སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ང་བདུན་པ། དྲེག་གི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.08.2011
མན་ངག་རྒྱུད། >> ལེའུ་ང་བདུན་པ། དྲེག་གི་ནད་གསོ་བ།

ལེའུ་ང་བདུན་པ་དྲེག་གི་ནད་གསོ་བ་ལ་གསུམ། ཉན་པར་གདམས་པ། གཞུང་དོན་བཤད་པ། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། དྲེག་གི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དྲེག་ནད་ཀྱི་རྒྱུ་རྐྱེན་སྤྱིར་བསྟན་པ་དང༌། དེ་བཞིན་དུ། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་བསྟན་པ་སྟེ་བཞིའོ། །གཉིས་པ་རྒྱས་པར་བཤད་པ་ལའང་བཞི་ལས། དང་པོ་ནི། རྒྱུ་རྐྱེན་ཞེས་རྐང་པ་ལྔས་བསྟན་ཏེ། དེ་ཡང་རྒྱུ་དེ་བསྐྱེད་པར་བྱེད་པ་ནི། ཁྲག་འཁྲུག་པའི་ཟས་དང་སྤྱོད་ལམ་བསྟན་པ་དང་ཉིན་པར་གཉིད་ལོག་པ་དང༌། སྐྱིད་པར་འདུག་པ་དང༌། དྲག་ཤུལ་སོགས་ཀྱིས་རྐྱེན་བྱས་ནས་རླུང་དང་ཁྲག་འཁྲུགས་ནས། ཐོག་མར་རྐང་པའི་མཐེ་བོང་དང་ལག་པའི་གྲུ་མོ་ལ་གནས་བཅའ་ཞིང༌། རྙིངས་ཤིང་ཡུན་ལོན་ནས་རྒྱ་ཆེར་མཆེད་པར་འགྱུར་ཏེ།

        དེ་ཡང་ཟླ་ཟེར་ལས། ཁྲག་ནི་འཁྲུགས་པར་བྱེད་པའི་ཟས། །ཚ་བ་དང་ནི་མི་འཕྲོད་པ། །བསྟེན་དང་སྦྱོར་བ་ལོག་པ་དང༌། །ཉིན་ཉལ་མཚན་གཉིད་མ་ལོག་དང༌། །ཉལ་པོ་དྲགས་དང་སྐྱིད་པར་གནས། །ཆགས་པའི་སྤྱོད་པ་མང་བསྟེན་དང༌། །ནད་དང་སྦྱང་པ་མ་བྱས་པས། །མི་ཡི་ཁྲག་ནི་འཁྲུགས་གྱུར་ཅིང༌། །རླུང་སྐྱེད་ཟོས་པས་རླུང་ནད་ནི། །འཕེལ་བས་འཁྲུགས་ཏེ་ལམ་གཞན་ཞུགས། །དེ་བཞིན་ཁྲག་ཀྱང་ལམ་འགགས་པ། །དང་པོར་གནོད་པར་འགྱུར་བ་ཡིན། །དེ་ཡང་དང་པོར་རྐང་པར་རྒྱུ། །མཆོག་ཏུ་གཞོན་སོགས་འཕྱང་ལས་བྱུང༌། །ཞེས་བྱ་བ་ལ་དྲེག་ནད་དེ་དང་པོར་རྐང་པ་གཉིས་སུ་རྒྱུག་ཅིང་མཆོག་ཏུ་འམ་ཁྱད་པར་དུ་རྟ་སོགས་བཞོན་བཞོན་ནས་འཕྱང་བར་བྱས་པ་ཡིན། འདིའི་འབྱུང་འགྱུར་མཚན་ཉིད་ནི་མཛེ་ནི་འབྱུང་འགྱུར་མཚན་མར་མཚུངས། དེ་བཞིན་ལུས་ཉམས་ཡན་ལག་ལྷོད། །དཔུས་མོ་བྱིན་པ་བརླ་རྐེད་པ། །ལག་པ་རྐང་པའི་ཚིགས་རྣམས་སུ། །གཡའ་ཞིང་འགུལ་དང་ན་བ་དང༌། །ཆག་སྙམས་སེམས་ཤིང་ཚོར་མེད་ལྕི། །ཡང་དང་ཡང་དུ་ལྡང་བར་བྱེད། །རྐང་པ་གཉིས་ཀྱི་རྩ་བར་གནས། །ལན་འགའ་ལག་པ་དག་ཏུའང་གནས། །བྱི་བའི་དུག་ནི་ལྡང་བ་ལྟར། །ལུས་ཀུན་ལ་ནི་ཁྱབ་པར་འགྱུར། །ཞེས་པ་ལ་སོགས་པ་གསུངས་སོ། །གཉིས་པ་དབྱེ་བ་བཤད་པ་ནི། དབྱེ་བ་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་བཞི། དེ་ཡང་རླུང་ལས་གྱུར་པ་དང༌། མཁྲིས་པ་ལས་གྱུར་པ། ཁྲག་ལས་གྱུར་པ་དང༌། བད་ཀན་ལས་གྱུར་པ་བཞིའོ། །གསུམ་པ་རྟགས་བཤད་པ་ལ་གཉིས། སྤྱིའི་རྟགས་དང༌། བྱེ་བྲག་གི་རྟགས་བཤད་པའོ། །དང་པོ་ནི། དེ་རྟགས་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ཏེ། དེ་ཡང་ནད་ཀྱི་མངོན་ཚུལ་དུ་བརླ་རྐང་དང་ཚིགས་རྣམས་ན་ཞིང་གཡའ་ཤིང་འགུལ་ཆག་སྙམ་བྱེད་པ་དང༌། ནད་རྒྱས་མ་ཐག་ཏུ་པགས་པ་དང་ཁྲག་ལ་གནས་བཅའ་ཞིང༌། སྐྲངས་པའི་མདོག་དམར་བ་དང་དྲོད་ཆེ་བ་དང་སྐྲངས་སྲ་བ་དང༌། སྔོ་ཐིག་ཐོག་པ་ཡོང་བ་དང༌། ནད་ཟུག་ཤིན་ཏུ་ཆེ་བ་དང་བྱ་རྨྱང་མང་བར་བྱེད་པ་སྟེ་འདིའི་དུས་སུ་རྟོགས་པར་སླ་བའི་དུས་ཡིན་ཏེ། ཟླ་ཟེར་ལས། ནད་གཅིག་ལས་གྱུར་གསར་གསོ་སླ། ཞེས་དྲེག་ནད་དེ་ནད་གཞི་གཅིག་ལས་བྱུང་བར་གྱུར་པ་དང༌། གསར་དུ་བྱུང་ཞིང་རིང་པོར་མ་ལོན་པ་ནི་གསོ་སླ་བ་ཡིན་ནོ། །ཐ་མར་ཡུན་ལོན་ནས་རྩ་ཆུ་རུས་ཚིགས་ཁྱབ་པར་གྱུར་པ་དང༌། ལྷག་པར་སྐྲངས་ཆེ་ཤིང་ནད་ཟུག་མི་བཟོད་པ་དང་སྲ་ཞིང་ཧྲེམ་པར་བྱེད་པ་དང༌། གཞང་ཁ་རུས་ཚིགས་ཆད་པ་སྙམ་བྱེད་པ་དང༌། ནད་ཤུགས་རྒྱས་ནས་ཞ་བ་དང་འཐེང་བར་བྱེད་པས། འདི་དུས་གསོ་དཀའ་བར་འགྱུར་ཏེ། དེ་ཡང་ཟླ་ཟེར་ལས། དེ་ནས་རིམ་གྱིས་ལུས་ཟུངས་ཀུན་ཁྱབ་སྟེ་རྟོགས་པར་དཀའ་ཞེས་བྱ་ཞེས་སོགས་སོ།།

        གཉིས་པ་བྱེ་བྲག་གི་རྟགས་བཤད་པ་ལ་བཞི་ལས། དང་པོ་ནི། ཁྱད་པར་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཟླ་ཟེར་ལས། དེ་ལ་རླུང་ཤས་ཆེ་གྱུར་ན། །གཟེར་འགུལ་ཟུག་པའི་ཤས་ཆེ་ཞིང༌། །སྐྲངས་པ་རྩུབ་ཅིང་ནག་པ་དང༌། །སྔོ་ཞིང་འཕེལ་ཞིང་འབྲི་བར་འགྱུར། །རྩ་ཆེན་སོར་མོའི་ཚིགས་རྣམས་ནི། །འཁུམ་ཞིང་ལུས་རྩུབ་ཤིན་ཏུ་ན། །གྲང་ལ་མི་དགའ་རེག་ན་བདེ། །རེངས་ཤིང་འདར་ལ་ཚོར་མེད་འབྱུང༌། །ཞེས་སོ། གཉིས་པ་ནི། མཁྲིས་གྱུར་ཞེས་རྐང་པ་གཅིག་གིས་བསྟན་པ་ལ། ཟླ་ཟེར་ལས། མཁྲིས་གྱུར་ཚ་ཞིང་རྨོངས་བག་དང༌། །འདྲུལ་ཞིང་བརྒྱལ་མྱོས་སྐོམ་དད་ཆེ། །རེག་མི་བཟོད་ཅིང་ན་ལ་དམར། །རྐྱང་ཞིང་སྨྱིན་པ་ཤིན་ཏུ་དྲོད། །ཅེས་སོ། །གསུམ་པ་ནི། ཁྲག་གྱུར་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཟླ་ཟེར་ལས། ཁྲག་ཤས་ཆེ་སྐྲངས་རབ་ན་ཟུག །དམར་ཞིང་ཚ་བ་ཙག་ཙག་བྱེད། །སྣུམ་དང་རྩུབ་པས་ཞི་མི་འགྱུར། །གཡའ་དང་འདྲུལ་བར་ལྡན་པ་ཡིན། ཞེས་སོ། །བཞི་པ་ནི་བད་ཀན་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་ཡང༌། ཟླ་ཟེར་ལས། བད་ཀན་འགུལ་མི་ཤེས་ཤིང་ལྕི། །ཚོར་མེད་སྣུམ་ཞིང་གྲང་བ་དང༌། །གཡའ་ཞིང་ཅུང་ཟད་ན་བ་ཡིན། །ཞེས་པ་ལ་སོགས་སོ། །བཞི་པ་བཅོས་ཐབས་བཤད་པ་ལ་གསུམ། སྤྱིའི་བཅོས་ཐབས་དང༌། བྱེ་བྲག་གི་བཅོས་དང༌། དོན་བསྡུ་བ་བཤད་པའོ། །དང་པོ་ནི། བཅོས་ཐབས་ཞེས་རྐང་པ་བཞིས་བསྟན་ཏེ། རླུང་བཅོས་ཅི་རིགས་རླུང་བསལ་བ་ནི་སྣུམ་འཆོས་བྱ་བའི་དོན། དེ་རྗེས་ལ་གཏར་བ་གྲངས་མང་དུ་བྱ་ཞིང་ཁྲག་བོང་ཆུང་བར་འདོན་པ་དང༌། དམར་ལ་ཐུར་མས་བཙག་པ་ནི། །རྡབ་རུའི་ཤུལ་དེ་བཙག་བུས་དྲས་ནས་ཁྲག་འདོན་དགོས་ཏེ། ཟླ་ཟེར་ལས། དྲེག་ནད་ཅན་ནི་སྣུམ་འཆོས་བྱ། །རླུང་བསྲུངས་ན་ཞི་ཉམས་སྟོབས་ལས། །དཔག་སྟེ་ཁྲག་ནི་ཅུང་ཟད་ཙམ། །ལན་མང་དུ་ནི་དབྱུང་བར་བྱ། །ཞེས་དང༌། དམར་གཟེར་ན་ཞིང་ཚ་བ་ལ། །སྲིན་བུ་པདྨས་ཁྲག་དབྱུང་ངམ། །གཡའ་ཞིང་ན་ལ་ཚེག་ཚེག་ཚ། །ཤས་ཆེས་ཚ་ལ་རྔབས་རྭས་དབྱུང༌། །ཞེས་སོ། །གཉིས་པ་བྱེ་བྲག་གི་བཅོས་བཤད་པ་ལ་གསུམ་ལས། དང་པོ་ནི། རླུང་གྱུར་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་ནི། མཁྲིས་གྱུར་ཞེས་རྐང་པ་བཞིས་བསྟན་ནོ། །ཁྲག་གྱུར་ནི་གོང་གི་རྟགས་ཀྱི་སྐབས་སུ་འདིར་བསྟན་ཀྱང༌། བཅོས་དོན་བསྡུ་བའི་སྐབས་སུ་བསྟན་ནོ། །གསུམ་པ་ནི། བད་གྱུར་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གསུམ་པ་དོན་བསྡུ་བཤད་པ་ནི། ཀུན་ལ་ཞེས་རྐང་པ་བཅུ་བདུན་དང་འབྲུ་གསུམ་གྱིས་བསྟན་ཏེ། ཏྲེས་ཞེས་པ་ནི་བ་སྤྲུ་བ། སེར་པོ་གཉིས་ནི་དཔའ་བོ་སེར་པོ་དང་ཆུ་རྩའོ། །ཀུན་ལ་བད་ཚིལ་རླུང་ཁྲག་གཙོ་བོར་བཅོས་ཞེས་པ། ཟླ་ཟེར་ལས། རླུང་ནི་ཡན་ལག་ཚིགས་གནས་པ། །ཁྲག་གི་ལམ་ལ་མྱུར་གནོད་བྱེད། །དེ་གཉིས་ཕན་ཚུན་འདྲེས་གྱུར་ལས། །ནད་ཀྱི་སྲོག་ནི་འཕྲོག་པར་བྱེད། །ཅེས་གསུངས་པའི་དོན་ནོ། །གསུམ་པ་ལེའུའི་མཚན་ནི། །བདུད་རྩི་ཞེས་པ་ནས་ལྔ་བཅུ་རྩ་བདུན་པའོ་ཞེས་པས་བསྟན་ནོ།།

 

 

མཐའ་མའི་འདོན་ཐེངས་།: 24.08.2011 ཉིན། 2:44 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།