སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གྱ་བརྒྱད་པ། གྱུར་པའི་དུག་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་གྱ་བརྒྱད་པ། གྱུར་པའི་དུག་བཅོས་པ།



ལེའུ་གྱ་བརྒྱད་པ། གྱུར་པའི་དུག་བཅོས་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །གྱུར་པའི་དུག་ལ་རྣམ་པ་གཉིས་ཡོད་དེ། །མི་འཕྲོད་པ་ཡི་དུག་དང་ཤ་དུག་གོ །

དང་པོ་རྒྱུ་དང་རྟགས་དང་གསོ་ཐབས་གསུམ། །རྒྱུ་ནི་གཉིས་ཏེ་ངོ་བོས་མི་འཕྲོད་དང༌། །དྭངས་མ་མ་ཞུ་ཟུངས་སུ་མ་སྨིན་པའོ། །ངོ་བོ་མི་འཕྲོད་ཆང་གསར་ཞོ་མ་ལངས། །སེར་ཤ་ཡུངས་ཀར་མར་ལ་བརྔོས་པ་དང༌། །ཁྱིམ་བྱའི་ཤ་འམ་ཞོ་དང་འོ་རློན་དང༌། །ལ་ཕུག་སྒོག་སྐྱ་ཡུངས་དཀར་ལོ་མ་འམ། །ཉ་དང་སྒོ་ང་འབྲུ་མར་སོ་མ་འམ། །ལ་ཕུག་རྣམས་ཏེ་མི་འཕྲོད་དེ་དག་རྣམས། །སྔ་མ་མ་ཞུ་ཕྱི་མ་ཟོས་པ་འམ། །བསྲེས་ཏེ་ཟོས་སམ་ལྷན་ཅིག་ཟོས་པ་ཡིས། །མི་འཕྲོད་ནུས་པ་འཐབས་ནས་ཉེས་པ་འཁྲུགས། །ཡང་ན་མི་འཕྲོད་ཁ་ཟས་མ་ཡིན་ཀྱང༌། །མ་གོམས་དུས་མིན་ངོ་བོས་འཇུ་དཀའ་བས། །མ་ཞུ་དྭངས་སྙིགས་འདྲེས་ཏེ་རྩ་མིག་བྱེར། །ལུས་ཟུངས་བདུན་པོ་རིམ་གྱིས་འགྲིབ་པར་བྱེད།།

དེ་རྟགས་རྩ་ནི་ཕྲ་ལ་གཏིང་ན་གྲིམས། །ཆུ་མདོག་དམར་རམ་སྨུག་ལ་ཀུ་ཡ་ཆད། །ཤ་མདོག་སྔོ་སྐམ་མིག་འགྲིབ་མགོ་བོ་ན། །སྐབས་སུ་ལུས་བརྩེ་བྲང་རྒྱབ་རྩིབ་ལོགས་གཟེར། །སྒྲེག་ཅིང་ཁོང་སྦོ་འཇུ་དཀའ་ཟོས་རྗེས་ན། །ཚིགས་གཞི་ན་ལ་རྐང་བོལ་གསུས་ཤ་སྦོས། །མི་འཕྲོད་ཟས་ཟོས་འཁྲུ་འམ་སྐྱུག་ཚུལ་སྟོན། །མདོར་ན་ཕོ་བ་གྲང་ལ་མཆིན་པ་ཚ། །རླུང་ལྡན་སྦོ་སྒྲེག་མགོ་འཁོར་མཁྲིས་པར་ལྡན། །ཁོང་ཚ་འཁྲུ་དང་ཁྲག་གིས་གཟེར་འཁྱུག་བྱེད། །བད་ཀན་ལུས་ལྕི་མགོ་ན་འཇུ་དཀའ་འཁྲེན། །ཆུ་སེར་ལྡན་པས་གཡོ་སྐྲངས་ཚིགས་གཞི་ན། །སྣ་ཚོགས་ནད་རྟགས་འབྱུང་བས་བརྟག་པར་དཀའ། །མ་རྟོགས་ལོག་རྟོག་ཕྱོགས་རྟོགས་མ་ཡིན་པར། །ཕྲ་ཞིབ་སྒོ་ནས་ངོ་བོ་ཉིད་རྟོགས་ཀྱི།།

བཅོས་ཐབས་གཞི་བཟུང་བསྡུ་བསད་སྦྱང་བས་བཅོས། །དང་པོ་སེ་འབྲུ་བཞི་འམ་ད་ལིས་བཞི། །ཀ་ར་སྦྱར་བ་ནང་ནུབ་ཆུ་ཚན་དབུལ། །དྲོད་སྐྱེད་བེ་སྣབས་སྦྱོང་ཞིང་བུ་ག་གསོ། །གསོ་བའི་སྨན་ཟས་སྨིན་པར་བྱེད་པ་ཡིན། །བསྡུ་བ་འོ་མ་ལན་ཚྭ་སྦྱར་བ་དང་། །སྤོས་དཀར་ཕག་ཁྲག་སྟར་བུ་ཀ་ར་སྦྱར། །སྲོད་དང་ཐོ་རངས་ལྟག་སྤྲད་བྱེར་བ་སྡུད། །འདུས་རྟགས་ཁོང་སྙོམ་ལུས་ལྕི་མཆིལ་སྣབས་མང༌། །ཁ་ཟས་མི་ལེན་སྟོབས་ཆུང་དེ་དུས་སྦྱང༌། །ནད་སྟོབས་ཆེ་ན་འདུས་ནས་གཉེན་པོས་བསད། །གི་ཝཾ་ཨུཏྤལ་བསིལ་གསུམ་དུག་མོ་ཉུང༌། །ཚ་ལ་ཧོང་ལེན་སྤོས་དཀར་སོ་མ་ར། །ཨ་རུ་དོམ་མཁྲིས་བྲག་ཞུན་བོང་ང་སེར། །ཤུ་དག་དཀར་པོ་ཀ་ར་སྦྱར་བྱས་ལ། །ཚ་བའི་དུས་སུ་བསྐོལ་གྲང་ཆུ་ཡིས་དབུལ། །གཞི་འཛིན་གང་རུང་ཐོ་རངས་ཆུ་སྐོལ་དབུལ། །ཡང་ན་གཉེན་པོ་(བོང་ང་དཀར་པོ་དོམ་མཁྲིས་ཕྱ་ཚན་གསུམ་)ཚད་གཅོག་(ཙན་དན་ཏིག་ཏ་བྲག་ཞུན་གསུམ་)ཁ་འཛིན་(ཅུ་གང་གུར་ཀུམ་པི་ལིང་) གསུམ། །ཀ་ར་སྦྱར་བ་གཞི་འཛིན་ལྟག་པ་སྤྲད། །དེ་རྗེས་གང་དང་ཉེ་བའི་གནས་ནས་སྦྱང༌། །ནད་སྟོབས་ཞི་བའི་རྟགས་ལྡན་ཁ་ཟས་གློད། །ཞི་དཀའ་སྡུད་བྱེད་བསྐྱར་ལ་འདུས་ནས་སྦྱང༌། །མ་འབྱོངས་ནད་ལྷག་གཉེན་པོས་བསད་པར་བྱ། །ཉེས་པ་གང་ཆེ་ཟས་སྣན་གཉེན་པོ་སྦྱར། །རྩ་ལ་འགྲམས་ཆེ་ལྟོ་སྦྱོངས་རྩ་དང་སྦྲེལ། །མི་འཕྲོད་དྭངས་མ་གནས་སུ་མ་སྨིན་དང༌། །སྨུག་པོ་བྱེར་དང་འགྲམས་འཁྲུགས་རིམས་རྙིངས་རྣམས། །སྦྱར་དུག་ཆ་མཐུན་གསོ་ཐབས་འཕྲལ་ཞིང་བཅོས།།

ཤ་ཡི་དུག་ལ་རྒྱུ་རྐྱེན་རིགས་དང་རྟགས། །བཅོས་པའི་ཐབས་དང་རྣམ་པ་ལྔ་ཡིས་བསྟན།།

དེ་རྒྱུ་ཤ་རློན་བེམ་དང་ཡུལ་ཕྱོགས་ཀྱི། །ས་ལ་དུག་ཡོད་རླངས་པ་ཕོག་པ་ཡིན།།
དེ་རྐྱེན་ས་རླན་སྟེང་དུ་བཞག་པ་དང་། །བཙོས་པའི་དྲོན་མོ་རླངས་པ་བསུབས་པ་དང༌། །དཀར་སྐྱུར་དབྲེ་དང་ཉི་ཞུར་ཕོག་པ་དང༌། །འབྲུ་དང་རྩམ་པ་སྔོ་གསེབ་ལས་པ་དང༌། །བེ་ལོག་ཤན་པའི་ཁྲག་གིས་ཕོག་པའི་རྐྱེན། །ཞག་བདུན་འདས་ནས་དུག་ཏུ་འགྱུར་བ་ཡིན།།

དེ་རིགས་ཤ་དུག་ཤ་ནད་གཉིས་སུ་འདོད།།
རྟགས་ལ་སྤྱི་དང་བྱེ་བྲག་རྣམ་པ་གཉིས། །སྤྱི་རྟགས་མིག་མི་གསལ་ལ་འབྲས་བུ་ལྡལ། །ཕོ་བ་སྦོ་འགྱུང་གླང་ཐབས་ན་བ་དང༌། །མིད་པ་ལྟེབ་ལ་སྐད་འཛེར་ཤེས་པ་ཟི། །མགོ་བོ་འཁོར་ལ་རྐང་པ་གཏད་མི་ཚུགས། །བྱེ་བྲག་ཤ་ནད་མགོ་དང་ཚིགས་གཞི་ན། །གཙོ་ཆེར་འཁྲུ་སྐྱུག་སྲོག་ལ་ཉེས་པ་ཆུང༌། །ཤ་དུག་གྲེ་བ་འགགས་ལ་སྐད་མི་ཐོན། །ཟས་སྐོམ་མི་ཐར་ཤེད་བྲལ་མིག་མི་མཐོང༌། །དེ་ནི་མོད་དུ་སྲོག་འཕྲོག་གསོ་བ་སྒྲིམ། །ཟུག་མེད་སྐྱུག་ཅིང་རྩ་ལ་ནད་མ་བབས། །འཆི་བདག་ཁར་ཚུད་ཅིས་ཀྱང་ལྷོགས་མི་འགྱུར།།

བཅོས་པའི་ཐབས་ལ་དང་པོ་མ་ཞུའི་དུས། །བར་དུ་དུག་རྒྱས་ཐ་མར་བླ་གཉན་བསལ། །མ་ཞུའི་དུས་སུ་བསྡུས་ལ་སྦྱངས་རྗེས་བསད། །མ་བསྡུས་ཞུ་ནས་རྩ་དོན་ལ་འབྲོས་ཕྱིར། །སེ་སྐྱེར་བར་ཤུན་ལུག་རུ་ཡུངས་ཀར་དང༌། །གསོན་ཁྲག་སྦྱར་བཏང་རྩ་རུ་མི་འབྲོས་འཛིན། །དེ་རྗེས་མགྱོགས་པོའི་རྟ་(དུར་བྱིད་དུས་སུ་བརྐོས་པ་)ལ་དཔའ་བོ་(ཚོས་དང་ཧོང་ལེན་)བསྐྱོན། །རྣོན་པོ་(རྒྱ་ཚྭ་)བསྐུར་བ་སྣ་ཁྲིད་(འགྲོན་བུ་གླ་རྩི་)བཅས་པས་སྦྱང༌། །དེ་ལྟར་མ་ཡིན་མི་ཕིགས་གྱེན་དུ་ལྡོག །འོག་ནས་བསུ་ཞིང་སྐེ་ལ་རྡོ་གྲང་བདུག །སྦྱངས་རྗེས་ནད་ལྷག་འོག་གི་ཕྱེ་མས་བསད།  །བར་དུ་དུག་རྒྱས་འཕྲང་བསལ་དུག་རླངས་བསད། །དང་པོ་གྲེ་བ་འགགས་པའི་འཕྲང་བསལ་བ། །ཉུང་གཞི་རྩ་བ་ཆུར་སྦངས་ཁ་རུ་གཏིག །ཡང་ན་བཙོད་ཁུར་ཅུ་གང་ཚ་ལ་དུལ། །ཤིང་མངར་ཞིབ་བཏགས་བཏབ་ལ་གྲེ་བར་གཏིག །ཡང་ན་མཚེ་སྐྱོང་ཁྲུ་གང་འོག་གི་ས། །ཆུ་བསིངས་ཁུ་བར་ཅུ་གང་སྤང་རྒྱན་དཀར། །སྟར་བུ་ཤིང་མངར་བཏབ་ལ་གྲེ་བར་གཏིག །ཡང་ན་ཅུ་གང་སྤང་རྒྱན་བོང་ང་དཀར། །ཚ་ལ་དུལ་མ་ཨ་རུ་ཆུ་སྦྱར་གཏིག །གྲེ་བ་མ་སྐམས་ཡང་ཡང་བསྟེན་པར་བྱ། །སྐེ་ལ་ཆུ་བདུག་སྐེ་རྩ་སྐྱོར་གོང་གཏར། །གསོད་སྨན་གི་ཝཾ་དོམ་མཁྲིས་ཨ་རུ་ར། །ཡུང་སྐྱེར་བོང་ང་སེར་པོ་བྲག་ཞུན་དང༌། །བྱེའུ་ལ་ཕུག་ཞིབ་བཏགས་ཆུར་སྦངས་པ། །དུག་རླངས་ཚ་བ་འཇོམས་པའི་མཆོག་ཏུ་བཤད། །བེ་སྐྱེས་ཁཎྜ་སོ་མ་ར་ཛ་དང༌། །གི་ཝཾ་བོང་ང་དཀར་པོ་བཏབ་ལ་བཏང༌། །ཡང་ན་བ་ལྕི་ས་ལ་མ་ལྷུང་བ། །བ་ཆུས་སྦྱངས་ཁུ་རེ་རལ་བོང་ང་དཀར། །ལྕགས་ཕྱེ་བྱེའུ་ལ་ཕུག་ཆ་མཉམ་གདབ། །ཉིས་འགྱུར་ཆུས་སྦངས་དང་པོའི་ཚད་དུ་བསྡུ། །གླ་རྩི་ཁ་ཚར་བཏབ་ལ་བཏང་བར་བྱ། །ཡང་ན་རྦ་བྱེའི་ཤ་དང་ཕྱ་ཚན་གསུམ། །རེ་རལ་གླ་རྩི་འོམ་བུ་བོང་ང་རྩད། །གི་ཝཾ་བཟང་དྲུག་བྲག་ཞུན་ཨ་རུ་ར། །ཞིབ་བཏགས་ཆུར་སྦང་ཡང་ཡང་བསྟེན་པར་བྱ། །ཡང་ན་ཉུང་མ་ཨ་རུའི་ཁཎྜ་ལ། །རྒྱ་ཚྭ་གླ་རྩི་བོང་ང་ཁ་ཚར་བཏབ། །རིལ་བུ་ལོ་བརྒྱད་དྲི་ཆུར་སྦྱངས་ལ་བཏང༌། །བཙོད་དང་རྟ་སྦངས་སིངས་པོས་བྲན་པའི་ཁུར། །མེ་སྤྲིན་བཟང་པོ་སྦྱར་བ་གཉེན་པོ་ཡིན། །ཀུན་ལ་ཚ་བ་ཆེ་ན་ག་བུར་དང༌། །ཙན་དན་གི་ཝཾ་སྦྱར་བཏང་གང་བབས་གཏར། །གྲང་བ་རྒྱས་ན་རྒྱ་ཚྭ་ད་ལིས་དང༌། །སྟག་ཤ་བསྣན་ཏེ་སྦོ་འཁྲོག་དུགས་ཀྱིས་བསྲོ། །བརྒྱ་སྟོང་སྔགས་ཀྱིས་ངར་གདགས་སྨན་ནུས་སྐྱེད། །འཐུང་བ་མ་ཤེས་ཁྱེམ་བུས་ཡང་ཡང་གཏིག །ཅིས་ཀྱང་གྲེ་བར་མ་ཐར་སྦུབས་ཐུར་གྱིས། །ཕོ་སྟོད་ཕུག་ནས་ལྒང་ཕུག་བླུག་སྟེ་བཏང༌། །འདི་དུས་བཀྲུ་སྨན་མི་བཏང་དུག་དང་མཚུངས། །ཐ་མར་བླ་གཉན་ཐོར་བུ་བསལ་བ་ནི། །རྒྱུན་འགགས་ཨུག་ཆོས་སོ་མ་ར་ཛ་བཏང་། །འདྲེན་བྱ་ཆུ་འགགས་བོང་མིག་(ཆུ་སྦུར་ཉི་དགའ་སོ་བྱའི་སྒྲོ་ཐལ་སིངས་པོ་དྲོ་ཙམ་ལ་སྦྱར་བའི་)སྦྱོར་བ་བྱ། །མིག་ཚ་འགྲིབ་ན་ག་བུར་སྐྱེར་པ་བྱུག །ཆུ་དུགས་གཏར་ག་ལྕགས་ཁུ་འཇམ་བཤལ་ཤིས། །ཤ་ལྤགས་སྦྲིད་ན་སྤང་རྒྱན་དཀར་པོ་དང༌། །ཅུ་གང་གུར་ཀུམ་བཏང་བས་སེལ་བར་བྱེད། །ཕོ་བ་སྒངས་ན་ད་ལིས་(རྒྱ་ཚྭ་སྟག་ཤ)གསུམ་པ་བཏང༌། །གློ་མང་འགོག་དཀའ་རུ་རྟ་སྤང་རྒྱན་དཀར། །སྟར་བུ་ཚ་ལ་ལོ་བརྒྱད་ཆུར་སྦྱངས་བཏང༌། །ཁ་ཟས་ཕྱེ་ཐུག་འབྲས་དང་ཡོས་ཐུག་དང༌། །བསྐོལ་གྲང་བ་ཚྭ་མེད་པའི་ཆུ་བསིལ་བསྟེན། །དཀར་དང་མངར་བག་ཤ་དང་རུལ་སྐྱུར་སྤང༌། །གྲང་ཤས་ཆེ་ན་གསར་འཇམ་སྒོག་ཆབ་བཏང༌། །སྤྱོད་ལམ་དྲག་ཤུལ་དུ་བ་ས་རླན་དང་། །སྐད་ཆེན་སྨྲ་དང་མྱ་ངན་སེམས་ལས་སྤང༌། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གྱུར་པའི་དུག་བཅོས་པའི་ལེའུ་སྟེ་བརྒྱད་ཅུ་རྩ་བརྒྱད་པའོ།། །།



མཐའ་མའི་འདོན་ཐེངས་།: 21.12.2022 ཉིན། 10:41 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།