སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ང་དྲུག་པ། ཚད་པའི་འཁྲུ་བ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་ང་དྲུག་པ། ཚད་པའི་འཁྲུ་བ་གསོ་བ།



ལེའུ་ང་དྲུག་པ། ཚད་པའི་འཁྲུ་བ་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག རྒྱ་ནད་ཚད་འཁྲུ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

རྒྱུ་རྐྱེན་མེ་དྲོད་མི་སྙོམས་ཆུང་བ་ལ། །དྲོད་རླངས་ཆེ་བའི་ཡུལ་སར་ཆུ་མང་འཐུངས། །ཟས་ཚོད་མ་ཟིན་ཤ་རིད་ཤིང་ཐོག་འབྲུ། །བཅུད་མེད་ཟས་ཀྱིས་མེ་དྲོད་ཕྱིར་ལ་བཏོན། །ཕྱི་ཡུལ་དྲོད་རླངས་ཆེ་བས་མཆིན་ཚད་སྐྱེས། །ལུས་ཀྱི་ཆུ་ཁམས་ཐུར་བསྐྱོད་འཁྲུ་བར་འགྱུར།།
དབྱེ་བ་རླུང་མཁྲིས་ཁྲག་དང་བད་ཀན་བཞི།།

དེ་རྟགས་སྙིང་ག་རྩིབ་ལོགས་བཤང་ལམ་ཟུག །ལུས་སྙོམ་ཁོང་པ་སྦོ་ཞིང་ཟས་མི་འཇུ། །མ་སྨིན་ཆུར་འབྱམ་སྨིན་པ་དེ་ལས་ལྡོག །རླུང་གྱུར་ལྦུ་བ་སྒྲ་བཅས་བུར་ཁུ་འདྲ། །ཆུར་འཁྲུ་སྐབས་སུ་འགག་ཅིང་གོང་བུར་འབྱུང༌། །གཟེར་ཞིང་ཁ་སྐམ་བ་སྤུ་ལྡང་བ་ཡིན། །མཁྲིས་གྱུར་སེར་ནག་སྔོ་ལ་དྲི་མ་ཆེ། །བཤང་ཁ་ཚ་ཞིང་ལུས་རྔུལ་སྐོམ་དད་ཆེ། །ཁྲག་གྱུར་ཁྲག་ཏུ་འཁྲུ་ཞིང་གཞང་ཁ་འདྲུལ།  །བད་གྱུར་སྐམ་འབྱར་གཉིད་ཆེ་ཡི་ག་འཆུ།།

བཅོས་ཐབས་མ་སྨིན་དང་པོའི་དུས་ཉིད་དུ། །ནང་ནུབ་ཆུ་ཚན་བཏུང་ཞིང་སྨྱུང་བར་བྱ། །སེ་འབྲུ་བིལ་བ་ད་ཏྲིག་ཟུར་པ་སྒ། །འུ་སུའི་ཐང་གིས་སྨིན་བྱེད་འཁྲུ་བ་གཅོད། །བཤང་འགྱིངས་བྱི་ཏང་ག་དང་འབྲས་བུ་གསུམ། །པི་པི་ལིང་བསྐོལ་ཁྲུས་བཏང་ནི་རུས་དྲང༌། །འབྲས་སམ་ཕྱེ་ཐུག་སྒ་སྤོད་བྲན་པ་དང༌། །ལུག་དང་བ་ལང་སྐམ་སའི་ཤ་གསར་དང༌། །དར་གསར་ཆང་གསར་བསྐོལ་གྲང་མེ་དྲོད་སྦྱར། །ཟས་སྤྱོད་བསིལ་དྲོད་མཉམ་ཞིང་ཟས་ཚོད་བཟུང༌། །གླ་སྒང་བོང་ང་དཀར་པོ་བིལ་བ་སྒ། །ཤིང་ཀུན་དུག་མོ་ཉུང་ཁུ་བསྡུས་འཇམ་བཏང༌། །བིལ་བ་འུ་སུ་གླ་སྒང་བ་ལེ་ཀ །དོང་ག་བསྐོལ་གྲང་ཁུ་བ་བླུད་པར་བྱ། །འཁྲུ་བ་མ་སྨིན་མི་བཅད་ཉེས་པ་ཆེ། །སྟོབས་ཆུང་ཟས་སྤྱོད་གཟབ་ཅིང་བཏང་སྙོམས་བཞག །རླུང་གྱུར་བིལ་བ་སྒ་དང་པི་པི་ལིང༌། །བུ་རམ་ཏིལ་མར་སྦྱར་བཏང་འོ་དྲོན་བླུད། །མཁྲིས་གྱུར་དུག་མོ་ཉུང་དང་བོང་ང་དཀར། །འབྲས་ཁུ་སྦྲང་དང་སྦྱར་ལ་བླུད་པར་བྱ། །བོང་ང་དུག་མོ་ཉུང་དང་བ་ལེ་ཀ །བིལ་བ་གླ་སྒང་འབྲས་ཁུ་སྦྲང་སྦྱར་བླུད། །ཁྲག་གྱུར་ཏིལ་ནག་ཀ་ར་རའི་འོ་མ། །ཡང་ན་ཙན་དན་འབྲས་ཁུ་སྦྲང་སྦྱར་བཏང༌། །ཧོང་ལེན་སྐྱེར་ཤུན་རྒྱ་སྐྱེགས་པི་པི་ལིང༌། །སྨན་མར་འབྲས་ཀྱི་ཐུག་པ་སྦྱར་ལ་བཏང༌། །བད་ཀན་ལས་གྱུར་བིལ་བ་ཨ་རུ་ར། །སྒ་དང་གླ་སྒང་བསྐོལ་བའི་ཁུ་བ་བླུད། །པ་ཏྲ་གླ་སྒང་བིལ་བ་མོན་ཆ་ར། །སྒ་དང་འུ་སུ་བུ་རམ་དར་བཅས་བྱིན། །བཅོས་རྗེས་གཅིན་མང་བཤང་བ་ཉུང་ལ་སྐ། །ཕྱེན་གྱི་སྒྲ་ཐོན་ཟས་འཇུ་ནད་བྱང་རྟགས། །ཟས་དང་སྤྱོད་ལམ་གཟབ་པས་འཚོ་བར་འགྱུར། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཚད་པའི་འཁྲུ་བ་གསོ་བའི་ལེའུ་སྟེ་ལྔ་བཅུ་རྩ་དྲུག་པའོ།། །།


མཐའ་མའི་འདོན་ཐེངས་།: 21.12.2022 ཉིན། 9:30 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།