སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཉི་ཤུ་པ། ཚ་བ་རྙོགས་པ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་ཉི་ཤུ་པ། ཚ་བ་རྙོགས་པ་བཅོས་པ།



ལེའུ་ཉི་ཤུ་པ། ཚ་བ་རྙོགས་པ་བཅོས་པ། 

དེ་ནས་དྲང་སྲོང་རིག་པའི་ཡེ་ཤེས་ལ། །དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཞུས། །ཚ་བ་རྙོགས་པའི་རྒྱུ་རྐྱེན་ངོ་བོ་གང༌། །རྙོགས་པའི་ཚ་བ་མིང་དུ་ཅི་ཕྱིར་བཏགས། །དབྱེ་བ་རྟགས་དང་བཅོས་ཐབས་བཤད་དུ་གསོལ། །དེ་སྐད་ཞུས་པའི་དོན་ལ་ལན་གསུངས་པ།།

ཚ་བ་རྙོགས་པའི་རྒྱུ་ནི་ཆུ་སེར་ཡིན། །རྐྱེན་ནི་རང་བཞིན་རྙོགས་དང་རྐྱེན་གྱིས་རྙོགས། །རང་བཞིན་ཆུ་སེར་ཤས་ཆེའི་ཚ་བ་རྣམས། །བཅོས་རྗེས་ནད་གཞིའི་ཐོག་ཏུ་ལྷུང་བ་ཡིན། །རྐྱེན་གྱིས་རྙོགས་པ་བཅོས་སྔས་ཁ་ཐལ་གཉིས། །བཅོས་སྔས་མ་སྨིན་ཚ་བའི་རིགས་གང་ཡང༌། །སྨན་དཔྱད་ཟས་སྤྱོད་གཉེན་པོ་བསྟེན་སྔས་པས། །བད་ཀན་སྐྱེས་ཏེ་ཕོ་བའི་མེ་དྲོད་ཤོར། །རླུང་ནད་སྐྱེས་པས་ཚ་བ་རྩ་མིག་བྱེར། །རླུང་གིས་ཁྲག་གཡོས་ཆུ་སེར་སྐྱེད་པ་ཡིན། །ཁ་ཐལ་བ་ནི་བད་ཀན་རི་ཐང་མཚམས། །བསིལ་དྲགས་ཕོ་བའི་མེ་ཤི་གྲང་ཆུར་འགྱུར།།

ངོ་བོ་རླུང་ཁྲག་ཆུ་སེར་འདུས་པའི་ནད། །ཆུ་མིག་རྙོགས་སམ་བྱེ་ཆབ་གཡོས་པ་བཞིན།།
བཅོས་ཉེས་རྙོགས་ཕྱིར་རྙོགས་ཚད་མིང་དུ་བཏགས། །འཇུག་སྒོ་དྲུག་ཞུགས་ལུས་ཀུན་ཁྱབ་པར་བྱེད།།

དེ་ལ་དབྱེ་བ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་ཚ་བས་རྙོགས་དང་གྲང་རྙོགས་གཉིས། །རྒྱུ་རྐྱེན་དག་གིས་ནད་སྟོབས་ཆེ་ཆུང་ཡིན། །བྱེ་བྲག་ལྤགས་ལ་གྲམ་དང་ཤ་ལ་རྒྱས། །རྩ་རུ་འགྲིམས་དང་རུས་ལ་ཞེན་པ་དང༌། །དོན་ལ་བབས་དངསྣོད་དུ་ལྷུང་བ་དྲུག།

རྟགས་ལ་སྤྱི་དང་བྱེ་བྲག་རྣམ་པ་གཉིས། །སྤྱི་རྟགས་ཚ་རྙོགས་ཆུ་དམར་རྒྱ་བཤལ་འདྲ། །རྩ་རྒྱུད་ཕྲ་ལ་མགྱོགས་ཤིང་གཏིང་ན་རྒྱུག །གདོང་པ་སེར་སྦོས་ལྕེ་རྙིལ་སེན་བཀྲག་འཆོར། །འགུལ་ན་རྔམ་པ་རྒོད་ལ་གློ་སྙིང་འཕར། །ཤེད་ཆུང་རྔུལ་ཁ་སྙི་ལ་ཁ་ལྕེ་སྐམ། །གཉིད་ཆེ་གློ་མང་མིག་ལྕིབས་རྐང་བོལ་གཡོ། །ལུས་པོ་བརྩེ་ཞིང་རོ་སྟོད་གཟེར་ཕྲན་འོང༌། །ནད་སྟོབས་ཆེ་ན་དོན་ལ་རྣག་ཆུ་གསོག །ཁྱད་པར་རྔུལ་བརྩེ་སྣ་ཁྲག་གཡོ་བ་ཡིན། །གྲང་རྙོགས་རྩ་རྒྱུད་ཕྲ་ཞིང་སྟོང་ལ་མགྱོགས། །ཆུ་མདོག་དམར་སེར་རྙོག་ཅིང་གདོང་པ་སྦོ། །བྲང་དང་གསུས་པ་ངར་གདོང་རྐང་བོལ་གཡོ། །ལྕེ་དང་རྙིལ་སྐྱ་ལུས་རྔུལ་རྔམ་པ་རྒོད། །ཕོ་བ་རྫིང་ལ་ཁ་ཟས་འཇུ་སྟོབས་ཆུང༌། །ནད་སྟོབས་ཆེ་ན་ཚ་ཆུར་འགྱུར་བ་ཡིན། །བྱེ་བྲག་ལྤགས་གྲམ་སྐྲ་དང་བ་སྤུ་འབྱི། །ཟ་འཕྲུག་ཆུ་རྐང་མེ་དབལ་ཤུ་ཐོར་ཡོང༌། །ཤ་རྒྱས་ཁོལ་བུར་ན་ཞིང་འབར་འབུར་སྐྲངས། །དམར་སྲབ་བརྟོལ་ན་རྣག་ཁྲག་ཆུ་སེར་འཛག །རྩར་འགྲིམས་རྩ་རྒྱས་ནག་པོར་གསལ་བ་དང༌། །རྩ་འཁྱུག་རྩ་སྟེང་སྐྲངས་ཤིང་ཡན་ལག་སྦྲིད། །རུས་ཞེན་ཤ་སྐམ་སྔོ་ལ་ཁོལ་བུར་ན། །གདོང་སྐྲངས་ཚིགས་ཁ་གཡོ་ཞིང་སྒྱིད་པ་འཁུམས། །སོ་དང་སེན་མོའི་བཀྲག་འཆོར་སྐྱ་གླེག་འགྲོ། །གློར་བབས་དབུགས་ཐུང་སྐད་འཛེར་བྲང་རྒྱབ་གཟེར། །མིག་མཆུ་བོལ་སྐྲངས་དབུགས་རྒོད་རྣག་ཁྲག་ལུ། །སྙིང་བབས་འཐིབས་མྱོས་དྲན་ཉམས་གྲང་མོ་འདོད། །མཆིན་བབས་མིག་སེར་ལུས་ལྕི་དང་ག་འགག །ལྕེ་བཀྲ་རྙིལ་དཀར་ལུས་སྤྱི་སེར་པོར་འགྲོ། །མཆེར་བབས་གཡོན་གཟེར་མཆུ་སྐྲངས་སྦྲིད་པ་མང༌། །མཁལ་བབས་རྐེད་པ་ན་ཞིང་རོ་སྨད་ལྕི། །སྣོད་དུ་ལྷུང་ན་དང་ག་འགགས་པ་དང༌། །འཁྲུ་སྐྱུག་དྲི་མ་འགག་གམ་འཚིང་ཞིང་འགྱུང་།།

གསོ་བའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་བཅོས་པའི་ཚུལ་དང་གཉེན་པོ་གཉིས། །བཅོས་ཚུལ་དང་པོ་རླན་ཆེན་བྱེ་མ་སྐམ། །བར་དུ་ཆུ་བོ་རྐ་རུ་དྲང་བ་དང༌། །ཐ་མ་དགྲ་བོ་གཉེན་དུ་བཟླུམས་པས་བཅོས། །གཉེན་པོ་སྨན་དཔྱད་ཟས་དང་སྤྱོད་ལམ་བཞི། །དང་པོ་ཚ་རྙོགས་ཆུ་སེར་སྐེམ་པའི་སྨན། །སྡུད་ཐང་གསུམ་གྱིས་བྱེར་བ་བསྡུས་བྱས་ནས། །ཉི་ཤུ་རྩ་ལྔ་རུས་ཐང་འཕུལ་བཏང་བས། །ཚ་བ་འདུས་ཤིང་རླུང་ཁ་སྙོམས་པར་བྱེད། །དེ་ནས་ཙན་དན་དཀར་དམར་འབྲས་བུ་གསུམ། །བྲག་ཞུན་སྤོས་དཀར་སོ་མ་ར་ཛ་དང༌། །བསིལ་གསུམ་པི་པི་ལིང་དང་ཀ་ར་སྦྱར། །སེང་ལྡེང་ཁུ་བས་འཕུལ་བས་ཆུ་སེར་སྐེམ། །དེ་རྗེས་གང་རྒྱས་རྩ་ཁ་མང་དུ་དབྱེ། །འབྲས་བུ་གསུམ་གྱི་རྒྱུན་སྦྱོངས་དག་པར་སྦྱང༌། །གྲང་རྙོགས་དང་པོ་སེ་འབྲུ་ལྔ་པའམ།  །ཅུ་གང་བདེ་བྱེད་ཆུང་ངུས་ཕོ་བ་བཟུང༌། །དེ་རྗེས་ཐང་གིས་བསྡུས་ལ་རྒྱུན་སྦྱོངས་བྱ། །བཟང་དྲུག་ཆུ་སེར་སྨན་གསུམ་འབྲས་བུ་གསུམ། །ཤ་རུ་དུར་ཐོད་འགྲོན་བུ་ཚྭ་གསུམ་ཐལ། །སེ་འབྲུ་ལྔ་དང་ལྟག་སྤྲོད་ཆུ་སེར་སྐེམ། །ནད་སྟོབས་ཆེ་ན་དམུ་ཆུའི་སྦྱོངས་སྐེམས་བྱ། །ཐ་མར་ཆུ་སེར་ཚད་ལྷག་ཟུངས་སུ་སྒྱུར། །དེ་ཡི་སྦྱོར་བ་སྦྲང་ཆང་རྐྱང་ཁུག་གམ། །གཟེ་མ་སྲོ་ལོ་འབྲས་བུ་གསུམ་གྱི་ཆང༌། །ཆུ་སེར་རླུང་མཁྲིས་བད་ཀན་གཞི་དང་བསྟུན། །འབའ་སམ་སྨན་མར་སྦྲང་དང་སྦྱར་ལ་བསྟེན། །དེ་ཡིས་ཆུ་སེར་ཁྲག་ངན་ཟུངས་ཁྲག་ཏུ། །དངུལ་ལ་གསེར་འགྱུར་རྩི་བཞིན་སྒྱུར་བར་བྱེད། །ཟས་དང་སྤྱོད་ལམ་རྙིངས་ཚད་ཇི་བཞིན་ནོ། །བྱེ་བྲག་ཤ་ལྤགས་གཉིས་ལ་བབས་པ་ལ། །མཆིན་མཆེར་རྩ་གཏར་འབྲས་བུའི་རྒྱུན་སྦྱོངས་བྱ། །ཆུ་ལྕག་བརྡེག་ཅིང་ཉི་ཤུ་རྩ་ལྔ་སྦྱར། །བ་སྤུའི་སྐྱི་ཁྲུས་རྔུལ་འདོན་མཆོག་ཏུ་བསྔགས། །ཙན་དན་ཆུ་སེར་སྨན་གཉིས་བ་ཆུ་བྱུག །རྩར་བབས་ཕྱི་རྩ་གཏར་ལ་ནང་རྩ་སྦྱང༌། །ཙན་དན་(དཀར་དམར་ག་དུར་དོམ་མཁྲིས་སོ་མ་ར་ཛ་ཅུ་གང་ལི་ཤི་ཨུཏྤལ་མཚལ་ཧོང་ལེན་ཀ་ར་)བཅུ་པས་རྩ་ཡི་ཚ་བ་སྐེམ། །རུས་ཞེན་མི་རུས་བདུད་རྩིའི་རླངས་ལུམས་བྱ། །རྒྱུན་སྦྱོངས་སྐྱི་ཁྲུས་མཁལ་རྩ་གཏར་བ་དང༌། །ཤིང་སྣ་བརྒྱད་པས་རུས་པའི་ཚད་པ་སྐེམ། །གློར་བབས་ཙན་དན་གི་ཝཾ་ཨ་ག་རུ། །ཅུ་གང་གུར་ཀུམ་ཤིང་མངར་རྒུན་འབྲུམ་དང༌། །སྲོ་ལོ་སྤང་རྒྱན་འབུ་སུ་ཀ་ར་སྦྱར། །རྣག་མང་སྟར་བུ་པཉྫས་གྱེན་དུ་དྲངས། །རྗེས་ལ་ཉི་ཤུ་རྩ་ལྔས་རྣག་ཚད་སྐེམ། །ཚ་བ་ཆོམས་ནས་དམར་གསུམ་(བསིལ་གསུམ་འདམ་བུ་ཤིང་མངར་ཀ་ར་སྦྲང་མར་གསར་གྱི་)ལྡེ་གུ་སྦྱར། །སྙིང་བབས་ཨ་ག་རུ་དང་ཙན་དན་དཀར། །ཛཱ་ཏི་ཅུ་གང་གུར་ཀུམ་ལི་ཤི་དང༌། །ཞོ་ཤ་སྐྱུ་རུ་ར་དང་ཀ་ར་སྦྱར། །དེ་རྗེས་གཏར་ལ་ཞོ་ཤ་(ཙན་དན་གཉིས་ཨ་རུ་ར་གུར་ཀུམ་སྤོས་དཀར་ཀ་རའི་)སྨན་མར་སྦྱར། །དཀར་ནག་མཚམས་དང་དྲུག་པས་ནད་རྗེས་བཅད། །མཆིན་བབས་བྲག་ཞུན་གུར་གུམ་བདུན་པ་སྦྱར། །རུ་ཐུང་སྣོད་ཀ་གཏར་ཞིང་འཇམ་ཁྲུས་བྱ། །མཆེར་བབས་གུར་ཀུམ་སེ་འབྲུ་ལྟག་པ་སྤྲད། །རྗེས་ལ་ཕོ་གསང་ཚིགས་པ་བཅུ་གཅིག་བསྲེག །མཁལ་བབས་གུར་ཀུམ་(ཏིག་ཏ་སྐྱུ་རུ་འཇམ་འབྲས་གླ་རྩི་ཤུག་ཚེར་ཙན་དན་ཀ་ར་)བདུན་དང་བྲག་ཞུན་(ཏིག་ཏ་གླ་རྩི་སྤོས་དཀར་སོ་མ་ར་གུར་ཀུམ་ཤུག་ཚེར་སྤང་རྩི་ཀ་ར་)བརྒྱད། །རྗེས་ལ་གཏར་ལ་རྩ་ནག་བཅུ་བཞི་བསྲེག །སྦྲང་ཆང་རྐྱང་ཁུག་བཤུལ་ཤས་མཁལ་ཟུངས་གསོ། །སྣོད་ལྷུང་བཤལ་བྱ་ཅུ་གང་བདེ་བྱེད་སྦྱར། །ཚ་བ་ཆེ་ན་གུར་ཀུམ་གསེར་མེ་ཏོག །དོམ་མཁྲིས་ཏིག་ཏ་བྲག་ཞུན་ཨ་རུ་ར། །གླ་སྒང་ཀ་ར་སྦྱར་བས་སྣོད་ཚད་སེལ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཚ་བ་རྙོགས་པ་བཅོས་པའི་ལེའུ་སྟེ་ཉི་ཤུ་པའོ།། །།


 

མཐའ་མའི་འདོན་ཐེངས་།: 21.12.2022 ཉིན། 10:52 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།