སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གྱ་བཞི་པ། སྐེའི་རྨ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་གྱ་བཞི་པ། སྐེའི་རྨ་གསོ་བ།



ལེའུ་གྱ་བཞི་པ།  སྐེའི་རྨ་གསོ་བ། 

མགོ་རྨ་གསོ་བའི་ལེའུ་བསྟན་ཟིན་པའི་མཇུག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཞེས་སྙན་པའི་གདངས་ཀྱིས་ཞེ་ས་དང་བཅས་བོས་ནས་མི་གསལ་བ་སྟོན་པའི་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། ཡན་ལག་དང་བྱང་ཁོག་དང་མགོ་ལ་མ་གཏོགས་པའི་སྐེའི་རྨ་ལ་བཅོས་པའི་ཐབས་ཇི་ལྟར་དུ་བགྱི་ལགས་ཞེས་འདྲི་ཞིང་ཚེ་སྲོག་འཚོ་བར་མཛད་པ་སྨན་པའི་རྒྱལ་པོས་གསལ་པོར་བཤད་དུ་གསོལ་ཞེས་ཞུས་པ་དང༌། དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་དེ་ལན་འདི་སྐད་ཅེས་འདོམས་པར་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ལེགས་པར་ཉོན་ཅིག་ཅེས་གདམས་ཏེ།

སྐེ་འདི་དག་ནི་ཡར་གྱི་མགོ་བོའི་ཆ་ལའང་མི་གཏོགས་ཤིང་སྟེ་ཞེས་རིགས་མཐུན་འོག་མ་འདྲེན་ཚིག་དང༌། མར་ལ་བྱང་ཁོག་སྟོད་སྨད་ལའང་འདི་མི་གཏོགས་པ་དང༌། ཡན་ལག་རྣམ་པ་བཞི་སྟེ་རྐང་ལག་ལའང་གཏོགས་པར་འགྱུར་བ་མ་ཡིན་ནོ། །

སྐེ་འདི་ནི་ས་གནད་ཅན་གཉན་པོ་དང་མཚུངས་པ་རུས་པའི་མཁར་ཡོད་ལ་རྩའི་འཕྲང་དོག་པ་དང༌། ཤ་དང་ཆུ་རྒྱུས་ཀུན་སྟོད་སྨད་གཡས་གཡོན་དུ་གྱེས་པ་དེ་དག་གི་འདྲིལ་བའི་ས་ཡིན་པས་རུས་པ་གཉན་ཞིང་ལྷ་བ་འབྱེར་བས་མགོ་བོ་དང་འདྲ་བ་དང་རྩ་གཉན་པའི་རྩའི་ཐིགས་གསོག་པས་བྱང་ཁོག་འདྲ་བ་དང༌། ཤ་དང་ཆུ་རྒྱུས་པ་གཉན་པས་ནི་ཡན་ལག་དང་འདྲ། རྒྱུ་མཚན་དེའི་ཕྱིར་ཤ་རུས་རྩ་གསུམ་འགྱུར་སྐེའི་བཅོས་ཐབས་བསྟན་ཏེ།

སྐེ་ལ་ཨན་སྟོང་ཡན་དུ་རུས་པའི་འཕང་ལོ་ལྟག་རུས་ཐེ་བའི་རྣམ་པ་ལྔ་ཡོད་པ་དེ་ཡང༌། ལྟག་པའི་རུས་པ་དང༌། ཚིགས་པའི་མཁར་དངོས་དང༌། མཁར་གྱི་མཚམས་དང༌། མཁར་གྱི་གཡས་གཡོན་དུ་གཤོག་པ་ལྟར་བཏགས་པ་བྱ་འདབ་དང་བཞིའོ། །དེ་ལྟར་བཤད་པའི་ལྟག་པའི་རུས་པ་ངོས་ཀྱི་མཁར་མཚམས་ནི་རྒྱུངས་པའི་གནད་ཡིན་ཏེ། འདི་ནི་ཀླད་པ་ནས་གཞུག་ཐུང་བར་བརྒྱུད་ཅིང་དོན་སྣོད་རྩ་ཚིགས་མང་དུ་འབྲེལ་བས་རྒྱུངས་པ་དེའི་གནད་ཟིན་ན་ལྟག་པ་དགྱེ་བོར་འགྲོ་ཞིང་མགོ་ལྕི་བ་དང་ཁ་དང་ལྕེ་སྐམ་ལ་དྲི་ཆུ་སྡོམ་པ་དང༌། མིག་འགྲིབ་ཅིང་སྟོད་གཟེར་བ་དང་སྒྱིད་པ་འཁྲིལ་ཞིང་ཡན་ལག་ཕྲ་བ་ན་གསོ་བའི་ཐབས་མེད་དེ་ཞག་བདུན་དང་དགུའི་དུས་ན་འཆིའོ། །རུས་ཚིགས་མཁར་དངོས་དང་བྱ་འདབ་རྩར་ཟིན་ན་གསོ་དཀའ་བ་ཡིན་ཏེ། རུས་པའི་འདྲེན་རྩིར་རྒྱ་ཚྭ་དང༌། བྱང་པ་དང༌། རུ་རྟ་བུ་རམ་དང་སྦྱར་བའི་རེང་བུ་གཞུག་པ་དང༌། རྣག་ཞུགས་པའི་ཚེ་རུས་པ་བྲུད་ལ་ལྷ་ཁྲག་གོང་བཤད་ལྟར་སྤྲོད་ཅིང༌། ཕྱིང་པ་ལ་བག་ཕྱེའི་འདག་པ་སྦྱར་བས་རྨ་ཁའི་ཤ་ལྟེམ་ལ་མར་དང་ཚིལ་དང་སྒོ་ང་གསུམ་སྦྱར་བའི་ཁ་ཞུན་བྱ་ཞིང༌། ཧོང་ལེན་དང༌། གླ་སྒང་དང༌། སེང་ལྡེང་བཅས་པའི་གྲུངས་པའི་ཐང་ཞེས་དངོས་སམ་ཡང་ན་སྟབ་སེང་ཤིང་མངར་བཅས་བསྡུས་པའི་ཐང་བཏང་ངོ༌། །

དེ་ཡང་མགོ་བོའི་རྩ་བསྟན་ནས་སྐེའི་རྩ་ལ་ཕྱི་རྩ་དང་ནང་རྩ་གཉིས་སུ་ཡོད་པའི། ཕྱིའི་རྩ་དེ་ལ་ཡང་ཁྲག་རྩ་དང་ཆུ་རྩ་གཉིས་དང་རླུང་ཁྲག་གཉིས་འདོམ་གྱི་འཕར་བའི་རྩ་དེ་དག་དང་གསུམ་ལས་རླུང་ཁྲག་གཉིས་འདོམ་གྱི་འཕར་རྩ་ནི་དེ་ཡང་གློ་ཡུ་ཨོལ་གོང་དང་མིད་པའི་བར་ན་སྲོག་རྩའི་ཡར་རྩེའམ་གློ་བུ་དང་སྙིང་ལྷན་ཅིག་པའི་རྩ་གསེར་གྱི་སྐུད་པ་ཞེས་བྱ་བ་ཡོད་པའི་རྩ་དེ་ཆོད་ན་རྩིད་བུ་སོ་སྙིང་ཟིན་པ་འདྲ་ཞེས་མ་མགལ་ཀེར་ཀེར་བྱེད་ཅིང་ལྟག་པ་སྒྱེད་སྒྱེད་འགྲོ་དེ་ཞག་གྲངས་བཅུ་གཅིག་ཚུན་ཆད་ཀྱི་ནང་དུ་འཆིའོ། །མདུན་ངོས་ཨོལ་གོང་བརྒྱབ་མིད་པར་སྦྱར་བའི་གཡས་གཡོན་འདབས་ན་ཚོན་རེའི་ས་ན་ཡར་སྙིང་རྩ་གཉིད་ལོག་དང་རྩེ་འདྲ་རྣམ་པ་གཉིས་ཡོད་དེ་རྩ་དེ་གཉིས་རྦད་ཀྱིས་ཆོད་ན་འཆི་བར་ངེས་པ་ཨ་ཅང་ཆེ་ཞིང་བརྡབ་པ་ཙམ་གྱིས་ཀྱང་ཕོག་སྔ་འགྱེལ་སྔར་འགྲོ་བ་ཞེས་ཕོག་འགྱེལ་དུས་གཅིག་བྱེད་པ་ཡིན་ཞིང༌། དེས་ན་ཕྱིར་ལ་ཕུན་རེ་སྟེ་འགའ་ཞིག་ཚོན་ཕྱེད་ཟེར་བ་ཡོད་ཀྱང་དེ་ནི་སོར་ཡིན་པས་ནོར་སོར་ཕྱེད་བཅལ་བ་ན་སྙིང་རྩ་རྩེ་ནག་རྣམ་པ་གཉིས་ཡོད་དེ་རྩ་དེ་རྦད་དེ་ཆད་པར་མ་གྱུར་ན་བཅོས་བྱ་བའི་གླགས་ཏེ་ལོང་ཡོད་ཅིང༌། དེ་ནས་ཕྱིར་ལ་ཞེས་རྒྱབ་ངོས་སུ་ཕུན་ཏེ། སོར་ཕྱེད་རེ་བཅལ་བ་ན་གློ་བ་དང་སྙིང་རྩ་བསྡོངས་པའི་ཁྲག་རྩ་རྩེ་ཆུང་བྱ་བ་གཉིས་ཡོད་དེ། དེ་འཕྲེད་ལ་ཆོད་ན་ཁྲག་མི་ཆོད་དེ་འབོག་པ་སྟེ་བརྒྱལ་ནས་འཆི་ཞིང༌། དེ་དག་བཙན་བརྡུངས་འབྱུང་བ་ཐེམས་ཆོད་སོགས་གསོ་བའི་ཐབས་ནི་སྐྱོན་བྱུང་འཕྲལ་མོད་དུ་རྩ་དེའི་གོང་འོག་ཏུ་མེ་རྒྱས་གདབ་པར་བྱ་བ་དང༌། ཁྲག་མ་ཐུབ་ན་རྨ་ཁ་ལ་རྒྱ་ཁྱིམ་བཅའ་ལུགས་འོག་ཏུ་ཡན་ལག་གསོ་སྐབས་འཆད་པ་ལྟར་བྱ་ཞིང༌། མི་དང༌། གླང་དང༌། ཁྱི་ནག་དང༌། ཉའི་རིགས་རྩ་མོ་དང་དོམ་རྣམས་ཀྱི་མཁྲིས་པ་དང་ཀ་ར་དཀར་པོ་སྦྱར་ལ་བཏང༌། རླུང་ཆེ་བ་དང་ནམ་ཟླ་གྲང་དུས་ཡིན་ན་སྦང་གླུམ་གར་པོ་དང༌། ཞུན་མར་དང་སྒ་པི་སོགས་སྤོད་ནན་ནམ་བག་ཕྱེའི་སྐྱོ་མ་བྱུགས་ལ་བོང་བུའི་སྤུས་མནན་ཞིང༌། རྨའི་བུག་པ་ཁོལ་བུར་བཏོན་ལ་མཁྲིས་སྣ་ཞོ་སྦྱར་བཏང༌། ཚ་བ་རྒྱས་པ་དང་ནམ་ཟླ་དྲོ་དུས་བསྐོལ་ཞོ་དང༌། བག་ཕྱེ་ཤིང་མངར་སྦྱར་བ་བྱ་ཚུལ་སྦྱོར་སྡེ་གོང་བཞིན་ནོ། །ལྟག་པའི་སྡུད་སྒོ་ནས་དོན་པའི་ཆུ་བའི་གཡས་གཡོན་གཉིས་ན་མར་ཆུ་རྩ་སྦུ་གུ་ཅན་ཞེས་བྱ་བ་གཉིས་ཡོད་པ་དང༌། དེའི་ཕྱིར་ཚོན་གང་ན་ཆུ་རྩ་སྒྲིལ་མའམ་འཇའ་བར་བྱེད་པ་གཉིས་ཡོད་དེ། དེ་གཉིས་ཆོད་ན་གོ་ལྡོག་ཏུ་གཡས་ཆོད་ན་གཡོན་ན་གཡོན་ཆོད་ན་གཡས་ན་བས་གཡས་གཡོན་སྣེ་བསྣོལ་དེ་ལྟར་དུ་བྱེད་ལ་གཉའ་བ་རེངས་ལ་རྩ་སྣ་སྨད་དུ་ཟུག་པའི་རྨད་འཕྱེས་ཤིང་དྲི་ཆུ་འགགས་ནས་འཆིའོ། །རྣ་ཤལ་འོག་གཤོང་ན་ཆུ་རྩ་རཏྣ་གཉིས་ཡོད་དེ་དེ་ཆོད་ན་ལག་པ་བཤལ་སྦྲིད་བྱེད་ཅིང་བྱ་བ་ཉམས་པར་བྱེད་དོ། །དེ་དག་བཅོས་ཐབས་གང་ཆད་ཀྱི་གོང་འོག་ལ་མེ་རྒྱས་གདབ་ཅིང༌། རྨ་ལ་ཨ་ས་སྟེ་ཟན་དྲོན་སྣུམ་ནན་གྱི་ཚན་དོས་བདུག་པ་དང༌། སྨད་འཕྱེས་པ་ལ་གླ་བའི་རིལ་མ་བཙོས་པའི་ལུམས་སུ་གཞུགགཉའ་བ་རེངས་ཤིང་ལག་པ་ཞ་ན་ཤུག་པ་བ་ལུ་མཚེ་དང་མཁན་པ་འོམ་བུ་སྟེ་བདུད་རྩི་ལྔའི་ལུམས་དང༌། དྲི་ཆུ་འགགས་ན་ཆུ་སྨན་རྒྱ་ཚྭ། གསེར་བྱེ། སྡིག་སྲིན། ཉི་དགའ་སྦྱར་བའི་ནི་རུས་དྲངས་ཤིང༌། ནང་རྩ་ནི་ཀླད་པའི་རྗེས་ཞབས་བརྒྱུད་སྐེའི་ནང་དུ་འགྲིམས་ནས་དོན་ལྔ་སྣོད་དྲུག་བསམ་སེ་སོགས་བཅུ་གསུམ་དུ་འབྲེལ་པ་དེ་དག་ཆོད་ན་རླུང་ཐུར་སེལ་ཉམས་པས་དྲི་ཆུ་བསྡོམ་ཞིང༌། ཁྱབ་བྱེད་ལོག་པས་ཡན་ལག་གཅུད་པ་ཞེས་བསྡམས་པ་ལྟར་འགུལ་མི་ནུས་ལ་བོར་བ་སྟེ་རང་གི་མིན་སྙམ་ཞིང་དབང་པོ་ལོག་པར་འཛིན་པ་དང༌། ཁ་ཁ་ཞིང་ལྕེ་སྐམ་ལ་གདོང་པ་སྣུམ་པ་དང་མིག་གི་སྤྲིན་པ་སེར་ཞིང༌། མགོ་འཁོར་ལ་ཟས་སྐྱུག་པ་སོགས་རྟགས་དེ་དག་ཐམས་ཅད་ཚང་ན་སྨན་པ་མཁས་ཀྱང་བཅོས་སུ་མེད་དེ་འཆིའོ། །

མདུན་གྱི་རྒྱངས་ཤ་ལས་བྱེད་དེ་པིར་མགོར་འབྲེལ་པར་ཁ་ཅིག་བཞེད་ཀྱང་ལྦ་ཤ་སྟེ་རྫོང་འཕྲང་དུ། མདུན་རྒྱབ་རྒྱངས་ཤ་ལས་བྱེད་རུས་པ་འབྲེལ། ཞེས་བཤད་པ་ཨོལ་གོང་གི་ཤ་ཆོད་པའི་ཚེ་ན་ཨ་ས་ཟན་དྲོན་ནམ་འོལ་སྐོམ་སྟེ་ཕྱེ་མར་དང་མར་ཚིལ་དྲོད་ཕབ་ལ་མནན་ཞིང༌། ཧྲེམ་ན་ཨ་ས་བ་སྟེ་ཟན་དྲོན་དང༌། རྒྱ་ཚོས་ཀྱི་ལུམས་བྱ་བ་དང༌། ཧྲེམ་ཧྲེམ་མེད་པར་སྐྲངས་ན་གོང་གི་ནམ་ཟླ་གྲང་དྲོ་སྦྱར་བའི་ཆས་བྱ་ལུགས་བཤད་པ་སོགས་དང་འདྲ་བར་བྱའོ། །ཨོལ་གོང་དང་མིད་པ་རྐེད་དུ་ཆད་ན་འཆི་བར་འགྱུར་ཞིང༌། གཤགས་ན་མཁྲིས་པ་སྣ་ཚོགས་བཏབ་ལ་ཁ་རྒྱུས་པས་བཙེམས་དེ་སྟེང་སྐྱི་དཀར་སྤྱིན་ཆུ་དང་བག་ཕྱེའི་འདག་པས་སྦྱར་ལ་ཕྱིང་པ་སོགས་ཀྱིས་ལྟེམ་ཞིང་ཟས་དང་སྐོམ་བསིལ་ལ་འཇམ་པའི་ནུར་ཐུག་ནི་ཐུག་པ་འདུར་པོ་མྱུར་དུ་མིད་པར་བཏང་ལ་ཨོལ་གོང་གི་རླུང་ཤོ་བའི་ཐད་སྐྲངས་ན་དཀར་ནག་མཚམས་དང༌། གློ་རྩ་མེ་ལོང་འོག་གི་སྔོན་བུ་དང་སྤྱི་གཙུག་གསེར་གྱིས་བསྲེག་པར་བྱ་ཞིང་།

ལྟག་པའི་ཆུ་བ་ལེབ་མོ་རྒྱབ་ཀྱི་སྡུད་སྒོའི་ཕན་ཚུན་ཆོད་ན་འཆི་བ་ཨ་ཅང་ཆེ་སྟེ་གཤགས་ཀྱང་ཕོག་སྔ་དང་འགྱེལ་སྔར་འགྲོ་བ་ཡིན་ཞིང༌། ལུས་པོ་ཐག་པས་གཅུད་པ་ཞེས་བསྡམས་པ་ལྟར་མ་མགུལ་མི་ནུས་ལ་བོར་བ་སྟེ་རང་གི་མིན་པ་དང་འདྲ་བའི་ཉམས་རོད་མེད་པ་དེ་ལ་མཁྲིས་སྣ་དང་རྡོ་རྒྱུས་དང་ཤུ་དག་དང་ཨ་རུའི་ཐལ་བ་དང་ཁུར་ཞོ་ཞེས་སྔོ་ཁུར་མང་གི་ཞོ། ཁྱེའུ་འཐུང་བའི་ནུ་ཞོ་བཅས་པའི་ལྡེ་གུས་ཆུ་བའི་ཉྭ་གཡོགས་པ་ནི་གོང་འོག་གཉའ་བའི་ཤ་ཐམས་ཅད་ལ་གཡོགས་ཤིང་སྐྱི་དཀར་ལ་སྤྱིན་ཆུ་བསྐུས་པས་ལྟེམ་ཞིང༌། རྨ་ཡི་ཆུ་སེར་འཇིབས་པའི་རྩིར་ཕྲུམ་སར་ཏེ་མར་ཕྱུངས་ཤུལ་གྱི་ཤང་མ་ཅུང་ཟད་མར་དང་བཅས་རྐྱལ་པར་ཡུན་དུ་བསགས་པ་བཏབ་པར་བྱ་བ་དང༌། ཉལ་བ་དང་འགྲེ་ལོག་མི་བྱ་བར་ཙོག་གེ་བསྡད་ལ་གསོ་བར་བྱའོ། །

མདོར་བསྡུ་ན་རུས་པ་གང་བསྣད་པ་རྣམས་བསྲེག་བྲུད་འཇིབ་རྩིས་མགོའི་ཚུལ་དུ་བཅོས་པ་དང༌། རྩ་གཉན་གང་བསྣད་བྱང་ཁོག་གི་ཚུལ་དུ་བཅོས་པར་བྱ་བ་དང༌། ཤ་དང་ཆུ་རྒྱུས་གང་བསྣད་པ་ཡན་ལག་གི་ཚུལ་ལྟར་དུ་བཅོས་དགོས་སོ། །དེ་ཡང་བསིལ་འཇིབ་ཧ་ཅང་བསྟེན་དྲགས་ན་སྨད་ཀྱི་གྲང་བ་བསླང་ནས་དྲི་ཆུ་སྡོམ་པར་བྱེད་པ་དང༌། ཁྲག་རྩ་སོགས་ལ་དྲོད་ལུམས་དྲགས་ན་རྩ་ཁ་འབུ་བར་བྱེད་པས་ཁྲག་ཤོར་རམ་རྩ་ཚད་སྐྱེ་བ་དང༌། མེ་བཙའ་དྲགས་ན་ཆུ་རྒྱུས་འཁུམས་པའི་ཞ་འཐེང་དུ་འགྱུར་བའི་དོན་གྱིས་ན་དེ་ཕྱིར་འཇིབ་ལུམས་བསྲེག་པ་གསུམ་ག་འཛོམ་ཞིང་གཉེན་པོ་བསིལ་དྲོད་སྙོམས་པར་བཅོས་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྐེའི་རྨ་གསོ་བའི་ལེའུ་སྟེ་བརྒྱད་ཅུ་རྩ་བཞི་པའོ།། །།



མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 4:46 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།