སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གྱ་བརྒྱད་པ། གྱུར་པའི་དུག་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་གྱ་བརྒྱད་པ། གྱུར་པའི་དུག་བཅོས་པ།



ལེའུ་གྱ་བརྒྱད་པ།  གྱུར་པའི་དུག་བཅོས་པ། 

སྦྱར་དུག་གསོ་བའི་ལེའུ་གསུངས་ཟིན་པའི་རྗེས་དེ་མ་ཐག་དེ་ནས་སླར་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ཉོན་ཅིག་ཅེས་གདམས་ཏེ། གྱུར་པའི་དུག་ལ་གཞུང་དོན་ནམ་ངོ་བོ་རྣམ་པ་གཉིས་ཡོད་དེ་གང་ཞེ་ན་མི་འཕྲོད་པའི་དུག་དང་ཤ་དུག་གཉིས་ལས་ཤ་དུག་ལེའུ་འདི་གའི་ནང་ཚན་གཤམ་ནས་འབྱུང་བ་དང༌།

འདིར་གཞུང་དོན་གྱི་དང་པོ་མི་འཕྲོད་པའི་དུག་གི་རྒྱུ་དང༌། ནད་ཀྱི་རྟགས་དང་གསོ་བའི་ཐབས་གསུམ་ལས་རྒྱུ་ལའང་ནི་གཉིས་ཡོད་དེ་ངོ་བོས་མི་འཕྲོད་པ་དང༌། དྭངས་མ་རྣམས་མ་ཞུ་བར་ཟུངས་སུ་མ་སྨིན་པའོ། །དེ་ཡང་ངོ་བོ་ནི་མི་འཕྲོད་པ་བཤད་རྒྱུད་དུ་བཤད་པ་ལྟར་ཆང་གསར་ཏེ་ལངས་འཕྲལ་དང་ཞོ་མ་ལངས་པ་གཉིས་མི་འཕྲོད། སེར་ཤ་ནི་སྤང་ཤ་ཡུངས་ཀར་གྱི་མར་ལ་བརྔོས་པ་མི་འཕྲོད་པ་དང༌། ཁྱིམ་བྱའི་ཤའམ་སྒོ་ང་ཞོ་རྣམས་ནི་བརྒྱད་པ་རྩ་འགྲེལ། འཚོ་བའི་མདོ། བཤད་རྒྱུད་དུ་གསུངས་པ་སོགས་མཐུན་པ་དང༌། འོ་མ་རློན་པའི་རིགས་དང་ལ་ཕུག་མཉམ་དུ་ཟ་བ། དེ་བཞིན་དུ་འོ་མ་དང་སྒོག་སྐྱ། འོ་མ་དང་ཡུངས་ཀར་ལོ་མ་རྗེན་པ་མཉམ་དུ་ཟོས་པ་རྣམས་མཛེ་དུག་དང༌། དེ་བཞིན་དུ་འོ་མ་དང་ཉ་ཤ་མཉམ་དུ་ཟ་བ། ཉ་དང་སྒོ་ང་གཉིས། ཉ་ཤ་དང་འབྲུ་མར་སོ་མ། ཉ་ཤ་དང་ལ་ཕུག་རྣམས་མཉམ་དུ་ཟ་བ་མི་འཕྲོད་པའི་དུག་ཏུ་འགྱུར་ཞེས་པ། འདི་ལ་བཤད་རྒྱུད་དང་ཅུང་མི་མཐུན་པར་བརྟེན་བློ་དམན་རྣམས་དོགས་ངན་འཆར་སྲིད་དེ། བཤད་རྒྱུད་སྐབས་དག་པའི་རྒྱུ་མཚན་བརྗོད་ཟིན་པ་དང༌། དེ་ཡང་ཟླ་ཟེར་ལས། ལ་ཕུག་ལ་སོགས་སྔོ་ངད་ནི། །ཟོས་ནས་འོ་མ་སྤང་བར་བྱ། །ཞེས་བྱ་བ་ལ་ལ་ཕུག་ལ་སོགས་པའི་སྔོ་ངད་རྗེན་པ་ཟོས་ནས་འོ་མ་སྤང་བར་བྱའོ། །སོགས་པའི་སྒྲས་ནི་ཀུ་རི་ར་དང༌། ཤི་ཀྲུ་དང༌། བྱིའུ་རུག་པ་ལ་སོགས་པ་བསྡུའོ། །དེ་ཡང་དྲང་སྲོང་ཙ་ར་ཀས་མཛེའི་ནད་དུ་གྱུར་པའི་འཇིགས་པས། ལ་ཕུག་དང༌། ཡུངས་ཀར་གྱི་ལོ་མ་དང༌། སྒོག་སྐྱ་དང༌། ཀྲྀཥྞ་གནྡྷ་དང༌། ཞིམ་ཐིག་ལེ་སུ་མ་ཁ་དང༌། སུ་ར་པ་ལ་སོགས་པ་ཟོས་ནས་འོ་མ་བཏུང་བར་མི་བྱའོ་ཞེས་བཤད་པ་ཡིན་ནོ། །སྔོ་ངད་ཅེས་སྨོས་པ་འདིས་ནི་ལ་ཕུག་གི་ཁྱད་པར་ལ་བྱ་བར་བསྟན་ཏེ། འདི་ལྟར་སྨྲས་པ་ལས་འདི་ནི་རྗེན་པར་ཟ་མི་རུང་བར་བསྟན་པ་ཡིན་ལ། སྔར་ཚོད་མའི་སྡེ་ཚན་གྱི་ནང་དུ་འདིར་སྨོས་པ་ནི་ཚོད་མ་ཉིད་དུ་སྦྱར་རུང་བར་བསྟན་པ་ཡིན་ནོ། །དེ་རྗེན་པར་ཟོས་ན་འོ་མ་མི་བཏུང་བ་ཡིན་གྱི་ཚོད་མར་བྱས་པའི་རྗེན་ནི་མ་ཡིན་ཏེ་ལེགས་པར་བཙོས་ནས་ཁུ་བ་བཙིར་བ་དང༌། སྣུམ་པ་ལ་སོགས་པ་ལས་བརྔོས་ཏེ། ཚོད་མར་གཡོས་སུ་བྱས་པའི་རྗེས་ལ་འོ་མ་མི་བཏུང་བ་ནི་མ་ཡིན་ནོ་ཞེས་དང༌། འོ་མ་ཉ་ལྷན་ཅིག་མི་ཟ་བའི་ཁུངས། ཁྱད་པར་དུ་ཡང་འོ་མ་ཉ། །ཉ་རྣམས་ལས་ཀྱང་ཙི་ལི་ཙི། །ཞེས་དང༌། འཚོ་བའི་མདོར། ཉ་དང་འོ་མ་ལྷན་ཅིག་མང་ཟོས་ནང་ན་གཟེར་ལ་གནོད། །ཅེས་དང༌། ཉ་སྒོང་གཉིས། འཚོ་བའི་མདོར། ཉ་དང་ཁྱིམ་བྱའི་ཤ་གཉིས་ལྷན་ཅིག་ཟོས་ན་སྐྲན་དུ་འགྱུར། །ཞེས་བཤད་ལ། འོན་ཀྱང་འདིར་བསྟན་སྒོ་ང་གཙོ་བོར་ཁྱིམ་བྱའི་སྒོ་ངར་དགོངས་འདྲ་ཞིང༌། བོད་འདིར་ཁྱིམ་བྱའི་སྒོ་ང་མ་གཏོགས་ཤ་ཟ་བའི་སྲོལ་ཆེར་མ་བྱུང་འདུག་པས་འཚོ་བའི་མདོ་དང་ཡན་ལག་བརྒྱད་པར་ཁྱིམ་བྱའི་ཤ་སྣང་བ་དང་མཐུན་པར་འདིར་ཡུལ་བབས་ཀྱི་སྒོ་ངར་མཛད་པ་ཡིན་ལ། དེ་མིན་ཡན་ལག་བརྒྱད་པར་སྒོ་ངའི་རིགས་ཀྱི་བཤད་པ་མི་འདུག་པ་དང༌། འཚོ་བའི་མདོར་ཡང༌། ཁྱིམ་བྱའི་སྒོ་ངའི་སྤྲི་དང་སྒོག་སྐྱ་ཟོས་ན་དབུགས་མི་བདེ། །ཞེས་ཚིག་འདི་ལ་སྒོ་ང་བཤད་པ་མེད་ལ། འདིར་ཁྱིམ་བྱ་ཞེས་དམིགས་བསལ་བཤད་པས། སྒོ་ང་དང་ཁྱིམ་བྱའི་ཤ་གཉིས་དོན་གཅིག་ཏུ་མཛད། གཞན་ཡང༌། ཟླ་ཟེར་ལས། ཉ་ཤ་དང་ནི་ལ་ཕུག་དང༌། །རླན་ཅན་ཤ་དང་མོན་སྲན་དྲེའུ། །སྦྲང་རྩི་འོ་མ་མྱུ་གུ་ཅན། །པདྨའི་རྩ་བ་ལ་ཕུག་གོ། བུ་རམ་དང་བཅས་མི་འཕྲོད་ཡིན། །ཞེས་བྱ་བ་ལ་རླན་ཅན་གྱི་ཤ་ནི་རི་དྭགས་ཆེན་པོ་དང༌། ཆུ་ལ་སྤྱོད་པ་དང༌། ཆུ་ལ་གནས་པ་ཞེས་བྱ་བའི་སྡེ་ཚན་གསུམ་དུ་བསྟན་པ་སྟེ། དེ་དང་མོན་སྲན་དྲེའུ་ཞེས་བྱ་བ་སྟེ་སྲན་མ་ཤ་དང༌། སྦྲང་རྩི་དང༌། འོ་མ་དང༌། མྱུ་གུ་ཅན་དང༌། པདྨའི་རྩ་བ་དང༌། ལ་ཕུག་དག་གམ་བུ་རམ་དང་བཅས་པ་ནི་མི་འཕྲོད་ཅིང་མི་མཐུན་པ་ཡིན་ཏེ། དེ་ལ་སོགས་པའི་མི་འཕྲོད་པའི་ཁ་ཟས་གང་ཡིན་པ་དེས་ནི་དེའི་གནོད་པའི་ཁྱད་པར་འདིར་མ་བསྟན་ཀྱང༌། དྲང་སྲོང་ཙ་ར་ཀས་ཇི་སྐད་བསྟན་པའི་མ་ནིང་ལ་སོགས་པའི་འགྱུར་བ་བསྐྱེད་ཅིང་དེས་འཕྲལ་ལམ་དུས་ཕྱིན་ནས་སྲོག་འཇོམས་ཡིན་ནོ་ཞེས་སོགས་གསུངས་པ་ལྟར་དང༌། ཉ་ཤ་དང་འབྲུ་མར་གསར་པ་དངོས་སུ་མ་བཤད་ཀྱང༌། འཚོ་བའི་མདོར། ཉ་དང་ཁ་ཚ་མར་ཚིལ་མི་འཕྲོད་སྣོད་ཀྱང་གཅིག་མི་བྱ། །ཞེས་པའི་ཤུགས་བསྟན་ནམ་འཕྲོས་དོན་ཙ་ར་ཀར་བཤད་པ་བཞིན་ཡིན་ལ། གོང་དུ་བསྟན་པ་དེ་དག་རྣམས་ཀྱང་སྔ་མ་དེ་མ་ཞུ་མ་སྨིན་པར་ཕྱི་མ་ཅིག་ཤོས་ཟོས་པའམ་བསྲོས་ཏེ་ཟོས་སམ་ལྷན་ཅིག་ཏུ་ཟོས་པས་ངོ་བོ་མི་འཕྲོད་པ་དེ་དག་གི་ནུས་པ་ལ་བརྟེན་ནས་རྒྱུ་འབྱུང་བའི་མཚན་ཉིད་དགྲ་གཤེད་དུ་གྱུར་པས་འཐབས་ནས་བསྟེན་པས་ཉེས་པ་གསུམ་འཁྲུགས་ཏེ་བརྟེན་ལུས་ལ་གནོད་པས་མི་འཕྲོད་པའམ།  ཡང་ན་གོང་གི་མི་འཕྲོད་པའི་ཁ་ཟས་རྣམས་མ་ཡིན་ཀྱང་སྔར་ཟ་མ་མྱོང་བའི་མ་གོམས་པའི་ཟས་འདྲིས་གོམས་མེད་པ་དང༌། དུས་མིན་ཏེ་འཛར་གྱི་དུས་མ་ཡིན་པ་མཚན་ཕྱེད་ལ་ཟ་བ་ལྟ་བུ་དང༌། ངོ་བོ་འཇུ་དཀའ་བ་གྱོང་རླན་སྣུམ་པ་སོགས་གོང་དུ་མ་ཞུ་བ་བཅོས་པར་བསྟན་པ་རྣམས་བསྟེན་པས་མེ་དྲོད་གསུམ་གྱིས་མ་ཞུ་བར་དྭངས་སྙིགས་འདྲེས་ཏེ་རྩ་མིག་རྣམས་སུ་བྱེར་བས་དྭངས་མ་ནས་ཁུ་བ་མདངས་ཀྱི་བར་ལུས་ཟུངས་བདུན་པོ་གོང་བཤད་ཀྱི་དྭངས་མ་སོགས་འགྲིབས་པས་ཤ་འབྲི་བའམ་རིམ་གྱིས་འགྲིབ་པར་བྱེད་པ་སྟེ་འདི་དག་གི་རྒྱུ་མཚན་རྒྱས་པ་ནི་བཤད་པའི་རྒྱུད་དུ་གསལ་ཞིང་གཞན་ཡང་བརྒྱད་པའི་སྙིང་པོ་བསྡུས་པར། མདུན་གྱི་རླུང་དང་མ་ཞུ་གྲང༌། །ཡུལ་སྨུས་གདོན་ཟས་ཉིན་གཉིད་ཉལ། །ལུས་ཟུངས་གནོད་པར་བྱས་པ་ནས། །དེ་བས་གནོད་པའི་དུག་ཅེས་བཤད། །ཅེས་སོགས་ཀྱང་འབྱུང་ངོ༌། །

དེ་རྣམས་ངོས་འཛིན་པའི་རྟགས་སྤྱི་བྱེ་བྲག་ཤུགས་ཀྱིས་རྟོགས་དགོས་ཏེ་སྤྱི་རྟགས་རྩ་ནི་ཁ་ཕྲ་ལ་གཏིང་ན་གྲིམས་པ་དང་ཆུ་མདོག་ནི་དམར་རམ་སྨུག་པོ་ལ་ཀུ་ཡ་ཆད་པ་དང་ཤའི་མདོག་སྔོ་ལ་སྐམས་ཤིང་མིག་འགྲིབས་ལ་མགོ་བོ་ན་བ་དང་སྐབས་སུ་ལུས་བརྩེ་བ་སྟེ་སྐྱི་བུན་བྱེད་ཅིང་བྲང་རྒྱབ་དང་རྩིབ་མའི་ལོགས་རྣམས་གཟེར་བ་དང་སྒྲེག་པ་བྱེད་ཅིང་ཁོང་པ་སྦོ་ལ་འཇུ་བ་དཀའ་ཞིང་ཟས་ཟོས་པའི་རྗེས་ན་བ་དང༌། ཡན་ལག་གི་ཚིགས་གཞི་ན་ལ་རྐང་པའི་བོལ་དང་གསུས་པའི་ཤ་སྦོས་པ་དང༌། མི་འཕྲོད་པའི་ཟས་ཟོས་ན་འཁྲུ་བའམ་སྐྱུག་པའི་ཚུལ་སྟོན་ནོ། །

དེ་ཡང་གོང་དུ་བསྟན་པ་དེ་དག་མདོར་དྲིལ་ལམ་བྱེ་བྲག་ཏུ་བཤད་ན་མི་འཕྲོད་མ་ཞུ་བ་རྣམས་ཕོ་བར་གནས་ཚེ་བད་ཀན་ཤས་ཆེ་བས་གྲང་ལ། མཆིན་པར་ཁྲག་མཁྲིས་ཤས་ཆེ་བས་ཚ་ཞིང་ཉེས་གསུམ་ཁྲག་ཆུ་སེར་སོགས་རང་གི་མཚན་ཉིད་མཐུན་པའི་རྟགས་སྟོན་ཏེ། རླུང་དང་ལྡན་ན་སྦོ་སྒྲེག་བྱེད་ལ་མགོ་བོ་འཁོར་བ་དང༌། མཁྲིས་པར་ལྡན་ན་ཁོང་པ་ཚ་ལ་འཁྲུ་བ་དང༌། ཁྲག་དང་ལྡན་ན་གཟེར་འཁྱུག་བྱེད་ཅིང་བད་ཀན་དང་ལྡན་ན་ལུས་ལྕི་ཞིང་མགོ་ན་ལ་ཟས་འཇུ་བ་དཀའ་ཞིང་འཁྲེན་པ་སྟེ་ཟས་འདོད་ཆེ་བ་དང༌། ཆུ་སེར་དང་ལྡན་པས་ན་གཡོ་བར་སྐྲངས་ལ་ཚིགས་གཞི་ན་ཞིང༌། གནས་ཀྱི་འགྱུར་བ་དང་བཅས་པ་ལས་སྣ་ཚོགས་པའི་ནད་རྟགས་གཉིས་ལྡན་དུ་འབྱུང་བས་བརྟག་པར་དཀའ་སྟེ་མ་ཞུ་བ་དང་དུག་གི་རྟགས་གཉིས་ལྡན་པས་མ་འཇུ་དུག་ཐབས་ཞེས་ཀྱང་བྱའོ། །འདི་ལ་ངོས་མ་ཟིན་པའི་མ་རྟོགས་པ་དང་ཚ་གྲང་སོགས་ནོར་ཏེ་ལོག་པར་རྟོགས་པ་དང༌། འོལ་ཅི་ཙམ་པའི་ཕྱོགས་འགྲོ་རྟོགས་པ་མ་ཡིན་པར་རྒྱུ་རྐྱེན་མཚན་ཉིད་ཐམས་ཅད་ཕྲ་བ་དང་ཞིབ་མོའི་སྒོ་ནས་རྣམ་པར་དཔྱད་ཅིང་བརྟགས་ནས་ནད་འདིའི་ངོ་བོ་གང་ཡིན་པ་དེ་ཉིད་རྟོགས་པར་གྱིས་གསུངས་པ་ལྟར་ལེགས་པར་བརྟག་དགོས་སོ། །

དེ་ལྟར་རྟོགས་ནས་བཅོས་པའི་ཐབས་ལ་གཞི་བཟུང་བ་དང༌། དེ་བཞིན་དུ་བསྡུ་བ་དང༌། བསད་པ་དང༌། སྦྱང་བ་དང་བཞིའི་སྒོ་ནས་བཅོས་དགོས་ཏེ། དང་པོ་གཞི་བཟུང་བ་ལ་སེ་འབྲུ། སུག་སྨེལ། པི་པི་ལིང༌། ཤིང་ཚ་དང་བཅས་བཞིའམ་ད་ལིས་ཏེ་བ་ལུའི་མེ་ཏོག་བཞི་པ་ཡང་རྒྱུད་ཕྱི་མར། ད་ལིས་ཚ་བ་གསུམ་ཀྱི་གཙོ་བོ་ལ། །ཞེས་པ་ཀ་ར་དང་སྦྱར་བ་ནང་ནུབ་ཏུ་ཆུ་བསྐོལ་ཚན་མོས་དབུལ་བས་དྲོད་བསྐྱེད་ལ་བེ་སྣབས་སྦྱོང་ཞིང་བུ་ག་གསོ་བ་དང༌། གསོ་བའི་སྨན་ཟས་སྨིན་པའམ་འཇུ་བར་བྱེད་པའི་གྲོགས་སུ་འགྱུར་བ་ཡིན་ཞིང་གསོ་བའང་སླ་བར་འགྱུར་རོ། །བསྡུ་བ་ལ་འོ་མར་ལན་ཚྭ་བྲོ་ཙམ་སྦྱར་བ་དང༌། སྤོས་དཀར་དང༌། ཕག་ཁྲག སྟར་བུ་དང༌། ཀ་ར་བཅས་སྦྱར་བ་གཉིས་ཀྱི་གོང་མ་སྲོད་དང༌། སྤོས་དཀར་སོགས་ཀྱི་སྦྱོར་བ་ཐོ་རངས་བཏང་སྟེ་ལྟག་སྤྲད་པས་བྱེར་བ་སྡུད་དེ། འདུས་པའི་རྟགས་ལ་ཁོང་སྙོམས་ཤིང་ལུས་ལྕི་ལ་མཆིལ་མ་དང་སྣབས་མང་བ་དང་ཁ་ཟས་མི་ལེན་ན་སྟོབས་ཆུང་ལ་འདུས་པ་ཡིན་པས་དེ་དུས་གཤམ་དུ་འཆད་པ་ལྟར་གྱིས་མྱུར་དུ་སྦྱང་དགོས་སོ། །ནད་སྟོབས་ཆེ་བ་ན་འདུས་ནས་སྨན་གྱི་གཉེན་པོས་བསད་དགོས་པར། གི་ཝཾ་བཅོ་ལྔ་པ་ནི་གི་ཝཾ་དང༌། ཨུཏྤལ་དང༌། ཅུ་གང༌། གུར་ཀུམ། ལི་ཤིའམ། སུག་སྨེལ་ཏེ་བསིལ་གསུམ་དང༌། དུག་མོ་ཉུང༌། ཚ་ལ་མ་དུལ་བ་དང༌། ཧོང་ལེན་དང༌། སྤོས་དཀར་དང༌། སོ་མ་ར་ཛ། ཨ་རུ་ར་དང༌། དོམ་མཁྲིས་དང༌། བྲག་ཞུན་དང༌། བོང་ང་སེར་པོ། ཤུ་དག་དཀར་པོ་རྣམས་ཀ་ར་དང་སྦྱར་བར་བྱས་ལ་ཚ་བའི་དུས་སུ་ཞེས་ཉིན་མོ་བསྐོལ་གྲང་གི་ཆུས་དབུལ། གོང་གི་གཞི་འཛིན་སེ་འབྲུ་བཞིའམ་ད་ལིས་བཞི་གང་རུང་བ་ཐོ་རངས་ཀྱི་དུས་ཆུ་བསྐོལ་གྱིས་དབུལ། ཡང་ན་གཉེན་པོ་བོང་ང་དཀར་པོ་དང༌། དོམ་མཁྲིས་དང༌། མི་རྟ་ཁྱི་གསུམ་སྐྱེས་མ་ཐག་པའི་བྲུན་ཏེ་ཕྱ་ཚན་གསུམ་དང༌། ཚད་པ་གཅོག་པར་ཙན་དན་དཀར་པོ་དང༌། ཏིག་ཏ་དང༌། བྲག་ཞུན་གསུམ་དང༌། ཁ་འཛིན་ལ་ཅུ་གང་དང༌། གུར་ཀུམ་དང༌། པི་ལིང་གསུམ་རྣམས་ཀ་ར་དང་སྦྱར་བ་གོང་གི་གཞི་འཛིན་གང་རུང་དང་ལྟག་པ་སྤྲད། དེ་རྗེས་སྟོད་སྨད་གང་དང་ཉེ་བའི་གནས་སྟོད་ལ་རི་ཤོ། སྤྱང་ཚེར། དུར་བྱིད། ཤུ་དག རྒྱམ་ཚྭ། པི་པི་ལིང༌། བོང་དཀར་རྣམས་ཀྱིས་སྐྱུགས་དང༌། ཨ་རུ། སྐྱེར་ཤུན། སོ་མ་ར་ཛ། སྤང་རྒྱན་དཀར་པོ། འབྲི་ཏ་ས་འཛིན། དོང་ག་ལྕུམ་རྩ་བསྡུས་ཁུར་དུར་བྱིད་བཏབ་པས་སྨད་ནས་བཤལ་གྱིས་སྦྱངས་པས་ནད་ཀྱི་སྟོབས་ཞི་བའི་རྟགས་དང་ལྡན་ན་ཁ་ཟས་རྣམས་རིམ་གྱིས་གློད་ཅིང༌། ནད་ཞི་བ་དཀའ་ན་སྡུད་བྱེད་གོང་བཤད་བསྐྱར་ལ་འདུས་ནས་སྟོད་ལ་ཉེ་ན་བཤད་མ་ཐག་པའི་སྐྱུགས་དང་དེ་ཕྱིན་བཤལ་གྱིས་སྦྱངས། དེས་ཀྱང་མ་འབྱོངས་པའི་ནད་ལྷག་མ་གི་ཝཾ་བཅོ་ལྔ་པའི་ཧོང་ལེན་བྲི་བའི་གཉེན་པོས་བསད་པར་བྱ་དགོས་ཏེ། དེ་སྟེང་རླུང་མཁྲིས་བད་ཀན་གྱི་ཉེས་པ་གང་ཤས་ཆེ་བ་དེའི་ཟས་སྨན་གཉེན་པོ་རྣམས་སྦྱར་བ་དང༌། ནད་དེ་རྩ་ལ་འགྲམས་པ་ཆེ་ན་ལྟོ་སྦྱོང་བཤད་མ་ཐག་པའི་ཁར་བྱང་པ་དང་སྡིག་སྲིན་སྤོས་དཀར་རྣམས་བསྡེབས་པའི་རྩ་སྦྱོང་དང་སྦྲེལ་ལ་སྦྱང་བ་དང༌། གཞན་ཡང་མི་འཕྲོད་པ་དང་དྭངས་མ་གནས་སུ་མ་སྨིན་པའི་མ་ཞུ་དུག་ཐབས་དང་སྨུག་པོ་བྱེར་བ་དང༌། ཚད་འགྲམས་རྙིང་པ་དང༌། འཁྲུགས་རྙིང་དང༌། རིམས་རྙིང་པ་རྣམས་ཀྱི་ཚད་རོ་ལུས་ཟུངས་ཀུན་ཏུ་ཞེན་པའི་ཕྱིར་སྦྱར་དུག་དང་ཆ་མཐུན་པས་གསོ་ཐབས་ཀྱང་ཐུན་མོང་དུ་འཕྲུལ་ཞིང་བཅོས་པ་རིག་མདས་གང་འཚམས་སུ་བསྣུན་དགོས་སོ། །

གཞུང་དོན་གཉིས་པ་ཤའི་དུག་ལ་རྒྱུ་དང་རྐྱེན་དང་རིགས་དང་རྟགས་དང་བཅོས་པའི་ཐབས་དང་རྣམ་པ་ལྔའི་སྒོ་ནས་བསྟན་པའོ། །

དེའི་རྒྱུ་ནི་ཤ་རློན་ས་ལ་བེམ་པའམ་བམ་པ་དང༌། ཡུལ་ཕྱོགས་ཀྱི་ས་ལ་རང་བཞིན་གྱི་དུག་ཡོད་པའི་རླངས་པ་འཕོག་པ་ཡིན་ནོ། །

བཤད་མ་ཐག་པའི་རྒྱུ་དེ་སྐྱེད་བྱེད་ཀྱི་རྐྱེན་ནི་ཤ་རློན་དེ་ས་རླན་པའི་སྟེང་དུ་བཞག་པ་དང་བཙོས་པའི་དྲོན་མོ་རླངས་པ་བསྲུབས་ནས་བམ་པ་དང༌། འོ་མ་ཞོ་སོགས་དཀར་དང༌། ཆང་སོགས་སྐྱུར་གྱིས་ཕོག་པ་དང༌། དབྲེ་སྟེ་བུད་མེད་ཀྱི་མངལ་ཁྲག་དང་སྲེ་མོའི་དྲི་བཏང་བ་སོགས་དང༌། ཉི་ཞུར་ཕོག་པ་དང༌། འབྲུ་དང༌། རྩམ་པ་དང༌། སྔོ་སོགས་ཀྱི་གསེབ་ཏུ་ཡུན་དུ་ལས་པ་དང༌། བེ་ལོག་ཅེས་པ་བེའུ་ཁོང་དུ་ཡོད་པའི་མ་ཤི་ནས་རོའི་ཁོང་པར་བེའུ་ཞག་ལྔ་དྲུག་ལུས་པའི་ཤ་དང༌། དབྱར་དགུན་ཉི་མ་ལོག་དུས་བཤན་པའི་ལག་པ་ལ་རྨ་བྱུངབའི་ཁྲག་གིས་ཤ་ལ་ཕོག་པ་རྣམས་ཀྱིས་རྐྱེན་བྱས་ཏེ་ཞག་བདུན་འདས་ཕན་ཆད་ནས་དུག་ཏུ་འགྱུར་བ་ཡིན་པ། འདི་ལ་རྫོང་འཕྲང་དུ། དེ་རྐྱེན་དྲོད་བམ་ཉི་ཞུར་དབྲེ། །སྐྱུར་ཁྲག་སྔོ་དང་མི་མ་ཡིན། །སྦྲུམ་སྟེ་ཤི་བའི་ཤ་ལས་སོ། །ཞེས་འབྱུང་ངོ༌། །

དེའི་རིགས་ལ་ཤ་དུག་གི་ནད་དང༌། ཤ་ནད་གཉིས་སུ་འདོད་དོ། །

ངོས་འཛིན་པའི་རྟགས་དེ་ལ་ཡང་སྤྱིའི་རྟགས་དང་བྱེ་བྲག་གི་རྟགས་རྣམ་པ་གཉིས་ལས། སྤྱིའི་རྟགས་ལ་མིག་མི་གསལ་ཞིང་འབྲས་བུ་ལྔ་ལ་ཞེས་པ་ནི། མིག་གི་ཨ་འབྲས་ནག་པོ་ཚོ་མ་ཟིན་པར་རྡལ་བའམ། ཡང་ན་རྫོང་འཕྲང་དུ། རྒྱལ་མོ་རྡོལ་བར་གྱུར་པ་ཡིན། །ཞེས་ཀྱང་འབྱུང་སྟེ། དོན་ལ་མཆིན་པར་ཤ་དུག་སླེབས་པའི་སྐྱོན་ནོ། །ཕོ་བ་སྦོ་འགྱུར་གླང་ཐབས་ཀྱིས་ན་བ་དང༌། མིད་པ་ལྟེབ་ཅེས་པ་ལྟེབས་པ་ལྟར་འབྱར་ཏེ་ཟས་སྐོམ་སྨན་སོགས་རྒྱུ་དཀའ་ལ་སྐད་འཛེར་ཞིང་ཤེས་པ་ཟི་བ་དང༌། མགོ་བོ་འཁོར་ལ་རྐང་པ་གཏད་པར་མི་ཚུགས་ཏེ་གོམ་པ་འཁྱོར་བ་འབྱུང་ངོ༌། །

བྱེ་བྲག་ཏུ་ཤ་ནད་ལ་མགོ་དང་ཡན་ལག་ཚིགས་གཞི་ན་ལ་གཙོ་ཆེར་ཞེས་ནད་བབས་འཁྲུ་སྐྱུག་བྱེད་ལས་སྲོག་ལ་བསྔོ་བའི་ཉེས་པ་ཆུང་ངོ༌། །ཤ་དུག་ནི་གྲེ་བ་འགག་པ་ལ་གཏམ་སོགས་ཤུགས་ཆེན་གྱི་སྐད་མི་ཐོན་པ་དང༌། ཟས་སྐོམ་གྲེ་བར་མི་ཐར་ལ་ཤེད་དང་བྲལ་ཞིང་མིག་གིས་མི་མཐོང་བ་བྱུང་ན་དེ་ནི་ཡོད་དེ། འཕྲལ་དུ་སྲོག་འཕྲོག་པས་གསོ་བ་ལ་ཅག་སྒྲིམ་པ་དང༌། ནད་ཟུག་མེད་པར་སྐྱུག་པ་བྱེད་ཅིང་རྩ་ལ་ནད་མ་བབས་པར་བལྟ་རྩ་ནད་མེད་དུ་གནས་པ་དེ་ནི་འཆི་བདག་གི་ཁར་ཚུད་པས་གང་དང་ཅིས་ཀྱང་ལྷོགས་པར་མི་འགྱུར་རོ། །

བཅོས་པའི་ཐབས་ལ་ཡང་དང་པོ་མ་ཞུ་བའི་དུས་སུ་བཅོས་པ་དང༌། བར་དུ་དུག་རྒྱས་པའི་དུས་སུ་བཅོས་པ་དང༌། ཐ་མར་བླ་གཉན་གྱི་ནད་བསལ་བ་དང་གསུམ་ལས་མ་ཞུའི་དུས་སུ་དང་པོ་ནད་བསྡུས་ལ་བར་དུ་སྦྱངས་ཤིང་དེའི་རྗེས་ལ་རོ་ལུས་པ་བསད་པ་དང་གསུམ་དུ་ངེས་དགོས་ཏེ། མ་བསྡུས་ན་ཞུ་ནས་རྩ་དང་དོན་ལྔ་ལ་འབྲོས་པའི་ཕྱིར་ན་སྡུད་སྨན་སེ་བ་དང༌། སྐྱེར་པའི་བར་ཤུན། ལུག་རུ་སྨུག་པོ། ཡུངས་ཀར་དང༌། གླང་དམར་པོའི་གསོན་ཁྲག་དང་སྦྱར་ལ་བཏང་བས་རྩ་རུ་མི་འབྲོས་པར་འཛིན་ནོ། །དེའི་རྗེས་ལ་མགྱོགས་པོའི་རྟ་སྟེ་དུར་བྱིད་དུས་སུ་བསྐོས་པ་ལ་དཔའ་བོ་རྒྱ་ཚོས་དང་ཧོང་ལེན་གཉིས་བསྐྱོན། རྣོན་པོ་རྒྱ་ཚྭ་བསྐུར་བ་དང༌། སྣ་ཁྲིད་མགྲོན་བུ་གླ་རྩི་བཅས་པས་སྦྱངས་དགོས་ཏེ། དེ་ལྟར་བསྡུ་སྦྱང་གི་ལག་ལེན་འདི་མ་ཡིན་པར་སྦྱང་སྨན་དང་སྦྱོང་ལུགས་གཞན་གྱིས་མི་ཕིགས་པར་གྱེན་དུ་ལྡོག་ཅིང༌། དུག་རླངས་ཀྱིས་གྲེ་བ་འགགས་པར་འགྱུར་བས་ན་འོག་ནས་ཕྱི་རྒྱུད་ལྟར་གྱི་ནི་རུ་ཧས་བསུ་ཞིང་སྐེ་ལ་རྡོ་གྲང་མོས་བདུག་ལ། དེ་ལྟར་སྦྱངས་པའི་རྗེས་ནད་ཀྱི་ལྷག་མ་འོག་གི་ཕྱེ་མ་དེ་རྣམས་གང་ཡང་རུང་བས་བསད་དོ། །

བར་དུ་དུག་རྒྱས་པའི་དུས་སུ་འཕྲང་བསལ་བ་དང་དུག་གི་རླངས་རྣམས་བསད་པ་གཉིས་ལས། དང་པོ་ནི་གྲེ་བ་འགགས་པའི་འཕྲང་བསལ་བ་ལ་ཉུང་གཞི་ཞེས་ཉུང་མའི་ས་བོན་གང་བུ་དང་བཅས་པའི་རྩ་བ་ཆུར་སྦང་པ་ཁ་རུ་གཏིགཡང་ན་བཙོད་གདུས་པའི་ཁུ་བར་ཅུ་གང་དང་ཚ་ལ་བཏུལ་མ་ཤིང་མངར་བཅས་ཞིབ་པར་བཏགས་པ་བཏབ་ལ་གྲེ་བར་གཏིགཡང་ན་མཚེའུ་སྐྱོང་ཞེས་ལྷས་ཀྱི་ཆུ་འཁྱིལ་བའི་ཤུལ་ཁྲུ་གང་འོག་གི་ས་ཆུ་གཙང་གིས་བསིངས་པའི་ཁུ་བར་ཅུ་གང་དང༌། སྤང་རྒྱན་དཀར་པོ་དང༌། སྟར་བུ་ཤིང་མངར་སོགས་བཏབ་ལ་དེ་གྲེ་བར་གཏིག ཡང་ན་ཅུ་གང་དང་བོང་ང་དཀར་པོ། ཚ་ལ་དུལ་མ་དང་ཨ་རུ་སོགས་ཆུ་དང་སྦྱར་བ་གཏིག་དགོས་པ་དེ་རྣམས་གྲེ་བ་མ་སྐམས་པར་བྱས་ལ་ཡང་ཡང་བསྟེན་པར་བྱ་ཞིང་སྐེ་ལ་ཆུ་བདུག་ཅེས་པ་ཆུ་གྲོད་པར་བླུག་ལ་བདུག་ཅིང་སྐེ་རྩ་ཐོང་རྩ་དང་སྐྱོར་གོང་གཉིས་གཏར་རོ། །གསོད་པའི་སྨན་གི་ཝཾ་བརྒྱད་པ་ནི་གི་ཝཾ་དང༌། དོམ་མཁྲིས། ཨ་རུ་ར། ཡུང་བ་དང༌། སྐྱེར་པའི་བར་ཤུན་དང༌། བོང་ང་སེར་པོ། བྲག་ཞུན་དང༌། བྱེའུ་ལ་ཕུག་རྣམས་ཞིབ་ཏུ་བཏགས་ལ་ཆུར་སྦངས་པ་ནི་དུག་རླངས་ཀྱི་ཚ་བ་རྣམས་འཇོམས་པའི་མཆོག་ཏུ་བཤད་པ་ཡིན་པས། དེ་སྟེང་བེ་སྐྱེས་རེ་རལ་གྱི་ཁཎྜ་དང༌། སོ་མ་ར་ཛ་དང༌། གི་ཝཾ་དང༌། བོང་ང་དཀར་པོ་རྣམས་བཏབ་ལ་བཏང༌། ཡང་ན་བའི་ལྕི་བ་བཏང་བ་སྣོད་བཟེད་པའི་ས་ལ་མ་ལྷུང་བ་དེར་བ་ཆུས་སྦྱངས་པའི་ཁུ་བ་ལ་རེ་རལ་དང༌། བོང་ང་དཀར་པོ། ལྕགས་ཕྱེ་དང༌། བྱེའུ་ལ་ཕུག་རྣམས་ཆ་མཉམ་ལ་གདབ་པ་དེ་ཉིས་འགྱུར་གྱི་ཆུས་སྦངས་ལ་དང་པོ་སྨན་དང་བ་ཆུ་བཅས་སྦྱར་བའི་ཚད་དུ་བསྡུས་པ་དེ་ལ་གླ་རྩིའི་ཁ་ཚར་བཏབ་ལ་གཏང་བར་བྱ། ཡང་ན་རྦ་བྱེ་ཨོག་དཀར་གྱི་ཤ་དང༌། མི་རྟ་ཁྱི་གསུམ་སྐྱེས་མ་ཐག་པའི་བྲུན་ཏེ་ཕྱ་ཚན་གསུམ། ལྡུམ་པོ་རེ་རལ་དང༌། གླ་རྩི་དང༌། འོམ་བུ། བོང་ང་དཀར་པོ་དང༌། རྩད་དང༌། གི་ཝཾ་དང༌། ཅུ་གང༌། གུར་ཀུམ། སུག་སྨེལ། ཛཱ་ཏི། ལི་ཤི། ཀ་ཀོ་ལ་སྟེ་བཟང་དྲུག་དང༌། བྲག་ཞུན་དང༌། ཨ་རུ་ར་རྣམས་ཞིབ་ཏུ་བཏགས་ལ་ཆུར་སྦངས་པ་ཡང་ཡང་བསྟེན་པར་བྱ། ཡང་ན་གོང་བཤད་ཀྱི་ཆར་མའི་ཉུང་མ་ཁ་སྨུག་དང༌། ཨ་རུའི་ཁཎྜ་ལ། རྒྱ་ཚྭ་དང༌། གླ་རྩི་དང༌། བོང་ང་དཀར་པོ་རྣམས་ཀྱི་ཁ་ཚར་བཏབ་པ་དེའི་རིལ་བུ་བྱིས་པ་ལོ་བརྒྱད་པའི་དྲི་ཆུར་སྦྱངས་ལ་བཏང༌། བཙོད་དང་རྟ་སྦངས་གཉིས་སིངས་པོས་བྲན་པའི་ཁུ་བར་མེ་སྤྲིན་ཏེ་དུ་བ་རལ་པ་བཟང་པོ་སྦྱར་བ་གཉན་པོ་ཡིན་ཅིང༌། དེ་དག་ཀུན་ལ་ཚ་བ་ཆེ་ན་ག་བུར་དང༌། ཙན་དན་དཀར་པོ་གི་ཝཾ་སོགས་སྦྱར་ལ་བཏང་ཞིང་སྟོད་སྨད་དོན་སྣོད་སོགས་གང་བབས་ལ་གཏར་དགོས་ཤིང་བབས་ས་མ་ངེས་ན་དྲུག་འདུས་དང་རུ་ཐུང་གཉིས་གཏར་བ་དང༌། གྲང་བ་རྒྱས་པ་སྟེ་སྦོ་འཁྲོག་བྱེད་ལ་རྩ་ཆུ་ཕྱི་ཡུལ་གྲང་ན་རྒྱ་ཚྭ་དང༌། གོང་བཤད་ཀྱི་ད་ལིས་དང༌། སྔོ་སྟག་ཤ་རྣམས་གོང་མ་གང་སྦྱོར་ཀུན་ལ་བསྣན་ཏེ་སྦོ་འཁྲོག་བྱེད་པར་ཚྭ་སོགས་དུགས་ཀྱིས་བསྲོ་བ་དང༌། སྦྱར་དུག་སྐབས་གོང་དུ་བཤད་པའི་སྔགས་རིང་ཐུང་རྣམས་བརྒྱ་དང་སྟོང་གང་རིགས་པའི་སྔགས་ཀྱིས་ངར་གདགས་པའི་སྨན་ནུས་བསྐྱེད་པར་བྱས། གལ་ཏེ་འཐུང་བ་མ་ཤེས་ན་ཁྱེམ་བུ་སྟེ་ཐུར་མས་ཡང་ཡང་གཏིགསྨན་སོགས་ཅི་བྱས་ཀྱང་གྲེ་བར་མ་ཐར་ན་སྦུབས་ཐུར་གྱིས་སྨན་བླུག་དགོས་ཏེ་ཕོ་སྟོང་ལྷེན་གསང་ལ་ཐོག་མར་མེ་བཙའ་གཅིག་བྱས། དེ་རྗེས་རྩ་ལ་བྱོལ་མཆིན་པར་མ་ཐུག་པར་ཕུག་ནས་སྦུབས་ཐུར་བཙུགས་སྨན་ཞིབ་པར་བཏགས་པའི་བསྡུས་ཐང་རྩེ་འཇམ་གྲོད་པའམ་ལྒང་ཕུག་ཏེ་བླུག་སྟེ་བཏང་ངོ༌། །དུག་རྒྱས་པ་འདི་དུས་སུ་བཀྲུ་སྨན་མི་བཏང་སྟེ་བཏང་ན་དུག་དང་མཚུངས་པ་ཡིན་པས་ན་བསད་སྨན་བཏང་བ་གཅེས་སོ། །

ཐ་མར་བླ་གཉན་གྱི་ནད་ཐོར་བུ་བསལ་བ་ནི། དྲི་ཆེན་གྱི་རྒྱུན་འགགས་པ་ལ་ཨུག་ཆོས་དང༌། སོ་མ་ར་ཛ་བཅས་བཏང་བ་དང༌། ཕྱི་རྒྱུད་ནི་རུ་ཧའི་ལེའུར་གསལ་བ་ལྟར་གྱི་འདྲེན་བྱ་ཞིང༌། ཆུ་འགགས་ན་བོང་རྨིག་དང༌། ཆུ་སྦུར་དང༌། ཉི་དགའ་སྟེ་ལྕམ་པ་དང༌། སོ་བྱའི་སྒྲོ་ནུས་ལྡན་བསྲེགས་པའི་ཐལ་བ་ཆང་ཆུ་བསྲེས་པའི་སིངས་པོ་བྲོ་ཙམ་ལ་སྦྱར་བའི་སྦྱོར་བ་བྱ། མིག་ཚ་ཞིང་འགྲིབས་ན་ག་བུར་དང་སྐྱེར་པས་བྱུག་ཅིང༌། གྲོད་པའམ་སྒང་ཕུག་ལ་ཆུ་བླུགས་པའི་ཆུ་དུགས་དང་མཆིན་རྩ་རུ་ཐུང་ངམ་གསེར་མདུང་དངུལ་མདུང་ལ་གཏར་ག་བྱ་ཞིང༌། ལྕགས་ཀྱི་ཁུ་བ་དང་དོང་ག་གཉིས་སྔོན་འགྲོ་སོགས་མེད་པར་འཇམ་བཤལ་ཡང་ཤིས། ཤ་དང་པགས་པ་སྦྲིད་ན་སྤང་རྒྱན་དཀར་པོ་དང༌། ཅུ་གང་དང༌། གུར་ཀུམ་བཅས་བཏང་བས་སེལ་བར་བྱེད། ཕོ་བ་སྒངས་ན་ད་ལིས་བཤད་མ་ཐག་པ་དང༌། རྒྱ་ཚྭ། སྟག་ཤ་བཅས་ད་ལིས་གསུམ་པ་བཏང༌། གློ་མང་ཞིང་འགོག་པར་དཀའ་ན་རུ་རྟ་དང༌། སྤང་རྒྱན་དཀར་པོ་དང༌། སྟར་བུ་དང༌། ཚ་ལ་རྣམས་ལོ་བརྒྱད་ཀྱི་དྲི་ཆུར་སྦྱངས་ལ་བཏང་ཞིང༌། གཞན་ཡང་སྤང་བླང་གི་རིམ་པ་ཁ་ཟས་ནི་ཕྱེ་ཐུག་དང༌། འབྲས་དང༌། ཡོས་ཀྱི་ཐུག་པ་དང༌། ཞག་མ་ལོན་པའི་བསྐོལ་གྲང་དང་བ་ཚྭ་མེད་པའི་ཆུ་བསིལ་རྣམས་བསྟེན་པ་དང༌། དཀར་གྱི་རིགས་དང་མངར་གྱི་རིགས་བག་ཅན་དང་ཤ་དང་རུལ་སྐྱུར་རྣམས་སྤང་ཞིང༌། གྲང་ཤས་ཆེ་ན་ཆང་གསར་འཇམ་དང་སྒོག་སྐྱའི་ཆབ་མིག་བཏང་བ་དང༌། སྤྱོད་ལམ་ནི་དྲག་ཤུལ་དང༌། དུ་བ་དང༌། ས་རླན་དང༌། སྐད་ཆེན་པོར་སྨྲ་བ་དང༌། མྱ་ངན་དང༌། སེམས་ལས་ཀྱི་རིགས་རྣམས་སྤང་དགོས་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུག་རིགས་ཀྱི་ནང་ཚན་ཟས་ལེ་ཚན་མི་འཕྲོད་པ་སོགས་ཀྱི་གྱུར་པའི་དུག་བཅོས་པའི་ལེའུ་སྟེ་བརྒྱད་ཅུ་རྩ་བརྒྱད་པའོ།། །།



མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 5:04 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།