སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ང་བདུན་པ། དྲེག་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་ང་བདུན་པ། དྲེག་ནད་གསོ་བ།



ལེའུ་ང་བདུན་པ། དྲེག་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག དྲེག་གི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

རྒྱུ་རྐྱེན་ཁྲག་འཁྲུག་བྱེད་པའི་ཟས་སྤྱོད་བསྟེན། །ཉིན་པར་གཉིད་ལོག་སྐྱིད་པར་འདུག་པ་དང༌། །དྲག་ཤུལ་རྐྱེན་གྱིས་རླུང་ཁྲག་འཁྲུགས་པ་ཡིས། །རྐང་པའི་མཐེབ་མོ་ལག་པའི་གྲུ་མོར་གནས། །དང་པོ་ཁོལ་བུ་རྙིང་ནས་མཆེད་པར་འགྱུར།།
དབྱེ་བ་རླུང་མཁྲིས་ཁྲག་དང་བད་ཀན་བཞི།།

དེ་རྟགས་མངོན་ཚུལ་བརླ་རྐེད་ཚིགས་རྣམས་ན། །གཡའ་འགུལ་ཆག་སྙམ་ཚོར་མེད་ལྕི་བ་སྟེ། །ཡང་ཡང་ལྡང་ཞིང་སླར་ལྕི་འགྱུར་བ་ཡིན། །ནད་རྒྱས་གསར་དུས་པགས་པ་ཁྲག་ལ་གནས། །སྐྲངས་དམར་དྲོད་ཆེ་སྲ་ལ་སྔོ་ཐིག་བཅས། །ཤིན་ཏུ་ན་ཞིང་བྱ་རྨྱང་མང་བ་སྟེ། །རྟོགས་སླའི་དུས་ཡིན་དུས་འདིར་བཅོས་པ་གཅེས། །ཐ་མ་རྙིངས་ནས་རྩ་ཆུ་རུས་ཚིགས་ཁྱབ། །ལྷག་པར་སྐྲངས་ཤིང་མི་བཟོད་སྲ་ལ་ཧྲེམ། །གཞང་ཁ་རུས་ཚིགས་ཆད་པ་སྙམ་དུ་སེམས། །ཤུགས་རྒྱས་ཞ་འཐེང་འདི་དུས་གསོ་དཀར་འགྱུར།  །ཁྱད་པར་རླུང་གྱུར་གཟེར་འཕྲིག་འཕེལ་འགྲིབ་བྱེད། །སྐྲངས་ལ་ནག་པོ་སྔོན་པོའི་ཐིག་ལེ་འོང༌། །མཁྲིས་གྱུར་དྲོད་ཆེ་དམར་ལ་རེག་མི་བཟོད། །ཁྲག་གྱུར་ཚ་འབྲབ་མདོག་དམར་འདྲུལ་བར་བྱེད། །བད་ཀན་ལས་གྱུར་གཡའ་ལྕི་ཚོར་བ་མེད།།

བཅོས་ཐབས་རླུང་བཅོས་ཅི་རིགས་རླུང་བསལ་ལ། །དེ་རྗེས་མང་དུ་གཏར་ལ་ཉུང་དུ་དབྱུང༌། །ཙག་ཙག་ལྷང་ལྷང་ན་སར་རྔབས་རུ་གཟུགས། །སྐྲངས་ཆེ་དམར་ལ་ཐུར་མས་བཙག་པར་བྱ། །རླུང་གྱུར་བ་གཅིན་སྤོས་དཀར་འོ་མས་སྦྱང༌། །དེ་འོག་སླེ་ཏྲེས་བསྐོལ་བའི་ཁུ་བ་དང༌། །འོ་མ་བསྐོལ་བ་ཀ་ར་བཏབ་ལ་བཏང།༌།  རྒུན་འབྲུམ་ཤིང་མངར་ཀ་ར་མར་བསྐོལ་བླུད། །མཁྲིས་གྱུར་ཉེ་ཤིང་ཧོང་ལེན་འབྲས་བུ་གསུམ།  །སླེ་ཏྲེས་པ་ཏོལ་འོ་མ་མར་བསྐོལ་བླུད། །གུར་ཀུམ་སྐྱེར་པ་བསྐོལ་ལ་སྦྲང་སྦྱར་བྱིན། །དེ་འོག་དུར་བྱིད་རྒུན་འབྲུམ་འོ་མར་སྦྱར། །བད་གྱུར་འབྲས་བུ་གསུམ་དང་སྦྲང་རྩི་བཏང༌། །གླ་སྒང་གུར་ཀུམ་སྐྱེར་བསྐོལ་སྦྲང་སྦྱར་བླུད། །ནད་སྟོབས་ལྡན་ན་སྐྱུགས་རྗེས་རྩུབ་བཅོས་བྱ།  །ཀུན་ལ་འབྲས་བུ་གསུམ་དང་ཚ་བ་ལྔ། །གནྡྷ་པ་ཏྲ་ཤིང་ཚ་བ་ཤ་ཀ །པི་ལིང་མཱུ་ལ་ཅུ་གང་བྱི་ཏང་ག །ཤུ་དག་སྤང་སྤོས་ལྕགས་གཡའི་ལྡེ་གུ་ཡིས། །དྲེག་ནད་གཟེར་བཅས་མ་ལུས་སེལ་བར་བྱེད། །དུར་བྱིད་ཨ་རུ་རྒྱམ་ཚྭ་པི་པི་ལིང༌། །བཀྲུ་འཇམ་སྦྱོར་བ་དྲེག་འཇོམས་སྨན་མཆོག་ཡིན། །ནང་སྐྱོན་སེལ་ན་ཕྱི་ནས་བྱུག་པས་བཅོས། །ཏིལ་མར་སྦྲང་རྩི་གུ་གུལ་ཐལ་ཏྲེས་བཙོད། །བསྐོལ་བའི་ལྡེ་གུ་བྱུགས་པས་དྲེག་ནད་སེལ། །ཁྲག་མཁྲིས་ལས་གྱུར་སྟག་ཚེར་ཤིང་མངར་བཙོད། །སྐྱེར་པ་ཙན་དན་རྒྱ་ཤུག་པུ་ཤེལ་རྩེ། །སྲན་ཆུང་ཀ་རའི་ལྡེ་གུ་གྲང་མོ་བྱུག །ཤུ་དག་རུ་རྟ་དུད་པ་སེར་པོ་གཉིས། །ཤུ་ཏིའི་ལྡེ་གུས་བད་རླུང་དྲེག་ནད་སེལ། །རྙིངས་ནས་མས་བཏང་བཀྲུ་སྨན་སྣུམ་འཆོས་བྱ། །ཀུན་ལ་བད་ཚིལ་རླུང་ཁྲག་གཙོ་བོར་བཅོས། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དྲེག་ནད་གསོ་བའི་ལེའུ་སྟེ་ལྔ་བཅུ་རྩ་བདུན་པའོ།། །།

 

 

མཐའ་མའི་འདོན་ཐེངས་།: 21.12.2022 ཉིན། 9:31 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།