སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ང་བརྒྱད་པ། གྲུམ་བུའི་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་ང་བརྒྱད་པ། གྲུམ་བུའི་ནད་བཅོས་པ།



ལེའུ་ང་བརྒྱད་པ།  གྲུམ་བུའི་ནད་བཅོས་པ། 

དྲེག་ནད་གསོ་བའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། གྲུམ་བུའི་ནད་ལ་རྒྱུ་རྐྱེན་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་པའི་ཐབས་དང་རྣམ་པ་བཞིའི་སྒོ་ནས་བསྟན་ཏེ།

རྒྱུ་རྐྱེན་གཞི་མཐུན་ནི་རླན་སྣུམ་ཆེ་བའི་ཡུལ་དུ་བསྡད་དྲགས་པ་དང༌། སྣུམ་བཅུད་ཆེ་བའི་ཟས་ཟོས་དྲགས་པས་དྭངས་མ་གནས་སུ་མ་སྨིན་པར་ཆུ་སེར་རྒྱས་ནས་ཤ་རུས་རྩ་རྒྱུས་རྣམས་ལ་གནས་བཅས་ཏེ་གྲུམ་བུ་སྐྱེད།

དབྱེ་བ་ཕྱེ་ན་ཤ་ཏྲེམ་དང༌། རུས་ཏྲེམ་དང༌། རྩ་ཏྲེམ་དང༌། ཆུ་ཏྲེམ་དང༌། ཏྲེམ་དཀར་ཏྲེམ་ནག་བཅས་རྣམ་པ་དྲུག་ཏུ་ཡོད་དེ།

དེ་རྣམས་ངོས་འཛིན་པའི་རྟགས་ལ་སྤྱི་དང་བྱེ་བྲག་གཉིས་ལས། སྤྱི་རྟགས་ནི་གྲང་ཤུམ་ཡུན་རིང་ལ་ཤ་པགས་བརྩེ་ཞིང་གདོང་པ་སྣུམ་ལ་མགོ་བོ་རྐེད་པ་དཔྱི་མིག་རྣམས་སུ་ཟུག་དང༌། ཤེད་ཆུང་སྒྱིད་སྐྱུར་ལ་ཤ་འབྲོས་པ་སྟེ་རྗུད་ཅིང་རྔུལ་ཁ་སྙི་བ་དང༌། རུས་ཚིགས་ཤ་རུས་སོགས་ཁོལ་ཞིང་ཆུ་རྒྱུས་གྱོང་ལ་འགུལ་ཚེ་ལྷག་པར་ན་ཞིང་སྐད་ངན་འཆོར་བ་དང༌། ཆུ་མདོག་དམར་ཞིང་རྩ་འཁྱུག་ཕྲ་མགྱོགས་གཏིང་ན་རྒྱུག

བྱེ་བྲག་ཤ་ཏྲེམ་ནི་བད་མཁྲིས་ཤས་ཆེ་སྟེ་ཤ་སྦོ་ཞིང་མདོག་ནག་ལ་ཡན་ལག་སྦྲིད་པ་དང༌། གློ་སྙིང་མི་བདེ་ཞིང་སྣ་ཁྲག་མང་དུ་འཛག་ཅིང་ཤ་རུས་འབྱེད་པ་སྙམ་དུ་བེམ་པོར་བྱེད་པ་ཡིན། རུས་ཏྲེམ་ནི་རླུང་གི་ཤས་ཆེ་ཞིང་སྐོམ་དད་ཆེ་ལ་རུས་པར་ཚ་བ་སྐྱེ་ཞིང་འཇུ་ལ་སྐམ་པ་དང༌། ཚིགས་རྣམས་ལ་གྲམ་ཞིང་ཟུག་ཆེ་ལ་འགུལ་མི་ནུས་ཤིང་མིས་བསྒུལ་བ་དང་སྒྲ་ཆེན་པོའི་རིགས་རང་འཐག་བསྐོར་བ་སོགས་མི་བཟོད་པར་གཡང་དུ་བསྐྱུར་བ་སྙམ་དུ་སེམས། རྩ་ཏྲེམ་ནི་ཁྲག་གི་ཤས་ཆེ་ལུས་ཀྱི་བཀྲག་དང་མདངས་ཉམས་ཤིང་གློ་སྙིང་མི་བདེ་ཞིང་ལྟག་ཤ་ཞེས་ཀྱང་དཔྱིའི་རྟ་ཟུར་གྱི་ཤ་ཆད་སྙམ་བྱེད་ཅིང་རྩ་རྣམས་སྦོས་ཤིང་སྲ་ལ་ན་བ་ཡིན། ཆུ་ཏྲེམ་ནི་ཆུ་རྒྱུས་གྱོང་ཤིང་འདར་ལ་རེངས་པའམ་འཁུམས་སམ་སྐམས་པ་འབྱུང༌། ཏྲེམ་དཀར་ནི་ཆུ་སེར་དཀར་པོ་ཡིན་ཏེ་གྲང་བ་ཤས་ཆེ་བ་དང༌། ཏྲེམ་ནག་ནི་ཆུ་སེར་ནག་པོ་ཡིན་ཏེ་ཚ་བ་ཤས་ཆེའོ། །

དེ་རྣམས་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས་ལས། སྤྱི་བཅོས་ནི་དང་པོ་ཞག་ལྔའི་བར་དག་ཏུ་བད་ཀན་དང༌། ཆུ་སེར་སྦྱང་བའི་ཕྱིར་འབྲས་བུ་ཨ་བར་སྐྱུར་གསུམ། སླེ་ཏྲེས་བཅས་པའི་ཐང་བསྟེན་ཞིང་ཆུ་བསྐོལ་ཡང་དང་ཡང་དུ་བཏུང༌། དེ་རྗེས་ཙན་དན་དཀར་དམར། གི་ཝང་དང་བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུག། ཆུ་སེར་སྨན་སྤོས་ཐལ་སོ་གསུམ་གེ་སར་ནཱ་པད་གཉིས། ཏིག་ཏ། སླེ་ཏྲེས། སྤྱི་ཞུར། འབྲས་བུ་ཨ་བར་སྐྱུར་གསུམ། གླ་རྩི། སྤང་རྒྱན། བེ་དོ་ཞེས་སྤང་རྩིར་ངོས་འཛིན་པའང་མཆིས་རུང་ཤིང་བེའི་འབྲུ། བ་ཤ་ཀ བོང་ཐོར་གྱི་ཁྲག་རྣམས་ཀ་ར་དང་སྦྱར་བའི་བོང་ཁྲག་ཉི་ཤུ་རྩ་ལྔ་པ་ཉིན་གུང་མཚན་གུང་གཉིས་ལ་སེང་ལྡེང་གི་ཁུ་བས་ཕུལ་ལ་བཏང་ཞིང་སྐབས་སུ་རྔུལ་དབྱུང་བ་དང༌། རྒྱུད་ཕྱི་མའི་གུར་ཀུམ་བསྣན་པའི་སེ་འབྲུ་ལྔ་པ་བཏང་ཞིང་ནང་ནུབ་ཆུ་བསྐོལ་བཏུང་བས་དྭངས་མ་རང་གནས་སུ་འཇོག་ཅིང་བོང་ཁྲག་ཉེར་ལྔས་ཆུ་སེར་དང་ཚ་བ་སྐེམ། གླ་རྩི་གུར་ཀུམ། སྒ་རྒོད་ཅེས་ལི་དོང་གྲ་གསུམ་གཉེན་པོའི་སྨན་ཡིན་པས་ཞོའམ་ཞེས་པ་ཚ་བ་ཆེ་ན་ཞོ་དང༌། གྲང་བ་ཆེ་ན་བོང་ཁྲག་ལ་སྦྱར་བའི་ལྡེ་གུར་བཏང༌། སྨན་རྗེས་ཕྱི་རྒྱུད་ལྟར་འབྲས་བུ་ཨ་རུ་མཆུ་རིང༌། བ་རུ་སྐྱུ་རུ་ར་གསུམ། དུར་བྱིད། ལྕུམ་རྩ། སྤོས་དཀར་རྣམས་བ་ཆུར་བསྡུས་ཁུར་སྦྲང་བཏབ་པས་རྒྱུན་སྦྱོངས་བྱ། ཤ་སྦོས་པ་དང་ཆུ་བ་འཁུམས་སམ་རུས་ཚིགས་ལ་ཟུག་བྱུང་ན་ར་མཉེ། བ་སྤྲུ། ཉེ་ཤིང་རྣམས་ཀྱི་ཆུ་ལུམས་བྱ་བ་དང༌། ཆུ་ནས་དོན་པའི་རྗེས་ལ་སྤང་སྤོས་དང་མར་དཀར་གཉིས་སྦྱར་བ་བྱུག་ཅིང༌། ཚིགས་དམིགས་གང་དུ་ཆུ་སེར་བྱུང་ན་གྲང་ཐུར་གྱི་སྦྱོར་བས་འདོན་པ་དང༌། ཁ་ཟས་འབྲས་དང་ཡོས་བརྡུངས་པའི་ཆག་ཚེ། སྲན་མ་བཙོས་པའི་ཆན་དང༌། ཁུར་མང༌། བའི་ཞོ་དར་བསྐོལ་གྲང་གི་ཆུ་དང་ཇ་སོགས་བསིལ་ལ་ཡང་བའི་ཟས་སྐོམ་བསྟེན་ཅིང༌། རུལ་པ། སྐྱུར་པོ། སྣུམ་ལྕི་ཚྭ་སོགས་དུག་དང་འདྲ་བས་སྤང་དགོས་ཤིང༌། སྤྱོད་ལམ་མེ་ཉི་དང་ཉིན་པར་གྱི་གཉིད་རླན་གཤེར་ཅན་དང་གྲང་བའི་རིགས་ཀུན་ལ་གཟབ་བོ། །དེ་ལྟར་བྱས་རྗེས་ཚ་བ་བྱང་བའི་རྟགས་བྱུང་ན་ཕྱི་རྒྱུད་ལྟར་གྱི་སྦྲང་ཆང་དང་བའི་རྣམ་ལྔའི་སྨན་མར་གྱིས་ཆུ་སེར་ཚད་ལྷག་སྐམ་ཞིང༌། ཚད་རྟགས་བྲི་སྟེ་བཅག་རན་ནས་འགུལ་ནུས་ཚེ་སྐམ་སར་ལུས་མི་རྔུལ་ཙམ་དུ་དལ་བར་བཅག་གོ།

གཉིས་པ་བྱེ་བྲག་ཏུ་བཅོས་པར་ཤ་ཏྲེམ་ལ་གཟེ་མ། བ་སྤྲུ་བ། ཤིང་ཚ། དོང་གྲ་སྟེ་སྒ་སྨུག་རྣམས་མར་ལ་སྦྱར་བའི་ལྡེ་གུ་བཏང་ཞིང༌། ལྕ་བའི་ཁཎྜ་དང༌། གཡེར་མའི་ཆུ་དང༌། སྒ་སྐྱའི་ཆུ་གཉིས་བསྟེན། རུས་ཏྲེམ་ལ་ག་བུར། བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུགཙན་དན་དཀར་པོ། ཤིང་ཚ། བ་ལེ་ཀ་དང༌། པུ་ཤེལ་ཙེ། བཅའ་སྒ། ནག་མཚུར་རྣམས་ཀ་ར་དང་སྦྱར་ལ་བཏང་བ་དང༌། བོང་ཁྲག་དྲོན་མོ་ཕུལ་གང་ལ་གླ་རྩི་དང་སྒ་སྦྱར་རམ། བུ་རམ། སྦྲང་རྩི་མར་སྦྱར་བའི་ཏིང་ཁྲོལ་ཞེས་འདྲེས་པར་བསྐོལ་ཏེ་བཏང་ལ་གཏར་བསྲེག་མི་བྱ་ཞིང༌། རྗེས་ལ་བཤུལ་ཆགས་རྟ་བོང༌། དྲེའུ། རྐྱང་སོགས་ཀྱི་ཤ་བསྟེན། རྩ་ཏྲེམ་ལ་དང་པོར་བ་ལེ་ཀའི་ཐང་བཏང་ལ་དེ་འོག་གཡེར་མའི་ཆུའི་གདུས་ཐང་བཏང་བར་བྱ་ཞིང༌། རུ་རྟ། སེ་འབྲུ། ཤིང་ཚ། པི་པི་ལིང༌། སྒ་སྐྱ། ཨ་རུ་ར་དང༌། ཁ་རུ་ཚྭ་རྣམས་སྦྲང་དང་སྦྱར་བའི་ལྡེ་གུ་བཏང་བར་བྱ་བ་དང༌། གླ་རྩི། གུར་ཀུམ། ཨ་རུ་ར། ལི་དོང་གྲ་ཞེས་སྒ་སྨུག སྦྲང་རྩི་རྣམས་མར་དང་སྦྱར་བའི་ལྡེ་གུ་བཏང་ཞིང་རྩའི་དྲོད་འཆོར་བས་གཏར་ག་མི་བྱ་བར་སྤང་ངོ༌། །ཆུ་ཏྲེམ་ལ་འབྲས་བུ་ཨ་བར་སྐྱུར་གསུམ་དང༌། མཱུ་ལ་གསུམ་ཞེས་ཙི་ཏྲ་ཀའི་རྩ་བ་པི་པི་ལིང་མཱུ་ལ་ཞེས་པི་པི་ལིང་གི་རྩ་བ། པུཥྤར་མཱུ་ལ་སྟེ་མེ་ཏོག་གི་རྩ་བ་ཁམ་རུས་བཅས་དང༌། འུ་སུ། ཚ་བ་སྒ་པི་ཕོ་གསུམ་དང༌། ཚྭ་སྣ་རྒྱ་རྒྱམ་ཁ་གསུམ། སྦྲང་རྩི་རྣམས་མར་དང་སྦྱར་བའི་ལྡེ་གུ་བཏང༌། ཡང་ན་ཨ་རུ་ར། རྒུན་འབྲུམ། འུ་སུ། ཤུ་མོ་ཟ། ཚ་བ་སྒ་པི་ཕོ་དབྱི་ཙི་ལྔ་དང༌། སྦྲང་རྣམས་རྩི་མར་དང་སྦྱར་བ་བཏང་ལ་བྱིན་གཞུག་རྩ་གཏར་ཞིང༌། ཚ་བ་བྱང་པ་དང་ཚིགས་པ་བཅོ་ལྔ་པ། བཅུ་དྲུག་པ། དཔྱི་མིག་གཉིས་སོགས་གར་བབས་བསྲེག ཆུ་རྒྱུས་འཁུམས་ན་བསྐུ་མཉེ་སྟེ་བྱུག་པ་ཤུགས་ཆེ་ཙམ་དྲག་ཏུ་བྱ། ཏྲེམ་དཀར་ལ་ཆང་ནང་ཤིང་ཚ། ལི་དོང་གྲ་ཞེས་སྒ་སྨུག་སྦྲང་དང་སྦྱར་བ་དང༌། རྩ་བ་རམ་ལྕ་ཉེ་བ་སྤྲུ་གཟེ་མ་ལྔའི་ཟན་ཆང་བཏང་ལ་ཚ་ཆུ་རང་བྱུང་གི་ཆུ་ལུམས་བྱ་བ་དང༌། ར་མཉེ། བ་སྤྲུ། ཉེ་ཤིང་རྣམས་སྦྲང་དང་སྦྱར་བའི་སྨན་མར་བསྟེན། ཏྲེམ་ནག་ལ་ཨ་རུ་ཆུར་བསྡུས་པའི་ཁུ་བ་ཞག་འགའི་བར་དུ་ལྟོ་སྟོང་དུ་བཏང་བ་དང༌། གུར་ཀུམ། དུར་བྱིད། དན་རོག ལྕུམ་རྩ། ཤྲཱི་ཁཎྜ། པི་པི་ལིང་སྟར་བུ་རྣམས་སྦྱར་བའི་བཤལ་བྱ་ཞིང་རྗེས་ལ་ཕྱི་རྒྱུད་ཀྱི་གཟེ་མའི་སྨན་མར་སྦྱར་བ་ཟ། དེ་ཀུན་བྱས་ཀྱང་སྐྱེད་ཆུང་ན་རུས་རྩ་གཏར་བ་ནི་སྤྱིར་རུས་པའི་ཚ་བ་མཁལ་མའི་རྩ་ལ་གཏར་ཞེས་མཁལ་རྩ་རྣམས་གཏར་ལ་དམིགས་བསལ་ནི་གསེར་མཆན་དུ་པུས་མོའི་གཉན་གོང་ནས་གྱེན་དུ་མཁྱིད་གང་བཅལ་བར་སོར་གསུམ་གཤགས། དེ་ན་རྩ་ནག་པོ་གྲོ་སོག་ཙམ་ཞིག་ཡོད་པ་དེ་ནས་ཁྲག་ཕུལ་གང་འདོན་ཞེས་པ་དེ་གཏར་བ་དང༌། གཟེབ་སྟེ་ལྕུག་མའི་ཀྲོང་དུ་བཅུག་ལ་དེའི་ཁ་དམ་པར་བཅིང་ལ་ལན་མང་ཕར་སྒྲིལ་ཚུར་སྒྲིལ་བྱ་བ་དང༌། ནད་པ་རྟ་ལ་བསྐྱོན་ཏེ་མ་ཤེས་པར་གསང་ལ་ཐོབ་རྒྱག་ཆུ་ནང་དུ་བསྐྱུར་ལ་འདོན་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་ཐོར་བུའི་ནད་ཀྱི་ནང་ཚན་གྲུམ་བུའི་ནད་བཅོས་པའི་ལེའུ་སྟེ་ལྔ་བཅུ་རྩ་བརྒྱད་པའོ།། །།


མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 3:18 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།