སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གྱ་བརྒྱད་པ། གྱུར་པའི་དུག་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.08.2011
མན་ངག་རྒྱུད། >> ལེའུ་གྱ་བརྒྱད་པ། གྱུར་པའི་དུག་བཅོས་པ།

 ལེའུ་གྱ་བརྒྱད་པ་གྱུར་པའི་དུག་གསོ་བ་ལ་གསུམ། ཉན་པར་གདམ་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། གྱུར་པའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དངོས་དང་སྦྱོར་བ་མ་ཡིན་ཀྱང༌། བསྟེན་ཚུལ་དང་བསྟེན་པས་དུག་ཏུ་གྱུར་པ་ལ་གྱུར་དུག་ཅེས་བྱ་བ་དེ་ལའང་གཉིས། རྫས་མི་འཕྲོད་པའི་དུག་གསོ་བ་དང་ཤ་དུག་གསོ་བའོ། །གཉིས་པ་རྒྱས་བཤད་ལའང་གཉིས། དང་པོ་མི་འཕྲོད་པའི་དུག་གསོ་བ་ལའང་གཉིས་མདོར་རྒྱས་སོ། །དང་པོ་ནི། དང་པོ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། བཤད་མ་ཐག་པའི་དུག་དེའི་རྒྱུ་བསྟན་པ་དང༌། དེ་བཞིན་དུ། རྟགས་དང༌། གསོ་ཐབས་བསྟན་པ་དང་གསུམ།

        གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་རྒྱུ་ལའང་གཉིས་མདོར་རྒྱས་སོ། །དང་པོ་ནི། རྒྱུ་ནི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ནད་དེའི་རྒྱུ་ནི་ངོ་བོ་མི་འཕྲོད་པ་དང༌། དྭངས་མ་མ་ཞུ་བ་ཟུངས་སུ་མ་སྨིན་པ་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ངོ་བོ་མི་འཕྲོད་པ་ནི་ངོ་བོ་ཞེས་རྐང་པ་དགུས་བསྟན་ཏེ། དེ་ཡང་ངོ་བོ་མི་འཕྲོད་པ་ནི་ཆང་གསར་ཏེ་ལངས་ཕྲལ་དང༌། ཞོ་མ་ལངས་པ་མི་འཕྲོད། སེར་ཤ་ཡུངས་ཀར་མར་བརྔོས་པ་མི་འཕྲོད། ཁྱིམ་བྱའི་ཤ་དང་ཞོའམ་འོ་མ་རློན་པ་སྟེ་མ་སྐོལ་བ་ལ་ཕུག་སྒོག་སྐྱ་གཉིས་དང་ཡུངས་ཀར་ལོ་མ་མི་འཕྲོད་ཉ་དང་སྒོ་ང་འབྲུ་མར་མི་འཕྲོད། ཉ་སྒོ་ང་འབྲུ་མར་འོ་མ་ལ་ཕུག་རྣམས་ཚོགས་པ་འམ་འདྲེས་པ་མི་ཅིག་ཏུ་འཕྲོད། གོང་དུ་བསྟེན་པ་དེ་དག་རྣམས་སྔ་མ་དེ་མ་ཞུ་མ་སྨིན་པར་ཕྱི་མ་ཅིག་ཤོས་ཟོས་པའམ་ལྷན་ཅིག་ཏུ་ཟོས་པ་ཡིས། ངོ་བོ་མི་འཕྲོད་པ་དེ་དག་གི་ནུས་པ་རྒྱུ་འབྱུང་བའི་མཚན་ཉིད་དགྲ་གཤེད་དུ་གྱུར་པས་འཐབས་ནས་བསྟེན་པ་ཉེས་པ་གསུམ་འཁྲུགས་ཏེ་བརྟེན་ལུས་ལ་གནོད་པས་མི་འཕྲོད་པའོ། །གཉིས་པ་ནི། ཡང་ན་ཞེས་རྐང་པ་བཞིས་བསྟན་ཏེ། མ་ཞུ་བས་མི་འཕྲོད་པ་ནི། ཡང་ན་གོང་གི་ཁ་ཟས་མི་འཕྲོད་པ་རྣམས་མ་ཡིན་ཀྱང༌། སྔར་ཟ་མ་མྱོང་བའི་མ་གོམས་པའི་ཟས་འདྲིས་གོམས་མེད་པ་དང༌། དུས་མིན་ཏེ་འཛར་གྱི་དུས་མ་ཡིན་པ་མཚན་ཕྱེད་ལ་ཟ་བ་ལྟ་བུ་དང༌། འཇུ་དཀའ་བ་གྱོང་རླན་སྣུམ་པ་སོགས་གོང་གི་མ་ཞུ་བ་བཅོས་པར་བསྟན་པ་རྣམས་བསྟེན་པས། མེ་དྲོད་གསུམ་གྱིས་མ་ཞུ་བར་དྭངས་སྙིགས་འདྲེས་ཏེ་རྩ་མིག་རྣམས་སུ་བྱེར་བས། དྭངས་མ་ནས་ཁུ་བ་མདངས་ཀྱི་བར་ལུས་ཟུངས་བདུན་པོ་དྭངས་མ་འགྲིབ་པས་ཤ་འགྲིབ་པ་སོགས། རིམ་གྱིས་འགྲིབ་པར་བྱེད་པ་སྟེ།

        འདི་དག་གི་རྒྱུ་མཚན་རྒྱས་པ་ནི། བཤད་པའི་རྒྱུད་དུ་གསལ་ཞིང་གཞན་ཡང་བརྒྱད་པའི་སྙིང་པོ་བསྡུས་པར། མདུན་གྱི་རླུང་དང་མ་ཞུ་གྲང༌། ཡུལ་སྨུས་གདོན་ཟས་ཉིན་གཉིད་ཉལ། །ལུས་ཟུངས་གནོད་པར་བྱས་པ་ནས། །དེ་བས་གནོད་པའི་དུག་ཅེས་བཤད། །ཅེས་སོགས་ཀྱང་བྱུང་ངོ༌། །གཉིས་པ་རྟགས་བཤད་པ་ལའང་གསུམ། སྤྱི་རྟགས་དང༌། ཁྱད་པར་གྱི་རྟགས་དང༌། བརྟག་པའི་ཚུལ་དང་གསུམ་ལས། དང་པོ་ནི། དེ་རྟགས་ཞེས་རྐང་པ་བདུན་གྱིས་བསྟན་ནོ། །གཉིས་པ་ཁྱད་པར་གྱི་རྟགས་ནི། མདོར་ན་ཞེས་རྐང་པ་དྲུག་གིས་བསྟན་ཏེ། དེ་ཡང་གོང་དུ་བསྟན་པ་དེ་གཞན་ཡང་མདོར་དྲིལ་ན་མི་འཕྲོད་མ་ཞུ་རྣམས་ཕོ་བར་གནས་ཚེ་བད་ཀན་ཤས་ཆེ་བས་གྲང་ལ། མཆིན་པར་ཁྲག་མཁྲིས་ཤས་ཆེ་བས་ཚ་ཉེས་གསུམ་ཁྲག་ཆུ་སེར་རྣམས་རང་གི་མཚན་ཉིད་མཐུན་པའི་རྟགས་སྟོན་ཞིང༌། གནས་ཀྱིས་འགྱུར་བ་དང་བཅས་པ་ལས་སྣ་ཚོགས་པའི་ནད་རྟགས་འབྱུང་བས་བརྟག་པར་དཀའ་སྟེ་མ་ཞུ་བ་དང༌། དུག་གི་རྟགས་གཉིས་ལྡན་པས་མ་འཇུ་དུག་ཐབས་ཞེས་བྱའོ། །གསུམ་པ་བརྟག་ཚུལ་ནི་མ་རྟོགས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། འདི་ལ་ངོས་མ་ཟིན་པའི་མ་རྟོགས་པ་དང་ཚ་གྲང་སོགས་ནོར་ཏེ་ལོག་པར་རྟོག་པ་དང༌། འོལ་སྤྱི་ཙམ་པའི་ཕྱོགས་འགྲོ་རྟོགས་པ་མ་ཡིན་པར། རྒྱུ་རྐྱེན་མཚན་ཉིད་ཐམས་ཅད་ཕྲ་བ་དང་ཞིབ་མོའི་སྒོ་ནས་རྣམ་པར་དཔྱད་ཅིང་བརྟགས་ནས་ནད་འདིའི་ངོ་བོ་གང་ཡིན་པ་དེ་ཉིད་རྟོགས་པར་གྱིས་གསུངས་པ་ལྟར་ལེགས་པར་བརྟག་དགོས་སོ། །གསུམ་པ་བཅོས་ཐབས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བཅོས་ཐབས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། གཞི་བཟུང་བ་དང༌། དེ་བཞིན་དུ། བསྡུ་བ་དང༌། བསད་པ་དང༌། སྦྱང་བ་དང་བཞིའོ། །གཉིས་པ་རྒྱས་བཤད་ལའང་བཞི་ལས། དང་པོ་ནི། དང་པོ་ཞེས་རྐང་པ་བཞིས་བསྟན་ཏེ། དེ་ལྟར་གཞི་བཟུང་བའི་སེ་འབྲུ་བཞི་ནི་ཕྱི་རྒྱུད་ལྟར་རོ། །ད་ལིས་བཞི་ནི་རྒྱུད་ཕྱི་མར་ད་ལིས་ཚ་བ་གསུམ་གྱི་གཙོ་བོ་ལ་ཞེས་པ་དེའོ། །གསོ་བའི་ཟས་སྨན་སྨིན་པར་བྱེད་པ་ནི། ཕྱིས་གསོ་བའི་ཟས་སྨན་འཇུ་བར་བྱེད་པ་སྟེ། འབྲས་བུ་ནད་གཞན་གསོ་སླའི་གྲོགས་སུ་འགྱུར་ཞེས་པ་ལྟར་རོ། །གཉིས་པ་བསྡུ་བ་ནི་བསྡུ་བ་ཞེས་རྐང་པ་ལྔས་བསྟན་ཏེ། ཕོ་བས་ཁ་ཟས་ལེན་མི་འགྱུར་འདིའི་དུས་སུ་མྱུར་དུ་སྦྱང་དགོས་པའོ། །གསུམ་པ་འདུས་ནས་བསད་པ་ནི། ནད་སྟོབས་ཞེས་རྐང་པ་དགུས་བསྟན་ཏེ། བོང་ང་སེར་པོ་ནི་ར་ཁ་མདོག་སེར་སེར་ཚིའམ་བརླན་དང་མི་འབྲལ་བ་དུག་མེད་གསུམ་གྱི་ནང་ཚན་ནོ།།

        ཤུ་དག་དཀར་པོ་ནི། མདོག་དཀར་དྲི་ཞིམ་པ་བུམ་སྨན་གྱི་ནང་ཚན་ནོ། །གཞི་འཛིན་ལྟག་པ་སྤྲད་པ་ནི་སེ་འབྲུ་བཞི་པ་ཉིན་མཚན་སྤྲད་པའོ། །ཚ་བའི་དུས་ཞེས་པ་ནི་ཉིན་གུང་ངོ༌།  །གཉེན་པོ་ཚད་བཅོག་གི་ཁ་འཛིན་ནི་བར་མཆན་དུ་གསུངས་སོ། །བཞི་པ་སྦྱང་བ་བཤད་པ་ནི། དེ་རྗེས་ཞེས་རྐང་པ་དྲུག་གིས་བསྟན་ཏེ། གང་ཉེའི་གནས་ནས་སྦྱང་བ་ནི། སྟོད་གནས་སྐྱུགས་དང་སྨད་གནས་བཤལ་གྱིས་སྦྱང་བའོ། །ནད་ལྷག་གཉེན་པོས་བསད་པ་ནི་གོང་གི་གི་ཝཾ་བཅོ་ལྔ་པའི་ཧོང་ལེན་ཕྲིས་པའོ། །གསུམ་པ་མཇུག་བསྡུ་བ་ནི། མི་འཕྲོད་ཅེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ལྟར་མི་འཕྲོད་པའི་ཟས་དུག་གོང་དུ་བསྟན་པ་དང༌། དྭངས་མ་གནས་སུ་མ་སྨིན་པའི་མ་ཞུ་དུགས་ཐབས་དང་སྨུག་པོ་བྱེར་བ་དང༌། ཚད་འགྲམས་རྙིང་པ་དང་འཁྲུགས་རྙིང་རིམས་རྙིང་པ་རྣམས་ཚད་རོ་ལུས་ཟུངས་ཀུན་དུ་ཞེན་པའི་ཕྱིར། སྦྱར་དུག་དང་ཆ་མཐུན་པས་གསོ་ཐབས་ཀྱང་ཐུན་མོང་དུ་འཕྲུལ་ཞིང་བཅོས་སོ། །གཉིས་པ་ཤ་དུག་གསོ་བ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། ཤ་ཡིས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་ཤའི་དུག་གི་རྒྱུ་དང༌། རྐྱེན་དང༌། རིགས་དང༌། རྟགས་དང༌། བཅོས་ཐབས་བསྟན་པ་དང་ལྔའོ། །གཉིས་པ་རྒྱས་བཤད་ལའང་ལྔ་ལས། དང་པོ་ནི། དེ་རྒྱུ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེའི་རྒྱུ་ནི་ཤ་རློན་ས་ལ་བེམ་པའམ་བམ་པ་དང༌། ཡུལ་ཕྱོགས་ཀྱི་ས་ལ་རང་བཞིན་གྱིས་དུག་ཡོད་པའི་རླངས་པ་ཕོག་པ་ཡིན་ནོ། །གཉིས་པ་བསྐྱེད་པའི་རྐྱེན་ནི་དེ་རྐྱེན་ཞེས་རྐང་པ་དྲུག་གིས་བསྟན་ཏེ། བཤད་མ་ཐག་པའི་རྒྱུ་དེ་སྐྱེད་བྱེད་ཀྱི་རྐྱེན་ནི། ཤ་རློན་དེ་ས་རླན་སྟེང་དུ་བཞག་སྟེ་བེམ་པ། བཅོས་པའི་དྲོན་མོ་རླངས་པ་བསྲུབས་ནས་བམ་པ་དང་འོ་མ་ཞོ་སོགས་དཀར་དང་ཆང་སོགས་སྐྱུར་གྱིས་ཕོག་པ་དང༌། སྲེག་མོས་དྲི་བཏང་བ་དང༌། ཉི་ཞུར་ཕོག་པ་དང་འབྲུ་དང་རྩམ་པ་དང་སྔོ་སོགས་ཀྱི་གསེབ་ཏུ་ཡུན་དུ་ལས་པ་དང༌། བེ་ལོག་ཅེས་པ་བེའུ་ཁོངས་སུ་ཡོད་པའི་མ་ཤི་ནས་རོའི་ཁོང་པར་བེའུ་ཞག་ལྔ་དྲུག་ལུས་པ་དེའི་ཤ་ཡིན་ནོ། །དབྱར་དགུན་ཉི་མ་ལོག་དུས་བཤན་པའི་ལག་པ་ལ་རྨ་བྱུང་བའི་ཁྲག་གིས་ཤ་ལ་ཕོག་པ་རྣམས་ཀྱིས་རྐྱེན་ནོ། །འདི་ལ་རྫོང་ཕྲང་དུ། དེ་རྐྱེན་དྲོད་བམ་ཉི་ཞུར་དབྲེ། །སྒྱུར་ཁྲག་སྔོ་དང་མི་མ་ཡིན། །སྤྲུམ་ཏེ་ཤི་བའི་ཤ་ལས་སོ། །ཞེས་འབྱུང་ངོ༌། །རྐྱེན་དེ་དག་གིས་ཕོག་ནས་ཞག་བདུན་འདས་ཕན་ཆད་ནས་དུག་ཏུ་གྱུར་པ་ཡིན་ནོ། །གསུམ་པ་ནི། དེ་རིགས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཤ་དུག་གི་ནད་དང༌། ཤ་ནད་གཉིས་སོ། །བཞི་པ་རྟགས་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། རྟགས་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་སྤྱིའི་རྟགས་དང་བྱེ་བྲག་གི་རྟགས་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ནི། སྤྱི་རྟགས་ཞེས་རྐང་པ་བཞིས་བསྟན་ཏེ། དེ་ཡང་འབྲས་བུ་འདལ་ཞེས་པ་ནི། མིག་གི་ཨ་འབྲས་ནག་པོ་ཚོ་མ་ཟིན་པར་འདལ་བའམ་ཡང་ན་རྫོང་འཕྲང་དུ་རྒྱལ་མོ་འདལ་བར་གྱུར་པ་ཡིན་ཞེས་ཀྱང་འབྱུང་སྟེ། དོན་ལ་མཆིན་པར་ཤ་དུག་གིས་སླེབས་པའི་སྐྱོན་ནོ། །མིད་པ་ལྟེབ་ཞེས་པ་ནི་ལྟེབ་པ་ལྟར་འབྱར་ཏེ་ཟས་སྐོམ་སྨན་སོགས་རྒྱུ་དཀའ་བའོ། །རྐང་པ་གཏད་མི་ཚུགས་ཞེས་པ་གཏད་སར་མི་ཚུགས་པར་གོམ་པ་འཁྱོར་བའོ། །གཉིས་པ་བྱེ་བྲག་གི་རྟགས་ལ་གསུམ། ཤ་ནད་ཀྱི་རྟགས་དང་ཤ་དུག་གི་རྟགས་དང༌། འཆི་རྟགས་གསུམ་མོ། །དང་པོ་ནི། ཤ་ནད་ཀྱི་རྟགས་བཤད་པ་ནི། བྱེ་བྲག་ཅེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི་ཤ་དུག་ཅེས་རྐང་པ་གསུམ་གྱིས་བསྟན་ནོ། །གསུམ་པ་ནི། ཟུག་མེད་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རྩ་ལ་ནད་བབས་པ་ནི་བལྟ་རྩ་ལ་ནད་མེད་ཀྱི་རྩ་ཡོད་པའོ། །ལྔ་པ་བཅོས་ཐབས་བཤད་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། བཅོས་པའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དང་པོ་མ་ཞུ་བའི་དུས་སུ་བཅོས་པ་དང༌། བར་དུ་དུག་རྒྱས་དུས་ཀྱི་བཅོས་དང༌། ཐ་མར་བླ་གཉན་བསལ་བ་གསུམ། གཉིས་པ་རྒྱས་བཤད་ལའང་གསུམ་ལས།

        དང་པོ་མ་ཞུ་བ་བཅོས་པ་ལའང་གཉིས། མདོར་རྒྱས་སོ། །དང་པོ་ནི། མ་ཞུ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་བསྡུ་བ་དང་སྦྱང་བ་དང་བསད་པ་དང་གསུམ་མོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་ནི། མ་བསྡུས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ་དང་པོ་བར་གནས་དུས་སྦྱང་བར་བྱའོ། །གཉིས་པ་ནི། དེ་རྗེས་ཞེས་རྐང་པ་བཞིས་བསྟན་ཏེ། ཞིབ་པར་བར་མཆན་དུ་གསལ་ལོ། །གསུམ་པ་ནི་སྦྱངས་རྗེས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ལྟར་བསྡུ་སྦྱང་གི་ལག་ལེན་འདི་མ་ཡིན་པར་སྦྱོང་སྨན་དང་སྦྱོང་ལུགས་གཞན་བསྟན་ཀྱང་མི་ཕིགས་པར་གྱེན་དུ་ལྡོག་ཅིང་སྐྱུག་པར་འགྱུར་རོ། །འདི་ལའང་འོག་ནས་ནི་རུ་ཧས་བསུ་ཞིང་སྐེ་ལ་རྡོ་གྲང་གིས་བདུག །སྦྱངས་པའི་རྗེས་སུ་ནད་ཀྱིས་ལྷག་མ་འོག་གི་ཕྱི་མ་གང་རིགས་ཀྱིས་བསད་དོ། །གཉིས་པ་རྒྱས་དུས་བཅོས་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། བར་དུ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། འཇིགས་པའི་ཕྲང་བསལ་བ་དང༌། རླངས་བསད་པ་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་མདོར་རྒྱས་སོ།།

        དང་པོ་ནི། དང་པོ་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ཏེ། མཚེ་སྐྱོང་ཁྲུ་གང་འོག་ས་ནི་མཚེའུ་སྐྱོང་ཞེས་ཕྱུགས་ལྷས་ཀྱི་ཆུ་འཁྱིལ་བའི་ཁྲུ་གང་བརྐོས་པའི་འོག་གི་སའོ། །རྐེ་ལ་ཆུ་དུགས་བྱ་བ་ནི་ཆུ་གྲོད་པར་བླུག་ལ་བདུག་གོ །གཉིས་པ་ནི་གསོད་སྨན་ཞེས་རྐང་པ་ཉེར་དགུས་བསྟན་ཏེ། བེ་སྐྱེས་ཁནྜ་ཞེས་པ་བེ་སྡོང་ལ་སྐྱེ་བ་རེ་རལ་ཞེས་པ་དེའི་ཁནྜ་འོ། །མེ་སྤྲིན་བཟང་པོ་ཞེས་པ་དུད་པ་བྱ་བལ་མའམ་དུད་པ་རལ་བ་ཅན་ནོ། །གང་བབས་གཏར་ཞེས་པ་དོན་སྣོད་གང་ལ་བབས་པའི་རྩ་ལ་གཏར་བ་དང༌། ཕལ་ཆེར་དྲུག་འདུས་དང་རུ་ཐུང་གཏར་བ་བསྔགས་སོ། །བརྒྱ་སྟོང་སྔགས་ཀྱིས་ངར་གདགས་པ་ནི། སྦྱར་དུག་གསོ་བར་བསྟན་པའི་སྔགས་རིང་ཐུང་རྣམས་སོ། །ཅིང་ཀྱང་གྲེ་བར་མ་ཐར་སྦུགས་ཐུར་གྱིས་ཕོ་སྟོད་ཕུག་སྟེ་བཏང་ཞེས་པ་སྨན་ཅི་བྱས་ཀྱང་གྲེ་བར་མ་ཐར་ན་ཕོ་བའི་རྩ་དང་མཆིན་པ་ལ་མ་ཐུག་པར་སྟོད་ལྷེན་གསང་ལ་ཐོག་མར་མེ་བཙའ་གཅིག་བྱས། དེ་སྟེང་ཕུག་ལ་སྦུབས་ཐུར་བཙུགས་སྨན་ཞིབ་པར་བཏགས་པའི་བསྡུས་ཐང་རྩེ་འཇམ་གྲོད་པའམ་ལྒང་བུག་ཏུ་བླུག་ནས་བཏང་ངོ༌། །དུག་རྒྱས་དུས་འདིར་བཀྲུ་སྨན་མི་བཏང༌། བཏང་ན་དུག་དང་མཚུངས་པས་བསད་སྨན་བཏང་བ་གཅེས་སོ། །གསུམ་པ་བླ་གཉན་ནི། ཐ་མར་ཞེས་རྐང་པ་བཅུས་བསྟན་ཏེ། རྒྱུན་འགགས་ཀྱི་མས་འདྲེན་ནི་ཕྱི་རྒྱུད་ནི་རུ་ཧའི་ལེའུར་གསལ་བ་ལྟར་རོ། །བོང་རྨིག་སྦྱོར་བ་དང་ད་ལིས་གསུམ་པ་བར་མཆན་དུ་གསལ་ལོ། །གསུམ་པ་མཇུག་བསྡུ་བ་ནི། ཁ་ཟས་ཞེས་རྐང་པ་དྲུག་དང་འབྲུ་གསུམ་གྱིས་བསྟན་ཏེ། གསར་འཇམ་སྒོག་ཆབ་བཏང་ཞེས། ཆང་གསར་འཇམ་དང་སྒོག་སྐྱའི་ཆབ་མིག་བཏང་ངོ༌། །གསུམ་པ་ལེའུའི་མཚན་ནི་བདུད་རྩི་ཞེས་པ་ནས་བརྒྱད་ཅུ་རྩ་བརྒྱད་པའོ། །ཞེས་པས་བསྟན་ཏོ།།

 

མཐའ་མའི་འདོན་ཐེངས་།: 23.08.2011 ཉིན། 3:16 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།