སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ང་ལྔ་པ། གཅིན་སྙི་བའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་ང་ལྔ་པ། གཅིན་སྙི་བའི་ནད་གསོ་བ།



ལེའུ་ང་ལྔ་པ།  གཅིན་སྙི་བའི་ནད་གསོ་བ། 

ཆུ་འགགས་གསོ་བའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། གཅིན་སྙིའི་ནད་ལ་རྒྱུ་རྐྱེན་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་པའི་ཐབས་དང་རྣམ་པ་བཞིའི་སྒོ་ནས་བསྟན་ཏེ།

རྒྱུ་རྐྱེན་གཞི་མཐུན་ལན་ཚྭ་མངར་བསིལ་ལྕི་བའི་ཟས་དང༌། རླན་ཅན་ཏེ་རླན་ཆེ་སར་མལ་ས་བཅས་ནས་འདུག་དྲགས་པ་སོགས་ཀྱིས་བད་ཀན་ཚིལ་འཕེལ་བ། ཟུངས་སུ་མ་འགྱུར་བར་གཅིན་དུ་ལྒང་པར་བགས་ཀྱིས་གཟགས་པས་གཅིན་འཕེལ་ཏེ་ཟ་ཁུ་སྐྱེད་པར་བྱེད་དོ། །

མདོར་བསྡུས་ཀྱི་དབྱེ་བ་བད་ཀན་མཁྲིས་པ་རླུང་དང་རྣམ་པ་གསུམ་ཡིན་པ་ལས་ནང་གསེས་བད་ཀན་རང་ལ་ཡང་ཟ་ཁུ་མདོག་བད་ཀན་འདྲ་ལ་སྟེང་དང་འོག་དྲི་མ་མེད་པའི་ཆུ་འདྲ་བ་དང་བསྐ་བས་ཆང་འདྲ༌། རྙོག་ཅན་གཅིན་བག་ཅན་སྨུག་པོ་བུར་ཤིང་གི་ཁུ་བ་དང་འདྲ། ཞག་ལོན་ནས་གར་པོ་སྟེ་སྐ་བར་འགྱུར་ཞིང་སྤུ་རྩེ་ཅན་དང༌། དཀར་བ་འབྲས་ཕྱེ་དང་འདྲ་བ། ཁུ་ཆུ་འདྲ་བ། དྲི་མ་ཅན་བྱེ་རྩིག་འདྲ་བ་བྱེ་མ་དང་གཅིན་མང་རེག་བྱ་གྲང་རོ་མངར་བ་བསིལ་གྱི་ཟ་ཁུ་དང༌། ཉུང་ཟད་དལ་བུས་འབྱུང་བ་བགས་འབྱུང་གི་ཟ་ཁུ། ནལ་ནལ་སྤྱིན་བག་ཅན་ཁ་ཆུ་འདྲ་བ་སྟེ་བཅུ་རུ་བཤད་དོ། །མཁྲིས་པའི་ཟ་ཁུ་དྲི་རོ་ཁ་དོག་ནས་ཚིག་ཁུ་བ་འདྲ་བ་ནས་ཚིག་དང༌། ནག་པ་སྣག་ཚ་འདྲ་བ་དང༌། ཁ་དོག་སྔོ་བ་སྔོན་པོ། ཚ་ཞིང་སེར་བ་སྐྱེར་ཁུ། མནམ་ཞིང་དམར་བ་བཙོད་ཁུ། དྲི་ང་ཚ་ཞིང་ལན་ཚྭར་བཅས་ཁྲག་འདྲ་བ་ཁྲག་གི་ཟ་ཁུ་སྟེ་དྲུག རླུང་གྱུར་རླུང་གི་ཟ་ཁུ་ལ་རྐང་མར་དང་འདྲེས་པ་རྐང་གི་ཟ་ཁུ། ཞག་མདངས་འདྲེས་པ་ཞག་གི་ཟ་ཁུ། ཆུ་སེར་རྙོག་རྙོག་བཅས་གླང་ཆེན་གྱི་ཆུ་ལྟར་རྒྱུན་དུ་ནར་མར་འབྱུང་བ་གླང་ཆེན་ཟ་ཁུ། སེར་སྨུག་ཀུན་ཏུ་འདྲེས་པ་རོ་མངར་སྦྲང་རྩི་འདྲ་བ་བཞི་སྟེ་ཟ་ཁུ་དྲིལ་བས་ཉི་ཤུ་ཐམ་པ་གཅིན་སྙིའི་ནད་རིགས་ཡིན་ཞིང༌།

དེ་རྟགས་རྣམས་ངོས་འཛིན་པའི་མངོན་ཚུལ་དང་རྟགས་གཉིས་ལས། དང་པོ་མངོན་ཚུལ་ནི་མལ་སྟན་ཏེ་མལ་ས་བཅས་ནས་གཉིད་ཉལ་བ་ལ་རྩི་ཞིང༌། ལུས་རྔུལ་མང་ལ་དྲི་མནམ་པ་སྐྲ་དང་སེན་མོ་རིང་ཞིང་ཁ་མངར་གྲེ་བ་རྐན་བཅས་སྐམ་ཞིང་བསིལ་ཟས་ལ་རྩི་བ་དང༌། རྐང་ལག་གི་མཐིལ་བཞི་ཚ་ཞིང་གཅིན་མདོག་རྙོག་ཅན་འབྱུང་བ་དང༌། གཅིན་བཏང་རྗེས་ཀྱི་ཤུལ་ལ་སྦྲང་མའི་ཚོགས་ཀུན་འདུ་བས་མངོན་ཚུལ་དེ་ལྟར་དུ་མི་གསལ་ན་མདོག་ལ་ངེས་པ་མ་ཡིན་ཏེ། ནད་གཞན་ལའང་ཆུ་མདོག་དེ་ལྟར་དུ་འབྱུང་བས་མངོན་ཚུལ་དེ་རྣམས་བརྟག་པ་གཅེས་ཤིང༌།

དེ་ལྟར་བྱུང་རྗེས་སུ་བརྟག་པ་ནི་བད་ཀན་ལས་གྱུར་པ་ཁ་ཟས་མི་འཇུ་ཞིང་དང་ག་འགགས་པ་དང་གཉིད་ཆེ་ལ་ལུད་པ་མང་ཞིང་སྐྱུག་པར་བྱེད། མཁྲིས་པ་ལས་གྱུར་པ་ཕོ་མཚན་དང་ལྒང་པར་ཟུག་བྱེད་ཅིང་ན་བ་དང་ཁ་སྐམ་ལུས་དྲོད་ཚ་ལ་འཁྲུ་ཞིང་རིམས་ཀྱིས་འདེབས། རླུང་ལས་གྱུར་པ་སྙིང་འཕར་ཞིང་གཉིད་ཆུང་ལ་དབུགས་མི་བདེ་བ་དང་འདར་ལ་གཟེར་བ་ཟས་ལ་རྔམ་ཞིང་ལུད་པ་མང་བ་འབྱུང༌། དེ་ཡང་གཅིན་སྙིའི་ནད་རིགས་ཉི་ཤུ་པོ་དེ་ཀུན་ཀྱང་གསར་དུས་གསོ་བ་ལ་མ་བསྒྲིམས་པར་ཡལ་བར་བོར་ན་ཐོར་པ་བཅུ་འབྱུང་སྟེ། དེ་ཡང་བརྒྱད་པ་ལས། ཁམ་ཕོར་རུས་སྦལ་དྲ་བ་ཅན། །སྒུར་པོ་མེ་དབལ་ཕྲ་མོ་དང༌། །སྲན་ཆུང་འདྲ་དང་ཡུངས་ཀར་འདྲ། །ལྦུ་བཅས་འབྱུང་དང་བི་ད་རི། །ཁོང་འབྲས་ཞེས་བྱའི་འབྲས་འབྲུམ་བཅུ། །གཅིན་ནད་མ་བཅོས་པ་ལས་འབྱུང༌། །ཞེས་པའི་མཐའ་མཐོ་དབུས་དམའ་མདོག་ནག་པ་ནི་ཁམ་ཕོར་འདྲ་བ་སྟེ་ཁམ་སའི་ཕོར་པ་ཞེས་རྫ་ཕོར་འདྲ་བ། ནང་དུ་ཟུག་ལ་འཇམ་ཞིང་རུས་སྦལ་གྱི་རྒྱབ་འདྲ་བ། ནང་དུ་ཟུག་ཅིང་རྣག་ཐོར་ཆེ་བ་དབྱིབས་སྒུར་བས་སྒུར་པོ། སྲ་ཞིང་རྩའི་དྲ་བས་ཁེབས་པས་དྲ་བ་ཅན། དམར་ཚ་གས་པ་མེ་དབལ་འདྲ་བ། སྨིན་དཀའ་སྲན་ཆུང་འདྲ་བས་སྲན་ཆུང༌། མྱུར་སྨིན་རྣག་ཚབས་ཆེ་ལ་ཡུངས་ཀར་འདྲ་བས་ཡུངས་ཀར། བི་ད་རི་ནི་མཁས་མཆོག་དཔའ་བོས། ཟླུམ་བུ་བི་ད་རི་ལྟར་ཟླུམ། །སྲ་ཞིང་བི་ད་རི་ཞེས་བྱ། །ཞེས་དང༌། ཟླ་ཟེར་དུ། བི་ད་རི་ཞེས་བྱ་བའི་འབྲས་ནད་ནི། ཟླུམ་བུ་བི་ད་རི་ཞེས་བྱ་བའི་དབྱིབས་ལྟར་ཟླུམ་པོར་གནས་ལ་རྡོ་ལྟར་ཤིན་ཏུ་སྲ་བ་ཡིན་ནོ་ཞེས་སོགས་གསུངས་པས་དཔེ་དེ་ཟླུམ་བག་གི་རིགས་ཤིག་ཡིན་ལ་མཁས་པ་སྔོན་མ་རྣམས་རྒྱ་ཤུག་གི་སྐད་དོད་ཡིན་པས་རྒྱ་ཤུག་གཙང་འགྲམ་དུ་སྐྱེ་བའི་ཤུག་པའི་ཐ་གུ་ཁྲོ་ཞལ་ལྟ་བུ་དེའི་འབྲས་བུར་ངོས་བཟུང་མཛད་པ་རྒྱ་ཤུག་གི་སྐད་དོད་དངོས་བི་ད་རི་མིན་པས་བརྒྱད་པ་རྩ་འགྲེལ་རྣམས་ཀྱི་དགོངས་པ་རྒྱ་ཤུག་རང་མིན་པའི་ཟླུམ་ཕག་གི་རིགས་ཤིག་སྣང་ཞིང༌། ཛོ་ཀི་རྣམས་ཀྱིས་སྤྲུ་ནག་གི་རྩ་བ་འདྲ་བ་ཞིག་ཁྱེར་འོང་ཡང་ལྗོངས་འདིར་གོང་དུ་སྦྱོར་སྡེའི་གྲངས་སུའང་བི་ད་རི་བཤད་པས་ནུས་པའི་དབང་དང༌། མཁས་དབང་གོང་མ་རྣམས་འདི་སྐབས་རྒྱ་ཤུག་གི་ཐ་གུར་མཛད་པ་འགལ་རྒྱུ་མི་འདུག་པས་དེ་ལྟ་བུའམ་དོན་ཤིན་ཏུ་མཁྲེགས་པ་ཟླུམ་པོ་ཞིག་དང༌། འབྲུམ་བུ་གཅིག་ལ་མང་པོས་བསྐོར་ནས་ལྦུ་བ་འདྲ་བ་ལྦུ་བཅས། སྐྲངས་ཤིང་རྣགས་པས་ཁོང་འབྲས་འདྲ་བས་ཁོང་འབྲས་ཞེས་བྱ་བ་བཅུ་གནད་སྟེང་འབྱུང་ཞེས་བྱ་བ་ལ། སྙིང་པོ་བསྡུས་པར། ཚིགས་དང་གནད་དང་ཤ་ཆེ་བའི། །སྲོག་གི་གནས་སུ་འབྱུང་བར་འགྱུར། །ཞེས་འབྱུང་ལ། འབྲུ་གཉེར་ལུགས་འདི་དག་ཀྱང་དེའི་དགོངས་པའོ། །

དེ་རྣམས་བཅོས་པའི་ཐབས་སྤྱི་བྱེ་བྲག་གཉིས་ཀྱི་དང་པོ་ཟ་ཁུ་ལ་བད་ཀན་དང་ཚིལ་གཉིས་གཙོ་བོར་བཅོས་དགོས་ཏེ་འབྲུ་རྙིང་དང་སྐམ་སའི་ཤ་ལ་སོགས་པའི་ཡང་ཞིང་རྩུབ་པའི་ཟས་སྐོམ་དང་སྤྱོད་ལམ་བསྟེན་ཅིང༌། བ་གཅིན་དང་ལྕི་བའི་དཀྱིལ་དུ་སྦངས་པ་ལས་བྱུང་བའི་ཁ་ཟས་ཟ་སྟེ། སྙིང་པོ་བསྡུས་པར། ལྕི་བ་རྟ་རྒྱུག་ལས་བྱུང་ངམ། །འོ་མ་ལས་ཀྱང་སྐྱེས་པ་དག །ཁུར་བ་ཟན་དྲོན་ཆག་ཚེ་སོགས། །ནས་ལ་བྱས་པའི་ཟན་ཀྱང་ཕན། །ཞེས་སོ། །ངལ་དུབ་ཀྱི་རིགས་ལས་དང་འགྲོ་འདུག་མང་དུ་སྤྱད་ཅིང་མཚན་མོ་གཉིད་མི་ལོག་སྟེ། ཡན་ལག་བརྒྱད་པར། ལམ་དུ་གདུགས་དང་ལྷམ་དག་ནི། མེད་པར་དྲང་སྲོང་ཚུལ་དུ་ནི། །དཔག་ཚད་བརྒྱ་ཡི་བར་དུ་འགྲོ། །ཆུ་ཡི་གནས་ནི་བརྐོ་བའམ། །བ་གཅིན་ལྕི་བ་བསྟེན་པ་དང༌། །བ་ལང་དང་ནི་ལྷན་ཅིག་འཁྱམས། །ཞེས་འབྱུང་བ་ལྟར་དང༌། ཡང་ཞིང་རྩུབ་པའི་སྨན་སྲན་མ། སྐྱི་འབྲུ་གོང་བཤད་རྒྱ་ཤུག་སོགས་ཀྱིས་དྲིལ་ཕྱིས་བྱ་ཞིང༌། ཡུང་བ། སྐྱེར་པ། སྐྱུ་རུ་ར། གཟེ་མ་བཅས་པའི་བསྡུས་ཐང་བཏང་ལ་འབྲས་བུ་ཨ་བར་སྐྱུར་གསུམ་ཆང་གི་དཀྱིལ་དུ་སྦངས་ནས་སྐམས་པ་དེའི་ཕྱེ་མ་སྦྲང་དང་སྦྱར་བ་ཟ།

བད་ཀན་ལས་གྱུར་པའི་ཟ་ཁུར་ཕྱི་རྒྱུད་ལྟར་སྐྱུགས་བྱས་པའི་རྗེས་ལ་སེང་ཕྲོམ་སྟེ་ཞུ་མཁན། གླ་སྒང༌། ཨ་རུ་ར་གསུམ་གྱི་ཐང་དང༌། ཡང་ན་གནྡྷ་པ་ཏྲ་སྟེ་སྐབས་འདིར་གུ་ཡུར་བཞེད་པའང་ནུས་པ་རིགས་མཐུན་ཙམ་ཡིན་ལ་ངོ་བོ་ནི་རྐྱང་སེལ་དུ་བཤད་པའི་སྔོ་སྨན་དེ་དང༌། བྱི་ཚེར། བྱི་ཏང་ག་གསུམ་གྱི་ཐང༌། ཡང་ན་སེང་ལྡེང༌། སྐྱེར་པ། བྱི་ཏང་ག་གསུམ་གྱི་ཐང་སོགས་ཀྱི་ཁྲོད་ནས་གང་རུང་ཅིག་སྦྲང་རྩི་དང་སྦྱར་ལ་བཏང་བར་བྱ། མཁྲིས་པའི་ཟ་ཁུ་ལ་ཕྱི་རྒྱུད་ཀྱི་དེད་དཔོན་བཞི་སྦྱོར་སྟེང་མཁྲིས་སྨན་བསྣན་པའི་སྦྱོང་བཏང་རྗེས་སྐམ་པའི་ཤ་ཁུས་བརྡ་ཟེར་བ་དེད་ཅིང༌། སྐྱེར་པ་དང༌། སྐྱུ་རུ་ར་སྦྲང་དང་སྦྱར་བ་བསྐོལ་ཁུའམ་སླེ་ཏྲེས་དང་སྐྱུ་རུ་ར་སྦྲང་དང་སྦྱར་ལ་བསྐོལ་ཁུ་བཏང༌། དུག་མོ་ཉུང་དང༌། སྐྱེར་པ། ཙི་ཏྲ་ཀ་འབྲས་བུ་ཨ་བར་སྐྱུར་གསུམ་རྣམས་ཀྱི་བསྐོལ་ཁུ་སྦྲང་དང་སྦྱར་བ་བླུད་པར་བྱ། རླུང་ལས་གྱུར་པར་འབྲས་བུ་ཨ་བར་སྐྱུར་གསུམ་དང༌། ཐང་མ་སྒྲོན་ཤིང་དང༌། སྐྱེར་པ་གླ་སྒང་རྣམས་མར་དང་སྦྱར་ལ་བཏང་ཞིང༌། ལུས་ཟུངས་དང་འདྲེས་པའི་ཕྱིར་ཤིན་ཏུ་གསོ་བ་དཀའ་བ་ཡིན་པས་བླ་གཉན་ཐོར་པར་ར་ཐུག་པོའི་གཅིན་བླུད་ལ་རྨ་སྤྱི་ལྟར་གསོའོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་ཐོར་བུའི་ནད་ཀྱི་ནང་ཚན་གཅིན་སྙི་བའི་ནད་གསོ་བའི་ལེའུ་སྟེ་ལྔ་བཅུ་རྩ་ལྔ་པའོ།། །།

 

མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 3:15 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།