། གསེར་སེར་པོ་ནི་ཡོངས་སུ་གྲགས་པ་སྟེ། ཛམྦུ་ཆུ་བོའི་གསེར་སོགས་འབྱུང་ཁུངས་ནི་རྣམ་གྲངས་མང་ལ། དངོས་ནི་འཁྲུལ་སོ་ཉུང་ཞིང༌། འོན་ཀྱང་བརྟག་པ་རྣམ་པ་གསུམ་སོགས་བཤད་པས་གསེར་དང་གསེར་མིན་དབྱེ་བ་ཕྱེད་དགོས་སོ། །ཡན་ལག་བརྒྱད་པར་ཡང༌། པདྨའི་འདབ་མར་ཆུ་བཞིན་དུ། །གསེར་གྱི་ཡན་ལག་ལ་མི་ཆགས། །ཚེ་ཡང་རིང་དུ་འཕེལ་བར་འགྱུར། །ཞེས་དང༌། ཟླ་ཟེར་ལས། གང་གི་ཕྱིར་གསེར་འཐུངས་པར་གྱུར་པས་དུག་ཟོས་པའི་ཡན་ལག་རྣམས་ལ་དུག་དེ་ཆགས་ཤིང་ཞེན་པར་མི་འགྱུར་ཏེ། དཔེར་ན་པདྨའི་འདབ་མར་ཆུ་ཆགས་པར་མི་འགྱུར་བ་དེ་བཞིན་དུ་དུག་ཆགས་པར་མི་འགྱུར་བ་དང༌། དེ་བཞིན་དུ་གསེར་འཐུངས་པར་གྱུར་པ་དག་ནི་ཚེ་རིང་ཞིང་འཕེལ་བར་འགྱུར་བ་ཉིད་ཀྱང་འཐོབ་པར་འགྱུར་རོ། །ཞེས་དང༌། སྦྱར་དུག་ལའང་ཆོ་ག་འདི། །ཞེས་སོགས་བཤད་ལ། གསེར་བསྲེག་པའི་ཐབས་ནི་མ་བཤད་དོ། །དེས་ནི་ཚེ་རིང་བ་སོགས་ཀྱི་ཕན་ཡོན་ནི་དམར་སེར་གཉིས་ཀའི་ནང་ནས་ཀྱང་དམར་པོ་མཆོག་ཏུ་གྱུར་པ་ཡིན་ནོ། །དེ་བཞིན་དུ། དངུལ་གྱིས་ཆུ་སེར་ནད་དང་རྣག་ཁྲག་སྐེམ། །ཞེས་པའི་དངུལ་ནི་དངུལ་རྡོ་ཞེས་གྲགས་པ་བཞུས་པ་ལས་འབྱུང་སྟེ། ངོ་བོ་ལ་ར་དངུལ་ལུག་དངུལ་གཉིས་སུ་གྲགས་སོ། །ཟངས་ཀྱིས་རྣག་སྐེམ་གློ་མཆིན་ཚ་བ་སེལ། །ཞེས་པའི་ཟངས་ནི་རྡོ་བཞུས་པ་ལས་སྟོད་སྨད་གང་ནས་ཀྱང་འབྱུང་བ་སྟེ་གོ་སླའོ། །ལྕགས་ཀྱིས་མཆིན་དུག་མིག་ནད་སྐྱ་རྦབ་སེལ། །ཞེས་པའི་ལྕགས་ནི་ནག་པོ་སྟེ་རིགས་མང་ཡང་འཁྲུལ་གཞི་ཆུང་བས་མ་སྨོས་ལ། དེ་ལྟར་རྣམ་གྲངས་བཞི་ག་ཡང་ལྕགས་ཀྱི་རིགས་ཏེ་བཞུ་བའི་ཁམས་ཞེས་བྱའོ། །གཡུ་ཡིས་དུག་དང་མཆིན་པའི་ཚ་བ་སེལ། །ཞེས་པའི་གཡུ་ནི་ངོ་བོ་མཆོག་དང་ཕལ་བ་གཉིས་ལ་དྲུག་དཀར་དྲུག་དམར་གཡུ་ལྗང་གསུམ་ནི་མཆོག་ཡིན་ལ། བར་གཡུ་གཡུ་སྔོན་རྒྱ་གཡུ་གསུམ་ནི་ཕལ་བ་ཡིན་ཞིང༌། འདི་སྐབས་ཀྱི་སྨན་ལ་ནི་མཆོག་གང་རིགས་དགོས་སོ། །འདི་སོགས་རྡོ་དང་ཤེལ་གྱི་རིགས་རྣམས་ལ་མི་བཞུ་བའི་ཁམས་ཞེས་བྱའོ། །མུ་ཏིག་ཀླད་པ་འཛག་གཅོད་དུག་ནད་སེལ། །ཞེས་པའི་མུ་ཏིག་ནི་ད་ལྟ་མང་དུ་འབྱུང་བ་འདི་ཉ་ཕྱིས་ཀྱི་ནང་ནས་འབྱུང་བས། ཉ་ཕྱིས་ནུས་པ་མུ་ཏིག་ཁྱད་པར་མེད། །ཅེས་པ་ནུས་པ་གཅིག་པ་མ་བུའི་རྒྱུ་མཚན་ལས་ཡིན་ཞིང༌། གཞན་མ་གླང་པོ་ཆེ་དང་སྦྲུལ་དང་ཤིང་གི་འདབ་མ་ལ་སོགས་པ་ལས་འབྱུང་བར་ཡང་བཤད་ཅིང༌། ཁ་དོག་ནི་དཀར་དམར་སེར་ནག་སོགས་གང་ཡང་འབྱུང་ལ། ནག་པོ་ནི་མཆོག་དང་གཞན་རྣམས་ཕལ་བའོ། །དུང་གིས་རྣག་སྐེམ་འགྱིང་འབིགས་རུས་ཚད་སེལ། །ཞེས་པའི་དུང་ལ་རིགས་དང་དབྱེ་བ་ཁ་དོག་སོགས་དུ་མ་ཞིག་འབྱུང་ཡང༌། སྨན་ལ་དགོས་པ་ནི་ཡོངས་སུ་གྲགས་པའི་དུང་དཀར་པོའོ། །བྱུ་རུས་མཆིན་ཚད་རྩ་ཚད་དུག་ཚད་སེལ། །ཞེས་པའི་བྱུ་རུ་ནི་རྒྱ་མཚོའི་འགྲམ་གྱི་བྲག་ལས་སྐྱེས་པ་ཤིང་གི་རིགས་ཅན་ཡིན་པར་རྡོ་རྗེ་མཁའ་འགྲོར་བཤད་ཅིང༌། ཁ་དོག་གིས་ཕྱེ་བས་དམར་པོ་དང་དཀར་པོ་ནག་པོ་གསུམ་དུ་ཡོད་ཀྱང༌། སྐབས་འདིར་བསྔགས་པ་ནི་དམར་པོའོ། །མུ་མེན་དུག་དང་ཆུ་སེར་མཛེ་ནད་སེལ། །ཞེས་པའི་མུ་མེན་ནི་རྒྱལ་པོ་འཁྱིལ་བ་ཞེས་བྱ་སྟེ། ངོ་བོ་རྡོའི་རིགས་ཁ་དོག་སྔོན་པོ་ལ་གསེར་མུ་མེན་དང་རྡོ་མུ་མེན་ཏེ་ལེགས་ཉེས་གཉིས་སོ། །དེ་ལ་སོགས་པ་རིན་པོ་ཆེའི་རིགས་དང་ས་རྡོ་ལ་སོགས་པ་སྨན་ཐམས་ཅད་ཀྱི་འབྱུང་ཁུངས་དབྱེ་བ་མིང་གི་རྣམ་གྲངས་སོགས་རྒྱས་པར་ཁོ་བོས་བྱས་པའི་སྨན་མིང་རྒྱ་མཚོར་ཤེས་པར་བྱའོ།།

གཉིས་པ་རྡོ་སྨན་ནི། རྡོ་ཡི་སྨན་གྱི་ནུས་པ་བསྟན་པ་ནི། སྨུག་པོ་སྦལ་རྒྱབ་ཕོ་སྦལ་མོ་སྦལ་གཉིས། ཆུ་སེར་འཕུལ་འདྲེན་སྐེམ་ཞིང་ལྷ་བ་འཛིན། །རུས་པ་ཆག་པ་སྦྱོར་ཞིང་ཀླད་པ་སྡོམ། །ཞེས་པའི་སྨུག་པོ་སྦལ་རྒྱབ་ནི་ཁ་ཆེ་ཁོ་ན་ནས་འབྱུང་ཟེར་ཡང༌། ད་ལྟ་ནི་ལ་སྟོད་བྱང་གི་བྱང་ཕྱོགས་ཀྱི་གསེར་པ་རྣམས་ཀྱིས་ཁྱེར་ཡོང་བ་སྨུག་ལ་མཁྲེགས་ཤིང་ལྕིད་ཆེ་བ་སྦལ་བའི་རྒྱབ་ལྟར་འབྲུམ་པ་མང་བ་དང༌། མོ་སྦལ་ལ་འབྲུམ་པ་མེད་དོ། །དཀར་པོ་སྦལ་རྒྱབ་དཀར་པོ་ཆིག་ཐུབ་དང༌། །སྨུག་པོ་ཆིག་ཐུབ་ལ་སོགས་དེ་དང་འདྲ། །ཞེས་པ་ནི་དཀར་པོ་སྦལ་རྒྱབ་ཀྱང་མཁྲེགས་ཤིང་ལྕི་བ་ལ་རྡོའི་སྣ་ཐུང་བ་སྟེ་འབྲུམ་པ་ནི་མེད་དོ། །དཀར་པོ་ཆིག་ཐུབ་དང་སྨུག་པོ་ཆིག་ཐུབ་ནི་མདུང་རྩེ་སྟེ། ངོ་བོ་ཅོང་ཞིའི་ཁ་དོག་ལྟར་དཀར་ཞིང་འཁྱགས་པ་འཇིབས་པ་འདྲ་བའི་འཇམ་ཞིང་མཁྲེགས་པ་སྟེ་བཅག་ན་རྒྱ་ཁབ་བཤིབས་པ་ལྟར་རྣོ་ངར་དང་ལྡན་པའི་མདུང་རྩེ་ཡིན་ནོ། །མདུང་རྩེ་སྨུག་པོ་ཡང་གཞན་གོང་དང་འདྲ་བ་ལ་མདོག་སྨུག་པོའོ། །དེ་ལྟར་བཤད་པའི་སྦལ་རྒྱབ་གཉིས་དང་མདུང་རྩེ་གཉིས་ལ་རྡོའི་རྒྱལ་པོ་སྡེ་བཞི་ཞེས་ཟེར་རོ། །གངས་ཐིགས་དེ་བཞིན་མཆིན་པའི་ཚ་བ་སེལ། །ཞེས་པའི་གངས་ཐིགས་ནི་མོ་ཅོང་གི་རིགས་ཏེ། དཀར་ཞིང་སོབ་པ་ཆུ་ཚན་ཡོད་ས་དང་ཉེ་བར་འབྱུང་སྟེ་ད་ལྟ་ལ་སྟོད་བྱང་ནས་མང་དུ་འབྱུང་ངོ༌། །ཁབ་ལེན་མདེའུ་འབྱིན་ཀླད་རུས་རྩ་ནད་སེལ། །ཞེས་པའི་ཁབ་ལེན་ནི་རྡོ་སྨུག་ནག་ཁབ་ལ་སོགས་པའི་ལྕགས་རིགས་ལེན་པས་དེ་སྐད་ཅེས་བྱ་ལ་ངོ་བོ་ནོར་འཕྲང་ཉུང་ངོ༌། །བེ་སྣབས་རུས་སྦྱོར་རྨེན་གཅོད་ཤའུ་སྐྱེད། །ཅེས་པའི་བེ་སྣབས་ནི་རྡོ་རིགས་སེར་སྐྱ་དང་སེར་སྨུག་གི་རིགས་གཉིས་ཏེ་ལ་སྟོད་ཕྱོགས་ནས་འབྱུང་ངོ༌། མཉྫི་ར་ཡིས་རུས་པའི་ཚད་པ་སེལ། །ཞེས་པའི་མཉྫི་ར་ནི་རྡོ་ནག་པོ་མཁྲེགས་ཤིང་ལྕི་བ་རྔུལ་ཆུ་འཆིང་བ་ལ་དགོས་སོ། །ཕག་མགོས་རུས་པ་གསོ་ཞིང་ཆུ་སེར་འདྲེན། །ཞེས་པའི་ཕག་མགོ་ནི་ཕག་གི་མགོ་རང་འདྲ་ལ། བྱེའུ་མགོ་དེ་བཞིན་ཤའུ་བསྐྱེད་པ་དང༌། །ཞེས་པ་ཡང་བྱེའུའམ་ཁྲའི་མགོ་འདྲ་བ་འདི་གཉིས་ཀའང་བྱང་རིགས་ཀྱི་ཆུ་ཚན་ཁ་ནས་འབྱུང་ངོ༌། །གསེར་རྡོ་དངུལ་རྡོས་ཆུ་སེར་འདྲེན་པར་བྱེད། །ཅེས་པའི་གསེར་རྡོ་ནི་ཕྱི་སྨུག་པོ་བཅག་ན་གསེར་ལྟར་འཚེར་བ་དེ་ཡིན་ལ། དངུལ་རྡོ་ནི་བཞུས་ན་དངུལ་འབྱུང་བ་དེའོ། །སྟང་ཟིལ་གསེར་ཟིལ་དངུལ་ཟིལ་རུས་མདོག་འབྱིན། ཞེས་པའི་སྟང་ཟིལ་ནི་རྡོ་ནག་པོ་བཅག་ན་འོད་ཟེར་འཕྲོ་བ་སྟེ། རྡོ་བུང་བ་ཞེས་བཅོམ་ལྡན་འདས་ཀྱི་དབུ་སྐྲའི་དཔེ་རུ་བཤད་པ་དེའོ། །གསེར་ཟིལ་དངུལ་ཟིལ་ཞེས་པ་ནི་གསེར་རྡོ་དངུལ་རྡོ་འདྲ་བ་ལ་དེ་ལས་ཅུང་ཞན་པའོ། །གྲུ་བཞི་ཀླད་པ་གསོ་ཞིང་ཆུ་སེར་འདྲེན། །ཞེས་པའི་གྲུ་བཞི་ནི་ཕ་ཝང་ལོང་བུ་ཞེས་པ་སྟེ་ཁ་དོག་གི་དབྱེ་བས་སེར་པོ་དང་སྨུག་པོ་སོགས་རྣམ་གྲངས་མང་བར་འབྱུང་ངོ༌། །ཅོག་ལ་མ་ཡིས་རྩ་དང་ལྷ་བ་འཛིན། །ཞེས་པའི་ཅོག་ལ་མ་ནི་རྒྱ་མཚལ་ད་ཆུ་མ་སྟེ་དངུལ་དང་ལྡོང་རོས་སོགས་ལས་བཟོས་པ་སྟེ། ལུགས་སུ་བླུགས་པའི་རྣམ་པ་དམར་རག་རྒྱ་ཁབ་བཤིབས་པ་ལྟར་འོད་ཟེར་འཕྲོ་བ་དེའོ། འདི་ལ་རང་གྲུབ་དང་བཟོས་པ་གཉིས་ཡོད་པར་མངོན། །རྡོ་ཀླད་ཀླད་པ་སྡོམ་ཞིང་ཤའུ་གསོ། །ཞེས་པའི་རྡོ་ཀླད་ནི་རྡོ་དཀར་གྲོ་ཀླད་པ་འདྲ་བ་སྟེ་ཕྱོགས་གང་ནས་ཀྱང་འབྱུང་ངོ༌། ལི་ཁྲིས་རུལ་གཅོད་ད་ཆུས་རུས་པ་སྦྱོར། །ཞེས་པའི་ལི་ཁྲི་ནི་བལ་པོར་ཞ་ཉེ་ལ་བཟོས་པའི་དམར་སེར་ཚོན་དུ་རུང་བ་དེའོ། །ད་ཆུ་ཞེས་པ་ནི་འདི་མཚལ་རིགས་ནག་ཤས་ཆེ་བ་ཞིག་ཏུ་བཞེད་པའང་འདུག བདུད་རྩི་ད་ཆུ་སྟེ་ཟེ་ཚ་བཅོས་པའི་རྗེས་སུ་འབྱུང་བ་དེ་ཡིན་ནོ། །རྡོ་མཁྲིས་རྩ་སྡོམ་གཤའ་དཀར་ཤའུ་བསྐྱེད། །ཅེས་པའི་རྡོ་མཁྲིས་ནི་རྡོ་སྔོ་ལྗང་ཟོས་ན་རོ་ཁ་བའི་ཉམས་ཡོད་པ་དེ་ཡིན་ལ། གཤའ་དཀར་ནི་ཟངས་དང་བསྲེས་པས་ལི་འབྱུང་བ་དེ་ཡིན་ལ། འདི་ཡང་རྡོའི་རིགས་ལས་འབྱུང་བས་རྡོ་དེ་ཉིད་དགོས་པར་སེམས་སོ། །ལྡོང་རོས་བབ་བླ་རྨེན་ངན་རུལ་བ་གཅོད། །ཅེས་པའི་ལྡོང་རོས་ནི་རྡོ་དམར་སེར་དྲི་མ་ཅན་དེ་ཡིན་ལ། བབ་བླ་ནི་དེ་བས་ཅུང་ཟད་སེར་སྐྱ་ཚོན་དུ་བྱེད་པ་དེའོ། །རྡོ་སོལ་རྡོ་རྣམས་འཇུ་ཞིང་རྩ་ཁ་སྡོམ། །ཞེས་པའི་རྡོ་སོལ་ནི་རྡོ་ནག་པོ་གསོམ་སོལ་འདྲ་བ་ལ་མེ་ལ་བསྲེགས་ན་འབར་བ་དེའོ། །བ་ནུ་རྡོ་རྒྱུས་མཐིང་རྒྱུས་ཆུ་བ་གསོ། །ཞེས་པའི་བ་ནུ་ནི་འདྲ་བའི་སྒོ་ནས་བཏགས་པ་སྟེ། བཅག་ན་རྭ་གཞོབ་མནམ་པ་ཆུ་ཚན་ས་ནས་འབྱུང་ངོ༌།།

རྡོ་རྒྱུས་མཐིང་རྒྱུས་ནི་རྒྱུས་པ་འདྲ་བ་ལ་དཀར་པོར་ཡོད་ན་རྡོ་རྒྱུས་དང་སྔོན་པོར་ཡོད་པ་མཐིང་རྒྱུས་ཟེར་ལ། རྒྱ་གར་དུ་འདི་ལ་གོས་འཆོས་པའང་ཡོད་ཅིང༌། བོད་དུའང་པང་ཁེབས་ཀྱི་རྣམ་པ་འདུག་པའང་མཐོང་ངོ༌། །ཏི་ཚ་སེར་པོ་རྨ་འདྲུབ་མིག་ལ་ཕན། །ཞེས་པའི་ཏི་ཚ་ནི་རྡོའི་རིགས་བཞུས་ན་ཞ་ཉེ་འབྱུང་བ་དམར་སེར་གཉིས་ཡོད་དོ། །མཚལ་གྱིས་རྨ་འདྲུབ་གློ་མཆིན་རྩ་ཚད་སེལ། །ཞེས་པའི་མཚལ་ནི་ཁམས་གཙང་སོགས་ནས་འབྱུང་བའི་མཚལ་དངོས་སོ། །ལིག་བུ་མིག་དང་གཙག་ཡུག་རྣམ་ལ་སོགས། །མིག་ནད་རུས་ཚད་སེལ་ཞིང་ཆུ་སེར་སྐེམ། །ཞེས་པའི་ལིག་བུ་མིག་ནི་མདུང་རྩེ་འདྲ་བ་ལ་དེ་ལས་ལྕིད་ཡང་བ་དེའོ། །གཙག་ཡུག་རྣམ་ནི་རྡོ་དམར་པོའི་རིགས་ཏེ། ཡུལ་སྐད་དུ་གཙག་རང་ཟེར་བ་དེ་ཡིན་ནོ། །ཅོང་ཞིས་རུལ་གཅོད་བད་ཀན་ཚ་བ་སེལ། །ཞེས་པའི་ཅོང་ཞི་ནི་ཕོ་ཅོང་དང་མ་ནིང་ཅོང་ཞིའི་རིགས་སོ། །རྡོ་ཐལ་ཕོ་བའི་བད་ཀན་འདྲིལ་བ་གཅོད། །ཅེས་པའི་རྡོ་ཐལ་ནི་རྡོ་འདི་ལ་རིགས་དང་ཁ་དོག་མང་ཡང་རྡོ་འདི་མང་པོ་ཡོད་སར་ཆུ་ཚན་འབྱུང་སྟེ། ངོ་བོ་རྡོ་ཞུན་བཟོ་བའི་རྡོ་དེ་བསྲེགས་པའི་ཐལ་བའོ། །ཧ་ཤིག་རྩ་སྦྱོང་མོ་རྡེས་རྡེལ་ནད་སེལ། །ཞེས་པའི་ཧ་ཤིག་ནི་རྡོ་ཐོད་ལེ་ཀོར་ཏེ་ཁ་དོག་དཀར་དམར་སྔོ་ནག་སོགས་གང་བྱུང་ཀྱང་དཔེ་ཆའི་ཞུ་དག་ལ་རྒྱག་པའི་དཀར་པོ་དེའོ། །མོ་རྡོ་ནི་བུད་མེད་ལ་རྡེ་ནད་བྱུང་ནས་བཏོན་པ་དེ་ཡིན་ནོ།

།གསུམ་པ་ས་སྨན་ནི། ས་ཡི་སྨན་གྱི་ནུས་པ་བསྟན་པ་ནི། གསེར་གྱི་བྱེ་མས་མཁལ་ནད་ཆུ་འགགས་སེལ། །ཞེས་པའི་གསེར་གྱི་བྱེ་མ་ནི། བྱང་རིགས་ཀྱི་མཚོ་འགྲམ་ནས་འབྱུང་བའི་བྱེ་མ་སེར་པོ་རོ་ཁ་ཞིང་ཚ་བ་དེ་ཉིད་ཡིན་ལ། འདི་ཅུང་ཟད་དཀོན་པའི་སྟབས་ཀྱིས་སྨན་པ་རྣམས་ཀྱིས་ངོ་མ་འཕྲོད་པར་ཤིང་གི་འབྲུ་ཆུང་ཆུང་བ་ཚྭ་དང་འདྲེས་པ་ཞིག་ལ་ངོས་འཛིན་པ་དང༌། རྟ་ར་འཚོ་བྱེད་པས་ནི་གསེར་གྱི་བྱེ་མ་དབོན་པོ་རྒྱུག་པའི་རྩེ་ན་ཡོད་ཟེར་ནས། དབོན་པོ་རྒྱུག་པ་ཟེར་བའི་སྔོ་ལྡུམ་དེའི་འབྲུ་ལ་ངོས་འཛིན་པ་རྣམས་ནི་སྨན་པ་ཡིན་ཟེར་བ་ངོ་ཚ་བའི་རིགས་སོ། །སིནྡུ་ར་ཡིས་རྩ་ཚད་དོན་རྨ་གསོ། །རྣག་ཁྲག་སྐེམ་ཞིང་མེས་ཚིག་རྨ་ལ་ཕན། །ཞེས་པའི་སིནྡུ་ར་ཡིས་རྩ་ཚད་དོན་རྨ་གསོ། །རྣག་ཁྲག་སྐེམ་ཞིང་མེས་ཚིག་རྨ་ལ་ཕན། །ཞེས་པའི་སིནྡུ་ར་ནི་མཚོ་ལས་སྐྱེས་པ་ཞེས་བྱ་སྟེ། གསང་སྔགས་འགའ་ཞིག་ནས་རྡོ་རྗེ་ཕག་མོའི་ཟླ་མཚན་ཡིན་ཞེས་གྲགས་པ་བོད་དུ་ནི་གཡུ་མཚོའི་ཕོ་བྲང་སྐྱོག་མོ་སོགས་ནས་འབྱུང་བ་དེའོ། །ཟེ་ཚས་རྡོ་འཇུ་རྡེའུ་རྡོ་སྐྲན་བཤིག །ཅེས་པའི་ཟེ་ཚ་ནི་ཕུག་པ་དང་གྱང་རྙིང་པ་ལ་ཆགས་པའི་ས་སྣུམ་པོ་ལ་རྒྱ་ཚའི་རོ་བྲོ་བ་དེ་ལས་བཅོས་པའོ། །ཡ་བཀྵ་ར་དྲོད་བསྐྱེད་སྐྲན་ནད་སྦྱོང༌། །ཞེས་པའི་ཡ་བཀྵ་དངོས་ནི། ཟླ་ཟེར་དུ། ནས་ཚིག་འཁུས་པའི་ཐལ་བ་ཞེས་བསྒྱུར་བས་ནས་སྔོན་པོ་དེ་མེ་ལ་བསྲེགས་ནས་ཞག་གཅིག་ལོན་པའི་ཐལ་བ་དེའི་ཁར་ཆགས་པའི་བ་ཚྭ་འདྲ་བ་དེ་ཡིན་ཞེས་འགྲེལ་པ་འདོད་འཇོར་བཤད་དོ། །ཡ་བ་ན་ནས་དང་ཀྵ་ར་འགྱུར་བ་ཡིན་པས་དེ་ལྟར་མིན་པ་ཞིག་ཡོང་བར་རིགས་ཀྱང༌། ད་ལྟ་ནི་བྲག་ཆེན་པོའི་ལྡན་ལ་ཆགས་པའི་ཐལ་བ་དཀར་པོ་ལག་པར་བཅངས་ན་སྐད་འདོན་པ་དེ་ལ་བྱེད་དོ། །བུལ་ཏོག་རུལ་གཅོད་རྩམ་པ་མྱགས་པར་བྱེད། །ཅེས་པའི་བུལ་ཏོག་ནི་བྱང་བུལ་ས་ཅུ་གང་འདྲ་བ་ལ་རོ་ཁ་བ་དེ་ཡིན་ནོ།།

མུ་ཟི་སེར་པོས་གདོན་འཇོམས་རྣག་ཁྲག་སྐེམ། །ཞེས་པའི་མུ་ཟི་སེར་པོ་ནི་ཆུ་ཚན་ཡོད་ས་དང་ཉེ་བར་འབྱུང་སྟེ། ལེགས་ཤོས་སྤོས་ཤེལ་འདྲ་བ་དང༌། ཞན་པ་ས་དང་འདྲེས་པ་སྟེ་གཉིས་ཀའང་ལན་མང་དུ་བཏུལ་བའི་བཙོ་མའི་གསེར་འདྲ་བ་དེའོ། །ནག་མཚུར་སེར་མཚུར་རུལ་གཅོད་སྐྲན་ལ་བསྐོ། །ཞེས་པའི་ནག་མཚུར་ནི་མཚུར་གྱི་ལྦུ་བ་ལྕགས་ལ་བྱུགས་ནས་མཉེས་ན་ཟངས་ལྟར་དམར་པོར་གཏོང་བ་དེའོ། །སེར་མཚུར་ནི་ཚོས་ཀྱི་སྔོན་དུ་སྣམ་བུ་ལ་རྒྱག་པ་དེའོ། །བིག་པན་འབྲས་གཅོད་སྐྲན་བཤིག་ལིང་ཐོག་ལེན། །ཞེས་པའི་བིག་པན་ནི་ད་ལྟ་སྨན་པ་ཕལ་ཆེར་སྒོག་པ་བསྲེགས་པ་ལ་འདོད་ཀྱང༌། ས་སྐྱ་སྨན་གྲོང་བས་གསེར་བྲེ་དངུལ་བྲེ་ན་བུལ་ཏོག་ཡིན་པར་བཤད་འདུག་ཀྱང་དོན་དུ་ས་སྨན་ཡིན་ཞིང་ལིང་ཏོག་ལེན་པ་དང་འབྲས་དང་སྐྲན་བཤིག་པ་སོགས་མཚུར་གྱི་ཡོན་ཏན་དང་འདྲ་བར་བཤད་པས་ཛོ་གི་རྣམས་ཀྱིས་ཁྱེར་ཡོང་བའི་ནི་ལ་ཐོ་ཋ་ཟེར་བ་མདོག་སྔོན་པོ་བཟས་ན་མཚུར་བྲོ་ཞིང་ལིང་ཏོག་ལ་ཕན་པ་དེ་ཡིན་ནོ། །རྡོ་དྲེག་དུག་དང་ཚད་པ་རྙིང་པ་སེལ། །ཞེས་པའི་རྡོ་དྲེག་ནི་ལུང་པ་ཁ་བྱང་བསྟན་གྱི་བྲག་ལ་ཆགས་པའི་དྲེག་པ་དམར་པོ་དང་སེར་པོའི་རྣམ་པའོ། །བྲག་ཞུན་ཚད་པའི་ནད་རྣམས་ཀུན་ལ་ཕན། །ཁྱད་པར་ཕོ་མཆིན་མཁལ་ཚད་སེལ་བའི་མཆོག །ཅེས་པའི་བྲག་ཞུན་འདིའང་ལུང་པ་ཁ་བྱང་བསྟན་གྱི་བྲག་ལ་རྒྱ་སྐྱེགས་ཀྱི་ཁུ་བ་ལྟར་འཛག་པ་དེ་ཉིད་ཡིན་ཏེ། ཡན་ལག་བརྒྱད་པར། སོས་ཀ་ཚ་བས་གདུངས་བྲག་ལ། །གསེར་སོགས་འབྱུང་ཁུངས་དྲུག་གི་བཅུད། །རྒྱ་སྐྱེགས་ཁུ་བ་ལྟར་འཛག་གང༌། །དེ་ནི་བྲག་ཞུན་ཞེས་སུ་བཤད། །ཅེས་བཤད་པས་རིགས་ལྔའམ་དྲུག་ཡིན་ནོ། །འདི་དང་ལྷན་དུ་འབྱུང་བའི་བྲུན་ལ་བྲ་བའི་རིལ་མར་ངོས་འཛིན་པ་ནི་འཁྲུལ་ཏེ་བྲག་ཞུན་དེ་ཟ་བར་བྱ་མ་བྱེ་ཡོངས་པའི་བྲུན་ཡིན་ནོ།།

བཞི་པ་ཤིང་སྨན་ལ། རྩ་བ་དང༌། ལྡུམ་བུ་དང༌། སྡོང་བུ་དང༌། ཡལ་ག་དང༌། རྐང་དང༌། ཤུན་པ་དང༌། ཐང་ཆུ་དང༌། ལོ་མ་དང༌། མེ་ཏོག་དང༌། འབྲས་བུ་སྟེ་བཅུ་རུ་འགྱུར་བར་གསུངས་ལ། ལྔ་པ་རྩི་སྨན་ལ། རྩྭ་ལས་བྱུང་བ་དང༌། ཤིང་ལས་བྱུང་བ་དང༌། སྲོག་ཆགས་ལས་བྱུང་བ་རྣམས་དང༌། དྲུག་པ་ཐང་སྨན་ལ། རྩ་བ་དང༌། ངར་བ་དང༌། ལོ་མ་དང༌། མེ་ཏོག་དང༌། འབྲས་བུ་སྟེ་ལྔ་རུ་འགྱུར་བ་ཡིན་པས་དེ་དག་རྣམས་གོ་རིམ་མ་ངེས་པའི་ཚུལ་གྱིས་གང་ལ་གང་ཕན་གྱི་ནུས་པ་བཤད་པ་ནི། ག་བུར་ཚ་བ་རྒྱས་པ་ཐོག་བབས་གསོད། །རྙིང་ཞིང་ཞེན་པའི་ཚ་བ་རྩད་ནས་འབྱིན། །ཞེས་པའི་ག་བུར་ནི་ཤིང་བྷི་མ་ཞེས་པ་དང༌། ཀཉྩ་ཞེས་པ་དང༌། ཚིང་གེང་ཞེས་པ་ལས་འབྱུང་བའི་ག་བུར་ཡང་ཤེལ་དང༌། སྟག་ཟིལ་དང༌། མང་གསུམ་འབྱུང་ལ། ད་ལྟའི་སྨན་པ་དང་སྙན་ངག་པ་ཕལ་ཆེར་ཙན་དན་དཀར་པོ་ལས་ག་བུར་འབྱུང་བར་འདོད་པ་ནི་སྙན་ངག་མེ་ལོང་གི་ཡུལ་དང་འགལ་བའི་ཚིག་དོན་ཆ་ཙམ་ཡང་མ་རྟོགས་པར་ཟད་དོ། །ཙན་དན་དཀར་པོས་གློ་སྙིང་འཁྲུགས་ཚད་སེལ། །ཞེས་པའི་ཙན་དན་དཀར་པོ་འཁྲུལ་མེད་ནི་མར་ཁུ་ཁོལ་མའི་ནང་དུ་མདའ་སྨྱུག་ཙམ་བཅུག་ཀྱང་མར་ཁུ་འཁྱགས་འགྲོ་བ་དེ་ཡིན་ལ། ད་ལྟ་ཡོད་པའི་ཙན་དན་དཀར་པོ་ནི་མ་ལ་ཡ་ན་ཙན་དན་དཀར་པོའི་རིགས་ཤིན་ཏུ་མང་བ་ཡོད་པའི་ནུས་པ་ལ་བརྟེན་ནས་ཙན་དན་གྱི་དྲི་མནམ་པའི་ཤིང་ཞིག་སྟེ། ས་པཎ་གྱིས། མ་ལ་ཡ་ནས་འོངས་པ་ཡི། །སྡོང་ལྡུམ་ཕལ་ལ་རིན་ཐང་ཆེ། །ཞེས་གསུངས་པ་ལྟར་རོ། །ཙན་དན་དམར་པོས་ཁྲག་གི་ཚད་པ་སེལ། །ཞེས་པའི་ཙན་དན་དམར་པོ་ནི་རྒྱ་ནག་ནས་འབྱུང་བ་ལེགས་ལ། རྒྱ་གར་ནས་ཀྱང་མང་པོ་འབྱུང་ཞིང་ནོར་འཕྲང་ཉུང་ངོ༌། །ཨ་ག་རུ་ཡིས་སྙིང་སྲོག་ཚ་བ་སེལ། །ཞེས་པའི་ཨ་ག་རུ་ནི་ལྕི་བ་མེད་པའི་དོན་ཡིན་པས། འདི་ལ་འབྲོང་གི་རྭ་འདྲ་བ་དང་སྟོད་ནས་འབྱུང་བའི་སེར་པོ་ལྟ་བུ་དང་མོན་ནས་འབྱུང་བའི་ཨར་སྐྱ་སྟེ་སྔ་མ་སྔ་མ་རྣམས་བཟང་ངོ༌། །གི་ཝང་རིམས་དུག་མཆིན་ཚད་རྒྱ་ནག་ནས་ཤིན་ཏུ་བཟང་བ་ཞིག་འབྱུང་སྣོད་ཚད་སེལ། །ཞེས་པའི་གི་ཝང་ནི་གླང་པོ་ཆེའི་མཆིན་པ་ལས་འབྱུང་ཞེས་གྲགས་ལ། གཞན་ཡང་བ་ལང་དང་ཕག་ལ་སོགས་པའི་སེམས་ཅན་ཕལ་ཆེ་བའི་མཆིན་པའི་རྩ་ནང་ནས་འབྱུང་བ་དེ་ཡིན་ནོ། །ཅུ་གང་གློ་ཚད་ཀུན་སེལ་རྨ་ཚད་གཅོག །ཅེས་པའི་ཅུ་གང་དངོས་ནི་བཾ་ཤ་རོ་ཙ་ན་ཞེས་པའི་སྨྱུག་མའི་ནང་ནས་འབྱུང་བ་ཁ་དོག་སེར་སྐྱ་ལ་བྲོ་བ་མེད་པ་སྟེ། ད་ལྟ་ནི་ས་ཅུ་གང་ལ་ངོས་འཛིན་པར་སྣང་ངོ༌། །གུར་གུམ་མཆིན་ནད་ཀུན་སེལ་རྩ་ཁ་སྡོམ། །ཞེས་པའི་གུར་གུམ་ནི་དགྲ་བཅོམ་པ་ཉི་མ་གུང་པས་སྤོས་ངད་ལྡན་ནས་བླངས་ཏེ་ཁ་ཆེར་བཏབ་པའི་རྩྭ་སྟེ། ངོ་བོ་ནི་རིང་ཐུང་ཀྱང་ཁྲུ་གང་ཙམ་ལ་ཁ་དོག་དམར་སེར་ཤིན་ཏུ་དྭངས་པར་འབྱུང་བ་དེ་ཡིན་ལ། བལ་པོ་གུར་གུམ་དང་པྲི་ཡང་ཀུ་རྣམས་ལ་གུར་གུམ་གསུམ་ཞེས་གྲགས་ཀྱང་ཁ་ཆེ་ཞེས་ཡུལ་མིང་འཇགས་པ་འདི་ཉིད་དགོས་སོ། །སུག་སྨེལ་མཁལ་ནད་གྲང་བ་མ་ལུས་སེལ། །ཞེས་པའི་སུག་སྨེལ་ནི་ཨེ་ལ་ཕྲ་མོ་ཞེས་བྱ་སྟེ་མོན་སུག་གིས་ཚབ་རུང་བ་བཤད་དོ། །ཛཱ་ཏིས་རླུང་འཇོམས་སྙིང་གི་ནད་རྣམས་སེལ། །ཞེས་པའི་ཛཱ་ཏི་ལ་ནོར་འཕྲང་མེད་དོ། །ལི་ཤིས་སྲོག་རྩའི་ནད་དང་གྲང་རླུང་སེལ། །ཞེས་པའི་ལི་ཤི་ནི་ངོ་བོ་དང་འབྱུང་ཁུངས་གང་གི་སྒོ་ནས་ཀྱང་འཁྲུལ་པ་མེད་དོ། །ཀ་ཀོ་ལ་ཡིས་ཕོ་མཆེར་གྲང་བ་སེལ། །ཞེས་པའི་ཀ་ཀོ་ལ་ནི་ཨེ་ལ་སྦོམ་པོ་སྟེ་ལྷོ་མོན་སོགས་གང་ནས་ཀྱང་འབྱུང་ངོ༌། །གླ་རྩིས་དུག་སྲིན་མཁལ་མཆིན་གཉན་ནད་སེལ། །ཞེས་པའི་གླ་རྩི་ལ་བཟང་ངན་གྱི་དབྱེ་བ་སོགས་རྟོགས་པར་སླའོ། །དོམ་མཁྲིས་རྩ་སྡོམ་རུལ་གཅོད་ཤའུ་བསྐྱེད། །ཅེས་པའི་དོམ་མཁྲིས་ནི་གཡག་གི་མཁྲིས་པ་སོགས་དང་མ་ནོར་བ་གལ་ཆེའོ།།

ཐང་སྨན་གྱི་རིགས་ནི། ཨུཏྤལ་གློ་མཆིན་ཚད་པ་མ་ལུས་སེལ། །ཞེས་པའི་ཨུཏྤལ་དཀར་པོ་དམར་པོ་སེར་པོ་སྔོན་པོ་དང་བཞི་ལས་ཐམས་ཅད་ཀྱང་མེ་ཏོག་གི་འདབ་མ་ཕྲ་ལ་རིང་བ་ཞིག་ཡིན་ཀྱང༌། ད་ལྟ་ཙ་རི་སོགས་སྤུལ་ཕྱོགས་གང་ནས་ཀྱང་འབྱུང་བའི་རྐང་དང་མེ་ཏོག་ལོ་མ་རྣམས་རྒྱ་མན་འདྲ་བ་ལ་མེ་ཏོག་སྔོན་པོ་སྤུ་ཅན་དེ་ལ་ངོས་འཛིན་པར་སྣང་ངོ༌། །ན་ག་པུཥྤ་ག་གེ་སར་དང༌། །པདྨ་གེ་སར་གློ་མཆིན་སྙིང་ཚད་སེལ། །ཞེས་པ་ནི་གེ་སར་གསུམ་སྟེ་ནཱ་ག་པུཥྤ་ནི་ཀླུ་ཤིང་གི་མེ་ཏོག་ལ་གསུམ་ག་ཚང་(བལ་ཡུལ་སོགས་ནས་རིགས་ཐ་དད་པ་གསུམ་འབྱུང༌)བར་འདོད་དེ། ནང་གི་འདབ་མ་དམར་པོ་ནི་པདྨ་གེ་སར་དང༌། དེའི་ནང་གི་སྐྲ་འདྲ་བ་ནི་ནཱ་ག་གེ་སར་དང༌། ཁ་མ་བྱེ་བའི་ཟངས་ཁོག་བཅོམ་པ་འདྲ་བ་ནི་ནཱ་ག་པུཥྤ་ཡིན་པར་འདོད་དོ། །ཡང་པདྨ་གེ་སར་ཞེས་པ་ཀོང་སྟོད་སྨད་གྱི་རྫིང་དུ་སྐྱེས་པའི་རྐང་ཕྲ་མོ་ལ་མེ་ཏོག་དཀར་པོ་ཆེ་བ་དེ་ཉིད་ཡིན་པར་འདོད་ཅིང༌། ས་པཎ་གྱིས་ཀྱང་བཤད་དོ། །ཟི་ར་དཀར་པོས་གློ་བའི་ཚད་པ་སེལ། །ཞེས་པའི་ཟི་ར་དཀར་པོ་ནི་འདབ་མ་རལ་གྲི་འདྲ་བ་མེ་ཏོག་དཀར་པོ་གདུགས་འདྲ་བ་འབྲས་བུ་གོ་སྙོད་འདྲ་བ་དེ་ཡིན་ལ། མེ་ཏོག་སེར་པོ་འབྱུང་བ་ནི་ཟི་ར་སེར་པོ་ཡིན་ནོ། །ཟི་ར་ནག་པོས་མཆིན་པའི་གྲང་བ་སེལ། །ཞེས་པའི་ཟི་ར་ནག་པོ་ནི་རྐང་མཐོ་གང་ཙམ་ལ་འབྲས་བུ་ནག་པོ་ཟུར་གསུམ་འབུ་སུ་ཧང་ཕོ་རིགས་ཀྱི་འབྲས་བུ་ལྟར་ཆགས་པ་དེ་ཡིན་ནོ། །རྩ་བ་མོན་ལུག་གླ་སྒང༌། རྩེ་མོ་ཟི་ར་ནག་པོ། སྐེད་པ་ལྷོག་དུག་ལྕགས་ཀྱུ་ཡིན་ཟེར་བ་ལ་ཟི་ར་ནག་པོ་དང་མོན་ལུག་གླ་སྒང་དུ་ངོས་འཛིན་པ་ནི་སྨན་དཔྱད་ཀྱི་བསྟན་པའི་ཆག་སྒོ་ཆེན་པོ་ཡིན་ནོ། །ལ་ལ་ཕུད་ཀྱིས་ཕོ་ནད་གྲང་བ་སེལ། །ཞེས་པའི་ལ་ལ་ཕུད་ནི་བལ་པོ་འདོལ་ཀ་ནས་འབྱུང་བ་བཟང་ལ་བོད་ཀྱི་ལྡུམ་ར་སོགས་སུ་སྐྱེས་པ་ནི་ཅུང་ཟད་ངན་ཏེ། གཉིས་ཀ་ཡང་གོ་སྙོད་ལས་འབྲས་བུ་ཆུང་བ་ལ་དྲི་ཤིན་ཏུ་དུགས་པ་དེའོ། །སོ་མ་རཱ་ཛས་པགས་ནད་ཆུ་སེར་སེལ། །ཞེས་པའི་སོ་མ་རཱ་ཛ་དངོས་ནི་ལྷོ་མོན་ནས་གང་བུ་ཟུར་གསུམ་གྱི་ནང་ནས་འབྲས་བུ་ཆུང་ཆུང་ལ་ནེའུ་ལེའི་རི་མོ་ཡོད་པ་ཞིག་འབྱུང་བ་དེ་ཡིན་ལ། ད་ལྟ་མྱ་ངན་མེད་པའི་ཤིང་གི་འབྲས་བུ་དང་སྤྱང་ཀི་གང་བུ་དང་སོ་མ་ཞེས་པའི་འབྲུ་རྣམས་ལ་ངོས་འཛིན་པ་ནི་འཁྲུལ་ལོ། །ཐལ་ཀ་རྡོ་རྗེ་དག་དང་དེ་བཞིན་ནོ། །ཞེས་པའི་ཐལ་ཀ་རྡོ་རྗེ་ཡང་ལྷོ་མོན་ནས་འབྱུང་བའི་འབྲས་བུ་སེར་ཆུང་ཁྱིའི་ཕོ་མཚན་འདྲ་བ་མཁྲེགས་པ་དེ་ཡིན་ནོ། །ཁྱིའི་ལོ་མཚན་འདྲ་ཞེས་པའི་ཚིག་ལ་བརྟེན་ནས་ཆང་གང་པ་སོགས་ལ་ངོས་འཛིན་པ་ནི་ནོར་རོ། །གསེར་གྱི་མེ་ཏོག་སྣོད་ཚད་མཁྲིས་ཚད་སེལ། །ཞེས་པའི་གསེར་གྱི་མེ་ཏོག་ནི་ལྷོ་མོན་ནས་འབྱུང་ཞིང་ཕྱོགས་གར་ཡང་སྐྱེ་བའི་འབྲས་བུ་གསོར་ལྕེ་འདྲ་བ་འདི་ཉིད་ཡིན་ལ། ཆོས་རྗེ་ཟུར་མཁར་བས་པ་ཏོ་ལ་དང་གཅིག་པར་བཞེད་པ་ནི་མན་ངག་རྒྱུད་ཀྱི་ཚ་བ་སྤྱི་བཅོས་སུ་དེ་བ་ལྔ་ཐང་གི་མཆན་བུར་པ་ཏོ་ལ་ཞེས་འབྱུང་ཡང༌། འགྲེལ་པ་ཟླ་ཟེར་དུ། པ་ཏོ་ལ་ཞིམ་སྲིན་ནད་སེལ། །ཞུ་རྗེས་མངར་ཞིང་ཡི་ག་འབྱེད། །ཅེས་པ་ལ་པ་ཏོ་ལ་ལ་སོགས་པའི་སྡེ་ཚན་ངེས་པར་གསུངས་པ་སྟོན་ཏེ། པ་ཏོ་ལ་ནི་ཞིམ་ཞིང་ཚིམ་པར་བྱེད་པ་དང༌། སྲིན་ནད་སེལ་ཞིང་འཇོམས་པ་དང༌། ཞུ་རྗེས་མངར་བ་ཤིན་ཏུ་ཡི་ག་འབྱེད་པར་བྱེད་པ་ཡིན་ནོ། །ཞེས་བཤད་པས་དེ་གཉིས་ནུས་པ་ཡང་མི་གཅིག་ལ། ཁ་ཅིག་རྒྱ་ཁུར་མང་ལ་འདོད་པ་ཡང་འདིས་བཀག་སྣང་ངོ༌། །དེར་མ་ཟད། མན་ངག་རྒྱུད་ཀྱི་ཚ་བ་སྤྱི་བཅོས་སུ། དངོས་གཞི་རྒྱལ་པོ་བཙུན་མོ་སྲས་དང་བློན། །མཚོན་ཆ་ཆིབས་སུ་བཅས་པས་ནད་ཡུལ་འདོན། །ཞེས་པའི་གསེར་མཆན་དུ་བློན་པོ་ལ་ལྕུམ་རྩ་དང༌། གསེར་མེ། མཚོན་ཆ་ལ་པ་ཏོ་ལ་ཞེས་སོ་སོར་གསུངས་པས་འདི་གཉིས་མི་གཅིག་པར་གསལ་ལོ། །གསེར་གྱི་ཕུད་བུས་མཁྲིས་པ་གྱེན་དུ་འདྲེན། །ཞེས་པའི་གསེར་གྱི་ཕུད་བུ་ནི་(འདི་ཁ་དོག་ནག་པོ་བོངས་སྲན་ཆུང་བ་ཙམ་ལ། བརྡ་སྤྲོད་ལས། གསེར་གྱི་ཕུད་བུ་སྦུར་བཞར་བ་འདྲ་ཟེར་བ་དང་མཐུན་པ་ཞིག་གོ་)གསེར་གྱི་མེ་ཏོག་ལས་ཅུང་ཟད་ཆེ་བའི་ལེབ་མོ་དེ་ཉིད་ལ་ངོས་འཛིན་པར་མཛད་ལ། གཙང་གི་སྨན་པ་རྣམས་ནི་སྔོ་སྨན་གྱི་རྩ་བ་སྣལ་མའི་ཕུད་བུའི་གཟུགས་འདྲ་བ་ཁ་དོག་ཤིན་ཏུ་སེར་བ་ཞིག་ལ་ངོས་འཛིན་པར་སྣང་བས་དོན་ལ་དཔྱོད་པའི་བློ་གྲོས་ཡོད་པ་རྣམསཀྱིས་ལེགས་པར་རྟོགས་ཤིག དུག་མོ་ཉུང་གིས་མཁྲིས་སེལ་ཚ་འཁྲུ་གཅོད། །ཅེས་པའི་དུག་མོ་ཉུང་ནི་ལྷོ་བྲག་ནས་འབྱུང་བ་དང༌།

བོད་དུ་སྐྱེ་བ་གཉིས་རྒོད་གཡུང་གི་ཁྱད་པར་ཙམ་མ་གཏོགས་དོན་དུ་གཅིག་པར་སྣང་ངོ༌། །རྒུན་འབྲུམ་གློ་ནད་སེལ་ཅིང་ཚད་པ་སྦྱོང༌། །ཞེས་པའི་རྒུན་འབྲུམ་ནི་ཁམས་ནས་འབྱུང་བའི་ནག་པོ་དང༌། མངའ་རིས་ནས་འབྱུང་བའི་དཀར་པོ་གཉིས་ཤིན་ཏུ་བཟང་ལ། ཡུལ་ཕྱོགས་གཞན་དུ་སྐྱེས་པའི་དཀར་པོ་ནི་ནུས་པ་དམན་ནོ། །འདིའི་རིགས་ལ་བ་རུ་ཤི་ཀ་ཟེར་བའི་རྒུན་འབྲུམ་སྲན་མ་ཙམ་ལ་ནང་གི་རུས་པ་མེད་པ་ཤིན་ཏུ་རོ་ཞིམ་པ་ཞིག་ཁ་ཆེ་ནས་འབྱུང་བ་ནི་མཆོག་ཏུ་གྱུར་པའོ། །འུ་སུས་ཕོ་བའི་བད་ཀན་ཚ་བ་སེལ། །ཞེས་པའི་འུ་སུ་ནི་ལྡུམ་རར་སྐྱེ་བའི་འབྲས་བུ་གའུ་ཁ་སྦྱར་བཞིན་དུ་ཡོད་པ་དེའོ། །སྟར་བུས་གློ་རྐོ་ཁྲག་འཇུ་བད་ཀན་གཅོད། །ཅེས་པའི་སྟར་བུ་ནི་ཤིང་སྟར་མ་ཞེས་གླ་བ་ཤིང་དང་འདྲ་བ་ལ། འབྲས་བུ་སྲན་མ་ཆུང་བ་ཙམ་མདོག་སེར་ཞིང་རོ་ཤིན་ཏུ་སྐྱུར་བ་དེ་ལ་ཁཎྜ་བཅོས་པའོ། །བསེ་ཡབ་བད་ཀན་ཚ་བ་སེལ་བར་བྱེད། །ཅེས་པའི་བསེ་ཡབ་ནི་ལྷོ་བྲག་ནས་འབྱུང་བའི་རྡོག་པོ་བུ་རམ་འདྲ་བ་ལ་ནང་དུ་ཚི་གུ་ཤིན་ཏུ་མཁྲེགས་པ་དེ་ཉིད་དགོས་ལ། ཡུལ་ཕྱོགས་གར་ཡང་སྐྱེ་བའི་ཚི་གུ་ལེབ་མོ་མང་པོ་འབྱུང་བ་དེས་ནི་ཚབ་རུང་བ་ཙམ་མོ། །སེ་འབྲུས་ཕོ་བའི་ནད་རྣམས་མ་ལུས་སེལ། །མེ་དྲོད་བསྐྱེད་ཅིང་བད་ཀན་གྲང་ནད་འཇོམས། །ཞེས་པའི་སེ་འབྲུ(་སེ་འབྲུ་དེང་སང་ཁམས་ནས་འབྱུང་བ་འདི་ག་རང་བཟང་བར་སྨན་པ་ཕལ་ཆེར་བཞེད།)ནི་སི་ལ་ཤཏྟྲུ་ཞེས་པ་མཆིན་ནད་ཀྱི་དགྲ་སྟེ། བལ་པོ་སེའུ་ཞེས་བྱ་བ་ལ་ངོ་བོ་བཟང་བ་ནི་མངའ་རིས་གློ་བོ་ནས་འབྱུང་བ་མདོག་སྨུག་ཅིང་རོ་ཤིན་ཏུ་སྐྱུར་བ་ཁུ་བ་མ་བཏོན་པ་དེ་ཉིད་མཆོག་ཡིན་ལ། ཚོས་ཁུའི་དོན་དུ་ཁུ་བ་བཏོན་པ་དང་ཁམས་ནས་འབྱུང་བ་རྣམས་ནི་མིང་ཙམ་དུ་ཟད་དོ། །ན་ལེ་ཤམ་གྱིས་བད་ཀན་གྲང་བ་སེལ། །ཞེས་(འདི་ལ་དཀར་ནག་གཉིས་ཡོད་པར་བཞེད།)པའི་ན་ལེ་ཤམ་ནི་དྲོད་སྨན་རིལ་མོ་ཕོ་བ་རིས་ཞེས་པ་དེ་ཉིད་ཡིན་ལ། པི་པི་ལིང་གིས་གྲང་ནད་མ་ལུས་སེལ། །ཞེས་པའི་པི་པི་ལིང་ནི་གྲོག་སྨན་ནར་མོ་ཞེས་བྱ་བ་དེ་ཉིད་དོ། །སྨན་སྒས་དྲོད་སྐྱེད་ཟས་ལེན་(འདིར་འདི་ལྟར་བཤད་འདུག་ཀྱང་ལྷོ་ཀོང་ནས་རོ་ཤིན་ཏུ་ཚ་བ་ཞིག་དང༌། བལ་པོ་སོགས་ནས་རོ་ཚ་བ་བཏབ་པ་ཞིག རོ་མི་ཚ་བ་མ་བཏབ་སྐྱེས་ཤུན་ཐིར་གྲགས་པ་ཞིག་བཅས་རིགས་མང་ཙམ་འབྱུང༌།)བད་རླུང་འཇོམས། །ཞེས་པ་ནི་སྟོད་ནས་འབྱུང་བ་དེ་ཡིན་ལ། སྒ་སྐྱས་བད་རླུང་སེལ་ཞིང་ཁྲག་འཁྱགས་འཇུ། །ཞེས་པ་ཀོང་པོ་ནས་འབྱུང་བ་དེ་ཡིན་ནོ། །ཙི་ཏྲ་ཀ་སྟོབས་མེ་འདྲ་མེ་དྲོད་སྐྱེད། །འོར་ནད་གཞང་འབྲུམ་སྲིན་ནད་མཛེ་ནད་སེལ། །ཞེས་པའི་ཙི་ཏྲ་ཀ་ནི་བ་ལེ་ཀ་འདྲ་བ་(རྒྱ་གར་བ་ཁ་ཅིག་འདི་ལྕེ་མྱང་ཚར་ངོས་འཛིན་ཞིང་དངོས་དེར་ཙི་ཏ་ཟེར་བ་རྒྱ་བལ་གྱི་རོང་རིགས་སུ་སྐྱེ་བའི་ཤིང་ཟྭ་ཤིང་འདྲ་བ་ལ་སྔ་མ་ལས་རོ་མྱང་ན་ཚ་བ་ཞིག་ཡིན་པར་བཞེད་)ལ། ཕྱི་སྐོགས་རོ་ཤིན་ཏུ་ཚ་བ་ཕལ་ཆེར་གྱིས་ལྕེ་མྱང་ཚར་ངོས་འཛིན་པ་དེ་ཉིད་འཁྲུལ་མེད་ཡིན་ནོ། །ཤིང་ཚས་ཕོ་མཆིན་གྲང་རླུང་སེལ་བར་བྱེད། །ཅེས་པའི་ཤིང་ཚ་ནི་ཀློ་ཡུལ་ནས་འབྱུང་བ་སྲབ་ཅིང་རོ་མངར་ཚ་དང་ལྡན་པ་དེ་ཉིད་ཡིན་ཞིང་ནོར་འཕྲང་ནི་མེད་དོ། །ཀ་རཉྫ་ཡིས་ཕོ་བའི་མེ་དྲོད་བསྐྱེད། །ཅེས་པའི་ཀ་རཉྫ་ཞེས་པ་སྐད་དོད་དངོས་བསྟན་ལ་མཉྫུ་ཕ་ལ་ཞེས་པ་འཇམ་འབྲས་ཏེ་སྦྲུལ་གྱི་སྒོ་ང་ལྟ་བུ་དང༌། ཀ་རཉྫ་ཞེས་ལག་སྐྱེས་ཏེ་དོན་དུ་འཇམ་འབྲས་རང་ཡིན་ནོ། །བྲང་ཏི་དཔལ་ལྡན་བཟང་པོའི་སྡེ་ཚན་ལྔ་འགྲེལ་དུ་འཇམ་འབྲས་དང་ཀ་རཉྫ་གཅིག་པར་གཡུ་ཐོག་པས་བཤད་ཅེས་དང༌། ཆེར་རྗེ་ཞིག་པོ་ནི་སྲིན་བུ་དམར་ལེབ་ལ་འདོད་པར་བཤད་ལ། བྱང་པའི་འཚོ་བྱེད་ཤངས་ཀར་བས་ནི་སྒ་དམར་ལ་ཀ་རཉྫ་བྱེད་པར་སྣང་བས་ལེགས་པར་རྟོགས་ཤིག ཤིང་ཀུན་སྲིན་འཇོམས་གྲང་ནད་སྙིང་རླུང་སེལ། །ཞེས་པའི་ཤིང་ཀུན་ནི་ཤིང་བོཀྐ་ཞེས་པའི་ཚི་བ་སྟེ་བལ་སྐུད་དཀར་པོ་ལ་བྱུགས་ན་སྔོན་པོར་འགྲོ་ཞེས་དུས་འཁོར་འགྲེལ་ཆེན་ལས་བཤད་ཅིང༌། སྒོག་པ་དང་ཤ་ལས་བཅོས་པར་སྨྲ་བ་ནི་སྨན་པའི་བསྟན་པ་བཤིག་པ་ཡིན་ནོ། །བྱི་ཏང་ཀ་ཡིས་སྲིན་སེལ་མེ་དྲོད་བསྐྱེད། །ཅེས་པ་ལ་ནོར་འཁྲུལ་མི་སྣང་ངོ༌། །མ་རུ་རྩེ་ཡིས་སྲིན་ནད་སེལ་བར་བྱེད། །ཅེས་པའི་མ་རུ་རྩེ་ནི་སྲིན་བུ་དམར་ལེབ་སྟེ་འབྲས་བུའི་ཕྱི་ཤུན་དམར་པོ་བྱིའུའི་མཆིན་པ་འདྲ་བ་དེའོ། །གོ་བྱེས་སྲིན་གསོད་རུལ་གཅོད་ཕོ་རིམས་སེལ། །ཞེས་པའི་གོ་བྱེ་ནི་བསེ་ཤིང་ལ་དཀར་ནག་གཉིས་ཡོད་པའི་ནག་པོ་དེའི་འབྲས་བུ་ཕྱི་ཤ་རྩ་བར་འདུས་ཤིང་རུས་པའི་ནང་ནས་ཁྲག་(འདི་དཀར་པོའི་འབྲས་བུར་བཞེད།)ཡོང་བ་དེ་ཡིན་ནོ། །སྤོས་དཀར་ཆུ་སེར་སྦྱོང་ཞིང་སྐེམས་པར་བྱེད། །ཅེས་པའི་སྤོས་དཀར་ནི་སྟོད་ནས་ཡོང་བའི་རྟ་སོ་མ་དགོས་ལ། ཀློ་ཡུལ་ནས་ཡོང་བའི་ནག་པོ་དེ་མི་རུང་ངོ༌། །གུ་གུལ་ས་གདོན་ལྷོག་པ་གཉན་གཟེར་འཇོམས། །ཞེས་པའི་གུ་གུལ་འདིའང་ཤིང་གི་ཚི་བ་སྟེ་རིགས་མང་བར་བཤད་ཀྱང༌། ངོ་བོ་ལ་ནོར་འཁྲུལ་མི་འདུག་པས་ས་ལ་སོགས་པ་གཞན་དང་མ་འདྲེས་པ་བཟང་ངོ༌། །ཤེལ་ཏས་ལྷ་རུས་ཆུ་སེར་བཙོན་དུ་འཛིན། །ཞེས་པའི་ཤེལ་ཏ་ནི་ཐང་མ་སྒྲོན་ཤིང་གི་ཚི་བ་ཡིན་པས་ན་ཐང་ཆུ་ཞེས་བྱ་ལ། ཚི་བ་ཐམས་ཅད་ལ་ཐང་ཆུ་ཞེས་མི་བྱའོ། །རྒྱ་ཚས་དུག་དང་སྲིན་གསོད་རྩ་ནད་སྦྱོང༌། །གག་པ་ཤ་རོ་གཅོད་ཅིང་ཆུ་འགགས་འབིགས། །ཞེས་པའི་རྒྱ་ཚ་ནི་བྲག་ལས་བྱུང་བའི་ཚྭའི་རིགས་ཏེ་སྟོད་ནས་བཅོས་མ་ཞིག་ཀྱང་འབྱུང་ངོ༌། །རྒྱམ་ཚས་བད་རླུང་མ་ཞུ་གྲང་བ་སེལ། །ཞེས་པའི་རྒྱམ་ཚ་ནི་ཤེལ་འདྲ་བ་ལ་རོ་མངར་ཤས་ཆེ་བ་བཟང་ངོ༌།།

རྗེ་རང་བྱུང་བས། བྱང་ཚ་ལྷད་མེད་རྒྱམ་ཚར་མཚུངས། །ཞེས་ཀྱང་གསུངས་སོ། །ལྕེ་མྱང་ཚ་ཡང་དེ་བཞིན་མིག་ལ་ཕན། །ཞེས་པའི་ལྕེ་མྱང་ཚ་ནི། ཟླ་ཟེར་དུ། ཚ་མཆོག་ནི་རྒྱམ་ཚ་དང་ལྕེ་མྱང་ཚའོ། །ཞེས་ཚྭའི་སྡེར་གསུངས་ཤིང༌། ལན་ཚྭ་ལྕེ་མྱང་ཚ་ཞུ་རྗེས་མངར་བས་མཁྲིས་པ་སེལ་ཞིང༌། ཡང་བས་བད་ཀན་ལ་ཕན་པ་དང༌། ཞེས་སོགས་བཤད་པས། སྨན་མིང་རྒྱ་མཚོར་ལྕེ་མྱང་ཚ་ནི་ཡལ་གའི་སྡེའོ། ཞེས་དང༌། བདུད་རྩི་འབྱུང་ཁུངས་ལས། ལྕེ་མྱང་ཚ་ཞེས་འབྱུང་བའི་སྨན། །ལྷོ་རོང་ཚད་པའི་ཡུལ་དུ་སྐྱེ། །ཞེས་པའི་ལུང་ནི་ཁུངས་ཐུབ་པའི་རིགས་སུ་མི་སྣང་ངོ༌། །ཁ་རུ་ཚ་དང་ཙབས་རུ་ཚ་གཉིས་ཀྱིས། །དྲོད་སྐྱེད་སྦོ་སྒྲེགས་འགྱིང་དང་བད་རླུང་འཇོམས། །ཞེས་པའི་ཁ་རུ་ཚ་ནི་རང་གྲུབ་དམར་པོ་དང་ནག་པོ་གཉིས་འབྱུང་ལ། ཙབས་རུ་ཚ་ཡང་རང་གྲུབ་ཡིན་པར་འགྲེལ་བ་ཟླ་ཟེར་ལས་བཤད་ཅིང༌། རྭ་ཚ་ཐལ་ཚས་སྣོད་ཀྱི་གྲང་བ་སེལ། །ཞེས་པ་གཉིས་པོ་རང་གྲུབ་ནི་མ་མཐོང་ལ་ཚྭ་རིགས་འདི་བཞི་ག་འཆོས་པའི་ཐབས་ཆོས་རྗེ་ཟུར་མཁར་བར་བཤད་དོ། །མཛེ་ཚས་ཁྲག་འཇུ་རྨ་ཡི་ཆུ་སེར་འདྲེན། །ཞེས་པའི་མཛེ་ཚ་ནི་བྲག་ལ་མཚུར་གྱི་ལྦུ་བ་འདྲ་བ་ལ་ཚྭ་བྲོ་བ་ཞིག་འབྱུང་ངོ༌། །ཚ་ལས་རྨ་འདྲུབ་ཁྲག་འཇུ་སྦྱོང་བར་བྱེད། །ཅེས་པའི་ཚ་ལ་ནི་མཚོ་ལས་བྱུང་བའི་ཤེལ་འདྲ་བ་མཆོག་ཡིན་ལ། བྱི་བྲུན་མ་ནི་ཐ་མའོ། །ལྦ་ཚས་ལྦ་བ་འཇོམས་པར་བྱེད་པའོ། །ཞེས་པའི་ལྦ་ཚ་ནི་ཚ་རིགས་བྱེ་མ་ཀ་ར་གོང་བུར་འདྲིལ་བ་ལ་ཚྭའི་རོ་ཤིན་ཏུ་དུགས་པ་ཞིག་ཡོད་དོ། །ཁ་ཅིག་ཤིང་ཚ་འཐུག་པོ་ལ་ངོས་འཛིན་པ་ནི་ཡིག་ཆ་ཁུངས་བཙུན་པ་རྣམས་མ་མཐོང་བས་ཉེས་པའོ། །

ད་ནི་ཤིང་སྨན་བཤད་དེ། དེ་ལ་ཐོག་མར་ཨ་རུ་ར་བཤད་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། ཨ་རུ་ལན་ཚྭ་མ་གཏོགས་རོ་ལྔ་ལྡན། །འཚོ་བྱེད་དྲོད་བསྐྱེད་ཟས་འཇུ་འཕྲོད་པར་བྱེད། །རླུང་མཁྲིས་བད་ཀན་ལས་གྱུར་ནད་ཀུན་འཇོམས། །ཞེས་བཤད་པས་མདོར་བསྟན་ཏེ། གཉིས་པ་རྒྱས་པར་བཤད་པ་ལ། དེ་ལ་རིགས་ལྔ་རྣམ་རྒྱལ་འཇིགས་མེད་དང༌། བདུད་རྩི་འཕེལ་བྱེད་སྐེམ་པོ་ལྔ་ཡིན་ཏེ། །ཞེས་པས་བསྟན་ནས། རྣམ་པར་རྒྱལ་བ་ཀུ་བའི་མཇུག་མ་འདྲ། །ཞེས་པའི་ཨ་རུ་ར་རྣམ་རྒྱལ་ནི་ཆག་ཚང་ཀུ་བ་ཞེས་ཡོངས་སུ་གྲགས་པ་དེའི་གཟུགས་འདྲ་བ་ཡིན་ཏེ། ཀུ་བའི་མཇུག་མ་འདྲ་ཞེས་བྱི་ལའི་མཇུག་ལ་ངོས་འཛིན་པ་ནི་འཁྲུལ་བ་ཁོ་ནའོ། །ཕན་ཡོན་ཀྱང་ཤིན་ཏུ་ཆེ་སྟེ། རླུང་མཁྲིས་བད་ཀན་འདུ་བའི་ནད་རྣམས་སེལ། །ཞེས་པའི་ཉེས་པ་གསུམ་ག་སེལ་ཞིང༌། ཁྱད་པར་བཀྲ་ཤིས་དོན་ཀུན་འགྲུབ་པས་བཟང༌། །ཞེས་པས་ཡིད་བཞིན་གྱི་ནོར་བུ་དང་འདྲའོ། །འཇིགས་མེད་ཟུར་ལྔ་མིག་ནད་གདོན་ལ་བསྔགས། །ཞེས་པ་ནི་ཟུར་ལྔ་བ་ཤིན་ཏུ་འཇོང་བའི་རྣམ་པའོ། །བདུད་རྩི་ཤ་འཐུག་སྐེམ་པོ་ཤ་འཕེལ་བྱེད། །ཅེས་པ་ཤ་ཆེན་དུ་གྲགས་པའོ། །འཕེལ་བྱེད་ཟླུམ་པོ་བུམ་འདྲ་རྨ་ལ་བསྔགས། །ཞེས་པ་བུམ་པ་ལྟར་རིལ་བའོ། །སྐེམ་པོ་སུལ་མང་བྱིས་པའི་མཁྲིས་ནད་སེལ། །ཞེས་པ་ཤ་ཤིན་ཏུ་ཆུང་བའོ། །འདི་ལྔ་ག་ཡང་གསེར་མདོག་འབའ་ཞིག་ཡིན་ལ་རྣམ་པར་རྒྱལ་བ་ནི་རོ་དྲུག་ག་དང་ལྡན་ཞིང༌།

རོ་ལྔ་ལྡན་ཞེས་པ་ནི་འཇིགས་མེད་སོགས་ཨ་རུ་ར་ཕལ་ཆེར་ལ་དགོངས་པའོ། །བ་རུ་ར་ཡིས་བད་མཁྲིས་ཆུ་སེར་སེལ། །ཞེས་པའི་བ་རུ་ར་ནི་ནོར་འཕྲང་ཆུང་ལ། སྐྱུ་རུ་ར་ཡིས་བད་མཁྲིས་ཁྲག་ནད་སེལ། །ཞེས་པ་ཡང་གོང་མ་ལྟར་རོ། །སྙིང་དང་མཁལ་མ་གླ་གོར་ཞོ་ཤ་གསུམ། །སྙིང་ཚད་མཁལ་ཚད་མཆེར་ཚད་སེལ་བར་བྱེད། །ཅེས་པའི་སྙིང་ཞོ་ཤ་ནི་ཀློ་ཡུལ་ནས་འབྱུང་བ་ཤ་མཐུག་པ་དང༌། མཁལ་མ་ཞོ་ཤ་ནི་དཀར་ནག་རིགས་གཉིས་འབྱུང་ལ། གླ་གོར་ཞོ་ཤ་ནི་ད་ལྟ་གླང་མིག་འདྲ་བ་ལ་ངོས་འཛིན་པར་བྱེད་ཀྱང༌། རྗེ་ས་པཎ་གྱིས། གླ་གོར་ཞོ་ཤ་ལ་སམ་གོ་ཡུར་བསྒྱུར་བ་ཡོད་ཅེས་འགྱུར་ཁྱད་ཡིན་པར་གསུངས་ཤིང༌། དེ་བཞིན་དུ། ཨ་འབྲས་སྲ་འབྲས་འཇམ་འབྲས་མཁལ་ནད་སེལ། །ཞེས་པའི་ཨ་འབྲས་ནི་ཤ་འབྲས་ཏེ་འདྲ་དཔེ་དང་མཐུན་ནོ། །སྲ་འབྲས་ནི་བུམ་ཆུང་འདྲ་བ་དེ་ཡིན་ཡང་སྨྱུག་མའི་འབྲས་བུ་སོགས་ལ་ངོས་འཛིན་པ་ནི་འཁྲུལ་ལ། འཇམ་འབྲས་དང་ཀ་རཉྫ་གཅིག་པར་གོང་དུ་བཤད་མོད། འོ་ན་ཟློས་པར་འགྱུར་རོ་ཞེ་ན་གོང་དུ་ནུས་པ་ཁྱད་པར་བའི་དབང་དུ་བྱས་པ་ཡིན་ལ། འདིར་ནི་སྨད་ཀྱི་འབྲས་སྣ་གསུམ་པོ་མཉམ་དུ་མཁལ་ནད་སེལ་བའི་དབང་དུ་བྱས་པའོ། །འབྲ་གོས་བད་ཀན་སྨུག་སེར་ཕོ་ནད་སེལ། །ཞེས་པའི་འབྲ་གོ་ནི་ཨ་མྲའི་འབྲས་བུ་ཡིན་ཡང་ཟེར། ཙུ་ཏའི་འབྲས་བུ་ཡིན་ཡང་ཟེར། དོན་དུ་ཨ་རུ་ར་ཤ་ཆེན་གྱི་མདོག་དབྱིབས་འདྲ་བ་ལ་རོ་ཤིན་ཏུ་མངར་བ་དེ་ཡིན་མོད། ཁ་ཅིག་བསེ་འབྲས་དང་འབྲ་གོ་གཅིག་པར་འདོད་པ་ནི་ཡན་ལག་བརྒྱད་པ་རྩ་འགྲེལ་དང་ངོ་ཤེས་རེས་མེད་པར་ཟད་དོ། །མ་ནུ་པ་ཏྲས་རླུང་ཁྲག་ཚ་བ་སེལ། །ཞེས་པའི་མ་ནུ་པ་ཏྲ་ནི་ལྡུམ་རར་སྐྱེ་བ་འདི་ཉིད་ཡིན་ལ། པུཥྐར་མཱུ་ལས་བད་ཀན་ཚ་བ་སེལ། །ཞེས་པའི་པུཥྐར་མཱུ་ལ་ནི་དངོས་བསྟན་རྫིང་དྲུང་སྐྱེ་ཞེས་པར་འགྱུར་ཡང༌། དེང་སང་ཁམས་རུས་ལ་ངོས་འཛིན་བར་སྣང་ངོ༌། །རུ་རྟས་རླུང་ཁྲག་ཕོ་བ་སྦོས་པ་སེལ། །གློ་ནད་གག་པ་ཤ་རོ་གཅོད་པར་བྱེད། །ཅེས་པ་ནི་ཤ་ཕོ་རུ་རྟ་སྟེ་ལ་སྟོད་ནས་འབྱུང་བའི་ཤ་ཕོའི་རྭ་བཅག་པ་འདྲ་བ་དེའོ། །ཡུང་བས་དུག་སེལ་རུལ་གཅོད་གཉན་ནད་འཇོམས། །ཞེས་པའི་ཡུང་བ་ནི་སྒ་སེར་ཏེ་ནོར་ས་མེད་དོ། །ཤུ་དག་མ་ཞུ་དྲོད་བསྐྱེད་གག་ལྷོག་སེལ། ཞེས་པའི་ཤུ་དག་ནི་ནག་པོ་སྟེ་རྒན་པོའི་སོར་ཚིགས་འདྲ་བ་དྲི་ཆེ་བ་དེའོ། །པུ་ཤེལ་སྐྱུག་གཅོད་བད་ཀན་ཚ་བ་སེལ། །ཞེས་པའི་པུ་ཤེལ་ཙེ་ནི་འཇག་མའི་རྩེ་གསུམ་བཞི་ལྔ་དྲུག་ཙམ་ཡོད་པ་ལ་རྩ་བ་ག་བུར་གྱི་དྲི་མནམ་པ་དེ་ཡིན་མོད། དེ་ལས་ཅུང་ཟད་ཆེ་བ་མོན་ནས་འབྱུང་བ་དེ་ལ་ཙི་ཏྲ་ཀར་ངོས་འཛིན་པ་ནི་ནུས་པ་གོ་བཟློག་ཏུ་འགྱུར་ཞིང༌། དྲི་མ་ཇི་ལྟར་འདུག་ཀྱང་མི་ཤེས་པའི་རྨོངས་ལུགས་སོ། །ཁྱུང་སྡེར་དཀར་སྨུག་དུག་ཚད་སེལ་བར་བྱེད། །ཅེས་པའི་ཁྱུང་སྡེར་དཀར་སྨུག་ནི་ད་ལྟ་སྔོའམ་ཤིང་གི་རྩེ་མོ་སོར་གཅིག་ཙམ་སྡེར་མོའི་རྣམ་པ་ཡོད་པ་དེ་ལ་ངོས་འཛིན་མོད། ཁྱུང་སྡེར་དཀར་པོ་ནི་ལྷོ་མོན་ནས་འབྱུང་ལ། སྨུག་པོ་ནི་བོད་སོགས་ཡུལ་ཀུན་ནས་འབྱུང་ལ་དབྱིབས་ཙམ་འདྲའང་རོ་དང་ཁ་དོག་སོགས་མི་འདྲ་བ་ཞིག་གོ འཁྲུལ་མེད་ཡིན་མིན་བརྟག་པར་བྱའོ། །དཔའ་བོ་དཀར་སེར་དཔའ་རྒོད་དེ་བཞིན་ནོ། །ཞེས་པའི་ནུས་པ་ནི་ཁྱུང་སྡེར་དཀར་སྨུག་དང་མཚུངས་ལ། །ངོ་བོ་ཙ་རི་སོགས་གང་དུའང་སྐྱེ་བ་དེ་ཉིད་དོ། །བོང་ང་དཀར་པོས་རིམས་དུག་མཁྲིས་ཚད་སེལ། །བོང་ང་དམར་སེར་ཤ་དུག་བཙན་དུག་སེལ། །ཞེས་པའི་བོང་ང་དཀར་པོ་ནི་ཡུལ་ཕྱོགས་གར་ཡང་སྐྱེ་ལ། དམར་སེར་གཉིས་ནི་ཙ་རི་སོགས་སུ་སྐྱེའོ།། (འདི་གཉིས་ཙ་རི་སོགས་སུ་མི་སྐྱེ་ལ་དེང་སང་ལ་སྟོད་ནས་འབྱུང་བས་ཡེ་གེ་པས་ནོར་རམ་སྙམ་)

ཤིང་མངར་གློ་ནད་རྩ་ནད་སེལ་བར་བྱེད། །ཅེས་པའི་ཤིང་མངར་ནི་ཕོ་མོ་མ་ནིང་གསུམ་ལས་འདིར་ལྡུམ་རར་བཏབ་པ་འདི་ཉིད་དོ། །སླེ་ཏྲེས་ཀ་ཀ་རིས་རླུང་ཚད་སེལ། །ཞེས་པའི་སླེ་ཏྲེས་དང་ཀ་ཀ་རི་ལ་ནོར་འཁྲུལ་མེད་ལ། ག་བྲ་དག་ཀྱང་དེ་བཞིན་རིམས་ལ་ཕན། །ཞེས་པའི་ག་བྲ་ནི་ཀ་ཀ་རི་ལ་དཀར་སྨུག་གཉིས་ཀྱི་དཀར་པོ་ལ་སིལ་ཚེར་དང༌། སྨུག་པོ་ལ་བྲི་ཧ་ཏི་སྟེ་སྟག་ཚེར་ཟེར་བ་འདི་ཡིན་ནོ། །མཁྱེན་བརྩེ་ལོ་ཙཱ་བས། ག་བྲ་ཞེས་པ་ཐར་ནུ་དང་ལྕ་བ་གཉིས་སུ་བསྒྱུར་ཟེར་བ་ནི་ལོ་ཙཱ་བའི་མིང་ཙམ་གྱི་འཁྲུལ་གཞི་བྱས་པའོ། །ཏིག་ཏས་མཁྲིས་པའི་ཚ་བ་མ་ལུས་སེལ། །ཞེས་པའི་ཏིག་ཏ་ནི་ལྕགས་ཏིག་སོགས་མང་ཡང་འདིར་ནི་གང་བྱུང་ཡང་འདྲའོ། །བ་ཤ་ཀ་ཡིས་ཁྲག་ཚད་མ་ལུས་སེལ། །ཞེས་པའི་བ་ཤ་ཀ་ནི་ཤིང་སྨན་གྱི་རྩེ་མོ་ཚོད་མ་བྱེད་པ་སྟེ་དཀར་དམར་རིགས་གཉིས་ཡོད་དོ། །བ་ལེ་ཀ་ཡིས་གློ་མཆིན་སྣོད་ཚད་སེལ། །ཞེས་པའི་ག་དུར་ནི་ལི་ག་དུར་ཏེ་ནང་དམར་སྐྱ་ལ་ཕྱི་ཕོ་རོག་གི་སུག་པོ་འདྲ་བ་ལ་སོབ་པ་དེའོ། །འདི་ལ་མེ་ཏོག་རམ་བུ་དང་ལོ་མ་མེན་བུ་འདྲ་བའི་རྩ་བ་དམར་པོ་ཤིན་ཏུ་མཁྲེགས་པ་དེ་ལ་ངོས་འཛིན་པ་ནི་འཁྲུལ་པ་ཡིན་ནོ། །སྟབ་སེང་རུས་ཆག་སྦྱོར་ཞིང་རུས་ཚད་སེལ། །ཞེས་པ་ནི་སྤྱི་ཞུར་ཏེ་ནོར་འཕྲང་མེད་དོ། །སྒྲོན་ཤིང་བད་རླུང་ཆུ་སེར་གྲང་བ་སེལ། །ཞེས་པ་ནི་གོར་ཙན་ནམ་ཐང་མ་སྒྲོན་ཤིང་ཡིན་ནོ། །སྐྱེར་པ་སེ་རྒོད་དུག་སྡུད་ཆུ་སེར་སེལ། །ཞེས་པའི་སྐྱེར་པ་ནི་ཡུལ་ཕྱོགས་གར་ཡང་སྐྱེ་བས་གོ་སླ་ལ། སེ་རྒོད་ནི་ངོ་བོ་སེ་བ་རྒོད་ཡིན་པ་ལ་མེ་ཏོག་དམར་པོ་ལ་འབྲས་བུ་ཡང་དམ་བེ་འདྲ་བའི་དམར་པོ་དེ་ཡིན་མོད། གཞན་དག་ཤིང་ཁུ་རུ་མ་ཟེར་བའི་འབྲས་བུ་སྲན་མ་ཙམ་དམར་པོ་ཡོད་པ་ཞིག་ལ་ངོས་འཛིན་པ་ཡོད་ཀྱང་འཁྲུལ་པའོ། །སེང་ལྡེང་ཁྲག་དང་ཆུ་སེར་སྐེམ་པར་བྱེད། །ཅེས་པའི་སེང་ལྡེང་ལ་དམར་པོ་ཤིན་ཏུ་ལེགས་པ་གཅིག་དང་ཕྱི་ཤུན་དཀར་པོ་ཞིག་ཀྱང་འབྱུང་བས་ནུས་པ་ཁྱད་མེད་ཅིང༌། འདི་རློན་པའི་དུས་སུ་ཁཎྜ་བཅོས་པ་ལ་ཁྱི་ལ་ཝ་རི་ཞེས་འབྱུང་པ་འདི་ཡིན་པས་ཆུ་སེར་སྐེམ་པའི་མཆོག་ཏུ་གྱུར་པའོ། །སོ་ཆས་ནད་ཀུན་གྱེན་འདྲེན་སྐྱུག་སྨན་མཆོག །ཅེས་པ་ནི་པོ་སོན་ཆ་ཡིན་ལ། དེ་ནི་ལྷོ་མོན་ནས་འབྱུང་བའི་འབྲས་བུ་ཁམ་བུ་སྐམ་པོ་ཙམ་ལ་ནང་དུ་འབྲས་བུ་དོང་གའི་འབྲུ་འདྲ་བ་ཡོད་པ་ཞིག་ཡིན་ཀྱང༌། ད་ལྟ་ངོས་ཟིན་པ་ནི་དཀོན་པར་སྣང་ངོ༌། །དན་རོག་ཤྲཱི་ཁཎྜས་དྲག་པོར་སྦྱོང༌། །ཞེས་པའི་དན་རོག་ནི་ཛ་ཡི་ཕལ་ཞེས་པ་དན་རོག་རུས་སྦལ་མ་ལས་ཆུང་བའི་ནག་པོ་ཤིན་ཏུ་འཇམ་པ་དེ་ཉིད་ལ། ད་ལྟ་ལྷོ་མོན་ནས་འབྱུང་བའི་རུས་སྦལ་མ་ཁོ་ན་ལ་དན་རོག་ཏུ་ངོས་བཟུང་ནས་དེད་དཔོན་བཞི་སྦྱོར་གྱི་ལག་ལེན་བྱེད་པ་ནི་མི་རུང་ལ་ཁཎྜ་བཅོས་ན་རུང་ངོ༌། །ཤྲཱི་ཁཎྜ་ནི་བདུད་རྩི་(འདི་ཟུར་མཁར་སྔ་མའི་བཞེད་པ་ཡིན་ཀྱང་དེང་སང་ངོས་འཛིན་པ་རོང་མཚམས་བལ་པོ་སོགས་ལ་སྐྱེ་བ་སྔོ་ལྡུམ་ལོ་མ་མེད་པ་ཁྲུ་དོ་ཙམ་འོ་མ་ཅན་ལུས་ལ་འོ་མ་འཐོར་ན་ཆུ་བུར་འབྱུང་བའི་འཁྲུ་སྨན་ཤིན་ཏུ་རྣོ་བ་ཞིག་ལ་ངོས་འཛིན་ནོ། །)བསེ་དཀར་གྱི་ཞོ་ལ་ཞུན་བྱས་པ་སྟེ་མིང་ཀྵིར་ཞེས་ཀྱང་ཟེར་བ་དེའོ། །དོང་གས་མཆིན་ནད་སེལ་ཞིང་འཇམ་པོར་འཁྲུ། །ཞེས་པའི་དོང་ག་ནི་རྒྱུ་ནག་བརྒྱངས་པ་ལྟ་བུའི་ཐོག་དེ་གཏོང་བ་ཡིན་ནོ། །ཀ་པེད་ད་ཏྲིག་(འདི་ལ་རིགས་གསུམ་ཡོད་ཀྱང་དེང་སང་གཏོང་བ་ཀུ་བར་གྲགས་པ་ཛོ་ཀི་རྣམས་ཆུ་ལེན་པའི་སྣོད་དེ་ཡིན་)སྨག་དང་མོན་ཆ་རས། འཁྲུ་བའི་ནད་རྣམས་ཚ་གྲང་མེད་པར་གཅོད། །ཅེས་པའི་ཀ་པེད་ནི་བིལ་བ་དང་རིགས་གཅིག་པས་ལྷོ་མོན་གྱི་ཤིང་གི་འབྲས་བུ་ཡིན་ཚད་འཁྲུ་གཅོད་ལ་གཏོང་བར་མི་བྱའོ། །ད་ཏྲིག་ནི་ཤིང་སྡོང་ཆེན་པོ་གཅིག་གི་འབྲས་བུ་ཡིན་པས་པགས་པ་རོ་སྐྱུར་ནང་གི་འབྲས་བུ་ངོ་བོ་མཁྲེགས་ཤིང་རོ་ཆེར་མེད་པའོ། །སྨག་ནི་ཤིང་མ་ལེ་གྲུམ་ཤིང་གི་ནང་སྟེ་རམ་བུའི་ཕྱེ་མ་འདྲ་ཞིང་རོ་བསྐ་བ་དེའོ། །མོན་ཆ་ར་ནི་ཤིང་བེ་དོ་ནག་པོའི་ཁྲག་སྟེ་འདི་ཉིད་བསྔགས་ཤིང་བེ་དོའི་འབྲས་བུ་ལ་མོན་ཆ་རར་བྱེད་པ་ནི་ཕྱོགས་མཐུན་ཙམ་ལ་དགོངས་པའོ། །བདུན་པ་སྔོ་ཡི་སྨན་གྱི་ནུས་པ་བསྟན་པ་ནི། ཧོང་ལེན་ཁྲག་སྐེམ་འཁྲུགས་ཚད་དོན་ཚད་སེལ། །ཞེས་པ་ཧོང་ལེན་ནི་སྟོད་ནས་རྩ་བ་ལ་ལྟང་རྩེ་བཅོས་ནས་ཇ་པ་རྣམས་ཀྱིས་ཁྱེར་འགྲོ་བ་ནི་བཟང་ལ། ཡུལ་སོ་སོར་སྐྱེས་པའི་སྙེ་མ་དམར་སྨུག་དེའང་འཁྲུལ་མེད་ཡིན་ནོ། །སྤང་རྩི་དོ་བོས་རིམས་དུག་རྙིངས་ཚད་སེལ། །ཞེས་པའི་སྤང་རྩི་དོ་བོ་ནི་ངོ་མི་ཤེས་མཁན་མེད་དོ། །རེ་ཀོན་ཁྲག་སྐེམ་སྨུག་པོ་རྩ་ཚད་སེལ། །ཞེས་པའི་རེ་ཀོན་ནི། རྩི་མར་ཟིལ་པ་ཕུག་སྐམ་རྣམས་གཅིག་གོ །ཀྱི་ལྕེས་སྣོད་ཚད་མཁྲིས་ཚད་སེལ་བར་བྱེད། །ཅེས་པའི་ཀྱི་ལྕེ་ཀུ་ཀར་ཤ་ལང་པ་རྣམས་གཅིག་གོ།

སུམ་ཅུ་ཏིག་གིས་མཆིན་མཁྲིས་ཚ་བ་སེལ། །ཞེས་པའི་སུམ་ཅུ་ཏིག་ལ་ནོར་འཕྲང་མེད་དོ། །པྲི་ཡང་ཀུ་ཡིས་ཕོ་མཆིན་ཚ་བ་སེལ། །ཞེས་པའི་པྲི་ཡང་ཀུ་ནི་འཇིབ་རྩི་དར་སྔོན་ཅན་ཞེས་སོ། །ཟངས་ཏིག་ལྕགས་ཏིག་མཁྲིས་པའི་ཚ་བ་སེལ། །ཞེས་པའི་ཟངས་ཏིག་ནི་རོ་ཅུང་ཟད་ཁ་བ་ལ་མེ་ཏོག་དམར་པོ་ཡོད་པ་དང༌། ལྕགས་ཏིག་ནི་མེ་ཏོག་སྔོན་པོ་ལ་རོ་ཤིན་ཏུ་ཁ་བ་ཏིག་ཏ་དངོས་ཡིན་ཟེར་བ་དེའོ། །རིགས་འདི་ལ་སྟོད་ནས་ཤིན་ཏུ་བཟང་བ་ཞིག་ཀྱང་འབྱུང་ངོ༌། །སྲོ་ལོ་སུག་འདྲས་གློ་ཡི་ཚད་པ་སེལ། །ཞེས་པའི་སྲོ་ལོ་ནི་དཀར་པོ་དངོས་ཡིན་ནོ། །གཡའ་ཀྱི་མ་ཡིས་མཁྲིས་པ་ཞི་སྦྱོང་བྱེད། །ཅེས་པའི་གཡའ་འདི་ལ་རིགས་གསུམ་ཙམ་འབྱུང་བའི་མེ་ཏོག་སྔོ་སྐྱ་བ་སྤུ་ཅན་དེའོ། ཀྱི་མ་ནི་བྱང་བསྟན་གྱི་བྲག་འོག་ལ་སྐྱེ་བ་དེའོ། །གངྒ་ཆུང་གིས་དུག་དང་ཚད་འཁྲུ་གཅོད། །ཅེས་པ་ནི་ནོར་འཕྲང་མེད་པས་རྟོགས་པར་སླའོ། །བྱ་རྒོད་སྤོས་ཀྱིས་གདོན་དུག་རིམས་ཚད་སེལ། །ཞེས་པའི་བྱ་རྒོད་སྤོས་ནི་གཡའ་གསེབ་ཏུ་སྐྱེ། སྲོལ་གོང་པ་ཡིས་མགོ་ཆག་དུག་ཚད་སེལ། །ཞེས་པའི་སྲོལ་གོང་བ་ནི་ལོ་མ་ཁུར་མང་འདྲ་བའི་རྩ་བ་ཤིན་ཏུ་ཁ་བ་དེའོ། །ཡུ་མོ་མདེའུ་འབྱིན་བུ་རོ་ཟུག་རྔུ་འབྱིན། །ཞེས་པའི་ཡུ་མོ་མདེའུ་འབྱིན་ནི་བྲག་གསེབ་ལ་སྐྱེ་ཞིང་ལོ་མ་སྲན་ཆུང་འདྲ། མེ་ཏོག་རག་གཟར། གང་བུ་གཞུ་ཤུབས་འདྲ་བ་དེའོ། །དར་ཡ་ཀན་གྱིས་བྱང་ཁོག་ཆུ་སེར་སྐེམ། །མགོ་ཡི་རུས་ཆག་སྦྱོར་ཞིང་ལྷ་བ་འཛིན། །ཞེས་པའི་དར་ཡ་ཀན་ནི་འཇུག་སྒོ་མང་ཡང་འདི་སྐབས་ཀྱི་ཆུ་སེར་སྐེམ་པ་ནི་དུས་འཁོར་དུ་ཁྲག་ཀྲོག་པ་ཞེས་གྲོང་པ་རྣམས་ཀྱི་ཁྲག་ཀྲོག་པ་ཞེས་བྱ་བ་དེ་ཡིན་ནོ། །རྟ་པགས་ལྷ་བ་འཛིན་ཞིང་ཆུ་སེར་འདྲེན། །ཞེས་པའི་རྟ་པགས་ལ་མེ་ཏོག་དམར་སེར་གཉིས་སོ། །ཨ་བི་ཥ་ཡིས་མགོ་ཆག་དུག་ཚད་སེལ། །ཞེས་པའི་ཨ་བི་ཥ་ནི་དུག་མེད་དེ་གཡའ་བ་སྐྱེས་པའི་གང་བུ་སྐྱུ་རུ་ར་འདྲ་བ་ཞིག་དང༌། སྤེན་མ་དང་དམར་ཤད་ཁྲོད་དུ་སྐྱེ་བའི་ཁ་ཚོན་ར་མོ་ཤག་འདྲ་བ་གཉིས་ཀ་ལ་རྩ་བ་སྒོག་གཅིག་མ་ལྟ་བུ་ཡོད་དོ། །སྟག་ཤས་རྨ་འདྲུབ་གཉན་གསོད་དུག་ནད་སེལ། །ཞེས་པའི་སྟག་ཤ་ནི་ནེལ་མ་ལ་སྐྱེ་བའི་སྔོ་འབྱར་བག་ཆེ་ཞིང་དྲི་དུགས་ཅན་དེའོ། །སྤང་རྒྱན་དཀར་པོས་གྲེ་བའི་དུག་ཚད་སེལ། །ཞེས་པའི་སྤང་རྒྱན་ལ་དཀར་ནག་གཉིས་ལས་དཀར་པོ་དེ་འཁྲུལ་གཞི་ཆུང་ངོ༌། །ཡུ་གུ་ཤིང་གིས་རྨ་འབྱོར་དུག་ཚད་སེལ། །ཞེས་པའི་ཡུ་གུ་ཤིང་རྣམ་པར་རྒྱལ་བའམ་ཀང་ཙོ་བ་ཞེས་བྱའོ། །རྩད་དང་རྒུ་ཐུབ་ལྡུམ་སྟག་དུག་ནད་སེལ། །ཞེས་པའི་རྩད་ནི་སྤང་མཐོ་སར་སྐྱེ་བའི་ལོ་མ་གོ་སྙོད་འདྲ་བ་ལ་ཕྲེད་སོར་སྐྱེ་བའི་རྩད་པ་རྩོད་པ་ཞེས་པ་དེའོ། །རྒུ་ཐུབ་ནི་ལྷོ་མོན་ནས་འབྱུང་ལ། ལྡུམ་སྟག་ནི་བྱ་འཕུར་ལེབ་འོ། །ཨ་བྱག་མགོ་ཆག་གསོ་ཞིང་ཆུ་སེར་སྐེམ། །ཞེས་པའི་ཨ་བྱག་ནི་གཟེར་འཇོམས་ཏེ་མེ་ཏོག་སེར་པོ་ཡོད་པ་དེའོ། །ཚེར་སྔོན་རུས་ཆག་གསོ་ཞིང་ལྷ་བ་འདེགས། །ཞེས་པའི་ཚེར་སྔོན་ནི་འཁྲུལ་གཞི་ཆུང་ངོ༌། །སྨུག་ཆུང་མདན་ཡོན་དག་ཀྱང་དེ་བཞིན་ནོ། །ཞེས་པ་ནི་པ་ཡག་པ་སྟེ་བྱ་རོག་ནོར་བུ་དང་གཡག་སྙིང་ལུག་སྙིང་ཞེས་བྱའོ། །གསེར་སྐུད་གློ་མཆིན་རྩ་ཚད་དུག་ཚད་སེལ། །ཞེས་པའི་གསེར་སྐུད་ནི་ན་ག་ཕ་ལ་ཞེས་སམ་ཟེ་དུ་ཞེས་པ་དེའོ། །ལུག་རུ་སྨུག་པོས་དུག་སྡུད་ཤ་དུག་སེལ། །ཞེས་པའི་གསེར་སྐུད་ནི་ན་ག་ཕ་ལ་ཞེས་སམ་ཟེ་དུ་ཞེས་པ་དེའོ། །ལུག་རུ་སྨུག་པོས་དུག་སྡུད་ཤ་དུག་སེལ། །ཞེས་པའི་ལུག་རུ་སྨུག་པོ་ནི་ལུག་ཐུག་གི་རྭ་འདྲ་བའི་མེ་ཏོག་དམར་པོ་དེའོ། །ལུག་རུ་སེར་པོ་ཆུ་རུག་ཆུ་འཐུང་བྱེད། །ཅེས་པའི་ལུག་རུ་སེར་པོ་ནི་ཁ་དོག་མ་གཏོགས་གོང་མ་དང་འདྲ་ལ། ཆུ་རུག་ནི་ཆུ་འགྲམ་དུ་སྐྱེས་པའི་སྔོ་དགུན་ཀྱང་མི་སྐམ་པ་ཆབ་རྡོར་བྱས་ན་སྒོག་པ་སྐྱ་ལྷུག་ཡོད་པ་དེའོ། །སེ་བའི་མེ་ཏོག་མཁྲིས་སེལ་རླུང་ཁ་གནོན། །ཞེས་པ་ནི་གོ་བདེའོ། །འབུ་སུ་ཧང་གིས་རྨ་འདྲུབ་གློ་ནད་སེལ། །ཞེས་པའི་འབུ་སུ་ཧང་ལ་ཕོ་རིགས་གང་བུ་མེད་པ་དང༌། མོ་རིགས་གང་བུ་ཡོད་པ་གཉིས་སོ། །སྒོང་ཐོག་པ་ཡིས་ཤ་དུག་འཁྲུགས་ཚད་སེལ། །ཞེས་པ་འདྲེ་མོ་ཡུངས་ཀར་རོ། །ཨ་ཀྲོང་གློ་ཡི་ཚད་པ་སེལ་བར་བྱེད། །ཅེས་པ་ནི་མཁན་པ་ཨ་ཀྲོང་སྟེ་ཤིང་(སྔོ་ལ་སྟོད་ནས་འབྱུང་བ་དེ་དངོས་ཡིན་པར་བཞེད་)གི་རིགས་ལ་ལོ་མས་སྤྲ་བ་བྱེད་པ་དེའོ། །ཚར་བོང་གྲེ་བའི་ཚད་པ་གློ་ནད་སེལ། །ཞེས་པ་ནི་དབྱིབས་མཁན་པ་འདྲ་བ་ལ་དེ་ལས་དྲི་མ་ཆུང་བ་དེའོ། །ཏང་ཀུན་སྙིང་གི་ཚད་པ་དུག་ནད་སེལ། །ཞེས་པ་ནི་དབྱིབས་ལྕ་བ་འདྲ་བ་ལ་དེ་ལས་ལོ་མ་ནག་ཅིང་རྩ་བ་དྲི་མ་ཆེ་བ་དེའོ། །སེ་རྒོད་འབྲས་བུས་དུག་ཚད་མཆིན་ཚད་སེལ། །ཞེས་པ་ནི་གོང་དུ་བཤད་པའི་སེ་རྒོད་དེའི་འབྲས་བུ་མེ་ཏོག་དམ་བེ་འདྲ་བ་དེའོ། །ཤུག་པ་ཚེར་ཅན་མཁལ་ཚད་ལྷོག་པ་སེལ། །ཞེས་པ་ནི་གོ་བདེའོ། །སྐྱེར་པའི་མེ་ཏོག་འབྲས་བུས་འཁྲུ་བ་གཅོད། །ཅེས་པའི་སྐྱེར་པ་ནི་གོ་བར་སླ་ལ། ཐང་ཕྲོམ་ལང་ཐང་རྩེ་ཡིས་སྲིན་ནད་སེལ། །སྲིན་ཤིང་སྣ་མའི་འབྲས་བུ་དེ་བཞིན་ནོ། །ཞེས་པའི་ཐང་ཕྲོམ་ནི་དཀར་ནག་གཉིས་ཡོད་ལ། ལང་ཐང་ཙེ་ལ་ནི་རིགས་གཅིག་ལས་མེད་དོ།  །སྲིན་ཤིང་སྣ་མ་ནི་ཡུལ་སྐད་དུ་གོ་བླངས་པ་ཟེར་བའི་མེ་ཏོག་དམར་སྐྱ་ལ་འབྲས་བུ་སྲན་མ་ཙམ་སྨིན་ནས་ནག་པོར་འགྲོ་བ་དེ་ཡིན་ནོ།།

དྲེས་མའི་གེ་སར་སྲིན་གསོད་གླང་ཐབས་འཇོམས། །ཞེས་པའི་དྲེས་མ་ལ་ཕོ་མོ་མ་ནིང་གསུམ་ལས། ཕོའི་རིགས་གྱོང༌། མོའི་རིགས་ལ་ཐག་པ་འཆོས། མ་ནིང་ལ་ཀོ་ཋ་ཞེས་དུག་གི་གཉེན་པོ་དེའོ། །དཀར་པོ་ཆིག་ཐུབ་དུག་སྡུད་གཉན་སྲིན་འཇོམས། །ཞེས་པའི་དཀར་པོ་ཆིག་ཐུབ་ལ་བྱང་པ་རྣམས་དུག་སྡུད་པའི་དཀར་པོ་ཆིག་ཐུབ་ཀོ་ཋ་ལ་ངོས་འཛིན། གཉན་སྲིན་འཇོམས་པའི་དཀར་པོ་ཆིག་ཐུབ་ཐང་ཕྲོམ་པ་ལ་ངོས་འཛིན། ཨ་ཝས་བྱང་ཁོག་རྨ་དང་མིག་ལ་ཕན། །ཞེས་པའི་ཨ་ཝ་ནི་བྱང་བསྟན་གྱི་བྲག་ལ་སྐྱེ་བའི་རྒྱ་ཁབ་གཤིབས་པ་ལྟ་བུ་ཡིན་ནོ། །ཞིམ་ཐིག་ལེ་ཡིས་མིག་གི་ལིང་ཐོག་ལེན། །ཞེས་པ་ནི་གར་ཡང་སྐྱེ་བའི་འབྲས་བུ་འཇུ་བ་འདྲ་བ་དེའོ། །པར་པ་ཏ་ཡིས་རིམས་དང་དུག་ཚད་སེལ། །ཞེས་པ་ནི་སྐྲ་བཟང་ཟིལ་བའོ། །དྭ་བའི་རྩ་བས་སྲིན་གསོད་རུས་འཛེར་འགོག། །ཅེས་པ་ནི་གོ་བདེའོ། །འདམ་(ཆུ་རྫབ་ཁྲོད་དུ་སྐྱེ་བའི་རྩ་རིང་ཐུང་མཐོ་གང་ཙམ་ཕྲེད་སྟབས་སུ་སྐྱེ་བ་མེ་ཏོག་འབྲས་བུ་སོགས་མེད་པའི་རོ་མངར་བ་ཞིག་ལ་ངོས་འཛིན་པ་འདུག)བུ་ཀ་རས་གློ་མཆིན་རྩ་ཚད་སེལ། །ཞེས་པ་ནི་ནེལ་མ་ཆུ་ཆེ་སར་སྐྱེ་བའི་བཙོང་ལྟ་བུ་རོ་མངར་བ་དེའོ། །འབྲི་ཏ་ས་འཛིན་རྣག་ཁྲག་ཆུ་སེར་འདྲེན། །ཞེས་པ་ནི་ལོ་མ་གྲོ་མ་མེ་ཏོག་དཀར་པོ་འབྲས་བུ་དམར་པོ་ཡོད་པའི་བ་ཐག་དམར་པོ་དེ་ཡིན་ལ། ཡུལ་སྐད་དུའང་ས་འདྲེ་ཞེས་ཟེར་རོ། །བྱ་ཕོ་ཙི་ཙིས་བུད་མེད་(དངོས་སྲན་མའི་མེ་ཏོག་ལ་ངོས་འཛིན་)ཟླ་མཚན་གཅོད། །ཅེས་པ་ནི་ཤིང་ཕྲ་མོའི་རིགས་མེ་ཏོག་སྔོན་པོ་ཡོད་པ་དེའོ། །ཤུ་མོ་ཟ་ཡིས་གློ་རྣག་འཁྲུ་བ་གཅོད། །ཅེས་པ་ནི་ལྡུམ་རར་སྐྱེ་བའི་གང་བུ་བྱ་ཕོའི་ཕྱི་སྡེར་འདྲ་བ་དེའོ། །སྙི་བས་གློ་(ཡར་རྒྱབ་པར་མར་ཡང་འདི་བཞིན་འབྱུང་མོད་དེ་སྙི་བ་ལུག་མུར་བྲང་ཚ་ཆམ་པ་སེལ་ཞེས་སྨན་གཉིས་ཀྱི་ནུས་པ་བཤད་པར་མཁས་པ་འགའ་ཞིག་བཞེད། )བུར་བྲང་ཚ་ཆམ་པ་སེལ། །ཞེས་པ་ལོ་གསེབ་སོགས་གཞན་ལ་འཁྲིལ་ནས་སྐྱེ་བའི་མེ་ཏོག་སྔོན་པོ་ཡོད་པ་དེ་ཡིན་ནོ། གཡེར་ཤིང་པ་ཡིས་འབྲུམ་པའི་ཚ་བ་སེལ། །ཞེས་པ་ནི་གྲམ་པ་ལ་སྐྱེ་བའི་སྔོ་ཁྲུ་གང་ཙམ་ལ་འབྲས་བུ་གཡེར་མ་ལྟ་བུ་དེ་ལས་འཇོང་བ་དེའོ། །མེ་ཏོག་སེར་ཆེན་རྨ་འདྲུབ་རྩ་རུལ་གསོ། །ཞེས་པ་ནི་ས་སྐམ་སར་སྐྱེ་བའི་ལོ་མ་དང་རྐང་རྒྱ་མན་འདྲ་བ་ལ་དེ་ལས་རྐང་ཐུང་བ་མེ་ཏོག་སེར་པོ་དེ་ཡིན་ནོ། །བྲག་སྐྱ་ཧ་བོས་དུག་སེལ་ཚད་འཁྲུ་གཅོད། །ཅེས་པ་ནི་མིང་པོ་བདུན་གྱི་སྲིང་གཅིག་མའམ་ཧུ་ལུ་ཀ་ཟེར་བ་དེ་ཡིན་ནོ། །བྲག་སྤོས་རྨ་འདྲུབ་རྣག་སྐེམ་ལྷ་བ་འཛིན། །ཞེས་པ་ནི་ཐི་ཁྲབ་ཅན་བྲེ་གུ་གསེར་ཐིག་ཅེས་སམ། རྒྱལ་པོ་རེ་རལ་ཞེས་ཟེར་བ་དེ་ཡིན་ནོ། །རྒྱ་སྤོས་སྤང་སྤོས་ཚད་རྙིང་དུག་ཚད་སེལ། །ཞེས་པའི་རྒྱ་སྤོས་ནི་ལོ་མ་ཤུ་མོ་ཟ་འདྲ་མེ་ཏོག་སེར་བ་སྟེ། འཁྲུངས་དཔེར་ཡང༌། རྒྱ་སྤོས་པགས་པའི་ཚད་པ་སེལ། །ལོ་མ་མེ་ལོང་ཁ་ལྟར་གྱེས། །སྡོང་པོ་དཀར་ཞིང་ཕྲ་བར་འདུག །ཅེས་བཤད་པ་ལྟར་རོ། །སྤང་སྤོས་ནི་ཡོངས་སུ་གྲགས་པ་ལྟར་ཡིན་ནོ། །མྱང་རྩི་སྤྲས་ཀྱིས་ཆུ་འཐུང་རིམས་ཚད་སེལ། །ཞེས་པ་ནི་ཀློ་ཡུལ་དང་ཀོང་པོ་ནས་འབྱུང་བའི་རྩ་བ་སེར་པོ་ལ་སྤུ་ཕྲ་མོ་ཡོད་པ་དེ་ཡིན་ལ། སེར་པོ་ཁྲག་རྐང་ཞེས་ཀྱང་ཟེར་རོ། །རྒུ་དྲུས་རྨ་འདྲུབ་རྩ་འཐུད་རྒྱུ་གཟེར་སེལ། །ཞེས་པ་ནི་སེར་པོ་རྒུ་དྲུས་ཏེ་ལ་ཕུག་ཆུང་ཆུང་འདྲ་བ་དེའོ། །འབམ་པོས་སྐྲངས་འཇོམས་ཁོང་འབྲས་བཤིག་པར་བྱེད། །ཅེས་པའི་འབམ་པོ་ནི། འཁྲུངས་དཔེ་ལས། འབམ་པོ་ཞེས་བྱའི་སྔོ་ལྡུམ་ནི། །སྲིབས་ཀྱི་རི་ལ་སྐྱེ་བ་སྟེ། །ལོ་མ་སྡོང་པོ་གོ་སྙོད་འདྲ། །དྲི་དུག་རོ་ནི་གླེག་པ་ཡིན། །མེ་ཏོག་ཡོད་མེད་ཕོ་མོའི་རིགས། །འབྲས་དང་ལྷོག་སྐྲངས་ཞི་བར་བྱེད། །ཅེས་པ་ལྟར་རོ། །མེ་ཏོག་ལུག་མིག་དུག་དང་རིམས་ནད་སེལ། །ཞེས་པའི་ལུག་མིག་ལ་བྱང་པས་ལྷ་མོ་ཨུ་མ་དེ་བའི་མིག་ས་ལ་བཏབ་པ་ཡིན་པས་དེ་བ་ཟེར་ཞིང་མིང་གི་རྣམ་གྲངས་ལྷ་མོ་ལུག་སྐྱེས་མའི་མིག་ཡིན་པས་ལུག་མིག་ཅེས་བྱའོ་ཟེར་ཡང་མི་ཤེས་པའི་ཤེས་མདོག་མ་གཏོགས་དོན་མེད་དེ། ངོ་བ་ནེལ་མ་ལ་སྐྱེ་བའི་མེ་ཏོག་སེར་ཤས་ཆེ་བ་དེ་ཡིན་ནོ། །མཁན་པས་ཁྲག་གཅོད་ཡན་ལག་སྐྲངས་པ་འཇོམས། །ཞེས་པའི་མཁན་པ་ནི་གོ་བར་ཟད་དོ། །ཆུ་མ་རྩི་ཡིས་ཆུ་སེར་དམུ་ཆུ་སྦྱོང༌། །ཞེས་པ་ནི། འཁྲུངས་དཔེ་ལས། ཆུ་མ་རྩི་ཞེས་བྱ་བ་ནི། སྐྱེ་གནས་འདམ་དང་ཞིང་གསེབ་སྐྱེ། །ལོ་མ་སྔོན་པོ་རལ་གྲི་འདྲ། །སྡོང་པོ་རྩ་རིས་དམར་པོ་ཡོད། །སྙེ་མ་ཟོར་བ་དག་དང་འདྲ། །ནུས་པས་ཆུ་སེར་དམུ་ཆུ་སྦྱོང༌། །ཞེས་བཤད་པས་བྱ་དཀར་གདང་ཞུགས་འདྲ་ཞེས་པས་ཙཱ་རིར་སྐྱེ་བའི་མཁའ་འགྲོ་ལ་ཕུག་ལ་ངོས་འཛིན་པ་ནི་ནོར་བ་ཡིན་ནོ། །བྱི་ཚེར་རིམས་དུག་མཁལ་མའི་ཚ་བ་སེལ། །ཞེས་པ་ནི་ཡུལ་འགའ་ཞིག་ལྕགས་ཏིག་འདྲ་ཙམ་ལ་རོ་ཚ་བ་ཞིག་ཏུ་ངོས་འཛིན། སྐམ་ས་ཆེ་སར་སྐྱེ་བའི་ཤིང་གི་རིགས་ཚེར་མ་ཕྲུག་སོ་གཟེངས་པ་ལྟར་ཚ་ཞིང་རྩ་བ་རིང་བ་ཞིག་ཡིན་ནོ། །དེ་བས་རིམས་སེལ་རྩ་མཁྲིས་མཁྲིས་ནད་སེལ། །ཞེས་པའི་དེ་བ་ནི་སྔོ་སྨན་དེ་བ་ཞེས་སམ་སྔོ་སྨན་མཐིང་མདོག་ཅེས་པ་ལ་ངོས་འཛིན་མཁན་མང་བར་འདུག་ཀྱང༌། ཡན་ལག་བརྒྱད་པར། དེ་བ་ཀ་ལིང་ག་པྲ་ཐོག །ཅེས་པའི་འགྲེལ་པར། དེ་བ་ནི། བྲི་ཧད་ད་རུ་སྟེ་ཤིང་ཆེན་པོ་ཞིག་གོ་ཞེས་བཤད་པས་འདེལ་པ་ཞེས་པ་དེ་ཡིན་ངེས་སོ། །དེར་མ་ཟད་རིམས་སེལ་བའི་དེ་བ་ནི་འདེལ་པ་ཁོ་ན་ཡིན་ཞིང༌། མ་རྙེད་ན་སྦྱར་པ་དཀར་པོས་ཚབ་རུང་བར་བཤད་དོ། །རྩ་མཁྲིས་ནི་ཞིང་མུ་ལ་སྐྱེ་བའི་མེ་ཏོག་སེར་པོ་བཅད་ན་འོ་མ་འཛག་པ་དེ་ཡིན་ནོ། །རེ་རལ་འོམ་བུས་ཤ་དུག་སྦྱར་དུག་སེལ། །ཞེས་པའི་རེ་རལ་ནི་ལྡུམ་བུ་རེ་རལ་ཏེ་བེ་དོ་ལ་སྐྱེས་པ་ནི་བེ་སྐྱེས་རེ་རལ་ཞེས་བྱའོ། །འོམ་བུ་ལ་ནི་ནོར་འཕྲང་མེད་དོ། །ཞུ་མཁན་ཚོས་བཙོད་གློ་མཁལ་འགྲམས་ཚད་སེལ། །ཞེས་པའི་ཞུ་མཁན་ནི་ཀློ་ཡུལ་ནས་འབྱུང་བའི་ཤིང་ལོ་སེར་ནག་གཉིས་ནུས་པ་ཁྱད་མེད་དོ། །ཆོས་ནི་རྒྱ་ཚོས་ཏེ་ཤིང་ཀེང་ཤུ་ཀ་ཞེས་པའི་ཚི་བ་སྟེ། ནམ་དུས་ཀྱི་དབང་གིས་གྲོ་ཚོས་དང་ནག་ཧྲུག་གཉིས་འབྱུང་ངོ༌། །བཙོད་ནི་ཡོངས་སུ་གྲགས་པ་སྟེ་བཙོད་མདུད་ཀྱིས་འགྲམས་ཚད་སེལ་ལོ།།

ལྕམ་པས་ཆུ་འགགས་སྐོམ་དད་འཁྲུ་བ་སེལ། །ཞེས་པའི་ལྕམ་པ་ནི་ཉི་དགའ་སྟེ་ཡོངས་སུ་གྲགས་པའོ། །བྲག་ལྕམ་རྨ་འདྲུབ་རྟ་རྨིག་རྩ་སྒོ་འགེག །ཅེས་པའི་བྲག་ལྕམ་ནི་རི་མཐོ་སར་སྐྱེས་པའི་ལོ་མ་ལྕམ་པ་འདྲ་བའོ། །རྟ་རྨིག་ནི་འདྲ་བའི་དབང་དུ་བྱས་ནས་རྟའི་རྨིག་པ་འདྲ་བ་དེའོ། །བྲ་མའི་རྩ་བས་ཤ་ཚད་རྩ་ཚད་སེལ། །ཞེས་པ་ནི་ཤིང་ཕྲ་མོ་ཚེར་མ་ཅན་ཀོ་པགས་ཤ་ཤུན་བྱེ་བ་དེ་ཡིན་ནོ། །མཛོ་མོས་ཁྲག་འཁྱགས་འཇུ་ཞིང་ཁྲག་ཚད་སེལ། །ཞེས་པ་ཡང་ཤིང་ཚེར་མ་ཅན་བྲ་མ་ལས་ཆེ་བ་སྣལ་ཅུ་འཆོས་པ་དེ་ཡིན་ནོ། །ཕང་མའི་འབྲས་བུས་སྙིང་ཚད་མོ་ནད་སེལ། །ཞེས་པ་ནི་ཤིང་ཕྲན་སྐྱ་བོ་འབྲས་བུ་དམར་པོ་སྲན་མ་ཙམ་ཡོད་པ་དེའོ། །སྲད་དཀར་བ་ཡིས་དམུ་ཆུ་སྐྱ་རྦབ་སྦྱོང༌། །ཞེས་པ་ནི་གཟི་མདངས་མེད་པའི་རྒྱལ་པོ་འདྲ་བ་ལ་མེ་ཏོག་དཀར་པོ་ཡོད་པ་ཞིག་ཀྱང་འབྱུང་མོད། འདི་སྐབས་ནི་གཙང་ཤོད་ཀྱི་བྱེ་མ་ལ་སྐྱེ་བ་དེ་ཡིན་ནོ། །བྱེ་རུག་རྨ་ཡི་འབུ་སྲུང་སྲིན་ཕོལ་སེལ། །ཞེས་པའི་བྱེ་རུག་ནི། འཁྲུངས་དཔེ་ལས། བྱེ་འུ་རུག་པ་ཞེས་བྱ་བ། །སྤང་གོང་ཆུ་མིག་ན་ལ་སྐྱེ། །ལོ་མའི་དབྱིབས་ནི་ཟྭ་འདབ་འདྲ། །སྙེ་མ་བོན་རྩེ་འདྲ་བ་ལ། །མེ་ཏོག་སེར་པོ་ཙམ་ཙིམ་འབྱུང༌། །དྲི་མ་དུགས་པར་མནམ་པ་ཡིན། །ནུས་པས་འབུ་སྲུང་སྲིན་ཕོལ་སེལ། །ཞེས་བཤད་པ་ལྟར་རོ། །མཚེ་ལྡུམ་རྩ་ཡིས་ཁྲག་གཅོད་མཆིན་ཚད་སེལ། །ཞེས་པ་ནི་ནོར་ས་མེད་དོ། །བྲེ་གས་གློ་དང་མཁལ་མའི་ཚ་བ་སེལ། །ཞེས་པ་ནི་ཞིང་མུ་ལ་སྐྱེ་བའི་སྔོའི་གང་བུ་རྔ་ཆུང་ཁ་ར་ཟེར་བ་དེ་ཡིན་ནོ། །ལུག་ཆུང་རིམས་དུག་སྨུག་པོ་རྩ་ཚད་སེལ། །ཞེས་པ་ནི་ལུག་མིག་ལས་དཀར་ལ་ཆུང་བའི་མཐའ་འཁོབ་ཏུ་སྐྱེ་བ་དེ་ཡིན་ནོ། །ལུག་ངལ་དུག་སེལ་ཡན་ལག་སྐྲངས་པ་འཇོམས། །ཞེས་པ་ནི་ལྡུམ་ར་སོགས་སུ་སྐྱེ་བའི་ལོ་མ་རྒྱ་མེན་འདྲ་བ་ལ་མེ་ཏོག་སེར་པོ་བྱེའུའི་མཆུ་འདྲ་བ་དེ་ཡིན་ནོ། །ཟངས་རྩི་བ་ཡིས་མཁྲིས་ནད་མིག་སེར་སེལ། །ཞེས་པ་ལ་རིགས་གཉིས་ཏེ། ལྡུམ་ར་དང་ལྷས་ཁར་སྐྱེ་བའི་ལོ་མ་འབོལ་པོ་ཡ་མ་ལ་ཕན་ཟེར་ནས་ཟ་བ་དེ་ཡིན་ལ། གཅིག་ནི་ཐ་བ་ལས་སྐྱེས་པའི་ཚར་བོང་འདྲ་བ་ལ་འབྲུ་ནག་ཆུང་ཡོད་པ་དེ་ཡིན་ནོ། །སྙ་ལོས་རྒྱུ་ལོང་སྣོད་ཀྱི་ཚ་བ་སེལ། །ཞེས་པ་དང༌། ཤོ་མང་རྨ་ཡི་ཚད་པ་སེལ་བར་བྱེད། །ཅེས་པ་གཉིས་ནི་ངོ་ཤེས་པར་སླའོ། །པ་ཡག་རྩ་བས་གློ་གསོ་གློ་རྣག་འདྲེན། །ཞེས་པ་ནི་གཡག་སྙིང་ལུག་སྙིང་དང་བྱ་རོག་ནོར་བུ་ཞེས་བྱ་བའི་རྩ་བའོ། །བྱེའུ་ལ་ཕུག་ཤ་དུག་སེལ་བར་བྱེད། །ཅེས་པ་ལ་རྒོད་གཡུང་གཉིས་ཡོད་ཀྱང་ནུས་པའི་དབྱིབས་གཅིག་གོ་ ཨུག་ཆོས་རྣ་བའི་ནད་སེལ་སྦོས་པ་སྦྱོང༌། །ཞེས་པ་ལ་དཀར་དམར་སེར་གསུམ་ཡོད་ཀྱང་སྐབས་འདིར་དམར་པོ་དགོས་སོ། །སྐྱི་བའི་འབྲས་བུས་མཁྲིས་པ་གྱེན་དུ་འདྲེན། །ཞེས་པ་ཚེར་སྐྱ་ཡུལ་གར་ཡང་སྐྱེ་བའི་འབྲས་བུ་ལ་ངང་པ་ཆིག་ཐུབ་ཟེར་བ་དེ་ཡིན་ནོ། །སརྫི་ཀ་ཡིས་ཕོ་བའི་མེ་དྲོད་བསྐྱེད། །ཅེས་པ་ནི་ལོ་གསེབ་ཏུ་སྐྱེ་བའི་སྙེ་མ་ནག་པོ་སྟེ་མེ་མེད་ཀྱི་དུ་བ་གཅིག་ཡིན་ནོ། །སྲུབ་ཀས་རུལ་གཅོད་དྲོད་སྐྱེད་ཆུ་སེར་འདྲེན། །ཞེས་པ་ནི་མེ་ཏོག་དཀར་པོ་འབྲས་བུ་ཆུང་ཆུང་ལྕགས་ཀྱུ་འདྲ་བ་དེའོ། །ལྕེ་ཚ་དབྱི་མོང་གཉིས་ཀྱང་དེ་བཞིན་ནོ། །ཞེས་པའི་ལྕེ་ཚ་ནེལ་མ་ལ་སྐྱེ་བའི་མེ་ཏོག་སེར་པོ་འདབ་མ་ལྔ་པ་འོད་ཆེ་བ་དེ་ཡིན་ནོ། །དབྱི་མོང་ལ་དཀར་ནག་ཁྲ་གསུམ་ལས་མེ་ཏོག་དཀར་པོ་དྲིལ་བུ་འདྲ་བ་དང༌། མེ་ཏོག་དཀར་པོ་ལ་དམར་པོའི་མདངས་ཡོད་པའི་གང་རུང་ངོ༌།།

 བ་ལུས་བད་ཀན་ཚ་གྲང་འཐབ་པ་སེལ། །ཞེས་པའི་བ་ལུ་ལ་དཀར་ནག་གཉིས་ལས་འདིར་དཀར་བོ་ད་ལི་ཡིན་ནོ། །གོ་སྙོད་རླུང་ཚད་དུག་དང་མིག་ནད་སེལ། །ཞེས་པ་ནི་ནོར་ས་མེད་དོ། །ཐ་རམ་ན་རམ་བྱ་རྐང་འཁྲུ་བ་གཅོད། །ཅེས་པའི་ཐ་རམ་ནི་ཏི་གུ་ལམ་ཁར་སྐྱེ་སྟེ་རའི་རྣ་བ་དང་འདྲ་བ་སར་རྣ་ཞེས་ཀྱང་ཟེར་རོ། །ན་རམ་ནི་ན་ཁ་དང་སྤང་ལ་སྐྱེ་བའི་རམ་བུ་དང༌། བྱ་རྐང་ནི་ལོ་བཙན་ཐེང་པོ་ཞེས་ཀྱང་བྱ་སྟེ་གསུམ་ག་ཡང་རྟོགས་པར་སླའོ། །སོག་ཀ་བ་ཡིས་སྐྱུག་པ་མ་ལུས་གཅོད། །ཅེས་པ་ནི་ཁྲབ་མོ་ཞེས་པ་དེའོ། །དབང་པོ་ལག་པས་ལུས་སྟོབས་ཁུ་བ་བསྐྱེད། །ཅེས་པ་ནི་ཧབ་ཤང་ཚེའུ་སྟེ་རྟོགས་པར་སླའོ། །རི་ཤོས་མཁྲིས་པ་སྦྱང་ཚེར་བད་ཀན་འདྲེན། །ཞེས་པ་གཉིས་ནི་གར་ཡང་སྐྱེ་བས་ངོ་མི་ཤེས་པ་མེད་དོ། །དུར་བྱིད་ཐར་ནུས་ཚ་གྲང་ནད་ཀུན་སྦྱོང༌། །ཞེས་པའི་དུར་བྱིད་ནི་བྱང་གི་མཐའ་སོགས་བྱེ་མ་ཡོད་སར་སྐྱེས་པ་དགོས་ཤིང༌། ཐར་ནུ་ནི་གར་ཡང་སྐྱེའོ། །སྔོན་བུས་ཆུ་སེར་ཁྲོན་བུས་མཁྲིས་པ་སྦྱོང༌། །ཞེས་པའི་སྔོན་བུ་ནི་དྭགས་ཀོང་དུ་སྐྱེ་བའི་ཤོག་ཤིང་པ་དངོས་ཡིན་ལ། མ་བྱུང་ན་རེ་ལྕག་པས་ཚབ་རུང་མོད། སྤང་ལ་སྐྱེ་བའི་མེ་ཏོག་སྔོ་ཆུང་ལ་ངོས་འཛིན་པ་ནི་འཁྲུལ་པ་ཡང་འཁྲུལ་ཡིན་ནོ། །ཁྲོན་བུ་ནི་སྤང་གི་ལ་ཕུག་ཟེར་བ་དེའོ། །ལྕུམ་རྩས་དུག་ཚད་སྣོད་ཚད་བད་ཀན་སྦྱོང༌། །ཞེས་པ་ནི་ལྡུམ་རར་སྐྱེ་བའི་ལོ་མ་དང་སྡོང་པོ་ཆེན་པོ་དེ་ཡིན་ནོ། །ཆུ་རྩས་གཉན་སྦྱོང་རྨ་ཡི་སྐམ་རྩི་བྱེད། །ཅེས་པ་ནི་རིགས་མང་ཡང་ལ་ཆུ་བ་ཞེས་ཡུལ་སྐད་དུ་དཔལ་ཆེན་པ་ཡིན་ནོ། །རེ་ལྕག་པ་ཡིས་འབྲས་འདུལ་གཉན་ནད་སྦྱོང༌། །ཞེས་པ་ཡང་ཤོག་བུ་འཆོས་རྒྱུ་དེ་ཡིན་ནོ། །ལྕ་བས་ཆུ་སེར་མཁལ་རྐེད་གྲང་བ་སེལ། །ཞེས་དང༌། ཉེ་ཤིང་ར་མཉེས་ཚེ་བསྲིང་ཆུ་སེར་སེལ། །ཞེས་དང༌། ཨ་ཤོ་གནྔྷ་ས་སྨད་གྲང་ཆུ་སེར་སེལ། །(འདིའི་ཨ་ཤོ་གྔྷན་ཞེས་པ་རྒྱ་སྐད་དེ་བསྒྱུར་ན་རྟའི་དྲི་ཞེས་བྱ་བ་ཡིན་པས་ལོ་ཙཱ་བ་འགའ་ཞིག་རྟ་བོན་པ་ལ་ངོས་འཛིན་ཀྱང་སྨན་པ་རྣམས་ལ་འཁྲུལ་གཞི་མེད་པས་མང་དུ་མ་སྨོས་སོ། །)ཞེས་པ་བཞི་ལ་རྩ་བ་བཞི་ཞེས་ཡོངས་སུ་གྲགས་ལ། འདིའི་སྟེང་དུ། གཟེ་མས་གཅིན་སྲི་གྲུམ་བུ་མཁལ་ནད་སེལ། །ཞེས་གཟེ་མའི་འབྲས་བུ་བསྣན་པ་ལ་རྩ་བ་ལྔ་ཞེས་པའི་ཐ་སྙད་མཛད་དེ་ཡོངས་སུ་གྲགས་པའོ། །

བརྒྱད་པ་སྲོག་ཆགས་ལས་བྱུང་བའི་སྨན་ལ། སྲོག་ཆགས་ལས་བྱུང་རྭ་དང་རུས་པ་དང༌།  །ཤ་ཁྲག་མཁྲིས་ཚིལ་ཀླད་པ་པགས་སེན་སྤུ། །ཆུ་བྲུན་སྦུབས་རིལ་ལུས་དང་བཅུ་གསུམ་འབྱུང༌། །དེ་དག་གང་ལ་གང་ཕན་ནུས་པ་བསྟན༌། །ཞེས་བཅུ་གསུམ་ཡོད་པ་ལས། དང་པོ་རྭ་ནི། བསེ་རུས་བྱང་ཁོག་རྣག་ཁྲག་ཆུ་སེར་སྐེམ། །ཞེས་པའི་རྭ་མཆོག་བསེ་རུ་ལ་དཀར་ནག་ཁྲ་གསུམ་ལས་བྱུང་ན་དཀར་པོ་དགོས་སོ། །ཁ་ཤ་ཤ་བའི་རྭ་ཡང་དེ་དང་འདྲ། །ཞེས་པའི་ཁ་ཤའི་རྭ་ནི་སྟོད་ནས་འབྱུང་བའི་མཐོ་གང་ཙམ་འབོག་དང་བཅས་པ་དེ་ཡིན་ལ། ཤ་བའི་རྭ་ནི་གོ་བདེའོ། །བཙོད་དང་དགོ་བའི་རྭ་ཡིས་འཁྲུ་བ་གཅོད། །ཅེས་པ་གཉིས་ཀྱང་གོ་སླའོ། །རྒྱ་རུ་ལུག་ཐུག་རྭ་ཡིས་བུ་འབྱིན་བྱེད། །རྒོད་གཡག་རྭ་ཡིས་དྲོད་སྐྱེད་སྐྲན་ནད་བཤིག །གཉན་གྱི་རྭ་ཡིས་རིམས་ནད་སེལ་བར་བྱེད། །ཅེས་པ་རྣམས་ཀྱང་ཡི་གེ་བཀླགས་པ་ཙམ་གྱིས་གོ་ཞིང་ནོར་འཕྲང་མེད་དོ། །གཉིས་པ་རུས་པ་ནི། མི་ཡི་དུར་ཐོད་ཆུ་སེར་སྐེམ། །ཞེས་དང༌། མི་རུས་བཙའ་མ་སོག་ཐལ་གྱིས། །ཚད་རྙིང་ལུས་ལ་ཞེན་པ་འགོག། །ཅེས་པ་དང༌། མི་ཡི་དཔྱི་རུས་ལྷོག་པ་གསོད། །འབྲུག་རུས་རུལ་གཅོད་རྨེན་པ་འདྲུབ། །སྟག་གི་རུས་པས་ལྷ་བ་འགུགས། །འགྲོན་བུས་ཁྲག་གཅོད་རྣག་ཆུ་སྐེམ། །ཐོག་གིས་བསད་པའི་རུས་པ་དང༌། །རྒྱུ་གཟེར་ཐོད་པས་རྒྱུ་གཟེར་འཇོམས། །ཕག་གི་རུས་པས་སྨུག་པོ་སེལ། །ལུག་གི་རུས་པས་རླུང་ནད་སེལ། །སེར་བ་རུས་ཀྱིས་ཆུ་འགགས་སེལ། །ཟེར་མོའི་རུས་པས་ཁྲག་ཤོར་གཅོད། །སྤྲེའུའི་རུས་པས་བུ་འབྱིན་བྱེད། །འབུ་སྐྱོགས་སྲིན་སེལ་དམུ་ཆུ་སྦྱོང༌། །བཤུལ་ཆགས་རུས་པས་ཆུ་སེར་སེལ། །ཞེས་པ་རྣམས་ཀྱང་ཡི་གེ་བཀླགས་པ་ཙམ་གྱིས་དོན་རྟོགས་སོ། །གསུམ་པ་ཤ་ནི། མི་ཤས་འབྲས་འདུལ་རླུང་དུག་གཉན་ནད་འཇོམས། །སྦྲུལ་ཤས་འདྲིལ་བཤིག་འགགས་འབྱིན་མིག་ལ་ཕན། །བྱ་རྒོད་ཤ་ཡིས་དྲོད་བསྐྱེད་ལྦ་བ་འཇིག །རྨ་བྱའི་ཤ་ཡིས་མཁྲིས་པ་དུག་ནད་འཇོམས། །ད་བྱིད་ཤ་ཡིས་མཁལ་རྐེད་གྲང་བ་སེལ། །སྲམ་གྱི་མཆིན་པས་ཆུ་འགགས་སེལ་བར་བྱེད། །འཕྱི་བའི་མཆིན་པས་རུས་པ་གས་པ་སྦྱོར། །ར་ཡི་མཆིན་པས་མིག་ལ་མཆོག་ཏུ་ཕན། །བློ་སྙིང་མཆིན་མཆེར་མཁལ་ཤས་རང་ནད་སེལ། །སྤྱང་ཀིའི་ཕོ་བས་དྲོད་བསྐྱེད་མ་ཞུ་འཇུ། །སྤྱང་ཀིའི་ལྕེ་ཡིས་ལྕེ་སྐྲངས་འཇོམས། །ཕག་པའི་ལྕེ་ཡིས་རུས་འཛེར་འགོག ཁྱི་ཡི་ལྕེ་ཡིས་རྨ་རྣམས་འདྲུབ། །བོང་བུའི་ལྕེ་ཡིས་འཁྲུ་བ་གཅོད། །ཐུག་འབྲས་རོ་ཙ་ཁྱི་རླིག་བུ་རོགས་འབྱིན། །ཝ་དང་ཁུག་རྟའི་གློ་བས་གློ་རྡོལ་གཅོད། །བྱ་ཝང་ཤ་ཡིས་སྐྱུག་པ་གཅོད་པར་བྱེད། །མཆིལ་པ་ནས་ཟན་རྩངས་པས་ཁུ་བ་བསྐྱེད། །ངུར་བའི་ཤ་ཡིས་ཉྭ་ལོག་སེལ་བར་བྱེད། །ཅེས་པ་ཡང་དངོས་བསྟན་གྱིས་ཤེས་སོ། །བཞི་པ་ཁྲག་ནི། ཤ་བའི་ཁྲག་གིས་སྲིན་སེལ་མངལ་ཁྲག་གཅོད། །ར་ཡི་ཁྲག་གིས་རེག་དུག་འབྲུམ་ནག་སེལ། །གཡག་རྒོད་ཁྲག་དང་བཙོད་ཁྲག་འཁྲུ་བ་གཅོད། །ཕག་ཁྲག་དུག་དང་སྨུག་པོ་བྱེར་བ་སྡུད། །བོང་ཁྲག་གྲུམ་བུ་ཚིགས་མིག་ཆུ་སེར་སེལ། །བྱ་ཡི་ཟེ་ཁྲག་ཤ་གསོ་ལྷ་བ་འཛིན། །མངལ་ཁྲག་རྩ་སྡོམ་ཤའུ་སྐྱེད་པར་བྱེད། །ཅེས་པ་དང༌། ལྔ་པ་མཁྲིས་པ་ནི། མཁྲིས་པའི་རིགས་རྣམས་ཐམས་ཅད་རྩ་ཁ་སྡོམ། །རུལ་གཅོད་ཤ་གསོ་དུག་སེལ་མིག་ལ་ཕན། །ཞེས་པ་དང༌། དྲུག་པ་ཚིལ་ནི། སྦྲུལ་གྱི་ཚིལ་བུས་མདེའུ་འབྱིན། །ཤ་ཚིལ་སྲིན་སེལ་དུག་ནད་སྲུང༌། །ཕག་ཚིལ་དུག་སྡུད་ཤུ་ཐོར་སེལ། །མི་ཚིལ་རླུང་འཇོམས་ཤུ་ཐོར་སེལ། །ཞེས་པ་དང༌། བདུན་པ་ཀླད་པ་ནི། ར་ཀླད་ཆུ་རྒྱུས་ཆད་པ་གསོ། །ལུག་ཀླད་མགོ་འཁོར་མཚོ་འཁྱོམས་གསོ། །རི་དྭགས་ཀླད་པས་འཁྲུ་བ་གཅོད། །རི་བོང་ཀླད་པས་རྒྱུ་གཟེར་སེལ། །མི་ཀླད་སྐྲངས་འཇོམས་ཆུ་སེར་འཇིབ། །ཅེས་པ་དང༌། བརྒྱད་པ་པགས་པ་ནི། སྦྲུལ་པགས་ཤ་བཀྲ་གླང་ཤུ་སེལ། །བསེ་ཀོ་གླང་ཀོས་འབྲུམ་ནག་སེལ། །བྱི་བའི་པགས་པས་རྣག་སྣ་འདྲེན། །ཞེས་པ་དང༌། དགུ་པ་སེན་མོ་སོགས་ནི།

ཆུ་སྲིན་སྡེར་མོས་རུས་ཚད་སེལ། །ཞེས་པ་ནི་ཆུ་སྲིན་གྱི་སྡེར་མོ་དངོས་མ་ཡིན་ཀྱང་ན་གི་ཞེས་པ་སྤོས་སྦྱར་བའི་སྨན་དེ་ཡིན་ནོ། །བོང་བུའི་རྨིག་པས་ཆུ་འགགས་སེལ། །རྟ་ཡི་རྨིག་པས་སྐྲན་ནད་སེལ། །རྟ་བོན་པ་ཡིས་ཉྭ་ལྷོག་འཇོམས། །ཞེས་དང༌། བཅུ་པ་སྤུ་ནི། རྨ་བྱའི་མདོངས་དུག་གློ་རྣག་སེལ། །སོ་བྱའི་སྒྲོ་ཡིས་ཆུ་འགགས་འབིགས། །འུག་པའི་སྒྲོ་ཡིས་དམུ་ཆུ་སེལ། །བྱ་མ་བྱེའི་སྒྲོས་མངལ་ནད་འབྱིན། །རྣ་བའི་སྤུ་ཡིས་དུག་ནད་སེལ། །ར་ཐུག་རྨོངས་སྤུས་ལྷོག་པ་འཇོམས། །ཞེས་པ་དང༌། བཅུ་གཅིག་པ་ཆུ་ནི། མི་ཆུས་གཉན་སྲིན་སེལ་རིམས་བསྲུང༌། །བ་ཆུས་ཆུ་སེར་ཚད་རྙིང་སྦྱོང༌། །ཞེས་པ་དང༌། བཅུ་གཉིས་པ་བྲུན་ནི། རྒོད་བྲུན་དྲོད་བསྐྱེད་སྐྲན་བཤིག་སྐྲངས་པ་འགུགས། །ཕག་བྲུན་མ་ཞུ་གཉན་རིམས་མཁྲིས་སྐྲན་སེལ། །མི་བྲུན་མཁྲིས་སྐྲན་དུག་སེལ་སྐྲངས་པ་འཇོམས། །རྟ་སྦངས་སྲིན་སེལ་མཁྲིས་རླུང་སྐྱུག་པ་གཅོད། །རི་བོང་བྲུན་གྱིས་དམུ་ཆུ་སྦྱོང་བར་བྱེད། །ཁྱི་སྦྱང་གོང་མོའི་བྲུན་གྱིས་སྐྲངས་པ་འཇོམས། །བྱེ་བྲུན་བྱི་བྲུན་གཉིས་ཀྱིས་རྣག་སྣ་འདྲེན། །ཕུག་རོན་བྲུན་གྱིས་སྐྲངས་པ་རྣག་ཏུ་འགུགས། །ཞེས་པ་རྣམས་ཀྱང་གོ་བདེའོ། །བཅུ་གསུམ་པ་ལུས་སྦུབས་རིལ་གྱི་སྨན་ནི། བྱང་པས་རྩ་ཡི་ནད་རྣམས་སྦྱོང་བར་བྱེད། །སྡིག་སྲིན་ཆུ་སྦུར་གཉིས་ཀྱིས་ཆུ་འགགས་སེལ། །བསེ་སྦུར་བྱིང་བྱིང་ཐུ་ལུས་གླང་ཐབས་འཇོམས། །སྦྲུ་མའི་འབུ་ཡིས་རྩ་ཁྲག་ཤོར་བ་སྡོམ། །ན་བུན་བུ་མོས་ཀླད་པ་འཛག་པ་གཅོད། །ཆུ་བྱེ་སྤ་བྱིའི་ཤ་ཡིས་ཤ་དུག་སེལ། །རྨིག་པས་སྲིན་ནད་དུག་ནད་སེལ་བར་བྱེད། །ཅེས་པ་དང༌། སྨན་རྟ་བུ་རམ་གྲང་རླུང་སེལ་བའི་རྟ། །ཀ་ར་ཁྲག་མཁྲིས་ཚ་བ་སེལ་བའི་རྟ། །སྦྲང་རྩི་ཆུ་སེར་བད་ཀན་སེལ་བའི་རྟ། །དེ་དག་སོ་སོའི་སྨན་གྱི་ནུས་པ་སྟེ། །དྲང་སྲོང་རྣམས་ཀྱིས་འདི་ལ་གཅེས་པར་ཟུངས། །ཞེས་པ་རྣམས་ནི་གཞུང་བལྟས་པ་ཙམ་གྱིས་གོ་བའི་ཚིག་འབའ་ཞིག་ཡིན་པས་རྒྱས་པར་མ་སྤྲོས་སོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་སྨན་གྱི་ནུས་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་བའོ་ཞེས་པའི་དོན་ཏོ།། །།

 

མཐའ་མའི་འདོན་ཐེངས་།: 22.08.2011 ཉིན། 12:25 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།