སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ང་ལྔ་པ། གཅིན་སྙི་བའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་ང་ལྔ་པ། གཅིན་སྙི་བའི་ནད་གསོ་བ།



ལེའུ་ང་ལྔ་པ། གཅིན་སྙི་བའི་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག གཅིན་སྙིའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

རྒྱུ་རྐྱེན་ལན་ཚྭ་མངར་བསིལ་ལྕི་བའི་ཟས། །རླན་ཅན་མལ་འདུག་བད་ཀན་ཚིལ་འཕེལ་བ། །ལྒང་པར་ཟགས་པས་ཟ་ཁུ་སྐྱེད་པར་བྱེད།།

དབྱེ་བ་བད་མཁྲིས་རླུང་དང་རྣམ་པ་གསུམ། །བད་ཀན་ཟ་ཁུ་ཆུ་ཆང་བུར་ཤིང་དང༌། །གར་པོ་འབྲས་ཕྱེ་ཁུ་ཆུ་བྱེ་མ་དང༌། །བསིལ་དང་བག་འབྱུང་ཁ་ཆུ་བཅུ་རུ་བཤད། །མཁྲིས་པའི་ཟ་ཁུ་ནས་ཚིག་སྣག་ཚ་དང༌། །སྔོན་པོ་སྐྱེར་ཁུ་བཙོད་ཁུ་ཁྲག་འདྲ་དྲུག །རླུང་གྱུར་རྐང་ཞག་གླང་ཆེན་སྦྲང་འདྲ་བཞི། །ཟ་ཁུ་ཉི་ཤུ་གཅིན་སྙིའི་ནད་རིགས་ཡིན།།

དེ་རྟགས་མངོན་ཚུལ་མལ་སྟན་གཉིད་ལ་རྩི། །རྔུལ་མང་དྲི་མནམ་སྐྲ་དང་སེན་མོ་རིང༌། །ཁ་མངར་གྲེ་བ་རྐན་སྐམས་བསིལ་ལ་རྩི༌།  མཐིལ་བཞི་ཚ་ཞིང་གཅིན་མདོག་རྙོག་ཅན་འབྱུང༌། །གཅིན་གྱི་ཤུལ་ལ་སྦྲང་མའི་ཚོགས་ཀུན་འདུ། །མངོན་ཚུལ་མི་གསལ་མདོག་ལ་ངེས་མ་ཡིན། །བད་གྱུར་ཁ་ཟས་མི་འཇུ་དང་ག་འགགས༌།  གཉིད་ཆེ་ལུད་པ་མང་ཞིང་སྐྱུག་པར་བྱེད། །མཁྲིས་གྱུར་ཕོ་མཚན་ལྒང་པར་ཟུག་ཅིང་ན། །ཁ་སྐམ་ལུས་ཚ་འཁྲུ་ཞིང་རིམས་ཀྱིས་འདེབས། །རླུང་གྱུར་སྙིང་འཕར་གཉིད་ཆུང་དབུགས་མི་བདེ། །འདར་གཟེར་ཟས་ལ་རྔམ་ཞིང་ལུད་པ་མང༌། །ཀུན་ཀྱང་ཡལ་བར་བོར་ན་ཐོར་པ་བཅུ། །ཁམ་ཕོར་རུས་སྦལ་སྒུར་པོ་དྲ་བ་ཅན། །མེ་དབལ་སྲན་ཆུང་ཡུངས་དཀར་བ་ད་ར། །ལྦུ་བཅས་ཁོང་འབྲས་ཞེས་བྱ་གནད་སྟེང་འབྱུང༌།།

བཅོས་ཐབས་ཟ་ཁུ་བད་ཚིལ་གཙོ་བོར་བཅོས། །འབྲུ་རྙིང་སྐམས་སའི་ཤ་ལ་སོགས་པ་ཡི། །ཡང་ཞིང་རྩུབ་པའི་ཟས་སྐོམ་སྤྱོད་ལམ་བསྟེན། །བ་གཅིན་ལྕི་བ་ལས་བྱུང་ཁ་ཟས་བཟའ། །ངལ་དུབ་མང་དུ་སྤྱད་ཅིང་གཉིད་མི་ལོག  །ཡང་ཞིང་རྩུབ་པའི་སྨན་གྱིས་དྲིལ་ཕྱིས་བྱ། །ཡུང་སྐྱེར་སྐྱུ་རུ་གཟེ་མའི་བསྡུས་ཐང་བཏང། །འབྲས་གསུམ་ཆང་སྦངས་སྐམས་ཕྱེ་སྦྲང་སྦྱར་བཟའ། །བད་ཀན་ལས་གྱུར་ཟ་ཁུ་སྐྱུགས་བྱས་ལ། །སེང་ཕྲོམ་གླ་སྒང་ཨ་རུ་ར་ཐང་དང༌། །པ་ཏྲ་བྱི་ཚེར་བྱི་ཏང་ག་ཡི་ཐང༌། །སེང་ལྡེང་སྐྱེར་པ་བྱི་ཏང་ག་ཡི་ཐང༌། །གང་རུང་སྦྲང་རྩི་སྦྱར་ལ་བཏང་བར་བྱ། །མཁྲིས་པའི་ཟ་ཁུ་སྦྱོངས་རྗེས་ཤ་ཁུས་བདའ། །སྐྱེར་པ་སྐྱུ་རུ་སྦྲང་དང་སྦྱར་བའམ། །སླེ་ཏྲེས་སྐྱུ་རུ་སྦྲང་དང་སྦྱར་ལ་བཏང་། །དུག་མོ་ཉུང་དང་སྐྱེར་པ་ཙི་ཏྲ་ཀ །འབྲས་བུ་གསུམ་གྱི་བསྐོལ་ཁུ་བླུད་པར་བྱ། །རླུང་གྱུར་འབྲས་བུ་གསུམ་དང་སྒྲོན་ཤིང་དང༌། །སྐྱེར་པ་གླ་སྒང་མར་དང་སྦྱར་ལ་བཏང་། །ཟུངས་དང་འདྲེས་ཕྱིར་ཤིན་ཏུ་གསོ་དཀའ་ཡིན། །བླ་གཉན་ཐོར་པ་གཅིན་བླུད་རྨ་ལྟར་གསོ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གཅིན་སྙི་བའི་ནད་གསོ་བའི་ལེའུ་སྟེ་ལྔ་བཅུ་རྩ་ལྔ་པའོ།། །།


 

མཐའ་མའི་འདོན་ཐེངས་།: 21.12.2022 ཉིན། 9:28 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།