སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ང་གཅིག་པ། སྐྱུགས་པའི་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་ང་གཅིག་པ། སྐྱུགས་པའི་ནད་བཅོས་པ།



ལེའུ་ང་གཅིག་པ།  སྐྱུགས་པའི་ནད་བཅོས་པ། 

སྲིན་ནད་གསོ་བའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། སྐྱུགས་ཀྱི་ནད་ལ་རྒྱུ་རྐྱེན་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་རྣམ་པ་བཞིའི་སྒོ་ནས་བསྟན་ཏེ།

རྒྱུ་རྐྱེན་གཞི་མཐུན་ནི་མ་ཞུ་བ་དང༌། ལྷེན་དང༌། ལྕགས་དྲེག་དང༌། ཁོང་འབྲས་དང༌། བད་ཀན་སྨུག་པོ་དང༌། སྲིན་བུ་དང༌། སྟེང་རླུང་འཁྲུགས་པ་དང༌། མི་སྡུག་པའི་ཡུལ་མཐོང་བ་དང་བརྒྱད་པོ་དེ་རྣམས་ཀྱིས་གྱེན་དུ་སྐྱུགས་པ་རྒྱུའི་དབྱེ་བ་དང༌། དེ་བཞིན་ཉེས་པས་དབྱེ་བ་རླུང་ལས་གྱུར་པ་དང༌། མཁྲིས་པ་ལས་གྱུར་པ་དང༌། བད་ཀན་ལས་གྱུར་པ་དང༌། འདུས་པ་ལས་གྱུར་པ་དང་བཞི་སྟེ་བསྒྲིལ་བས་བཅུ་གཉིས་སོ། །

དེ་རྣམས་ཀྱི་རྟགས་མ་ཞུ་བ་ནི་གང་ཟོས་པའི་ཟས་དེ་ཉིད་འཇུ་མ་ཐུབ་པར་སྐྱུག་ཅིང༌། ལྷེན་དང་ལྕགས་དྲེག་གཉིས་ལ་ཆུ་སྐྱུར་མོ་བད་ཀན་སྐྱུགས་པ་དང༌། ཁོང་འབྲས་ལ་ཁ་ཟས་ཀུན་ལ་འཁྲེན་པ་སྟེ་འདོད་པ་ཆེ་བ་འབྱུང༌། བད་ཀན་སྨུག་པོ་ལ་རྒྱ་ཚོས་ཀྱི་ཁོག་མ་བཤལ་བ་ལྟ་བུའམ་དུད་ཁུ་ལྟ་བུར་སྐྱུགས། སྲིན་གྱིས་བསྐྱེད་པ་ལ་སྲིན་སྐྱུག་ཅིང་རླུང་འཁྲུག་པ་ནི་སྟོང་སྐྱུག་བྱེད། ཡིད་དུ་མི་སྡུག་པའི་ཡུལ་མཐོང་བ་དང་དྲི་མ་ངན་པ་ཚོར་བ་དང་རེག་པས་ཀྱང་སྐྱུགས། རླུང་ལས་གྱུར་པར་ལྦུ་ཅན་ཆུ་ཐབས་སུ་སྐྱུགས་པ་ལ་བྲང་རྒྱབ་གཉིས་དང་རྩིབ་ལོགས་གཟེར་ཞིང་མགོ་བོ་འཁོར། མཁྲིས་པ་ལས་གྱུར་པ་ཁ་ཁ་ཞིང་སེར་པོའམ་ཁྲག་ཅན་དུ་སྐྱུགས་པ་དང་ལུས་དྲོད་ཚ་ཞིང་སྐོམ་དད་ཆེ་ལ་མགོ་བོ་གཟེར། བད་ཀན་ལས་གྱུར་པ་བེ་སྣབས་ཅན་རོ་སྐ་མངར་དུ་སྐྱུགས་ལ་དང་ག་འགག་ཅིང་གདོང་སྐྲངས་ལ་བྲང་ཁ་ན། འདུས་པ་ལས་གྱུར་པ་ནི་དེ་རྣམས་ཀུན་གྱི་རྟགས་སྟོན་པར་བྱེད་ཅིང་བཤང་གཅིའི་དྲི་མནམ་ཞིང་དྲག་པོར་སྐྱུགས་ན་འཆི།

བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས་ལས་སྤྱི་བཅོས་ཀུན་ལ་སྨྱུང་བར་བྱ་བ་དང༌། སྐྱུགས་བྱ་ལ་ཆུ་ཚན་མོར་བསྐོལ་བ་བཏུང་ཞིང༌། ཟས་སྐོམ་ཡང་ལ་འཇུ་བ་སླ་བའི་རིགས་ཕྱེ་ཐུག་འབྲས་ཡོས་ཟན་དྲོན་ལུག་ཤ་སོགས་ཅུང་ཟད་རེ་བསྟེན་ཅིང༌། ཟས་ཟོས་པའི་རྗེས་ལ་ཆུ་གྲང་མོས་གདོང་པ་བཀྲུ་ཞིང་གཏོར།

ཁྱད་པར་སྒོས་བཅོས་མ་ཞུ་བ་ལ་ཕྱི་རྒྱུད་ལྟར་གྱི་རྒྱམ་ཚྭ་གསུམ་པས་བཞུ། ལྷེན་དང་ལྕགས་དྲེག་གཉིས་ལ་ཅོང་ཞིའི་ཐལ་སྨན་བཏང་རྗེས་ལ་ཕྱི་རྒྱུད་ལྟར་གྱི་རློན་སྐྱུགས་བྱ། ཁོང་འབྲས་ལ་ཚེར་སྔོན་སྔོའི་ཚ་བ་ལྕེ་སྲུབ་དབྱི་གསུམ་དང་ཐར་ནུ་རྣམས་བསྲེགས་པའི་ཐལ་བ་དང་རྒྱ་ཚྭ་སེར་མཚུར་བཅས་སྦྱར་པ་བཏང༌། རྒྱ་བཤལ་ལྟ་བུ་དང་དུད་ཁུ་སྐྱུགས་པ་ལ་སྨུག་པོ་བཞིན་དུ་བཅོས་དགོས། སྟེང་རླུང་འཁྲུགས་པ་ལ་སྐེ་སྟོང་ལྷེན་གསང་ཚིགས་པ་དྲུག་པ་རྣམས་སུ་མེ་བཙའ་བྱས་རྗེས་སྲེ་ལོང་གི་རུས་ཐང་བཏང༌། སྲིན་ལ་དེའི་གཉེན་པོ་གོང་དུ་བཤད་པའི་སྨན་སྦྱོར་ཞིང་མི་སྡུག་པ་ལ་ཡིད་དུ་འོང་རིགས་གོང་བཤད་ལས་གོ་ལྡོག་ཏུ་བྱེད། རླུང་ལས་གྱུར་པར་ཚ་བ་སྒ་པི་ཕོ་གསུམ་དང༌། ཚྭ་སྣ་རྒྱ་རྒྱམ་ཁ་གསུམ་ཞུན་མར་དང་སྦྱར་བ་ཁོང་དུ་བཏང་ཞིང་བྱུག་པ་བྱས་ལ་དེ་རྗེས་ཨན་སྟོང་དང་པོ་དང་སྐེ་སྟོང་གཉིས་ལ་མེ་བཙའ་བྱ། མཁྲིས་པ་ལས་གྱུར་པར་རྒུན་འབྲུམ། ཤིང་མངར། དུར་བྱིད་བཅས་ཀྱིས་སྦྱངས་རྗེས་འབྲས་ཀྱི་སྦྱོར་བ་ཀ་ར་འབྲས་ཡོས་བཏང་བས་བཅད། བད་ཀན་ལ་ནིམ་པ། པི་པི་ལིང༌། སོ་ཆ། ཡུངས་ཀར་བཅས་ཀྱི་སྐྱུགས་བྱས་རྗེས་བྱི་ཚེར་སྦྲང་དང་སྦྱར་རམ། སེ་འབྲུ་འབྲས་ཡོས་ནས་ཕྱེ་སྦྱར་བ་བྱིན། འདུས་པའི་ནད་ལ་རླུང་མཁྲིས་བད་ཀན་གསུམ་གའི་གཉེན་པོས་བཅོས་པར་བྱ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་ཐོར་བུའི་ནད་ཀྱི་ནང་ཚན་སྐྱུགས་པའི་ནད་བཅོས་པའི་ལེའུ་སྟེ་ལྔ་བཅུ་རྩ་གཅིག་པའོ།། །།


མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 3:08 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།