སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གྱ་དྲུག་པ། ཡན་ལག་གི་རྨ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 01.11.2015
མན་ངག་རྒྱུད། >> ལེའུ་གྱ་དྲུག་པ། ཡན་ལག་གི་རྨ་གསོ་བ།



ལེའུ་གྱ་དྲུག་པ། ཡན་ལག་གི་རྨ་གསོ་བ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །ལུས་ཀྱི་ཡན་ལག་བཞི་ལ་མཚོན་ཕོག་ན། །དེ་ལ་རྟགས་དང་བཅོས་ཐབས་ཇི་ལྟར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་དང༌། །སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག ཡན་ལག་རྨ་ལ་གནད་དང་སྤྱི་རྟགས་དང༌། །བཅོས་པའི་ཐབས་དང་ལོག་གནོན་རྣམ་བཞིས་བསྟན།།

གནད་ནི་ཉྭ་རྨེན་རྩ་རུས་ཆུ་རྒྱུས་ལྔ། །དེ་ལ་དང་པོ་ཉྭ་ཡི་གནད་བསྟན་པ། །ཕྲག་པའི་སྟེང་ན་གཉའ་ཤ་ནག་པོའི་གནད། །མེ་ལོང་སྟེང་ན་འབྲོས་ཤ་ཁྲ་བོའི་གནད། །སོག་པའི་ཁ་འཁོར་འདར་ཤ་ཁུག་པའི་གནད། །དཔུང་པའི་ཉྭ་ལ་སུལ་སྒོ་བདུན་ཡོད་དེ། །དཔུང་ཚིགས་མཚམས་ནས་སོར་བཞི་ལུག་གཞུག་གནད། །ལག་ངར་ཉྭ་མོ་གདང་ལ་བརྒྱུས་པ་འདྲ། །ཉྭ་སུལ་དགུ་དང་ཉྭ་ཆེན་རྣམ་གཉིས་ཡོད། །མཁྲིག་མའི་ཚིགས་དང་གྲུ་མོ་གཞུ་མཆོག་ནས། །མཁྱིད་གང་སོར་དྲུག་བཅལ་བ་ཉྭ་སྙིང་གནད། །ལག་མགོའི་མཐེབ་མཛུབ་བར་ན་གར་ཤའི་གནད། །དཔྱི་ཡི་ཤ་ནི་རྒྱ་གྲམ་དག་ཏུ་གནས། །ཆང་བཟུང་སྟེང་གི་ཤ་རྒོད་གཉན་པའི་གནད། །བརླ་ལ་སུལ་སྒོ་བཅུ་གསུམ་དར་སྦམས་འདྲ། །བརླ་སྒང་སོར་གཉིས་སྒང་ཤ་དཀར་མོའི་གནད། །གཉན་གོང་སོར་བཞི་སྦལ་པ་ནག་པོའི་གནད། །བྱིན་ཉྭ་སུལ་མེད་སྨྱུག་མ་སྦམས་པ་འདྲ། །བྱིན་པའི་དཀྱིལ་ན་ཉྭ་མད་རྣམ་པ་གསུམ། །སྲེ་ལོང་སྟེང་ནས་མཁྱིད་གང་ཉྭ་མགོའི་གནད། །དེ་ནས་སོར་དྲུག་བཅལ་བ་བྱིན་སྙིང་གནད། །དེ་ལྟར་ཉི་ཤུ་རྩ་གཉིས་སྐྲངས་པའི་གནད། །རྨེན་བུའི་གནད་ནི་སྐྱོགས་རའི་ཚིགས་མཚམས་ནས། །ཕྲག་གོང་སོར་བཞི་རྨེན་བུ་མགོ་སྔོན་གནད། །ཁྱི་ཁྲོས་སྣ་ནས་གྱེན་དུ་སོར་ལྔ་ན། །དཔུང་པའི་རྨེན་བུ་སྨུག་པོ་གནས་པ་ཡིན། །པུས་མོའི་ཕྱི་ཟུར་ཚིགས་ཀྱི་མཚམས་ན་ཡར། །མཐོ་གང་བཅལ་བ་རྨེན་བུ་དཀར་པོའི་གནད། །དེ་ནས་སོར་གསུམ་སྦྲུལ་མགོ་གདེངས་པའི་གནད། །དེ་བརྒྱད་ལྷོག་ཐབས་སྐྲངས་དང་སྲོག་འཕྲོག་གནད། །རྩ་གནད་རླུང་རྩ་ཁྲག་རྩ་གཉིས་འདོམ་རྩ། །དེ་ལ་རླུང་རྒྱུ་བ་ཡི་རྩ་དཀར་ནི། །དཔུང་པའི་ལུག་གཞུག་ཕྱི་མཆན་ཆུ་རྩའི་གནད། །གྲུ་མོའི་བར་ན་རླུང་རྩ་རཏྣའི་གནད། །པུས་མོའི་གཉན་གོང་རུས་རྩ་སྒྱེད་བུའི་གནད། །སྲེ་ལོང་ཕྱི་ལོང་བར་ན་རྒྱུངས་རྩའི་གནད། །མཐེ་བོང་སྤུ་སྐྱེས་རྒྱུས་པ་པིར་མགོའི་གནད། །དེ་བཅུ་རླུང་འཕྱོ་བྱ་བ་ཉམས་པའི་གནད། །ཁྲག་རྩ་མེ་ལོང་འོག་གི་སྔོན་བུ་དང༌། །ཨུ་ཟུར་ཁུག་པ་དཔུང་ནང་དུང་འབུད་དྲུག །གློ་བའི་རྩ་ཡིན་ནང་དུ་ཐིགས་གསོག་གནད། །སྐྱོགས་རའི་ཚིགས་མཚམས་གསེར་གྱི་ཀ་བའི་གནད། །སྣག་ཆེན་གཉེར་རིང་མཁྲིས་རྩ་སྐྱ་རིང་གནད། །མཁྲིས་རྩ་དེ་བཞི་མཁྲིས་ཚད་སྐྱེ་བའི་གནད། །སྣོད་ཀ་རུ་ཐུང་བརླ་ནང་རྩ་བོ་ཆེ། །མཆིན་རྩ་སྨད་གཉིས་དེ་བརྒྱད་ཁྲག་འཆོར་གནད། །དཔྱི་ཡི་ཁ་གཟར་མཁལ་རྩ་ན་གུ་དང༌། །བརླ་སྒང་སྟེང་གི་མཁལ་རྩ་རུས་ཞེན་དང༌། །བརླ་ཡི་ཕྱི་སུལ་མཁལ་རྩ་རྐང་འདེགས་དྲུག །བརླ་ཡི་ཕྱི་ཟུར་མཆེར་པའི་རྩ་ནག་གཉིས། །དེ་བརྒྱད་བད་ཀན་གྲང་བ་སྐྱེད་པའི་གནད། །དེ་ལྟར་ཉི་ཤུ་རྩ་དྲུག་ཁྲག་རྩའི་གནད། །རླུང་ཁྲག་གཉིས་འདོམ་འཕར་བའི་སྙིང་རྩ་ནི། །རྐང་པའི་མཐིལ་ན་བཞག་འདྲ་མཐིལ་འཕྲོག་གནད། །བོལ་གོང་སྟེང་ན་འགུལ་རྩ་ནག་པོའི་གནད། །ནང་ལོང་ནང་ཁུད་ལྕགས་ཀྱི་སྲན་མའི་གནད། །ངར་གདོང་ཐུར་བར་གསེར་རྩ་ཀ་གདུང་གནད༌།  སྒབ་ཁུང་ནང་ན་སྒབ་རྩ་ནག་པོའི་གནད། །སྣེ་རྩ་ཁུད་ན་སྙིང་རྩ་མིག་དམར་གནད། །ལག་མཐིལ་སྲིན་ལག་འོག་ན་མྱུར་བའི་གནད། །མཛུབ་མོ་ཆུང་གི་འོག་ན་འགུལ་རྩའི་གནད། །རུས་པ་འབོར་པོའི་སྟེང་ན་བལྟ་རྩའི་གནད། །མར་ཟུར་ཆུ་བའི་བར་ན་བླ་རྩའི་གནད། །གྲུ་མོ་ནང་ཁུད་ཨ་སོ་ལི་ཀའི་གནད། །མཆན་ཁུང་ནང་ན་སྙིང་རྩ་རྔུལ་འདུའི་གནད། །དེ་ལྟར་རྩ་བཞི་ཁུག་པར་བརྒྱུས་པ་ལ། །ཕྱི་རུ་འབུར་བས་གནད་དུ་བསྟན་པ་སྟེ། །སྟོད་དུ་ཚ་བ་འཆོར་ཞིང་འཆི་བའི་གནད། །རུས་པའི་གནད་ལ་ཚིགས་དང་རུས་ཕྲན་གཉིས། །ཚིགས་ཆེན་བཅུ་གཉིས་དཔྱི་དང་དཔུང་པ་དང༌། །པུས་མོ་གྲུ་མོ་མཁྲིག་མ་ལོང་ཚིགས་རྣམས། །ཡར་མར་སོར་བཞི་ལྷ་བར་བཅས་པ་ནི། །ཚིགས་ཀྱི་ཁོངས་སུ་འདུས་ཏེ་གཉན་པ་ཡིན། །རུས་ལྷག་དཔྱི་སོགས་ལྷ་ང་ལོང་བུ་དང༌། །སྲེ་ལོང་པྲན་རྩེ་སྤུན་མང་ལ་སོགས་པ། །ཉི་ཤུ་རྩ་དྲུག་ན་ཞིང་སྦྱོང་བའི་གནད། །ཆུ་རྒྱུས་གནད་ནི་སྒྱིད་ཁུང་གྲུ་མོ་དང༌། །མཁྲིག་མ་རྟིང་ཆུ་ཆུ་བ་སྦལ་མགོ་བཅུ།  །ཆུ་བ་རྒྱབ་ལ་རྒྱུས་པ་མདུན་ན་གནས། །ཞ་དང་རེངས་པར་བྱེད་པའི་གནད་ཅེས་བྱ། །དེ་ཡང་རྩ་དང་རྨེན་བུ་རབ་གཉན་ཏེ། །ཉྭ་ཚིགས་འབྲིང་ཡིན་ཆུ་རྒྱུས་ཐ་མར་བཤད། །རྩ་ལས་སྙིང་རྩ་རབ་ཏུ་གཉན་པ་སྟེ། །མཁྲིས་རྩ་རླུང་རྩ་འབྲིང་ཡིན་གཞན་རྣམས་ཐ། །ཉྭ་ལས་བྱིན་སྙིང་སྦལ་ནག་རབ་ཏུ་གཉན། །བརླ་ཤ་འབྲིང་ཡིན་ཉྭ་ཤ་ཐ་མར་བཤད། །ཚིགས་ལ་པུས་མོ་དཔུང་པ་རབ་ཏུ་གཉན། །དཔྱི་དང་གྲུ་མོ་འབྲིང་ཡིན་ཚིགས་གཞན་ཐ། །རུས་ལྷག་ལོང་བུ་སྲེ་ལོང་རབ་ཏུ་གཉན། །དཔྱི་སོགས་འབྲིང་ཡིན་གཞན་དག་ཐ་མའོ། །ཆུ་རྒྱུས་སྒྱིད་ཆུ་རབ་ཏུ་གཉན་པ་སྟེ། །གྲུ་མོ་འབྲིང་ཡིན་གཞན་དག་ཐ་མའོ། །ཚིགས་དང་ཆུ་རྒྱུས་ཆུ་རྩ་རླུང་གི་གནད། །གློ་སྙིང་མཁྲིས་རྩ་མཁྲིས་པའི་གནད་དུ་བཤད། །རྩ་བོ་ཆེ་དང་མཆིན་རྩ་ཁྲག་གི་གནད། །མཆེར་མཁལ་རྩ་དང་ཉྭ་རྨེན་བད་ཀན་གནད། །དེ་ལྟར་གནད་ཀྱི་གནས་ལུགས་ཤེས་པ་ཡིས། །འཆི་སྦྱོང་གསོ་སླ་ཞ་རེངས་ཁ་དམར་ཐོགས།།

གཉིས་པ་གནད་ཀྱི་སྤྱི་རྟགས་བསྟན་པ་ནི། །སྤྱི་རུ་མོད་ལ་ལྷོག་ཐབས་སྐྲངས་པ་འམ། །ཟུག་གཟེར་ཆེ་འམ་རྡོས་བུ་བཅུག་པ་འདྲ། །མེ་ལྟར་འབར་རམ་ཆུ་ལྟར་བསིལ་བ་སྟེ། །མདོར་ན་ལུས་ནི་གནད་ལ་ཕེབས་པར་བྱེད། །དེ་དག་གསོ་དཀའ་འཆི་ཡང་སྲིད་པ་ཡིན། །ཁྱད་པར་ཉྭ་གནད་རྣམས་ལ་མཚོན་ཕོག་ན། །མོད་ལ་སྐྲངས་ཤིང་རྨ་ཆས་ཚན་མོ་ཕན། །སྨུག་ནག་སྔོ་ཁྲ་དམར་ཁྲ་མེ་ལྕེ་རིས། །ཟུག་ཆེ་རྡོ་ལྟར་སྲ་ལ་རེག་མི་བཟོད། །རྣག་མདོག་དམར་ལ་ཚིགས་ཅན་སྐད་གདངས་ཞན། །རྨེན་བུ་རྣམ་བརྒྱད་ཞར་ན་བཅོས་སུ་མེད། །བཙན་བརྡུངས་མོད་དུ་ལྷོག་ཐབས་སྐྲངས་པ་དང༌། །ཟུག་ཆེ་ཚ་བ་སྐྱེ་ལ་སྨྲ་ངག་ཐུང༌། །ཉྭ་སྒང་ཆུ་སེར་འཛག་ཅིང་དྲི་མི་ཞིམ། །རླུང་རྩ་རྣམས་ལ་མཚོན་ཕོག་འཕྱོ་འདར་བྱེད། །མིག་རྩ་རྒོད་ཅིང་གཡལ་དང་སྐྱིགས་བུ་འབྱུང་། །གཉིད་ཆུང་ཁ་མིག་ཡོ་ལ་བྱ་ལོག་སྐྲངས། །ཁྱད་པར་ལུག་གཞུག་ཆུ་རྩ་ཆོད་གྱུར་ན། །ལག་པ་བཤལ་སྦྲིད་བྱ་བ་ཉམས་པར་འགྱུར། །རླུང་རྩ་རཏྣ་དགོང་དང་ཐོ་རངས་ན། །དངངས་ཤིང་གཡལ་དང་སྐྱིགས་བུ་བསྟུད་ནས་འོང༌། །རུས་རྩ་སྒྱིད་བུ་དངངས་ཤིང་ལྷོག་ཐབས་སྐྲངས། །རྐྱལ་པ་བུས་འདྲ་མགོ་ན་བླ་འཆོལ་སྨྲ། །བརྒྱུད་རྩ་ལྟག་དགྱེ་སོ་འཐམ་དྲི་ཆུ་སྡོམ། །པིར་མགོ་དངངས་འདར་ཟུག་ཆེ་གཡང་ཆུ་རྨི། །གློ་རྩ་སྔོན་བུ་ངམ་ནག་སྐྱིགས་བུས་འདེབས། །འདར་ཞིང་དངང་ལ་གློ་ལུ་ཚ་བ་སྐྱེ། །གློ་རྩ་ཁུག་པ་སོག་ཕྲག་གཟེར་བ་དང༌། །མགོ་ན་དཔུང་པ་བཤལ་ལ་མཇིང་པ་རེངས། །དུང་འབུད་གསོག་ཅིང་གཟེར་ལ་བུས་ལྟར་སྐྲངས། །རྐང་ལག་མཁྲིས་རྩ་བཞི་པོ་གང་ཉེན་ཡང༌། །མགོ་ན་མིག་ཆུ་རྨ་ཁ་བཞིན་རྣམས་སེར། །ཁ་ཁ་དང་ག་མི་བདེ་སྐོམ་དད་ཆེ། །ལུས་ལྕི་རྨ་ཆས་ཚན་མོ་ཉེ་ཐབས་མེད། །བརླ་ནང་རྩ་ཆེན་ཆོད་ན་ཁྲག་མི་ཐུབ། །ཆུ་དད་ཆེ་ལ་སྨད་འཕྱེས་ཁོང་པ་འཁྲོག །མཆིན་རྩ་མོད་ལ་ཁྲག་མི་ཐུབ་པ་ལ། །སྨད་ལྕི་སྒྲེག་སྐྱུགས་ཁྲག་རུལ་དྲི་ཅན་འཛག །སྣོད་ཀ་རུ་ཐུང་ཁྲག་ཆོད་དཀའ་བར་འགྱུར། །མཁལ་རྩ་རྨ་ཆས་གྲང་མོ་ཉེ་ཐབས་མེད། །སྨད་འཕྱེས་རྐང་པ་བཤལ་སྦྲིད་དཔྱི་མིག་ཟུག །ཆུ་སྲི་རྣ་བ་འོན་ལ་ཕྲུམ་སེར་ཁྱེར། །མཆེར་རྩ་སྦོ་སྒྲེག་རླན་ཅན་ཉེ་ཐབས་མེད། །ཁྲག་རུལ་འཛག་ཅིང་སྨད་འཕྱེས་རྒྱུ་ལོང་འཁྲོག །མགོ་ན་ལུས་ལྕི་ངམ་ནག་ཚ་བ་སྐྱེ། །སྙིང་གི་འཕར་རྩ་གང་ཆོད་ཁྲག་མི་ཐུབ། །གདོང་པ་སེར་ལ་གཡལ་མང་འབོག་ཚུལ་སྟོན། །བཙན་བརྡུངས་སྐྲངས་དམར་རྩ་རྒྱུད་འཁྲིད་ཅིང་ན། །རྨ་འཁྱིམས་རྩ་ཁ་འབུད་ཅིང་གཞན་དུ་འབྱེར། །ཞག་གསུམ་ལོན་ནས་ཚ་བ་སྟོད་དུ་འཆོར། །མགོ་ན་ཕྲུམ་སེར་ཁྱེར་ལ་མིག་རྩ་གྲུང༌། །སྣ་སྐམ་ལྕེ་རྩ་སྔོ་ལ་སོ་དྲེག་ཆགས། །དབུགས་ཐུང་གློ་སྙིང་མི་བདེ་སྐོམ་དད་ཆེ། །ཁྱད་པར་མཐིལ་འཕྲོག་མྱུར་བ་སྟོང་སྐྱུགས་བྱེད། །མགོ་ན་དངངས་འདར་ཟུག་ཆེ་སྙིང་ག་གཟེར། །བལྟ་རྩ་བླ་རྩ་དེ་བཞིན་གཉིད་མེད་བྱིང༌། །ཨ་སོ་རྔུལ་འདུ་མགོ་ན་གློ་སྙིང་འདར། །ཕོ་བ་མི་བདེ་སྐྱུག་ཅིང་བླ་འཆོལ་སྨྲ། །སྙིང་རྩ་མིག་དམར་སྙིང་སྤྲུག་རྐང་པ་འདར། །སྙིང་རྩ་ནག་པོ་ཁྲག་འཆོར་སྐྲངས་པར་བྱེད། །ཀ་གདུང་དགུ་ནས་ཁྲག་འཆོར་སྐྱིགས་བུ་འབྱུང༌། །འགུལ་རྩ་བྱིན་རེངས་སྐྱུག་ཅིང་སོར་མོ་འཁུམས། །ཚིགས་གནད་མདེ་འུ་མི་དམ་གདོན་པ་སླ། །ཞག་གསུམ་ནང་དུ་རྨ་ནས་ཚིགས་ཆུ་ལྡུགས། །བརྐྱང་བསྐུམ་མི་ཤེས་ཟུག་ཆེ་ཁ་ལྕེ་སྐམ། །མགོ་ན་སྒྱིད་པ་སྐྱུར་ལ་སྟོང་སྐྱུགས་བྱེད། །ལོང་བུ་ལ་ཕོག་བཅོ་ལྔ་བཅུ་དགུ་ལ། །མདོག་སྣུམ་ལུས་འདར་རྔུལ་འབྱུང་ཤེས་པ་འགྱུར། །ཟུག་གཟེར་ཆེ་ན་མཁས་ཀྱང་ཐུབ་མི་འགྱུར། །སྲེ་ལོང་གསུམ་ན་བཤུལ་རེངས་ལྟག་པ་དགྱེ། །ལུས་རེངས་སོ་འཐམ་གླང་ཐབས་དག་ཏུ་ན། །བདུན་དང་དགུ་ལས་ཚེ་ཚད་མེད་དེ་འཆི། །དཔྱི་དང་སོག་པ་ལྷ་ང་པྲན་རྩེ་རྣམས། །ཟུག་ཆེ་སྐྲངས་ཤིང་རྣག་ཐག་རིང་བར་འགྱུར། །རྐང་སླེབ་ཟུག་རྔུ་བྱ་འདས་གདོན་པ་དཀའ། །ལྷ་བ་ནག་པོ་རུས་པ་ཚ་བམ་འགྱུར། །ཆུ་རྒྱུས་བཅད་ན་རེངས་འགྱུར་རྨ་གཏིང་ནུབ། །ཕུག་གཤགས་རྣག་ཆུ་རྩིགས་ཅན་བྱེ་འཕོངས་འོང༌།།

གསུམ་པ་བཅོས་པའི་ཐབས་ལ་རྣམ་པ་དྲུག །ཉེས་བྱེད་དུས་དང་སྦྱར་ཏེ་བཅོས་པ་དང༌། །ཕོག་ས་གནས་དང་སྦྱར་ཏེ་བཅོས་པ་དང༌། །རིམ་པ་ཤུགས་དང་སྦྱར་ཏེ་བཅོས་པ་དང་། །དུས་གསུམ་དཔེ་དང་སྦྱར་ཏེ་བཅོས་པ་དང་། །གཉན་པ་གནད་དང་སྦྱར་ཏེ་བཅོས་པ་དང༌། །མན་ངག་སྐབས་དང་སྦྱར་ཏེ་བཅོས་པའོ། །དང་པོ་ཉེས་བྱེད་དུས་དང་སྦྱར་བ་ནི།དང་པོ་ཞུགས་པ་ཁྲག་གི་དུས་ཡིན་པས། །དར་མ་མཁྲིས་ཤས་ཆེ་ལ་ཞག་ལྔ་དགུག །བྱིས་པ་བད་ཀན་ཆེ་ལ་ཞག་གསུམ་སྟེ། །རྒས་སམ་རླུང་ཁམས་ཅན་ལ་ཞག་གཅིག་གོ །དེ་ཡིས་སྐྲངས་པ་མི་རྒྱས་ཁྲག་མི་སྐྱེ། །ཟུག་ཆུང་གནད་ལ་མི་ཉེ་ཁྲག་འབྱོར་བྱེད།  །རྨ་ཆས་སྦང་མ་བཟང་པོ་ལེགས་བསྲོས་ལ། །དེ་ལ་ཞོ་ཡི་ཁ་ཕྲུ་བཏབ་ལ་དཀྲི། །རྩ་འམ་ཚིགས་ལ་ཕོག་ན་རྒྱ་སྐྱེགས་བསྣན། །ཡང་ན་སྦང་ཞིམ་མཁན་པ་སྦྱར་བསྲོས་ལ། །ལྕམ་འབྲུམ་ཕབས་དང་གཡེར་མའི་ཐལ་གྱིས་བྲན། །ཞོ་ཡི་ཁ་ཕྲུ་བཏབ་ལ་ནོན་པར་དཀྲི། །འཕྲོད་པར་གྱུར་ན་མ་སོས་བར་དུ་ཤིས། །དེ་ཡིས་མ་ཐུབ་སྐྲངས་སྲིད་དམར་སྦྱོར་བྱ། །བཙོད་ཞུན་རམས་ཚོས་རྡོ་དྲེག་དམར་པོས་མནན། །བར་དུ་རྒྱས་པ་ཆུ་སེར་དུས་ཡིན་པས། །ཤ་ལ་སྐྲང་ཤོར་གྱུར་ན་གར་པོ་དང།། །བག་ཕྱེ་འབྲུ་མར་སྤོད་བཏབ་ཨ་སས་བདུག །དེས་མ་ཐུབ་ན་སེར་པོའི་སྦྱོར་བས་གདུལ། །ཡུང་སྐྱེར་ཆུ་རྩ་ཞུ་མཁན་རྗེན་ཕྱེ་ཞོ། །ཞུན་དང་ནན་ནི་གང་འཕྲོད་སྐྲངས་ལ་དྲིས། །ཡང་ན་ཡུང་བ་སྐྱེར་པ་ཆུ་རྩ་དང༌། །ཞུ་མཁན་བ་བླ་ལྡོང་རོས་ཞུན་ནན་བྱ། །དེས་མ་ཐུབ་ན་ཁྲ་བོའི་ཆས་ཀྱིས་གདུལ། །ཡུང་སྐྱེར་ཆུ་རྩ་བཙོད་ཞུན་ཕོ་ཚོས་རམས། །སོ་ཐོག་ཝ་སྤྱང་གོང་མོ་སྦྲེ་ཡི་བྲུན། །རི་བོང་རིལ་མའི་ཞུན་ནན་གང་འཕྲོད་སྦྱར། །ཡང་ན་ཝ་སྤྱང་རི་བོང་གོང་མོའི་བྲུན། །གྲོག་ཞིང་ཐལ་བ་སོ་ཐོག་གྲོག་ཚང་ས། །ས་ཞག་བཙོད་རམས་ཞུ་མཁན་རྒྱ་སྐྱེགས་དང༌། །ཡུང་སྐྱེར་ཆུ་རྩ་སྦང་གར་རྗེན་ཕྱེ་སྦྱར། །འཚོས་པར་བཙོས་ལ་སྐྲངས་པ་ནོན་པར་བཏང༌། །ཅིས་ཀྱང་མ་ཐུབ་ནག་པོའི་ལུམས་ཀྱིས་གདུལ། །ཁྱི་ལུད་རེ་ལྕག་སྤྱང་ཚེར་རྩ་བ་དང༌། །དུག་གསུམ་བྲུན་བཞི་རྒྱ་སྐྱེགས་གུ་གུལ་རྣམས། །རྗེན་ཕྱེ་མར་ནག་སྦྱར་བཅོས་ཞུན་དུ་གཞུག །གང་རྒྱས་རྩ་ནས་གཏར་ཞིང་ཁོང་ནས་སྦྱང༌། །ཐུལ་རྟགས་སྐྲངས་པའི་མདོག་ཤོར་ཅུང་ཟད་སྐྱ། །ཟུག་བྲི་གཉེར་ཆུང་འབྱུང་ངམ་རྣག་ཏུ་ཁུགས། །རྣག་མེད་སྐྲངས་པ་སྔོ་སྐྱ་ན་ཚ་ཆེ། །ཀླད་རུལ་ཚྭ་དང་སྦྱར་ལ་ཁྱབ་པར་བྱུག །མཁན་སྦང་ལྕམ་འབྲུ་གཡེར་ཕབས་འཇིབས་སུ་གཞུག །ཡང་ན་ཚོས་བཙོད་ཞུ་མཁན་ཚ་བ་གསུམ། །སྦང་གར་སྦྱར་ལ་རྩེ་འཇམ་ཁྱབ་པར་བྱུག །ཚ་ལ་དྲོད་ཆེ་སྐྲངས་ལ་བསིལ་ཞུན་ཤིས། །ཐ་མ་སྨིན་པ་རྣག་གི་དུས་ཡིན་པས། །རྣག་ཏུ་འགྲོ་རྟགས་སྐྲངས་པའི་མདོག་མི་འགྱུར། །འཕར་ཞིབ་མི་བྱེད་བརྟན་ཞིང་སྲ་ལ་སྐྲེབ། །དེ་རྗེས་རྣག་གཡོས་སྐྲངས་མདོག་དམར་ལ་དངས། །རྐྱལ་པ་བུས་ལྟར་མཐའ་དབུས་མེད་པར་རྒྱངས། །དྲོས་ཚེ་གས་ལྟར་ཚ་ཁྱུག་རེག་མི་བཟོད། །ལུས་སྙོམ་གཉིད་མེད་ཁ་སླ་དང་ག་འགག །དེ་ནས་རྣག་ཏུ་སྨིན་ནས་མིག་སྤྲིན་སེར། །ཆུ་ལྡོག་སྐ་དུགས་རྩ་རྒྱུད་འདར་ལ་སྤུན། །སྐྲངས་པ་མཐའ་ནས་འཇུམ་ཞིང་དབུས་སུ་འདུས། །སྐབས་སུ་ལྡང་དུབ་ཚ་འཁྱུགས་བ་སྤུ་འགྱེལ། །མཐོ་བས་སྐྲངས་པ་ཀུན་སྙོམས་བརྫིས་པའི་ཚེ། །འབྲི་མིག་སྲུབས་འདྲ་བུ་ག་སྟོངས་ཀྱིས་འབྱུང༌། །སྐྲངས་ཀྱི་གོང་འོག་གཉིས་ནས་མཐེ་བོས་མནན།  །རྐྱལ་ཆུ་ལྟ་བུར་རླུང་ཉིད་ཕན་ཚུན་རྒྱུ། །རྣག་བྱེར་རུས་ཐོག་གྲམ་དང་སུལ་ཁ་ཡན། །སྐྲངས་ཆུང་ཟུག་ཆེ་ལུས་ལྕི་དང་ག་འགག །སྨིན་རྟགས་མི་གསལ་དེ་ལ་བྱེར་སྡུད་གཅེས། །སྒ་དང་མར་རྙིང་ཚིལ་ཆེན་དོགས་སར་བྱུག །ཨ་སས་བདུག་ཅིང་མཐའ་ནས་ཆུ་ལྕག་བརྡེག །ཡང་ན་ཚ་ཕབས་ཀླད་པ་བྱུགས་བྱས་ལ། །སྟེང་དུ་བྱི་བྲུན་སྦང་སྐམ་ལུམས་ཀྱིས་བདུག །ཡང་ན་བྱི་བྲུན་ནུ་ཞོ་སྦྱར་བས་བྱུག །དེ་ཡིས་བྱེར་འདུས་སྨིན་པའི་རྟགས་ཚང་ན། །དབུག་ཐབས་སྔོན་དུ་ཆང་ཕུལ་ཕྱེད་བཏང་སྟེ། །མཐའ་ནས་བཅིངས་ཏེ་གར་བབས་ལེགས་མྱངས་ལ། །ཤ་འགྲོས་སྦྱར་ཏེ་ལག་ཉམས་བླང་ཞིང་དབུག །རྨ་ཁ་བུལ་དང་རྣག་ལས་སྦྱར་བར་བྱ། །རྒྱུས་ལྡད་ཐུར་མས་འགགས་པ་བསལ་ཞིང་སྦྱང༌། །རྩ་ཆོད་ཁྲག་ཤོར་སྤྲུ་དང་ཟོར་པ་བརྫང༌། །རྗེས་ལ་ལེབ་རྒན་དར་གྱི་ཐེམ་བུ་གཞུག །རྣག་པྲ་བརྟག་པ་དུད་ཀ་ཀོ་རུལ་དྲི། །སླ་ལ་ལྦུ་ཕྲན་སིར་བ་ངན་པ་ཡིན། །དྲི་ཆུང་དཀར་འཇམ་གར་བ་བཟང་བ་ཡིན། །ཞག་གསུམ་བར་དུ་སྦང་མའི་རྣག་འཇིབས་བཏང༌། །དེབ་ཆས་ར་མོ་ཤ་དང་མཚེ་ཡི་ཁུ། །གར་པོ་སྒོ་ང་བ་ཞོ་བག་ཕྱེ་དང༌།  །འབྲུ་མར་སྦྱར་བ་ར་རི་མེད་པར་བྱུག །ཡང་ན་ར་མ་ཤ་ཡི་ཐལ་བ་དང༌། །ལྕུམ་རྩ་ཡུང་བ་ཆུ་རྩ་ལྡོང་རོས་དང༌། །བག་ཕྱེ་སྦང་གར་བྱུགས་ཏེ་ཕྱིང་དེབ་བཏང༌། །སུལ་སྒོ་ཚིགས་མིག་རྣམས་སུ་ཕྱིང་པ་བརྩེག །དེ་སྟེང་མཐའ་ནས་འཇག་གི་དེབ་ཆིངས་བྱ། །ཧྲེམ་ན་སྐབས་སུ་ཆས་བཀྲོལ་ལུམས་སུ་གཞུག །འབྱར་གྱིས་ཟུག་གཟེར་སྐྱེས་ན་འབོལ་ཆས་བྱ། །ཕོག་ས་གནས་དང་སྦྱར་ཏེ་བཅོས་པ་ནི། །ཤ་ཡི་གནད་ལ་འཇིབ་ཞུན་ནན་གྱིས་བཅོས། །རྩ་ཡི་གནད་ལ་མེ་གཏར་སྨན་གྱིས་བཅོས། །ཚིགས་ཀྱི་གནད་ལ་དེབ་ཆིངས་སྒྱོགས་ཀྱིས་བཅོས། །གཉེན་པོའི་བཅོས་དགུ་སྤྱི་རུ་འཕྲུལ་བ་གཅེས། །འཇིབས་ཀྱིས་རྨ་ཡི་ཆུ་སེར་ཕྱིར་ལ་དྲང༌། །ཞུན་གྱིས་རྨ་ཡི་སྐྲངས་པ་བཞུ་བ་སྟེ། །ནན་གྱིས་བྱེར་སྦོས་སྐྲངས་པ་རང་སར་མནན། །མེ་ཡིས་རྩ་ཡི་ཟུག་བཅག་འབྲོས་འཕྲང་བསྡམ། །གཏར་གྱིས་ཁྲག་ངན་ཆུ་སེར་ཕྱིར་ལ་དབྱུང༌། །སྨན་གྱིས་རྨ་ཁོང་གཉིས་ཀྱི་ཉེས་པ་བསལ། །དེབ་ཀྱིས་རྣག་ཆུ་བྱེར་བ་གཅར་ལ་གདབ། །ཆིངས་ཀྱིས་ནན་དང་དེབ་གཉིས་རང་སར་གཞག །སྒྱོགས་ཀྱིས་ཚིགས་ཀྱི་འཕྲུལ་འཁོར་བསྡམ་པ་གཅེས། །དང་པོ་འཇིབ་ལ་ཚ་(ན་ཆང་འགག་སྦང་མ་མཁན་པ་ཕབས་གཡེར་མ་ལྕམ་འབྲུ་བསྲོས་པ་)བསིལ་(བ་ལ་མཚན་ཞོ་སྦྱར་བའམ་ཀྱི་ལྕེ་པར་པ་ཏ་ལུག་ངལ་ར་ཞོ་སྦྱར་བ་)སྙོམས་པ་(ལ་སིངས་པོའི་སྦང་མ་ཀྱི་ལྕེ་)གསུམ། །ཞུན་ལ་ཕོག་ས་འདུ་བ་དུས་གནད་བསྟུན། །ཕོག་ས་ཡུལ་དང་སྦྱར་ན་ཤ་འདུལ་ལ་(ཨ་ས་བ་དང་)།  །ཉྭ་འདུལ་(ལ་ཉྭ་གཞི་སྣ་ཚོགས་བཙོས་པ་)རྨེན་བུ་འདུལ་(བ་ལ་རྨེན་བུ་སྣ་ཚོགས་བཙོས་པ་)དང་རྩ་འདུལ་(ལ་ཁྲག་སྣ་ཚོགས་བཙོས་པ་)དང༌། །རུས་པ་(ལ་མི་རྟ་ཁྱིའི་རུས་པ་བཙོས་པ་)ཆུ་རྒྱུས་(ལ་སྣུམ་བཞིའི་ཨ་ས་བ་)དྲེག་བཞི་(ལ་ཞོ་བཙོས་འབྲུ་མར་སྦྱར་བས་)འདུལ་བའོ། །གནོད་བྱེད་འདུ་བར་སྦྱར་ན་རླུང་(ལ་སྣུམ་བཞི་ཚ་སྤོད་བཙོས་པ་)མཁྲིས་(པ་ལ་ཏིག་ཏ་ཚོས་ཀྱི་ལྕེ་ཧོང་ལེན་ཞོ་བཙོས་)ཁྲག་(ལ་དམར་པོ་གསུམ)། །བད་ཀན་(ལ་གཡེར་མ་ཚ་བ་གསུམ་དབྱི་མོང་རྗེན་ཕྱེ་དར་བར་བཙོས་)འདུས་པ་(ལ་བྲ་བོའི་ཞུན་གྱིས་)སྐྲངས་པ་འདུལ་བའོ། །ཉེས་བྱེད་དུས་དང་སྦྱར་ན་ཁྲག་དུས་ཞུན་(དམར་པོ། །)ཆུ་སེར་ཞུན་(སེར་པོ་)དང་རྣག་དུས་ཞུན་(ཕུར་ཡོག་ཤ་རུའི་ཐལ་བ་རྗེན་ཕྱེ་ཞོ་བཙོས་སམ་ནག་སྦྱོར་)གསུམ་མོ། །ཐོར་བུ་ནད་དང་སྦྱར་བའི་ཞུན་ལྔ་སྟེ། །རྣག་སྣ་གསུམ་ཞུགས་ཁྲོས་པ་རང་སར་འདུལ་(བ་ལ་ཚ་ཕབས་ཀླད་པ་བྱུགས་ཏེ་བྱི་བྲུན་སྦང་སྐམ་བཙོས་པ)། །རྩ་ནད་བྱེར་སྡུད་(ལ་མཁན་པ་མཚེ་སྤང་སྤོས་སྤྲུ་མ་བཙོས་པ་)གཉན་ནད་སྐྲངས་པ་འདུལ་(བ་ལ་མུ་ཟི་འཛིན་པ་སྟག་ཤ་ཤུ་དག་མི་ཁྱི་སྤྱང་གསུམ་གྱི་བྲུན་གར་པོ་རྣམས)། །རྨ་རྒན་འབྲས་འདུལ་(བ་ལ་རེ་ལྕག་སྤྲུ་མ་ཉ་མའི་རུས་པ་)ལྕགས་ཤིང་ཟུག་རྔུ་འབྱིན་པ་(ལ་རེ་རལ་སྦྲུལ་ཚིལ་དྲི་ཆུར་བཙོས་པས་བདུག) །ནན་ལ་ཚིགས་ཆེན་བམ་པོ་བསྒྲང་བའི་ནན་(ལ་ཀྱི་ལྕེ་ཧོང་ལེན་བྲག་ཞུན་ཞོ་སྦྱར་བ་བྱུག) །ཚིགས་བར་འཕྲུལ་སྡོམ་(པ་ལ་ར་ཁྲག་ཚིལ་མཚེ་བག་ཕྱེ་ཞོ་)ཆག་པ་གནས་སུ་སྦྱོར་བ་(ལ་རྒོད་ཁྲག་མཚེ་སྦྱིན་བག་ཕྱེ་གར་པོ)། །ཤ་བྱེར་སྐྲངས་འདུལ་(ལ་བྲག་ཞུན་ཀླད་པ་དྲི་ཆུ་རྗེན་ཕྱེ་སྦྱར་)སུལ་རྣག་གཅར་ལ་འདེབས་(པ་ལ་སྒོ་ང་ཉེ་ཤིང་གར་པོ་རྗེན་ཕྱེ་སྦྱར)། །རུལ་མྱགས་འཐས་བྱེད་(ལ་ཤ་རུ་ཕུར་ཡོག་དྲེས་མ་སུག་པ་རེ་སྐོན་ར་འོ་རྗེན་ཕྱེ་མར་ནག་)སྐྱི་བྱེར་སྲུན་པའི་ནན་(ལ་དུད་པ་སླང་དྲེག་མར་དཀར)། །རྨེན་ངན་སྐྲངས་འདུལ་(བ་ལ་བྲག་ཞུན་ཀླད་རུལ་ཚ་ཕབས་སྦྱར་)གཉན་དང་ལྷོག་པ་འཇོམས་(པ་ལ་མུ་ཟི་འཛིམ་པ་སྟག་ཤ་ཀྱི་ལྕེ་ཤུ་དག་ར་གཞོབ་སྤྱང་བྲུན་དྲི་ཆུ་སྦྱར)། །དེ་ཡང་ན་སོ་ནད་ཁམས་ནམ་ཟླ་ཡིས། །རྟ་དང་གྲང་དྲོ་མཐུག་སྲབ་ཤེས་པར་བྱོས། །མེ་ནི་རྩ་ཆད་ཁད་སྤུ་འཛུད་པའི་མེ་(ནི་མཐེ་བོས་མནན་ན་ཁྲག་ཕྲེང་སར་སྤྲ་བ་ལྔས)། །འབྲོས་པའི་ལམ་འགེགས་(པ་ལ་མིག་དམར་ཨ་སོ)ཁྲག་ཚད་བརྟོད་ལ་གནོན་(ལ་མོད་ལ་རྨ་གོང་སོར་བཞིར)། །སྐྲངས་ཀྱི་སྣ་འདོན་(པ་ལ་སྐྲངས་སྣ་ལུས་སྣར་)རྩ་བྱེར་དབུས་སུ་སྡུད་པ་(ལ་རི་བོའི་རྩེ་ལ་མེ་རྒྱ་གདབ)། །ཨ་ནའི་ཟུག་གཅོག(་ན་གང་ཕྲེང་སར་)རུས་ཟན་རྨེན་པ་འདྲུབ་(པ་ལ་རྨ་སྟེང་དུ་ཆུ་སེར་སྐམས་སྐམས་གདབ)། །གཏར་ག་སྐྲངས་ཀྱི་མགོ་གནོན་(ན་གང་ཉེ་ལ་མང་དུ་)ཚ་རླངས་གསོད་(ན་གང་རྒྱས་ལ)། །གཟེར་བའི་ཟུག་གཅོག་(ན་གང་ཁྲིད་ལ་)ཁྲག་ཤོར་འོལ་ཁ་སྒྱུར་(ན་རྩ་རྒྱུད་གོང་འོག་ལ)། །རུས་བམ་ཉེས་སེལ་(ན་གང་ཉེ་ལ་)ཁྲག་རྨྱོས་རྨ་མདོག་འབྱིན་(ན་རྨ་བྲུད་ལ་ཁྲག་དབྱུང)། །སྨན་ནི་རྩ་ཆད་ཁད་སྤུ་འཛུད་པའི་སྨན་(ལ་དབྱར་སྤྲུ་ལོ་དགུན་རྩ་བའི་རེང་བུ་ལ་གུར་ཀུམ་དོམ་མཁྲིས་ཉ་མཁྲིས་སྤྲུ་འབུ་བྱུགས་ལ་བརྫང་)། །ཁྲག་ཤོར་ཁོང་སྦེད་(ན་མཁན་སྐྱེར་གུར་ཀུམ་དོམ་མཁྲིས་ཤིང་ཚ་རེ་སྐོན་)རྩ་བྱེར་དབུས་སུ་སྡུད་(ན་ད་ལིས་ཀྱི་ལྕེ་ཤིང་མངར་ཁཎྜ་བཟང་དྲུག་མཁྲིས་སྣ་ད་ཏྲིག་ཚོས)། །ཆུ་སེར་རྣག་སྐེམས་(ལ་མུ་ཟི་བསེ་རུ་དོམ་མཁྲིས་ཨ་བ་ཨ་བྱག་རྣམ་པར་ཅུ་གང་ཀ་ར་)རྨ་ཆེན་ཁོང་ནས་གསོ་(བ་ལ་སྒོག་སྐྱ་འབྲས་ཡོས་ཨ་བྱག་བྲག་སྤོས་ཀ་ར་སྦྲང་)། །ཤ་རོ་རྨེན་གཅོད་(ལ་དུར་བྱིད་རྒྱ་ཚྭ་ཡུང་བ་རུ་རྟའི་ཕྱེ་མ་)ཤའུ་བུ་ལྟར་གསོ་(བ་ལ་དོམ་མཁྲིས་གུར་ཀུམ་རྒུ་དྲུས་བྲག་སྤོས་ཚ་ལ་མཚལ་ཀ་ར)། །དེབ་ལ་(ཆག་ན་ཧེལ་གེ་སོགས་)ལྤགས་དེབ་(རྩ་མྱགས་ལ་འཇག་སོགས་)རྩྭ་དེབ་(སྐྲངས་ལ་བོང་སྤུ་རེ་བལ་ཕྲུག་ཀྱུགས་སོགས་)སྤུ་དེབ་དང༌།  (བྱེ་བ་ལ་)ཤོག་དེབ་(རྩ་ཆད་པ་ལ་)ཤིང་དེབ་(རྣག་ལ་)ཕྱེང་དེབ་རྣམ་པ་དྲུག །དེ་ལ་(འོག་ཏུ་)མོ་དེབ་(སྟེང་དུ་)ཕོ་དེབ་ཚིགས་མིག་འཁོར་བར(་ཡང་དེབ་བོ། །ཆིངས་ལ་(སྐྲངས་པ་ལ་)ཆག་ཆིངས་(ཆག་པ་ལ་)གསོན་ཆིངས་(རྣག་ལ་)འདེད་ཆིངས་དང་། །  (ཉྭ་གཞི་ལ་)མངའ་ཆས་ཆིངས་དང་(ཚིགས་ལ་)སྡོམ་ཆིངས་དེ་ལ་བདུན། །སོག་པར་འཁོར་ལོ་གཤོག་རྒྱངས་ཆིངས་སུ་བཅིང་(བ་ལ་དཔུང་པ་ནས་མཆན་འོག་ཏུ་བླངས་ལ་བཅིང་སྟེ་འགྱེན་ཤིང་ཡོད་མེད་གཉིས་སོ)། །དཔུང་པ་ལ་ནི་སུམ་སྒྲོག་འཛུམ་ཆིངས་ཏེ་(མཆན་འོག་ནས་ལེན་པ་དང་འགྱེན་ཐག་ནས་ལེན་པ་གཉིས་སོ)། །གྲུ་མོར་བསྣོལ་ཆིངས་(ནི་སྟེང་འོག་གཉིས་ནས་)མཁྲིག་མར་རེ་ལྡེ་ཆིངས་(ནི་ཡས་ལེན་མས་ལེན་བྱ)། །དཔྱི་ལ་རྭ་རྒྱངས་དྲ་བ་ཆིངས་སུ་བཅིང༌། །པུས་མོར་དྲུག་ཆིངས་(ནི་བསྣོལ་ཆིངས་སྐྱོར་ཆིངས་གཉིས་)ལོང་ཚིགས་མོན་བུ་ལྷས་(ནི་ཡས་ལེན་མས་ལེན་གཉིས་སོ)། །རྒྱུ་ནི་དར་ཆེན་མེན་ཏྲི་ཕྲ་རས་ལ། །ཞེང་ཚད་(དཔྱི་སོགས་དང་རྨ་མེད་ལ་)སོར་གསུམ་(ཕལ་ཆེར་ལ་)གཉིས་(པྲན་རྩེ་དང་རྨ་མང་ན་)གཅིག་གནས་ཀྱིས་སྦྱར། །དམ་ན་ཟུག་སྐྱེ་ལྷོད་ན་ཆས་མི་ཆགས། །བཅིངས་ཉེས་ཐེར་སྤུངས་ཤོར་ན་དེབ་མི་ནོན། །དམ་དུ་དྲིལ་ལ་ཕྱི་ནས་རང་འགྲོས་བཅིང་། །སྒྱོགས་ལ་རྒྱུ་དང་དབྱེ་བ་བསྐུར་བའི་ཡུལ། །གཞུག་དུས་དབྲལ་དུས་དམ་དང་ལྷོད་པའི་སྐྱོན། །ནང་ཚངས་བསྡམ་ཚད་བསྡམ་ཐབས་ཉེས་པའི་སྐྱོན། །ལེགས་པའི་ཡོན་ཏན་རྣམ་གྲངས་བཅུ་གཉིས་སོ། །དེ་རྒྱུ་གསོམ་དང་གླང་མ་ལྕང་མ་སོགས། །དྲང་བཤོན་གཅུ་མཛེར་མེད་ཡང་སྐམ་པ་ལ། །ཐིག་ནས་ཞོགས་བཏོན་འཆུས་དང་ཕྲ་སྦོམ་མེད། །ཁོང་ལྡེམ་ཤེད་སྙོམས་ཚད་དང་ལྡན་པར་བཅའ། །དབྱེ་བ་རྣམ་གཉིས་ཤིང་བཟོ་རིགས་ཀྱིས་དབྱེ། །བསྐུར་བའི་དུས་ཀྱིས་དབྱེ་བ་རྣམ་པ་གཉིས། །དང་པོ་(ཚིགས་ལ་)སྒྱོགས་དང་(རྐང་ལ་)ཁྲ་དང་(གནས་མ་ངེས་པ་ལ་)བྱི་ཟེའོ། །སྒྱོགས་ལ་སྒྲོམ་སྒྱོགས་(ཚེམས་ཡོད་མེད་)སྦ་སྒྱོགས་(ཕྱི་དྲ་ནང་དྲ་)བསིལ་སྒྱོགས་(འཁྲུལ་མ་)  གསུམ། །ཁྲ་ལ་རུས་ཆག་གནས་སུ་སྦྱོར་བའི་ཁྲ། །ཤ་ཡི་སྟེང་འཕྱང་རང་སར་སྡོམ་པའི་ཁྲ། །ཉྭ་སུལ་རྣག་འཁྱིམས་བཅར་འདེབས་ཁྲ་དང་གསུམ། །བྱི་ཟེ་རྦད་ཆོད་ཁ་འཛིན་བྱི་ཟེ་དང༌། །ཁྲག་ཤོར་རྒྱ་འཁྱིམས་བཅའ་བའི་བྱི་ཟེ་དང༌། །འབྱིན་ཐབས་ཟུག་རྔུ་དབྱུང་བའི་བྱི་ཟེ་གསུམ། །བསྐུར་དུས་དབྱེ་བ་བསིལ་སྒྱོགས་(དྲ་བ་ཅན་དང་ཁོང་གསེང་ཅན་)དྲོད་སྒྱོགས་(སྒྲོམ་སྒྱོགས་པགས་པ་བཀབ་)དང༌། །སྐམ་སྒྱོགས་(རྣག་ཁྲག་འཛག་པ་ལ་)གཤེར་སྒྱོགས་དྲ་བ་(ཁོང་གསེང་ཅན་)ཕྱི་སྒྱོགས་ནང་སྒྱོགས་དང༌། །སྡོམ་སྒྱོགས་གློད་སྒྱོགས་རྣམ་པ་བརྒྱད་དུ་བཤད། །བསྐུར་ཡུལ་ཚིགས་དོན་རྐང་ཆག་ཆུ་བ་དགྱེས། །ཁྲག་ཤོར་ཡུལ་སྟོངས་ཚིགས་འཁོར་རྣག་ལ་གཞུག །གཞུག་དུས་རྨ་ཡི་སྐྲངས་དང་ཚ་བ་ཆོགས། །རྣག་གི་རུལ་ཆོད་དགོས་དུས་དྲུག་ཏུ་གཞུག །རྐང་ཆག་པ་དང་ཁྲག་ཤོར་མ་གཏོགས་པ། །བམ་རུལ་རྣམས་ལ་སྐབས་སུ་གསེང་བ་གཅེས། །དབྲལ་དུས་ཚིགས་ཤོར་མལ་དུ་ཚུད་པ་དང༌། །རུས་ཆག་འབྱོར་ཞིང་ཚིགས་ཀྱི་འཁོར་བ་སྡོམས། །ཆུ་མདུད་ཆགས་དང་རྩ་ལ་ཁད་སྤུ་ཚུད། །ཤ་ཡི་སྟེང་འབྱོར་རྣག་གཞུག་ཆོད་པ་དང༌། །རྐང་ལག་ཟུངས་ཐུབ་འགྲོ་ནུས་གྱུར་ན་དབྲལ། །དམ་སྐྱོན་ལྷང་ཀྱོག་ཆེ་ལ་གོང་འོག་སྐྲངས། །སྐོམ་དད་ཆེ་ལ་གཉིད་མེད་སྟོང་སྐྱུགས་བྱེད། །དང་ག་མི་བདེ་མགོ་ན་རྣ་བ་འུར། །དེ་རྟགས་ལྡན་ན་ཤིང་ཆས་ཅུང་ཟད་གློད། །ལྷོད་སྐྱོན་ཆག་པོ་ཚིགས་འཕྲུལ་སོར་མི་སྡོད། །རྣག་ཁྲག་མི་ཆོད་ནད་ཀྱི་ཟུག་མི་ཆོགས། །ཆུ་བའི་སྣ་འབྲོས་ཆག་བསྣོལ་རིང་ཐུང་བྱུང༌། །དེ་ལ་ཤིང་ཆས་ཅུང་ཟད་བསྡམ་པར་བྱ། །ནང་འཚངས་རྔ་མ་རས་སྦོད་ཐེམས་ལྡན་གཅེས། །ཡ་ཡོ་སྙོམས་དང་སྡོམ་པ་འདིར་རག་ལུས། །བསྡམ་ཚད་དམ་ལྷོད་སྐྱོན་དང་བྲལ་བ་སྟེ། །བསྡམ་ཐབས་མཐའ་ནས་བསྡམ་ཞིང་དབུས་ནས་དགྲོལ། །ཉེས་སྐྱོན་ལུས་དང་མ་འཚམས་ཆག་བསྣོལ་འགྱུར། །ཤིང་གི་བྱེར་ཟུག་མ་སྙོམས་ཟུག་མི་ཆོགས༌།  གཞུག་པ་ཉེས་ན་རེངས་དང་འཁུམས་པར་འགྱུར། །ཤིང་ལ་འཁོང་གསེང་མེད་ན་ཚ་བམ་སྐྱེ།  །དེ་ལས་ལོག་པ་ལེགས་པའི་ཡོན་ཏན་ཏེ། །བཙའ་རྫི་སླ་ཞིང་གསོས་པ་མྱུར་བར་འགྱུར། །རིམ་པ་ཤུགས་དང་སྦྱར་ནས་བཅོས་པ་ནི། །དང་པོ་ཁྲག་ཤུགས་ཁྲག་ཚད་རྨ་གསར་གདུལ། །གཉིས་པ་མཁྲིས་པའི་ཤུགས་འབྱུང་ཚ་བ་བཅག །གསུམ་པ་ཆུ་སེར་ཤུགས་ལས་སྐྲངས་པ་གཞོམ།  །བཞི་པ་རྣག་གི་ཤུགས་ལ་དབུག་ཅིང་བཅད། །ལྔ་པ་མ་ངེས་ཤུགས་ལ་གང་བྱུང་བསལ། །དྲུག་པ་རླུང་ཤུགས་རྨ་ཁོང་བཅུད་ཀྱིས་གསོ། །བདུན་པ་བད་ཀན་ཤུགས་ལས་རེད་པ་སྦྱང༌། །དེ་དག་མན་ངག་སྐབས་བཞིན་ཤེས་པར་བྱ། །དུས་གསུམ་དཔེ་དང་སྦྱར་ཏེ་བཅོས་པ་ནི། །དང་པོ་རྨ་རྒོད་སྐྲངས་པ་ཞུན་གྱིས་གདུལ། །བར་དུ་རྣག་ཤོར་ཕུག་ལ་ཐར་གྱིས་སྦྱང༌། །ཐ་མ་ཤ་གསོ་རྨེན་བརྟས་ངར་གྱིས་གདགས། །ཞུན་དུ་གཞུག་ལ་རྨ་གསར་སྐྲངས་པ་གཉིས། །རྨ་གསར་དང་པོ་འཇིབས་ཀྱིས་གདུལ་བར་བྱ། །སྦང་ཞིམ་ལེགས་བཙིར་ཝ་སྤྱང་ཁྱི་ཡི་བྲུན། །སྦྱར་བའི་འཇིབས་ཀྱིས་རླུང་འདུལ་ཆུ་སེར་འཇིབ། །དེ་འོག་སྐྲངས་ན་ནན་ཞུན་ལུམས་ཀྱིས་གདུལ༌།  དམར་སེར་སྐྱ་སྦྱོར་ནག་པོ་ཁྲ་བོ་ལྔ། །ཀུན་ལ་དབྱེ་བས་བསིལ་དྲོད་རྣམ་པ་གཉིས། །གང་ཡང་ནན་དུ་སྦྱོར་ན་ཞིབ་བཏགས་ལ། །རྩེ་འཇམ་བསྲོས་ལ་ལུག་ཞོ་ཙམ་གྱིས་བྱུག །ཤོག་དེབ་སྤུ་དེབ་བཏང་ལ་འཇག་གིས་དཀྲི། །ཞུན་དུ་སྦྱོར་ན་ཞིབ་བཏགས་འཚོས་པར་བཙོ། །འོ་ཟན་ཙམ་གྱི་འདག་པ་བྱུགས་པའི་སྟེང༌། །ཧེལ་སྲབ་བཏང་ལ་དཀྲིས་མས་དཀྲི་བར་བྱ། །ལུམས་སུ་སྦྱོར་ན་ཁྲམ་ཁྲུམ་བརྡུངས་ལ་བཙོ། །ཆུ་ཆོད་ཧེལ་གེའི་ཁུད་དུ་གཏུམས་ལ་བདུག །ཡང་ན་གྲང་མོ་ཁོ་ནའི་བསིལ་ལུམས་བྱ། །དེ་ལྟར་ཞུན་དུ་བཅུག་པའི་ཡོན་ཏན་ནི། །རླུང་འདུལ་ཆུ་སེར་འཇིབ་ཅིང་སྐྲངས་པ་འཇོམས། །ཁྲག་མཁྲིས་རྩ་ཡི་ཚད་པ་འདོན་པར་བྱེད། །སྐྱོན་ནི་བྲུན་གྱིས་རྩ་ཡི་ཁད་སྤུ་འཆོར། །སྤོད་ཀྱིས་ཁྲག་མཁྲིས་རྩ་རུས་ཚད་པ་སྐྱེད། །སྣུམ་གྱིས་ཉྭ་ཡི་ཆས་འདྲེད་བད་མཁྲིས་སློང༌། །དེ་ཕྱིར་གང་ལ་གང་འཚམ་དུས་དང་སྦྱོར། །བར་དུ་རྣག་བཏོན་ཐར་གྱི་སྦྱང་བ་ནི། །འཇིབས་དང་ཁྲུས་ཀྱིས་རྣག་ཤ་ཐོན་པ་དང༌། །སྐྱ་སྦྱོར་སེར་སྦྱོར་དམར་པོ་ནག་པོའི་ནན། །བད་མཁྲིས་ཁྲག་དང་རླུང་གི་བྱེ་བྲག་སྦྱར། །ཡང་ན་རྣག་མདོག་དམར་པོ་སྔོན་པོ་དང༌། །དུད་ཁ་དམར་རྩ་སྐྱ་བོའི་རིགས་དང་སྦྱར། །ཡང་ན་སྐྲངས་པ་ཡོད་མེད་ལ་(དམར་སེར་གྱི་ཆས་སམ་ཡང་ན་ལྕུམ་རྩ་ཡུང་བ་ཆུ་རྩ་ལྡོང་རོས་ར་མཉེའི་ཐལ་བ་བག་ཕྱེ་གར་པོའི་)ནན་སྦྱར་བའི། །ནན་གྱི་སྐྱོ་མ་བྱུགས་ཏེ་ཕྱིང་དེབ་བཏང༌། །ཉྭ་སུལ་ཕྱིང་པའི་གྲངས་སྦྱར་ལུས་དབྱིབས་བསྟུན། །ཚིགས་ལ་རུས་མགོ་ཁོལ་བཏོན་ཚིགས་མིག་དང༌། །རུས་པའི་དབྱིབས་དང་སྦྱར་བའི་ཕྱིང་པ་བཏང༌། །ཚིགས་མིག་སུལ་སྟེང་ཕོ་དེབ་ཉིས་རིམ་བཏང༌། །རྣག་འཁྱིམས་ཡང་དེབ་བཏང་ལ་ཆིངས་ཀྱིས་བཅིང༌། །འབྱར་གྱི་ཡོན་ཏན་རྣག་འཁྱིམས་བཅར་ལ་འདེབས།  །སྐྲངས་ཀྱི་བྱེར་སྡུད་བྱེ་སྦོས་རང་སར་གནོན། །རྩ་ཡི་ཁ་འཛིན་ཆག་པ་གནས་སུ་སྦྱོར། །ཚིགས་པར་འཁྲུལ་སྡོམ་ཆུ་རྒྱུས་འཐེམ་ལ་འདེབས། །ཉེས་སྐྱོན་སྔས་ན་སྐྲངས་འབྱེར་རྣག་ཤ་ལྔས།  །རྣག་ལམ་འགགས་ན་ཟུག་སྐྱེ་རུལ་མྱགས་འགྱུར། །སྦོས་པ་ཧགས་མ་བྱས་ན་སུལ་དུ་འབྱེར།  །པགས་བྱེ་གཟེར་མ་བཏབ་ན་འབྱོར་བ་དཀའ། །དེ་ཕྱིར་དུས་ཚོད་ཐབས་ལ་མཁས་པས་སྦྱར།  །ཐ་མ་རྨེན་བརྟས་ངར་དུ་གདགས་པ་ནི། །འོ་མ་རྗེན་ཕྱེ་མར་དཀར་ཨ་སས་མནན། །སྤོད་སྣ་མར་སྦྱར་ཕྱིང་པ་རེ་བལ་བཙོས། །རྨེན་པའི་སྟེང་དུ་བཀབ་ལ་དཀྲིས་མས་བཅིང༌། །གཡེར་མས་ཆུ་སེར་འདྲེན་ཞིང་བད་ཀན་སེལ། །རྨ་ཚད་གཅོག་བྱེད་རྨ་གསར་དུས་སུ་ཤིས། །འདི་དུས་མི་བཏང་རླུང་འབྱེར་རྨ་འཚོ་དཀའ། །གཉན་པ་གནད་དང་སྦྱར་ལ་བཅོས་པ་ནི། །ཉྭ་གནད་རྣམས་ལ་མཚོན་ཕོག་ཨ་སས་བདུག །ཡང་ན་ཚ་བའི་འཇིབས་སུ་གཞུག་པར་བྱ། །མ་ཐུབ་སྦང་གར་མཁན་ཆུང་ལུག་ཤོ་དང༌། །སྒ་སྤོད་མར་ནག་རྗེན་ཕྱེའི་ཞུན་དུ་གཞུག །མ་ཐུབ་ཉྭ་སྣ་སྣ་ཚོགས་(ཉ་རྨང་མའི་ཤ་རྒོད་གཡུང་རྟ་བོང་ར་ལུག་བ་གླང་མཛོ་དྲེལ་གཅན་གཟན་བྱ་ཁྱི་མིའི་ཉྭ་ཤ་འབྲུ་མར་དྲི་ཆུར་བཙོས་པའི)་ལུམས་ཀྱིས་གདུལ། །དེས་ཀྱང་མ་ཐུལ་ཚ་གྲང་རྣམ་པ་གཉིས། །ཚ་ཁྲོས་ཡུང་སྐྱེར་ལྕུམ་རྩ་ལྡོང་རོས་དང༌། །བག་ཕྱེ་ཞོ་དང་སྦྱར་བའི་ནན་གྱིས་མནན། །ཡང་ན་ཀྱི་ལྕེ་དཀར་པོ་པར་པ་ཏ། །ལུག་ངལ་བ་དང་ར་ཞོ་སྦྱར་བས་མནན། །གྲང་ཁྲོས་སྤྱང་ཀི་ལ་སོགས་གཅན་གཟན་ཤ །འུག་པ་བྱ་རྒོད་དྲོད་ཅན་ཤ་ཆང་བཙོས། །བག་ཕྱེ་མར་ཁུ་ཕབས་སྤོད་ཞུན་གྱིས་གདུལ། །ཁྱད་པར་དཔུང་པའི་ལུག་གཞུག་རྣམ་གཉིས་ལ། །མཁན་སྦང་སྒ་སྤོད་ཞོ་མར་རྗེན་ཕྱེའི་ཞུན། །གར་པོ་ཀླད་པ་ཉ་ལྕིབས་ཚྭ་བཙོས་གླན། །ལག་ངར་ཉྭ་ལ་སྦང་གར་མཁན་པ་དང༌། །ལྕམ་འབྲུམ་ར་ཞོ་མཚེ་ཁུའི་ཞུན་དུ་གཞུག །བརླ་ལ་སྦང་གར་མཁན་པ་ཀླད་པ་དང༌། །བག་ཕྱེ་ཆུ་རྩ་སྦྱར་བའི་ཞུན་དུ་གཞུག །སྦལ་པ་ནག་པོ་སྦང་མ་ཆང་འགག་དང༌། །སྤྲུ་མ་དུད་པ་ཚྭ་ཕབས་སྦྱར་བས་གདུལ། །བྱིན་པའི་ཉྭ་ལ་མཛོ་ལྕི་སྦང་གར་དང༌། །གོང་མོའི་བྲུན་སྦྱར་བསྲོས་པའི་ནན་དུ་བཏང༌། །གློ་སྙིང་མི་བདེ་ཚིགས་པ་དྲུག་པ་བསྲེག །མགོ་བོ་ན་ན་ཨ་སོ་རུ་ཐུང་གཏར། །འབྲོས་ཤ་འདར་ཤ་སྒོ་ང་ར་ཕག་ཁྲག །གཅིན་དང་ར་ཞོ་བོང་སྤུས་མནན་པ་དང༌། །གཉའ་ཤ་འཇིབས་ཞུན་སྤྱི་ལྟར་བཅོས་པར་བྱ། །རྨེན་བུའི་གནད་བརྒྱད་ཨ་དཀར་ཀྱི་ལྕེ་ནག །ལྕགས་ཕྱེ་སོ་ཐོག་ཧོང་ལེན་བ་ཤ་ཀ །ཏིག་ཏ་ར་ཞོ་བྱུགས་ཏེ་ཕྱིང་དེབ་བཏང་། །ཨ་དཀར་ཀྱི་ལྕེ་སོ་ཐོག་ལྕགས་ཕྱེ་རམས། །ཞུ་མཁན་བག་ཕྱེ་འབྲུ་མར་བཙོས་སྦྱར་མནན། །ཡང་ན་དུད་པ་ཤུ་དག་ཀྱི་ལྕེ་དང༌། །སྤང་སྤོས་སྦང་གར་སྦྱར་བས་བྱུག་པར་བྱ།  །མ་ཐུབ་རྨེན་བུ་སྣ་ཚོགས་ལུམས་ཀྱིས་གདུལ། །ཁོང་དུ་ག་བུར་གླ་རྩི་ཨ་དཀར་བཏང༌། །རླུང་རྩ་རྣམས་ལ་རྩ་རྒྱུད་རླུང་གསང་བསྲུང༌། །རྨ་ལ་འབའ་ཆ་ཨ་ས་ཕབས་དང་སྤོད། །མཁན་པ་གླུམ་རྣམས་བསྲོས་པས་ཡང་ཡང་བདུག །མ་ཐུབ་ཛཱ་ཏི་ཤིང་ཀུན་པི་པི་ལིང༌། །བཅའ་སྒ་རྒྱམ་ཚྭ་གོ་སྙོད་མཁན་པ་ཕབས། །བུ་རམ་གླུམ་ཉེ་དྲོ་བར་བསྲོས་པས་བདུག །ཁོང་དུ་གསར་བཅུད་གསུམ་དང་མངར་གསུམ་གྱི། །ཏིང་ཁྲོལ་ཤིང་ཀུན་ཅུར་ནིས་གཏང་བར་བྱ། །ཁ་མིག་ཡོ་ན་སྤུ་འཁྱིལ་ཚུ་རོལ་བསྲེག །རླུང་ཁྲག་བསྡོངས་ན་བསིལ་གཏར་རིག་པས་དཔྱད། །ཁྱད་པར་རླུང་རྩ་རཏྣ་བཅོས་པ་ནི། །ཆང་འགག་སྦང་མ་མཁན་པ་ཚ་བ་གསུམ། །ལྕ་འབྲུམ་མར་ནག་ཚིལ་ཕྲན་དྲོན་མོས་དྲིལ། །ཡང་ན་ཨ་ས་འོལ་སྐོམ་འབའ་ཆས་བདུག །རྨ་ནས་མཚོན་གང་བཅལ་བའི་གོང་འོག་བསྲེག །སྨྱོ་ལབ་ཨན་སྟོང་འདར་ན་དྲུག་པ་བསྲེག །དཔུང་པའི་ཆུ་རྩ་ཨ་སའམ་དམར་པོའི་ལུམས། །རྩ་རྒྱུད་གོང་འོག་མཆན་ཕུགས་སྒྲོག་རུས་གཤོངས། །དཔུང་ཚིགས་ལག་མཐིལ་སྤྲ་བ་ལྔ་ཡིས་བསྲུང༌། །རུས་རྩ་སྒྱིད་བུ་ཕྱིང་པ་སྣུམ་ལྡན་བདུག །མ་ཐུབ་སྦལ་ནག་ལྟ་བུར་ཞུན་དུ་གཞུག །བླ་འཆོལ་སྨྲ་ན་སྣེ་རྩ་སྤྱི་གཙུག་བསྲེག །གློ་སྙིང་མི་བདེ་ཚིགས་པ་བདུན་པ་བསྲེག །བཤུལ་པ་རེངས་ན་སྒང་རྩ་ནག་པོ་བསྲེག །པིར་མགོ་གཞུང་རྩ་སྦང་མ་མཁན་པ་ཕབས། །ནས་ཚིག་ཞོ་དང་སྦྱར་ལ་འཇིབས་སུ་བཏང༌། །གཞུང་རེངས་ལྟག་དགྱེ་རྩ་ནག་ཆུ་མགོ་བསྲེག །མགོ་བོ་ན་ན་འགུལ་རྩ་ནག་པོ་བསྲེག །སོ་འཐམས་ནང་ལོང་རྩ་དང་གདོང་རྩ་བསྲེག །ལུས་པོ་འདར་ན་སྒབ་ཁུང་སྙིང་རྩ་བསྲེག །སྙིང་རྩའི་རྨ་རྣམས་གསེར་གྱི་ཁད་སྤུ་གཞུག །མིག་དམར་ཨ་སོ་ལི་ག་མྱུར་དུ་བསྲུང༌། །རྐང་ལག་མཐིལ་བཞི་སྤྱི་བོའི་གཙུག་ཏུ་བསྲེག །ཁོང་དུ་ཐང་དང་ག་བུར་བདུན་དགུ་བཏང༌། །རྒྱ་སྐྱེགས་ཏིག་ཏ་མཚན་དཀར་པར་པ་ཏ། །ར་ཞོ་སྦྱར་ལ་བསྲོས་པའི་འཇིབས་སུ་གཞུག །རྩ་ཁ་སྡོམ་ཞིང་རླངས་འབོར་ཁྲག་རོ་འཇུ། །གང་རྒྱས་རྩ་ལ་གཏར་ཞིང་མ་ཐུབ་ན། །རྩ་རྒྱུད་གོང་འོག་གཏར་ཏེ་བསྲེག་པར་བྱ། །ཁྱད་པར་མཐིལ་འཕྲོག་མྱུར་བ་རྣམ་གཉིས་ལ། །མར་ཚིལ་སྐྲ་ཤད་སྟེང་དུ་ཆུ་རྡོས་བདུག །དྲེད་ཁ་འཁོར་བའི་ཕྱིང་པ་སྣུམ་ལྡན་བཏང༌། །རྟ་སྦངས་ཞོ་སྦྱར་རྨ་ལ་འཇིབས་སུ་སྦྱར། །མཁན་སྦང་ཀླད་པ་གོ་སྙོད་ཚ་བ་གསུམ། །ཞོ་དང་སྦྱར་བ་རྒྱབ་ཀྱི་འཇིབས་སུ་བཏང༌། །ཁྱད་པར་མཐིལ་འཕྲོག་ནང་ལོང་བོལ་རྩ་བསྲེག །རྒྱུ་མ་ན་ན་ཉྭ་གཞུག་རྒྱུ་རྩ་བསྲེག །རྐེད་པ་འཁོར་ན་སྒབ་རྩ་བསྲེག་པ་དང༌། །མགོ་བོ་ན་ན་པིར་མགོ་བསྲེག་པར་བྱ༌།  གློ་སྙིང་མི་བདེ་བླ་འཆོལ་སྨྲ་ན་འཆི། །མྱུར་བ་བལྟ་རྩ་བླ་རྩ་བསྲེག་པར་བྱ། །སྐྲངས་ན་བཙོད་ཞུན་རམས་ཚོས་སྤོད་སྣ་ཚོགས། །གཡེར་མ་ལྕ་འབྲུམ་གར་པོ་བག་ཕྱེ་ཞོ། །འབྲུ་མར་སྦྱར་བ་འཚོས་པར་བཙོས་པས་བདུག །འགུལ་རྩ་ལ་ཕོག་སྐྱུགས་ན་ཨན་སྟོང་བསྲེག །བྱིན་རེངས་པིར་མགོ་ངར་གདོང་ཆུ་བ་བསྲེག །སོར་མོ་འཁུམས་ན་སྦང་གར་ཨ་སས་བདུག །གསེར་རྩ་ཀ་གདུང་སྣེ་རྩ་སྒབ་ཁུང་བསྲེག །མཛུབ་ཆུང་སྙིང་རྩ་བལྟ་རྩ་བླ་རྩ་བསྲེག །ག་བུར་བདུན་པ་ཛཱ་ཏི་མཁྲིས་སྣ་བཏང༌། །ཚ་གཞའ་བསིལ་བའི་ནན་སྟེང་སྤུ་དེབ་བཏང༌། །བལྟ་རྩ་བླ་རྩ་རྩ་སྟེང་སྦུགས་ངོས་བསྲུང༌། །སྦང་གར་བག་ཕྱེ་ཞོ་སྤོད་མར་སྦྱར་གླན། །ཨ་སོ་བ་ཤ་ཀ་དང་ཨ་ཀ་རུ། །ཧོང་ལེན་ཏིག་ཏ་ཀྱི་ལྕེ་པར་པ་ཏ། །སྤང་རྩི་བག་ཕྱེ་རི་ཤོ་ཤིང་མངར་བསྣན། །འདར་ན་རྔུལ་འདུ་སྐྱུགས་ན་བཅུ་གསུམ་བསྲེག །རྔུལ་འདུ་བཅད་ན་སྒྲོག་རུས་འཕར་རྩ་བསྲེག །མགོ་ན་སྙིང་བརྡུང་རྩེ་ཆུང་དཔུང་རྩ་གཏར། །མིག་དམར་མཁྲིས་པ་ཚོགས་ཚད་ཁོང་དུ་བཏང༌།  །ལབ་མང་མིག་རྩ་གྲུང་ན་སྙིང་གར་བསྲེག །སྙིང་རྩ་ཀུན་ལ་རྩ་རྒྱུད་གོང་འོག་བསྲུང༌། །ཁོང་ནས་ཚ་བའི་འབྲོས་འདེད་ཤེས་པར་བྱ། །རྨ་ཁོང་གཉིས་ནས་རྩ་ཁ་བསྡམ་པ་གཅེས། །ཁྲག་རྩ་རྣམས་ལ་ཁྲག་ཤོར་ཆུ་ཡིས་བསྒྲང༌། །སྤྲུ་བ་ཟོར་པ་རྨར་བརྫང་གོང་འོག་བསྲུང༌། །རྒྱ་སྐྱེགས་ཧོང་ལེན་གླ་སྒང་ཨ་རུ་ར། །སྤང་སྤོས་སྦང་གར་སྦྱར་བ་བདུད་རྩི་ཡིན། །སྦང་མ་རྒྱ་སྐྱེགས་ཐལ་གྱིས་བྲན་ལ་གཡོགས། །ཡང་ན་ཞོ་བཙགས་པ་འམ་བསིལ་འཇིབས་བྱ། །ཁྲག་རྒྱས་རྩ་ཡི་གཞུག་མ་གཏར་བ་གཅེས། །ག་བུར་དགུ་པ་དོན་སྣོད་ཁ་འཛིན་སྦྱར། །ཁྱད་པར་གློ་རྩ་རྣམས་ལ་གོང་འོག་བསྲེག །དབྱར་གྱི་དུས་སུ་སྔོ་ཁུ་ཞོ་སྦྱར་བཏང༌། །དགུན་གྱི་དུས་སུ་གཡེར་མ་ལྕ་འབྲུམ་དང༌། །སྤོད་སྣ་བག་ཕྱེ་འབྲུ་མར་བྱུགས་ལ་དཀྲི། །མ་ཐུབ་ཨ་དཀར་སོ་ཐོག་ཚོས་བཙོད་རམས། །ཏིག་ཏ་བ་ལེ་བ་ཤ་ར་ཞོ་བྱུག །ཧྲེམ་ན་ཨ་སས་བདུག་ཅིང་འཇིབས་སུ་གཞུག །ཁོང་སྨན་ག་བུར་གཙོ་བྱས་གློ་སྨན་སྦྱར། །མཁྲིས་རྩ་རྣམས་ལ་ཏིག་ཏ་ར་ཞོ་དང༌།  །སྦང་མ་ཧོང་ལེན་སྦྱར་བ་རྨ་ལ་གླན། །ཡང་ན་ཏིག་ཏ་ཧོང་ལེན་ནད་མ་བཙོད། །དུག་ཉུང་ཀ་ར་ཞོ་སྦྱར་ནན་དུ་བཏང༌།   །གཤའ་རིངས་གསེར་མདུང་རུ་ཐུང་བྱིན་ལོང་གཏར། །གསེར་གྱི་མེ་ཏོག་བདུན་ནམ་ཏིག་ཏའི་ཐང༌། །བཞིན་ལུད་རྨ་ཁ་སེར་བ་སེལ་བར་བྱེད། །མཁྲིས་རྩ་སྐྱ་རིངས་ལ་ཕོག་གླང་ཐབས་ན། །བྱིན་པའི་ནང་ངོས་ཉྭ་མཚམས་རྩ་གཞུག་བསྲེག །གསེར་གྱི་ཀ་བ་དཔུང་འཛུམ་མགོ་སྔོན་བསྲེག །མགོ་ན་ལུག་གཞུག་ཕྱི་ལྡེབས་རྩ་གཞུག་བསྲེག །མཁལ་རྩ་སྦང་སྐམ་འབའ་ཆའི་ལུམས་སུ་གཞུག །དེས་མ་ཐུབ་ན་སྤོད་ནན་དྲོད་ལུམས་བྱ། །ཁོང་དུ་གསར་འཇམ་ལུག་ཤ་གསར་པ་བཏང༌། །རྐང་བཤལ་བརླ་ཡི་ཕྱི་སུལ་རྐང་འདེགས་བསྲེག  །དཔྱི་མིག་གཟེར་ན་ཚིགས་པ་བཅུ་བཞི་བསྲེག །རྣ་བ་འོན་ན་མཁལ་མའི་རྩ་ནག་བསྲེག །དྲི་ཆུ་སྡོམ་ན་མཁལ་རྩ་རུས་ཞེན་བསྲེག །ཁྲག་ཤོར་མཁལ་ཁུང་ཟུག་ན་དཔྱི་མིག་བསྲེག །འགུལ་དཀའ་ཟུག་ཆེ་ཚིགས་པ་བཅུ་བཞི་བསྲེག །རྣག་མ་ཆོད་ན་ཆུ་རྩ་སྦུ་གུ་བསྲེག །མཆེར་རྩ་གླུམ་དང་ཀླད་པ་མཁན་པས་གདུལ། །གོང་འོག་མེས་བསྲུང་མཆེར་རྩ་རུ་ཐུང་གཏར། །མ་ཐུབ་ས་སྨྱག་གྲོག་ཞིང་ཆུ་རྩ་སྤྲུ། །སོ་ཐོག་བག་ཕྱེ་གར་པོ་ཞོ་སྦྱར་བྱུག །ཕོ་བ་གཟེར་ན་ཚིགས་པ་བཅུ་གཉིས་བསྲེག །གཉིད་མེད་འོ་དོད་འབོད་ན་རུ་ཐུང་གཏར། །ཕོ་ལོང་སྦོས་ན་མ་ནུ་བཞི་ཐང་བཏང༌། །བརླ་ནང་རྩ་ཆེན་རྩ་ཁ་ཡར་མར་བསྲེག །ཧོང་ལེན་བྲག་སྤོས་དོམ་མཁྲིས་སྒོ་ང་དང༌། །བག་ཕྱེ་སྦྱར་བྱུགས་ཕྱིང་པ་ཤིང་བྱང་བཏང༌། །རྨ་ལ་བསིལ་འཇིབས་ལོང་འཁྲོག་དྲོད་སྨན་སྦྱར། །གླང་ཐབས་བྱུང་ན་ངར་གདོང་མཆེར་རྩ་གཏར། །ཚིགས་པ་དྲུག་བསྲེག་མཇིང་རེངས་སྤྱི་གཙུག་བསྲེག །སྦོས་ན་ནི་རུ་ཆུ་འགགས་སྣེ་སའི་རྩར། །དྲི་མ་འགགས་ན་དཔྱི་མིག་བསྲེག་པར་བྱ། །མཆིན་རྩ་སྨད་གཉིས་སྐམ་ཆས་བསིལ་སྦྱོར་བྱ། །ཁྲག་ཤོར་སྒབ་རྩ་བསྲེག་ཅིང་མཁྲིས་ཐང་བཏང༌། །རུ་ཐུང་སྣོད་ཀ་ལ་སོགས་སྤྱི་བཞིན་བཅོས། །ཚིགས་ལ་མདེའུ་ལུས་ཞག་འགའ་ལོན་ནས་དབྱུང༌། །རྙི་བ་རིང་ན་སྐམ་པས་བསྲོ་བར་བྱ། །ཚིགས་ཆུ་ཁྲག་དང་འདྲེས་ན་གསོ་བ་སླ། །རྨ་ནང་དོམ་མཁྲིས་ཚེར་སྔོན་ཨ་བྱག་དང༌། །ཅུ་གང་གུར་ཀུམ་ཤེལ་ཏ་ཧོང་ལེན་གཞུག །དེ་ཡིས་ཆུ་སེར་འདྲེན་ཞིང་ཚིགས་ཆུ་སྡོམ། །སྒོ་ང་བག་ཕྱེ་གར་པོ་ཞོ་སྦྱར་བྱུག །མ་ཐུབ་བཙོད་ཞུན་བག་ཕྱེ་ཚོས་སྦྱར་བྱུག །ཚ་བ་ཆེ་ན་ཞོ་བཙགས་ཁོ་ན་ཤིས། །ཀྱི་ལྕེ་ཧོང་ལེན་བྲག་ཞུན་ཞོ་སྦྱར་བྱུག །ཁོང་དུ་བསིལ་བའི་སྨན་གཏང་གང་རྒྱས་གཏར། །ཞག་གསུམ་ཚུན་ཆད་ཆུ་མངས་བསྒྲེང་བར་བྱ། །མ་ཐུབ་སྦང་གར་མཚེ་ཁུ་བག་ཕྱེ་ཞོ། །བྱ་མཚལ་ཟེ་ཁྲག་ཕག་པའི་སྣ་ཁྲག་དང༌། །ར་རོག་གཉའ་ཁྲག་བོང་བུའི་གཞུག་ཁྲག་རྣམས། །བྱུགས་སྟེང་ཆིངས་ནན་ཕལ་ཆེར་སྐམ་སྦྱོར་བྱེད། །ལྷ་བ་ཅན་གྱི་རུས་ལ་རྨ་བྱུང་ན། །རྨ་སྨན་གོང་བཞིན་རྨ་ཆས་རུས་འཇིབས་བྱ། །ལྷ་བ་བྱེར་ན་མགོ་བོ་བཞིན་དུ་བཅོས།  །པྲན་རྩེའི་རུས་པ་འཇིབས་ཞུན་འབྱར་འདུལ་གསུམ། །སྦང་རོ་ཞོ་དང་ནད་མ་ཕྱི་ཡི་འཇིབས། །ཚིལ་བུ་མར་དཀར་རྩིད་པ་དྲེག་གི་འཇིབས། །བར་དུ་སྐྲངས་ན་སོ་ཐོག་ས་སྨྱག་དང༌། །གོ་སྙོད་ད་ལིས་བག་ཕྱེ་ཞོ་ཡི་ཞུན། །ཟུག་ཆེ་ནས་ཚིག་རི་བོང་རིལ་ཐལ་དང༌། །ཏིག་ཏ་འབྲུ་མར་ཞུན་གྱིས་ཕྱི་རྒྱབ་གདུལ། །རྟ་སྦངས་ཞོ་དང་སྦྱར་བ་དྲེག་གི་ཞུན། །ཡང་ན་ཐ་རམས་ནད་མ་གཡུ་ལོས་བྱ། །ཐ་མར་རྣག་གི་དུས་སུ་འབྱར་འདུལ་བྱ། །ས་སྨྱག་ཞོ་དང་བག་ཕྱེ་སྦྱར་བའམ། །ཡང་ན་ཆུ་རྩ་ཞོ་དང་བག་ཕྱེ་བྱུག །དྲེག་ལ་རྟ་སྦངས་ཁུ་བ་བག་ཕྱེ་དང༌། །འབྲུ་མར་འབྲི་མོག་བྱུགས་སྟེང་ཕྱིང་པ་བཏང༌། །དྲེག་བཞི་ཚིལ་གནད་པྲན་རྩེ་རུས་པའི་གནད།  །ཚིལ་དང་རུས་པའི་གནད་དུ་འདྲེས་པར་བཅོས། །ཆུ་རྒྱུས་གནད་རྣམས་རླན་དྲོད་འཐེམས་ཀྱིས་བཅོས། །ཆུ་ཆེན་ཆོད་ན་རྟ་རྐྱང་རྒྱུས་པས་བཙེམ། །རྨ་ལ་རྒྱུས་གསུམ་རྟ་བོང་མཁྲིས་སྦྱར་གདབ། །རྡོ་རྒྱུས་ཤུ་དག་བྲག་སྤོས་ཨ་རུ་ར། །གླ་སྒང་བསྐོལ་ཞོ་སྤྱིན་ཆུ་བག་ཕྱེ་བྱུག  །ཡང་ན་གླ་སྒང་ཐལ་བ་རྒྱུས་པ་གཉིས། །དོམ་མཁྲིས་བག་ཕྱེ་སྦང་གར་ཆང་སྐྱུར་སྦྱར། །རྒྱུས་པའི་ཤ་བརྡུངས་བསྲེས་ཏེ་བྱུག་པར་བྱ། །རྨ་ཡི་གོང་འོག་ཕྱིང་པ་བརྩེགས་ལ་སྦྱར། །དེ་སྟེང་སྤ་སྲབ་བཏང་ལ་གསོན་ཆིངས་དང༌། །དེ་ཡི་སྟེང་དུ་ཤིང་ཆས་བསྐུར་བར་བྱ། །ཁོང་དུ་ར་ཡི་ཀླད་པ་བཙོས་ལ་བཏང༌། །ཚ་སྐྱེས་ཕག་མཁྲིས་གི་ཝཾ་ཀ་ར་སྦྱར། །རྨ་ཁར་སྐམ་ཆས་རླན་དང་ལྡན་པ་སྟེ། །ཆུ་ཕྲན་ཆོད་ན་ཧེལ་གེ་སྣུམ་མེད་ནི། །སྤྱིན་གྱིས་ཟམ་བུར་སྦྱར་ཏེ་སྐྱོ་མ་བྱུག །ཕྱིང་པ་སྦྱར་ཞིང་གོང་འོག་ཨ་སས་བདུག །རྨ་ལ་རྒྱུས་པ་གསུམ་དང་དོམ་མཁྲིས་གདབ།  །ཆུ་བ་ཁྲོས་ན་བུལ་ཏོག་ཚྭ་ཕྱེ་བཞུ། །འབྲུ་སྣ་ཆུ་རྒྱུས་ཚོགས་ཚད་ཞུན་གྱིས་གདུལ། །ཆུ་རྒྱུས་རུལ་ཏེ་རྒྱུས་པ་བལྡད་པ་འདྲ། །ག་བུར་དོམ་མཁྲིས་བྲག་སྤོས་ཨ་རུ་ར། །རྡོ་རྒྱུས་ཅུ་གང་ཀ་ར་སྦྱར་ལ་གདབ། །རྒྱུས་པ་ལྔ་(རྟ་ཕག་ལུག་གསུམ་གྱི་ཆུ་རྒྱུས་མཐིང་རྒྱུས་རྡོ་རྒྱུས་དང་)ཞོ་སྦྱར་བག་ཕྱེ་དང༌། །ཅུ་གང་ཐལ་གྱིས་བྲན་ལ་སྐམ་ནན་བྱ། །མན་ངག་སྐབས་དང་སྦྱར་ལ་བཅོས་པ་ནི། །ཟུག་རྔུ་དབྱུང་དང་ཁྲག་ཤོར་བཅད་པ་དང༌། །ཚ་བ་བསད་དང་ཆུ་འཐུང་སྐྲངས་པ་གཞོམ།  །རྣག་བཅད་ཟུག་པ་དབྱུང་དང་བྱུང་ཤོར་གཞུག །ཆག་པ་བཅིང་དང་སྤྱི་དོན་དགུ་ཡིས་བསྟན།  །མདེའུ་ཡོད་བརྟག་ཐབས་བཙལ་ཐབས་འདོན་ཐབས་གསུམ། །བརྟག་པ་མདའ་ཆས་གཡའ་ཡོད་ཁྲག་འཛེལ་མེད། །རྨ་དབྱིབས་ཟུར་བཞི་ཁ་མ་ཉམས་པ་ཡི། །མནན་ན་མི་བཟོད་སྐད་ངན་འཆོར་བའམ། །ཚེར་མ་ཟུག་པ་མནན་འདྲ་དཀར་གྱི་འོང༌། །ཡང་ན་གཏིང་དུ་ལྷང་གི་སྦྲིད་པ་དང་། །རྨ་རྙིང་དུས་སུ་ཆུ་དམར་མི་ལྡོག་ཅིང༌། །ལྕགས་གཡའ་ཆགས་དང་རྩ་ལ་ལྕམ་དྲལ་འོང༌། །སྐད་ཕྲ་བྱུག་པ་སྐམས་སྐྱེན་བ་སྤུ་ལྡོག །ཤ་མདོག་དམར་སྔོ་ཡང་ན་ནག་པ་ཡིན། །མུ་ཟི་ལྡོང་རོས་ཡུང་བ་ནུ་ཞོ་སྦྱར། །བྱུགས་པས་དངོས་སུ་མདོག་འགྱུར་བ་སྤུ་ལྡང༌།  །རྨ་ཁ་ཕྱིར་ལོག་ཟུག་ཆེ་སྐྲངས་པ་དང་། །རྣག་མདོག་སྔོ་དམར་ཁུ་རྩིགས་ཅན་དུ་འབྱུང༌། །ཨ་རུ་ཆུ་རྩའི་རེང་བུ་རྨ་རུ་བསྐྱལ། །ནང་པར་ཉ་སྐྱོགས་འཁར་བའི་ནང་དུ་བཞོ། །གཡའ་ཆགས་དྭངས་སྙིགས་བྱེ་ན་ཡོད་པ་ཡིན། །བཙལ་བའི་ཐབས་ལ་རྨ་གསར་ཕོག་ལུགས་བསྡད། །རྨ་ཡི་དབྱིབས་དང་ཆ་བྱད་བསྟུན་ཏེ་བཙལ། །རྨ་མེད་སྲ་འདྲིལ་ཀར་གྱི་འོང་བའི་ས། །ཐུར་མ་གཏང་ལ་ལག་ཉམས་བླངས་བར་བྱ། །ཆུ་ཏྲེབ་རུས་ཏྲེབ་མདེ་ཏྲེབ་རྣམ་པ་གསུམ། །ཤིང་སྐད་རུས་སྐད་མདེ་སྐད་སོ་སོར་བརྟག །རྙེད་དཀའ་ཁབ་ལེན་མདེ་འབྱིན་དུར་བྱིད་དང༌། །རྒྱ་རུ་དོམ་མཁྲིས་སྦྲང་གི་རིལ་བུ་ཡིས། །རྨ་བྱུགས་གང་ན་ཡོད་པར་ན་ཟུག་ལྡང༌། །འདོན་ཐབས་ཕོག་པའི་ཉིན་པར་གདོན་པར་བྱ། །མ་ཐོན་ཕྱེ་དུས་མི་ཀྲོག་སྐྲངས་པ་འཆོར། །རྣག་ཏུ་ཁུགས་པའི་དུས་སུ་དབྱུང་བར་བྱ། །དེ་ཡང་སྨན་དང་དཔྱད་ཀྱིས་དབྱུང་བ་གཉིས། །སྨན་ནི་ཁབ་ལེན་བེ་སྣབས་མཉྫི་ར། །བ་བླ་སྦྲང་སྨྱོན་ཤར་བལྟས་བྱི་ཁུང་ས། །སྦྲུལ་ཚིལ་སྦྱར་བའི་ལྡེ་གུ་ཕྱི་ནས་བྱུག །ཁོང་དུ་བྱ་རོག་བྱ་མ་བྱི་ཡི་ཤ། །བྱ་རྒོད་ཁབ་ལེན་ར་མཉེ་བྱི་བའི་བྲུན། །ཆང་སྦྱར་བཏང་བས་རྨ་རུ་འབྱིན་པར་བྱེད། །ཡང་ན་སྦྲུལ་ཤ་ཁབ་ལེན་མདེ་འབྱིན་དང༌། །ལྕེ་ཚྭ་སྲུབ་ཀ་དུར་བྱིད་ཙན་དན་དམར། །དམིགས་སུ་བྱུགས་ཏེ་རྔབས་རས་དྲངས་པས་འདྲོངས།  །ཅིས་ཀྱང་མ་ཐོན་སྨན་གྱིས་བཞུ་བར་བྱ་(མིའི་མཇུག་ཏོ་ཁབ་ལེན་སྦྲུལ་ཤ་ཆུ་རྩ་ལྕུམ་རྩ་ཤོ་རྩ་གོ་བོའི་གྲེ་བ་རྩི་སྟག་མོ་ལྕམ་པ་ཨ་རུ་སྦྱར་བ་རྨ་ལ་གདབ་ཁོང་དུ་བཏང་བས་དངོས་མེད་དུ་འགྲོ། །)དཔྱད་ཀྱིས་དབྱུང་བ་ཐུར་བརྟགས་གཙགས་སྐྱོན་དྲལ། །མངོན་དང་མི་མངོན་དམ་དང་ལྷོད་པ་དང་། །མི་འགྱུར་སུལ་འཕྱོས་རིང་ཐུང་བར་མ་དང་། །སྦང་རྒལ་རྙི་བ་ཆད་དང་རུས་པ་འཐམས། །སེང་གེ་ཁ་དང་སྐམ་ཆུང་ཀང་ཀ་མཆུ། །འཕྲུལ་སྐམ་མདེ་ཞབས་འཇབ་རྩེ་མདེ་གསོར་སོགས། །གང་ལ་གང་དགོས་རིག་པས་དཔྱད་དེ་དབྱུང༌། །རྩ་ཡི་ཁྲག་ཤོར་ཆོད་དང་རུལ་བ་གཉིས། །རྦད་ཆོད་ཤོར་ན་རྩ་ལ་ཁད་སྤུ་གཞུག །བྱང་ཐེམ་བྱ་དང་ཨུར་ལ་མནན་པ་དང་། །འོལ་ཁ་བསྒྱུར་དང་ཁོང་དུ་སྦ་བའོ། །དང་པོ་རྒྱ་སྐྱེགས་མཁན་པ་སྐྱེར་པ་མཚེའི། །ཁཎྜ་མཁྲིས་པ་གསུམ་དང་སྤྲུ་མའི་འབྲུ། །སྒོང་ཐོག་སྦྱར་བའི་འདག་པ་རྨ་ལ་བརྫང༌། །ཡང་ན་སྤྲུ་རྩའི་རེང་བུ་ཉ་དོམ་མཁྲིས། །གུར་ཀུམ་སྤྲུ་འབྲུའི་ལྡེ་གུ་བྱུགས་ལ་བརྫང༌། །ཡང་ན་ཁྲག་རྐང་ཟོར་པ་དར་ཡ་ཀན། །དོམ་མཁྲིས་སྦྱར་བ་རྨ་ནང་བརྫང་བར་བྱ། །ཡང་ན་འགྲོན་ཐལ་སྨྱུག་ཤུན་ཐལ་བ་དང༌། །ད་ལིས་མངལ་ཁྲག་མཁྲིས་པ་གསུམ་དང་ཚོས། །ཤིང་ཚ་བུ་རམ་སྦྱར་ལ་རྨ་ནང་བཏང༌། །དར་བཀབ་སྟེང་དུ་བསིལ་བའི་འཇིབས་སུ་གཞུག །གཉིས་པ་རྨ་ནས་སོར་དྲུག་གོང་འོག་ཏུ། །རྡེའུ་མནན་ལ་རས་ཀྱིས་དམ་དུ་བཅིང༌། །དེ་སྟེང་ཕྱིང་པ་དམ་སྦྱར་ཤིང་བྱང་བཏང་། །དེ་སྟེང་ཤིང་བྱང་རྩ་ཡི་གཡས་གཡོན་བཏང༌། །རས་ཀྱིས་བསྡམས་ལ་རྨ་ཁོལ་གཏོད་དེ་གསོ། །གསུམ་པ་ཡ་ཐོག་མ་ཐོག་མེ་ཡིས་མནན། །བཞི་པ་རྩ་རྒྱུད་གོང་འོག་གཏར་བར་བྱ། །ཁོང་དུ་སྦ་བ་གོང་གི་ཁཎྜ་ལ། །གུར་ཀུམ་ལི་ཤི་མཁྲིས་པ་གསུམ་སྦྱར་བཏང༌། །ཡང་ན་འབྲི་མོག་ཞུ་མཁན་མཁན་པ་ཚོས། །བསྡུས་ཁུར་དོམ་མཁྲིས་གུར་ཀུམ་ཤིང་ཚ་དང༌། །ག་བུར་སྦྱར་བ་བཏང་བས་ཁོང་དུ་སྦེད། །རྩ་ཡི་རྨ་ཁ་རུལ་ནས་ཁྲག་ཤོར་ན། །དོམ་མཁྲིས་ཅུ་གང་ནུ་ཞོས་བཀྲུ་བར་བྱ། །ག་བུར་དོམ་མཁྲིས་ཅུ་གང་ཀ་ར་གདབ། །ལྕགས་ཀྱི་ལྗང་པས་རྨ་ཁ་དྲག་ཏུ་མནན། །ཁོང་དུ་ཚ་བའི་འབྲོས་འདེད་གཅེས་པ་ཡིན། །རྩ་ནད་ཁོང་ནས་མ་བཅོས་ཐེམ་བྱས་ཀྱང༌། །ཁྲག་སྦ་བྱུང་ན་གསོ་དཀའ་དོན་མེད་འགྱུར། །ཡན་ལག་རྨ་ཚད་རྒྱུ་རྐྱེན་དབྱེ་བ་དང༌།  །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན། །ཚ་བའི་རྒྱུ་ནི་ཁྲག་དང་མཁྲིས་པ་སྟེ། །དེ་ཡང་རྩ་དང་རུས་ལ་སྐྱེ་བ་ཡིན། །ཚ་བའི་དབྱེ་བ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་ཚ་བ་ཤོར་དང་འཁྱིལ་བ་གཉིས། །རྐྱང་པ་ལྡན་འདུས་འཐབ་པར་སྐྱེ་བ་ལྔ། །བྱེ་བྲག་ཁྲག་དང་ཆུ་སེར་རྣག་ཚད་གསུམ། །རྩ་ཚད་རུས་ཚད་ཟུག་རྔུའི་ཚ་བ་དྲུག །དེ་རྟགས་ཚ་བ་སྟོད་དུ་ཤོར་བ་ནི། །གྲང་ཤུམ་བྱེད་ཅིང་མགོ་དང་ཚིགས་གཞི་ན། །དང་ག་མི་བདེ་དབུགས་ཐེག་གློ་སྙིང་འདར། །གཉིད་ཆེ་ལུས་ལྕི་ཁ་ཁ་མིག་སྤྲིན་སེར། །ལྕེ་རྩ་སྔོ་ཞིང་སྐམ་ལ་སོ་དྲེག་ཆགས། །རྩ་གྲིམས་ཆུ་དམར་རྨ་ཁ་དྲོད་ཆེ་སེར། །ཆུ་སེར་ཚ་བ་རྩ་སྦུབས་འཁྱིལ་བ་ནི། །རྩ་འཕྲིག་ཆུ་སེར་གཞོགས་ལ་ཡང་ལྕི་འབྱུང༌། །ཕྲག་གོང་མི་བདེ་བཤུལ་ཤ་ན་བ་ཡིན། །སྐྲངས་དང་རྨ་ཚད་སྐྱེས་པ་རྐྱང་པ་སྟེ། །དེ་ལ་རྩ་ཆུ་ཚ་ན་ལྡན་ཚད་ཡིན། །ཕྱི་ཡུལ་ན་ལུགས་ཚ་ན་འདུས་ཚད་དོ། །འཐབ་ཚད་རྩ་ཆུ་གྲང་ལ་རྨ་ཚད་སྐྱེ། །ཡང་ན་རྨ་གྲང་རྩ་ཆུ་ཚ་བའོ། །བྱེ་བྲག་ཁྲག་ཚད་མིག་ཆུ་སྐྲངས་པ་དམར། །བསིལ་ལ་མི་དགའ་སྙིང་ལ་དྲོན་མོ་འདོད། །ནུབ་མོ་གཉིད་ཆུང་ཟ་ཟི་མང་བ་ཡིན། །ཆུ་སེར་ཚ་བ་ལྡང་དུབ་འདྲེ་ལྟར་ན། །མིག་སྤྲིན་ཆུ་དང་སྐྲངས་སེར་ཚ་ཞིང་འཁྱུག །རྣག་ཚད་རྩ་ནི་འདར་རམ་སྤུན་པ་ལ། །དང་ག་མི་བདེ་གཉིད་ཆུང་ལྡང་དུབ་ན། །བླ་རྡོལ་བྱེད་ཅིང་སྐྲངས་པ་མནན་མི་བཟོད། །རྩ་ཚད་གསུམ་དང་ལྔ་ལ་དྲག་པོར་སྐྱེ། །རུས་ཚད་བདུན་དང་དགུ་ལ་རྐུན་བུར་སྐྱེ། །ཟུག་རྔུའི་ཚ་བ་དྲག་ཤུལ་རྗེས་ལ་སྐྱེ། །ཀར་གྱིས་ཟུག་ལྡང་རྨ་ལ་ཁྲག་བཙན་འབྱུང༌། །ཟས་སྤྱོད་དལ་ཞིང་སྙོམས་དུས་བདེ་བ་ཡིན། །བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་བཅོས་པའི་ཐབས་དང་བསད་ཐབས་གཉིས།  །བཅོས་ཚུལ་རྒྱལ་བློན་དམངས་དང་བཅས་པ་སྟེ། །རྩ་ཚིགས་གནད་ལ་རྒྱལ་པོ་ལྟ་བུར་བཅོས། །རྨ་ཆས་བསིལ་ལ་གོང་འོག་དྲོད་སྦྱོར་བསྟེན། །ཁོང་ཚད་བསིལ་བཅག་ནད་ལ་རྣག་མི་འཇུག  །ཚ་བ་དྲོད་སྦྱོར་བསྟེན་པར་འདུ་བ་ཡིན། །ཉེན་མེད་འཚོ་སྐྱེན་རྒྱལ་པོའི་བཅོས་ཚུལ་ལོ། །ཉྭ་རྨེན་གནད་ལ་བློན་པོ་ལྟ་བུར་བཅོས། །འཕྲང་བསྡམ་རྨ་ནས་དབབ་ཅིང་ཁོང་ནས་བསལ། །རྣག་ཤོར་སྦྱོང་ཡང་སྲོག་མི་འདོར་བ་ཡིན། །རྨ་ནས་དཀྲོག་ཅིང་ཁོང་ནས་བསད་པ་ནི། །འཚོ་སྐྱེན་འཆི་སྐྱེན་དམངས་ལྟར་བཅོས་ཚུལ་ལོ། །ཚ་བ་བསད་ཐབས་ཡར་འདྲེན་མར་འདྲེན་གཉིས༌།  ཚད་སྟོབས་ཆུང་ན་མར་འདྲེན་འཇམ་པོས་བསད། །ཙན་དན་གི་ཝཾ་བསིལ་གསུམ་བ་ལེ་ཀ །ཧོང་ལེན་ཏིག་ཏ་ཨུཏྤལ་བ་ཤ་ཀ །ཀ་ར་སྦྱར་བཏང་རྩ་ཕྲན་མས་འཛེག་གཏར། །སྟོད་ཤོར་སྟོབས་ཆེ་ཡར་འདྲེན་ཐོག་བབས་བསད། །ག་བུར་རྒྱལ་བློན་བདུན་པ་དགུ་པ་སྦྱར། །རྩ་ཆེན་གང་རྒྱས་ཡས་བབས་ཁྲག་ཤེད་སྨད། །ཚ་བ་འཁྱིལ་ན་བསིལ་གསུམ་བ་ལེ་ཀ །གི་ཝཾ་དོམ་མཁྲིས་སེང་ལྡེང་བ་ཤ་ཀ །སོ་མ་ར་ཛ་ཀ་ར་སྦྱར་ལ་བཏང༌། །གཟེར་བའི་ཕྱོགས་དང་རྩ་དམིགས་གང་རྒྱས་གཏར། །རྐྱང་པའི་ཚ་བ་རྨ་ལ་བསིལ་ཞུན་བྱ། །ཁོང་དུ་ཆུ་འཐུང་སྨན་ལ་རྟ་བྱས་ལ། །ཏིག་ཏ་སྤང་རྩི་ཨུཏྤལ་བ་ལེ་ཀ །ཀ་ར་སྦྱར་བ་ནམ་བཅག་མ་ལ་བཏང༌། །ལྡན་པའི་ཚ་བ་རྨ་ལ་བསིལ་ནན་བྱ། །ཙན་དན་བསིལ་གསུམ་གི་ཝཾ་ལི་ག་དུར། །ཨུཏྤལ་ཀ་ར་སྦྱར་བ་ཁོང་དུ་བཏང༌། །རྐང་ལ་ལོང་རྩ་ལག་པ་ཨ་སོ་གཏར། །འདུས་ཚད་ག་བུར་ཤིང་མངར་བ་ཤ་ཀ །བ་ལེ་ཀ་རྣམས་གོང་ལ་བསྣན་ལ་བཏང༌། །རྩེ་ཆུང་སྣོད་ཀ་དྲུག་འགོ་ལ་སོགས་གཏར།  །འཐབ་པའི་ཚ་བ་རྨ་ཁོང་བསྣོལ་ལ་(གང་ཚ་བའི་སྟེང་དུ་བསིལ་གྱིས་བསད་ཅིང༌། །གྲང་བའི་སྟེང་དུ་དྲོད་སྦྱར་ལ་)བསད། །ཁྱད་པར་ཁྲག་ཚད་དམར་ཆས་(ཧོང་ལེན་ཀྱི་ལྕེ་བ་ཤ་ཀ་བཙོད་)ཐང་བཏང་(ལ་རྩ་བོ་ཆེ)་གཏར། །ཆུ་སེར་ཚ་བ་སེར་ཆས་(འབྲས་གསུམ་ཀྱི་ལྕེ་ཧོང་ལེན་སྟབ་སེང་བྲག་ཞུན་)ཐང་བཏང་(ལ་ཐུར་མས་)བསུ། །རྣག་གི་ཚ་བ་ཕུག་ལ་འབྱར་སྐེམས་བྱ། །རྩ་ཚད་(སྐྱུ་རུ་ར་ཧོང་ལེན་བ་ཤ་ཀ་རེ་སྐོན་ཤིང་མངར་ཚོས་)ཐང་གཏར་མེ་དང་བསིལ་གྱིས་བཅག །རུས་ཚད་(ལ་ཡར་འདྲེན་གྱི་)བསིལ་ཆས་ཆུ་དང་(མས་འདྲེན་གྱི་)སྨན་གྱིས་བཅག །ཟུག་རྔུའི་ཚ་བ་(ལ་ཏིག་ཏ་བ་ཤ་ཀ་ཧོང་ལེན་གྱི་ཐང་)སྨན་གཏར་ཟས་ཀྱིས་བཅག །ཁྲག་དུས་ཚ་བ་སྟོད་ཤོར་ཡེན་ལ་གཏད། །ཆུ་སེར་དུས་སུ་བསིལ་ལ་བཅུད་པ་བསྟེན། །རྣག་གི་དུས་སུ་རྒྱལ་པོ་ལྟ་བུར་(ལུག་དང་སྐོམ་ཤ་གསར་པ་མར་སྦྲང་ཏིང་ཁྲོལ་གསར་འཇམ་གྱིས་)གསོ། །རྨ་རྒན་ཚ་བ་མི་ཆག་སྲ་ཞིང་ཧྲེམ། །རྩ་ལྟོ་སྦྲགས་ཏེ་ག་བུར་ཉེར་ལྔ་སྦྱར།  །གང་ཉེ་གཏར་ཞིང་རྨ་ལ་དྲོ་བ་བདུག །ཚ་བ་ཀུན་གྱི་རྒྱུ་ནི་ཆུ་སེར་ཁྲག །དེ་ཕྱིར་གསོ་དཔྱད་གཙོ་བོ་གཏར་བ་མཆོག །ཆུ་འཐུང་སྐོམ་ལྟར་བཏུང་དང་སྨན་ལྟར་བཏུང༌། །སྐོམ་ལྟར་བཏུང་བ་རྩ་སྒོ་འགག་པ་སྟེ། །ཧོང་ལེན་མྱང་རྩི་སྤྲས་དང་ཡུ་གུ་ཤིང༌། །ལྕམ་འབྲུ་ཆུར་སྦངས་སྐོམ་དུ་བཏུང་བར་བྱ། །ཡང་ན་ཚོས་བཙོད་ཡུང་སྐྱེར་སྤྱི་ཞུར་དང༌། །སྤང་རྩི་ཙན་དན་ཐོད་ལེ་ཀོར་རྣམས་བཏུང༌། །སྨན་ལྟར་བཏུང་བ་ཁྲག་དུས་ཆུ་སེར་རྣག །ཁྲག་དུས་ཧ་བོ་ཧོང་ལེན་ཨ་བྱག་དང།། །ཚེར་སྔོན་ཆུ་བཏུང་ཡང་ན་ཙན་དན་དཀར། །སེ་རྒོད་སྟབ་སེང་རེ་རལ་ཆུར་སྦངས་བཏུང༌། །ཆུ་སེར་དུས་སུ་སྟབ་སེང་ཡུ་གུ་ཤིང༌། །ཤེལ་ཏ་ཨ་བྱག་ཕོ་རོག་ནོར་བུ་དང།༌།  བུ་རམ་སྦྱར་བ་ཚོས་ཁུས་འཕུལ་ལ་བཏང༌། །ཁྱད་པར་གི་ཝཾ་བཟང་དྲུག་མཁྲིས་སྣ་ཚོགས། །རིལ་བུས་རྩ་ཡི་ཆུ་སེར་སྐེམ་པར་བྱེད། །སྒོང་ཐོག་གླང་སྣ་ཐ་རམས་བྱ་རྐང་དང༌། །བུ་རམ་རིལ་བུས་ཤ་ཡི་ཆུ་སེར་སྐེམ། །སྟབ་སེང་ཚེར་སྔོན་ཁྲག་རྐང་ཨ་བྱག་དང༌། །རེ་རལ་རིལ་བུས་རུས་པའི་ཆུ་སེར་སྐེམ། །དེ་བ་སུམ་ཅུ་ཏིག་དང་ཁུར་རྩ་ཡི། །ཐང་གིས་ཆུ་རྒྱུས་ཆུ་སེར་སྐེམ་པར་བྱེད། །ཤ་བ་ཁ་ཤ་བསེ་རུ་བུ་རམ་གྱི། །རིལ་བུས་ཚིགས་དང་པགས་པའི་ཆུ་སེར་སྐེམ།  །ཁམ་བུའི་ཐལ་བ་ཐ་རམས་བྲག་སྤོས་པ། །ཀ་རའི་རིལ་བུས་ཆུ་སེར་སྐེམ་པར་བྱེད། །ཐོད་ལེ་ཀོར་དང་ཕ་ཝཾ་ལོང་བུ་དང་། །དར་ཡ་ཀན་གྱི་བུ་རམ་རིལ་བུ་ཡིས། །ཆུ་སེར་དུས་ཀྱི་སྐྲངས་པ་འཇོམས་པར་བྱེད། །རྣག་དུས་བསེ་རུ་བྲག་སྤོས་ཅོང་ཞི་དང་། །མུ་ཟི་ཞོ་དང་སྦྱར་བ་ཟངས་ལ་བསྒོས། །དེ་བཞུར་ཕྱེ་མས་རྣག་གི་རྒྱ་མཚོ་སྐེམ། །བ་ནུ་མུ་ཟི་རྟ་ལྤགས་རེ་སྐོན་པ། །ཁོང་བཏང་ལྡེ་གུ་བྱུགས་ན་སྐྲངས་པ་འཇོམས། །ཕ་ཝཾ་ལོང་བུ་སེར་ཤ་ལྕགས་ཕྱེ་དང༌། །སྒོ་ང་ཚོས་བྱུགས་ཁོང་བཏང་སྐྲངས་པ་འཇོམས། །བཟང་དྲུག་ཡུ་གུ་ཤིང་གིས་སྟོད་ཚད་སྲུང༌། །པི་པི་ལིང་དང་ཧ་བོ་འོམ་བུ་ཡིས། །སྣོད་དུ་ཚད་པ་མི་འཆོར་འཁྲུ་མི་སྲིད། །ཆུ་ཡི་ཡོན་ཏན་ཚ་བ་གཅོག་པ་དང༌། །དང་ག་བདེ་ཞིང་ལུས་ཤེད་སྐྱེ་བར་བྱེད། །གདོན་དང་བཀྲག་ཤོར་ཕོ་བ་འབྱང་ན་སྤང༌། །ལྔ་པ་སྐྲངས་པ་གཞོམ་པའི་མན་ངག་ལ། །གདོན་དང་འདུ་བ་གནས་ཀྱི་སྐྲངས་པ་གསུམ། །གདོན་སྐྲངས་རྨ་མདོག་ལོག་དང་གྲང་ཤུམ་བྱེད། །ཆུ་བུར་ཉྭ་སྒང་འོང་ཞིང་སྐྲངས་མཆེད་སྐྱེན། །ཁྲག་རྣག་འཛག་ཅིང་ཤེ་རུལ་མནམ་པ་ལ། །འཛིམ་པ་སྟག་ཤ་མུ་ཟི་ཀྱི་ལྕེ་བ། །ཤུ་དག་སྤྱང་བྲུན་རྭ་གཞོབ་དྲི་ཆུ་བྱུག །ཡང་ན་གྲོག་ཞིང་ཝ་སྤྱང་རི་བོང་བྲུན། །ཁྱི་སྤུ་ར་སྤུ་རྭ་གཞོབ་ཁྱི་ལུད་དང༌། །སྒོག་སྐྱ་དྲི་ཆུར་སྦྱར་ལ་བྱུག་པར་བྱ། །ཡང་ན་(སྦྲུལ་མགོ་སྡིག་པ་སྤྲུ་མ་སྦྱིན་སྲེག་གི་)ཐལ་བ་བཞི་དང་སྟག་ཤ་བ། །བ་ལྕི་ཆུ་ངན་ཞུན་སྟེང་ཁྱི་སྤུས་མནན། །ཡང་ན་ནག་པོ་དགུ་དང་བཞི་སྦྱར་བྱ་(བྱ་རོག་དང་ཁྱི་ནག་གི་མཇུག་སྤུ་ར་རོག་གི་སྐོག་སྤུ་གླང་རོག་གི་རྨོངས་སྤུ་བོང་ནག་གི་སྦངས་ཡུག་སའི་དོར་རྟ་ནས་ནག་བྲ་སྲན་མ་སྦང་གར་ཞོ་འབྲུ་མར་དང་ཀྱི་ལྕེ་ནག་པོ་བོང་ང་ནག་པོ་རེ་ལྕག་ནག་པོའི་ཐལ་བ་བིག་པན་ཁུ་བར་ཞོ། །)འདུ་བས་སྐྲངས་པ་རླུང་མཁྲིས་བད་ཀན་གསུམ། །རླུང་སྐྲངས་སྐྱ་ལ་གསོབ་ཅིང་རྣག་མི་འབྱུང༌། །འཕར་ཞིབ་བྱེད་ཅིང་ཚིགས་ཁར་སྐྲངས་པ་ཡིན༌།  །དེ་ལ་རྩ་འཕྲང་སྐྲངས་ན་མེ་བཙས་བསྲུང༌། །གོ་སྙོད་ལྕ་འབྲུ་ཀྱི་འབྲུ་ཚ་བ་གསུམ། །སྣེའུ་གཡར་ཞུ་ཟྭ་ཡི་ཕྱི་མོ་དང༌། །ཆང་འགག་སྦང་མ་སྦྱར་ལ་འཇིབས་སུ་གཞུག །ཡང་ན་ལྕ་འབྲུ་མཁན་པ་སླེ་ཏྲེས་མཚན། །ཤུ་མོ་ཟ་དང་ལྕམ་པ་ཚ་བ་གསུམ། །ཏང་ཀུན་མར་ནག་སྦང་མ་སྦྱར་བས་མནན། །དམར་པོ་དགུ་དང་སེར་པོ་གསུམ་སྦྱོར་བསྔགས་(བྱ་མཚའ་ལུའི་ཟེ་ཁྲག་ར་སེར་སྐྱའི་སྣ་ཁྲག་ཁྱི་རྒྱ་བོའི་སྣ་ཁྲག་བོང་བུ་གྭ་པའི་གཞུག་ཁྲག་མཛོ་གཡག་སེ་བོའི་སྦུབས་ཁྲག་རྟ་དྲུག་ཕྲོམ་གྱི་རྐན་ཁྲག་ན་ཆུང་མའི་མངལ་ཁྲག་ཚོས་བཙོད་གར་པོ་ཞོ་རྗེན་ཕྱེ་མར་ནག་སྦྱར་བ་དང༌།  སྒོ་ངའི་སེར་ཐིག་ཉ་ཚ་ཀུ་བ།  གླུམ་ཉེ་མཛོ་ཞོ་མར་ཁུ་སྦྱར། །)ཤིན་ཏུ་སྟོང་སྦོས་ཆུ་བཙག་ཨ་སས་བདུག །འབའ་ཆ་མི་ཤ་མཁན་སྤྲུ་ཆང་བཙོས་མནན། །བད་ཀན་སྐྲངས་པ་ཆེ་ལ་ཞི་བ་དཀའ། །དྲོད་མེད་མཁྲང་འཇམ་ཉྭ་ཡི་སྟེང་དུ་སྐྲངས༌།  དེ་ལ་ཉེ་ཤིང་ལྕུམ་རྩ་ཚ་བ་གསུམ། །གོ་སྙོད་ཚ་ཕབས་སྦང་གར་རྗེན་ཕྱེ་ཞུན། །ཡང་ན་སྲུབ་ཀ་དབྱི་མོང་ཚ་བ་གསུམ། །མ་ནུ་ཉི་དགའ་གར་པོ་ཞུན་དུ་གཞུག །ཡང་ན་ར་དུག་རེ་ལྕག་ཏང་ཀུན་དང༌། །ཤུག་པ་མཁན་པ་བྱ་བྲའི་ལུམས་སུ་གཞུག །ཡང་ན་(རྨ་ལྷོག་སྐབས་ཀྱི་)སེར་པོ་བདུན་སྦྱོར་ཤིས་པ་ཡིན། །མཁྲིས་སྐྲངས་དམར་རྩ་དྲོད་ཆེ་རེག་མི་བཟོད། །རྒྱ་སྐྱེགས་བཙོད་དང་ལི་གྲི་ཡུག་རྣམ་མཚལ། །རྟ་བོང་ཁྲག་དང་སྦང་གར་ཞོ་བཙགས་མནན། །སེར་པོ་དགུ་(ཡུང་སྐྱེར་ལྕུམ་རྩ་ར་མཉེ་བ་བླ་ལྡོང་རོས་ཉ་ཕག་མི་མཁྲིས་སྦང་མར་སྦྱར་བའི་ཞུན་ནན་)དང་(རྨ་ལྷོག་སྐབས་ཀྱི་)དམར་པོ་བདུན་སྦྱོར་བྱ། །གནས་ཀྱིས་སྐྲངས་པ་ཉྭ་རྨེན་རྩ་ཚིགས་བཞི། །རྩ་སྐྲངས་དམར་མཁྲང་ཚ་འཁྱུག་རྩ་སྟེང་སྐྲངས། །དམར་སྦྱོར་རྒྱས་འབྲིང་གསུམ་གྱིས་རྩ་ཤེད་བཅག །སྦང་གར་སྒོ་ང་བག་ཕྱེ་ཞོས་གཞི་བྱས། །ལུག་ཞོ་ཙམ་པ་རྩེ་འཇམ་བསྲོས་ལ་བྱུག །རྒྱ་སྐྱེགས་བཙོད་རམས་ཡུག་རྣམ་འབྲུ་མར་སྦྱར། །མ་ཐུབ་རྒྱ་སྐྱེགས་བཙོད་ཞུན་སེར་ཐིག་དང༌། །རྟ་བོང་ཁྲག་དང་འབྲུ་མར་སྦྱར་ལ་བཏང༌། །དེས་ཀྱང་མ་ཆོམས་མངལ་ཁྲག་ཚོས་བཙོད་མཚལ།  །སྤང་སྤོས་ག་དུར་སེར་ཐིག་འབྲུ་མར་སྦྱར། །ཉྭ་སྐྲངས་སྐྱ་མཁྲང་དྲོད་མེད་སྦྱིག་པོར་སྐྲངས།  །སྐྱ་སྦྱོར་རྒྱས་འབྲིང་གསུམ་གྱིས་ཉྭ་ཁྲོས་འདུལ་(བ་ལ་དང་པོ་མཁན་པ་སྤྲུ་མ་སྒོ་རོང་གསུམ་དང་སྦྱར།  དེས་མ་ཐུབ་སྐྱ་གསོབ་ཏུ་སྐྲངས་ན་གོ་སྙོད་དབྱི་མོང་ཐལ་བ་ལྕམ་འབྲུམ་རེ་ལྕག་ཚ་བ་གསུམ་སྦྱར། །དེས་མ་ཐུབ་སྔོན་པོ་རྡོ་ལྟར་སྐྲངས་ན་ཚ་བ་གསུམ་མཁན་པ་སྤྲུ་མ་ཀླད་པ་མིའི་རྐང་མགོ་བྱ་རྒོད་ཤ་ལྕ་འབྲུམ་སྦྱར་ལ་བྱུག །)གླུམ་ཉེ་ལུག་ཞོ་སྒོ་ང་བག་ཕྱེ་སྦྱར། །རྩེ་འཇམ་བསྲོས་པ་རྒྱ་ཆེར་ནོན་པར་བཏང༌། །ཚིགས་སྐྲངས་མདོག་ནག་དྲོད་དང་ལྷང་ཀྱོག་ཆེ། །ནག་སྦྱོར་རབ་འབྲིང་གསུམ་གྱིས་རུས་ཚད་བཅག་(པ་ལ་དང་པོ་རྩ་བ་ལྔ་འབྲུ་མར་སྦྱར་ལ་བྱུག །དེས་མ་ཕན་ལྷང་ཀྱོག་ཆེ་ན་ཐབ་འོག་ས་ཁང་སའི་སོ་ཐོག་འབྲུ་མར་སྦྱར། །དེས་མ་ཐུབ་རྨ་ཁ་གཞའ་སེར་ནག་ཏུ་སྐྲངས་ན་སོ་ཐོག་ལྕགས་ཕྱེ་རྒྱ་ཤོ་རི་བོང་རིལ་མའི་ཐལ་བ་སྤང་རྒྱན་ཨ་རུ་སྦྱར་ལ་བྱུག །)སྦང་གར་ར་ཞོ་སྒོ་ང་བག་ཕྱེ་དང་། །ནས་ཚིག་གཞི་བྱས་ལུག་ཞོ་ཙམ་ཞིག་བྱུག །རྩ་ལ་བྲུན་གྱིས་ཁད་སྤུ་འཆོར་བ་སྟེ། །རུས་ལ་སྤོད་ཀྱིས་ཚད་པ་སྐྱེ་བར་བྱེད། །ཉྭ་ལ་སྣུམ་གྱིས་ཞུན་ནན་འདྲེད་པས་སྤང༌། །མདོར་བསྡུས་སྐྲངས་ལ་ཚ་སྐྲངས་གྲང་སྐྲངས་གཉིས། །ཚ་སྐྲངས་ཆས་སྐམ་རླངས་ཆེ་ཚ་ལ་དམར། །གང་དང་ཉེ་བའི་རྩ་ལ་མང་དུ་གཏར། །ཐུར་མས་གཙགས་ལ་ཆུ་ལྕག་བཟོད་ཚད་བརྡེག །ཡང་ན་བུལ་ཏོག་ཆུས་བཀྲུ་རྔབས་རྭ་གཟུགས། །འབུར་ནས་གཤགས་ལ་ཆུ་སེར་ཡང་ཡང་དབྱུང༌། །དེ་རྗེས་ཅུ་གང་ཧོང་ལེན་ཆུ་རྩ་དང་། །ཡུང་བ་སྤང་རྒྱན་གངས་ཆུ་སྦྱར་བྱུགས་ལ། །ཀྱི་ལྕེ་བ་ཞོ་སྦང་མ་སྦྱར་ལ་གཡོག །དེས་མ་ཐུབ་ན་སྐྱི་འབུར་སྒོ་ངའི་སེར། །གྲོ་ལོ་ཚེར་སྔོན་སྲད་མའི་མེ་ཏོག་དང༌། །སྙི་བ་སྤང་རྒྱན་བྲག་སྤོས་སྐར་ཆུ་སྦྱར། །དེ་སྟེང་སྦང་མ་བསྲོས་པའི་འཇིབས་ཀྱིས་དྲང༌། །དེས་མ་ཐུབ་ན་སྐྱུར་གྱིས་དག་བཀྲུས་ལ། །བྱང་པ་མུ་ཟི་རྒྱ་ཚྭ་བུལ་ཏོག་དང༌། །སེང་ལྡེང་མར་རྙིང་ཕག་ཚིལ་སྦྱར་བ་བྱུག །ཆང་འགག་སྦང་མ་བསྲོས་པའི་འཇིབས་ཀྱིས་དྲང༌། །དེ་རྗེས་སྐྱི་བསྲུང་བྱུག་ཅིང་བསིལ་ནན་བྱ། །དེས་མ་ཐུབ་ན་རྩ་ལྟོ་སྦྲགས་པས་སྦྱང།། །དེས་ཀྱང་མ་ཐུབ་ཁྲ་བོ་ནག་པོས་དགུག །གྲང་སྐྲངས་སྐྱ་གསོབ་དྲོད་མེད་མནན་ཤུལ་འོང༌། །ལྕ་རྒོད་སྤྲུ་མ་གོ་སྙོད་བཅའ་སྒ་དང༌། །ཤུག་པ་མར་ནག་སྤོད་སྦྱར་བསྲོས་པ་བཏང༌། །ཡང་ན་མཚེ་མཁན་སྦང་བསྲོས་འཇིབས་སུ་གཞུག །མ་ཐུབ་ལུག་མིག་ལྕེ་ཚ་སྲུབ་ཀ་དང༌། །སེར་ཤ་ཉ་མཁྲིས་ལྕམ་པ་སྒོ་ངའི་སེར། །བ་ཆུ་མེ་ལོང་གཡའ་སྦྱར་སྦང་འཇིབ་བྱ། །དེས་ཀྱང་མ་ཐུབ་རྒྱ་ཚྭ་བཅའ་སྒ་དང༌། །ཚིལ་ཆེན་བྱུགས་ལ་སྟེང་དུ་སྦང་སྐམ་དང་། །བྱི་བྲུན་ཆང་དུ་བཙོས་པའི་ལུམས་ཀྱིས་གདུལ། །སྐྱར་མོའི་སྤུ་གཞོབ་ཕོ་རོག་སྐྱ་ཀ་དང་། །ཁྲ་ཡི་བྲུན་དང་ཟར་མའི་མར་ཁུ་བྱུག །དེ་སྟེང་ཁྲ་བོའི་ལུམས་ཀྱིས་རྣག་ཏུ་དགུག བདུད་རྩིའི་ཐལ་བ་ཀླད་རུལ་ཚ་བ་གསུམ། །ཚིག་ཕྱེ་སྦང་གར་འབྲུ་མར་ཞུན་ཆེན་ཞོ། །ཤིན་ཏུ་རྣག་མ་ཁུགས་ལ་བསྔགས་པ་ཡིན། །དྲུག་པ་རྣག་བཅད་པ་ཡི་མན་ངག་ལ། །རྒྱུ་དང་སྐྱེ་ཡུལ་གནས་རིགས་བཅད་ཐབས་ལྔ། །ཚིགས་པར་ལས་བྱེད་ཤ་ལ་མཚོན་ལུས་དང༌།  །ཉྭ་རྡུངས་རྩར་རྒྱུ་རྨ་ཚད་རུས་ལ་ཞེན། །ཚ་བའི་ལུམས་སྔས་གཏར་ཕྱིས་རྣག་གི་རྒྱུ། །སྐྱེ་ཡུལ་རྩ་ཁ་ཤོར་དང་ཤ་རུལ་མྱགས། །རུལ་མྱགས་རུས་པ་ཟ་ཀོང་གསུམ་ལ་སྐྱེ། །གནས་ས་ཉྭ་སུལ་རུས་དང་ཚིགས་པར་གསུམ། །དེ་རིགས་ཚ་འབྱམས་གྲང་འབྱམས་རྣམ་པ་གཉིས།  །རླུང་བརྟེན་རྣག་དང་རྣག་ལ་བརྟེན་པའི་རླུང༌། །བཅད་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས།  །སྤྱི་ལ་སྨན་དཔྱད་ཟས་དང་སྤྱོད་ལམ་བཞི། །སྨན་ནི་མུ་ཟི་བསེ་རུ་དོམ་མཁྲིས་དང་། །ཅུ་གང་རྣམ་པར་ཨ་བྱག་ཨ་རུ་ར། །ཀ་ར་སྦྱར་བའི་ཕྱེ་མས་རྣག་རྣམས་སྐེམ། །ཡང་ན་ག་བུར་བཟང་དྲུག་གྭ་དོར་གསུམ། །ཨུཏྤལ་ཀ་ར་སྦྱར་བ་བ་ཆུས་དབུལ། །ཡང་ན་མུ་ཟི་ཅུ་གང་དོམ་མཁྲིས་དང༌། །བསེ་རུ་སྟབ་སེང་འཇིབ་རྩི་སྦྲང་མར་སྦྱར། །རྣག་གཞུག་ལག་པར་འབྲས་གསུམ་མར་གྱིས་བཅད། །རྐང་པའི་རྣག་གཞུག་རྩ་བ་ལྔ་ཡིས་བཅད། །བཟང་དྲུག་རྭ་སྣ་མཁྲིས་སྣ་ཁ་ཚར་གདབ། །དཔྱད་ཀྱིས་བཅད་པ་དེབ་འཆིངས་ཁྲུས་དང་གཏར། །དེབ་ལ་ཕོ་དེབ་མོ་དེབ་ཡང་དེབ་གསུམ། །སུལ་སྒོ་ཚིགས་མིག་ལ་སོགས་རྣག་ཡུལ་སྦྱར། །དེ་སྟེང་མཐའ་ནས་འདེད་ཆིངས་དག་ཏུ་བཅིང༌། །ཁྲུས་ནི་དང་པོ་བུལ་ཏོག་ཆུ་ཡིས་བཀྲུ། །བར་དུ་ཅུ་གང་དོམ་མཁྲིས་ཀ་རས་བཀྲུ། །ཐ་མ་གུར་ཀུམ་དོམ་མཁྲིས་ཆུ་ཡིས་བཀྲུ། །ཁྱད་པར་དམར་སྔོ་དུད་ཀ་སྐྱ་བོར་འགྱུར། །གཏར་ག་ཚ་བ་རྣག་མདོག་ཁྲག་སྦྱར་གཏར། །ཁ་ཟས་དང་པོ་གསར་ལ་བཅུད་པ་བསྟེན། །ཐ་མ་རྒྱལ་པོ་ལྟ་བུར་བཅོས་པ་དང༌། །སྤྱོད་ལམ་དྲག་ཤུལ་བུད་མེད་སྤང་བར་བྱ། །ཁྱད་པར་རྩ་ཁ་ཤོར་ན་མེ་བཙའ་དང་། །གཏར་ག་སྨན་(ག་བུར་ཅུ་གང་ཉ་སྲམ་འཕྱི་མཁྲིས་ཤེལ་ཏ་ཙན་དན་མར་ཁུ་ཀཎྜ་ཀ་རི་སྐྱེར་ཤུན་འོམ་བུའི་བར་ཤུན་ཀ་ར་སྦྱར་ལ་བཏང་གུར་ཀུམ་དོམ་མཁྲིས་ཀ་ར་བཙོད་ཁུས་འཕུལ་བ་)དང་(རྟ་ལྤགས་བྲག་སྤོས་སྒོ་ང་མཁྲིས་སྣ་བག་ཕྱེའི་སྐྱོ་མ་བྱུག་རྩ་སྟེང་ཕྱིང་དེབ་ཉིས་རིམ་བཏང་བའི་)ཆས་ཀྱིས་བཅད་པར་བྱ། །རུལ་མྱགས་ཁྲུས་(དུར་བྱིད་དན་རོག་ཤྲཱི་ཁཎྜ་སེར་མཚུར་སེ་འབྲུ་དོམ་མཁྲིས་ཀྱི་རིལ་བུ་རྣག་ཕུགས་བསྐྱལ་དེས་མང་དུ་སོང་ན་ཟས་རྡེག་པ་སྟེ་རྨའི་རྣག་བཤལ་)དང་(དྲེས་ཐལ་ལྗང་ཐལ་བ་བླ་མཁྲིས་སྣ་ཞོ་བག་ཕྱེ་མར་ནག་སྦྱར་བའི་)ནན་དང་(མི་དང་ཉ་མཁྲིས་ད་ལིས་སྐྱེར་པ་འདམ་བུ་ཀ་ར་འོམ་བུའི་བར་ཤུན་ཀ་ར་བཏབ་པའི་)སྨན་གྱིས་བཅད། །རུས་པ་ཟ་ཀོང་བྲུད་བསྲེག་སྨན་གྱིས་བཅད་(པ་ནི་བསེ་རུ་མུ་ཟི་རྣམ་པར་དོམ་མཁྲིས་འབྲུག་རུས་སྦྲང་སྦྱར་བ་ཁོང་དུ་བཏང་རྒྱ་ཚ་བྱང་པ་འབྲུག་རུས་མཚལ་སྦྱར་བ་རྨ་ལ་གདབ། །)ཉྭ་སུལ་རྣག་ལ་སྨན(་མུ་ཟི་བསེ་རུ་བྲག་སྤོས་ར་མཉེ་ཉེ་ཤིང་འབྲུམ་རྩི་ཐུལ་བའི་མེ་ཏོག་ཨ་རུ་སྦྲང་སྦྱར་ཁོང་དུ་བཏང་། །མཚེ་ཁུ་ར་མཉེ་སྒོ་ང་བག་ཕྱེ་ཞོ་བྱུག་སུལ་དང་འཚམ་པའི་དེབ་བཏང་འདེད་པའི་)འབྱར་ཆིངས་ཀྱིས་བཅད། །བར་རྣག་སྨན་(སྟབ་སེང་ཆ་གཅིག་མུ་ཟི་ཆ་གཉིས་ཅུ་གང་དོམ་མཁྲིས་བསེ་རུ་ཆ་ཕྱེད་དངུལ་ཆུ་སྦྲང་མར་ལྡེ་གུ་བཏང་བ་)དང་ཁྲུས་དང་ཆིངས་ཀྱིས་བཅད། །ཚིགས་རྣག་དེབ་ཆིངས་སྒྱོགས་ཀྱིས་བཅད་པར་བྱ། །ཚ་འབྱམས་(ཤ་གྭ་དོར་ཤ་རུ་ཅོ་གའི་ཀླད་པ་སོ་བྱའི་ཁྲག་སྤང་མ་མཐིང་ཤུན་ཕུར་ཡོག་ཐལ་བ་ཀ་ར་སྦྱར་རྨ་ཁོང་གཉིས་ཀར་བཏང་)གྲང་འབྱམས་(ལ་རྨ་ཁོང་དུ་ཚོས་སྨན་རུ་རྟ་སྦྲང་རྒོད་བསྣན་ལུག་ཤ་དང་ཆང་བཏང་)སྨན་དང་ཟས་ཀྱིས་བཅད། །རླུང་ལ་བརྟེན་པའི་རྣག་རྣམས་ཁོང་ནས་བཅོས། །རྣག་ལ་བརྟེན་པའི་རླུང་ལ་རྨ་ནས་བཅོས། །བདུན་པ་རུས་ལ་ཟུག་པ་དབྱུང་བ་ནི། །ཕྱི་ནས་ཟུག་དང་ནང་ནས་ཟུག་པ་གཉིས། །ཕྱི་ནས་ཟུག་པ་རྣག་ཆུས་རུས་པ་ཟོས། །སྔོའམ་སྨུག་གམ་ནག་གམ་སྤ་བཅད་འདྲ། །དེ་ལ་རྩི་ཉམས་ལྷ་བ་ཆུང་བའམ། །གཏིང་དུ་མ་ཞེན་པ་ལ་སྤྲ་བས་བསྲེག །ལྷ་བ་ཆེ་དང་མ་གདན་བསླེབས་པ་ལ། །ལྕགས་ཀྱིས་འཚོས་པར་བསྲེགས་པས་མཚམས་སུ་དབོག །རྩ་དང་བཅས་ན་ཞུན་མར་ཏེལ་པས་བསྐོལ། །ཤ་ཆུང་ལྷ་བ་ཆེ་ན་ཀྱོང་བུས་བྲུད། །འཇིབས་དང་ནང་འཚངས་ཁ་ཞུན་མགོ་དང་མཐུན། །ནང་ནས་ཟུག་པ་རྐང་གས་ཆུ་སེར་ཞུགས། །ཟུག་ཆེ་ཤ་སྐམ་མདོག་སྔོ་ལྷང་ལྷང་ན། །དེ་ལ་རུས་པ་བརྟོལ་ལ་ཆུ་སེར་འཇིབ། །སྟབ་སེང་ཁུ་བ་དོམ་མཁྲིས་ཀ་ར་བླུག །དར་དང་མར་ཚིལ་སྲིན་བལ་རས་གཟེབ་བཏང༌། །རྒོད་རྐང་སྟབ་སེང་དོམ་མཁྲིས་རྨ་རྩིར་གདབ། །སྦང་མས་འཇིབས་ལ་ཆུ་སེར་ལྷག་མ་དྲང༌། །གལ་ཏེ་སྐྲངས་ན་ཨ་ས་འབའ་ཆས་བདུག །དེབ་ཆིངས་བསྡམ་ཞིང་ཁོང་ནས་སྨན་གྱིས་གསོ་(འབྲས་བུ་གསུམ་སྟབ་སེང་འབམ་པོའི་སྨན་མར་སྤོས་དཀར་བྲག་སྤོས་པྲི་ཡང་ཀུ་སྐྱུ་རུ་སྐྱེར་པ་སྦྲང་སྦྱར་ཁོང་དུ་བཏང༌། །)སྐྲངས་རྒྱས་རྣག་ཆུས་ཤ་རུས་རྩ་རྣམས་རུལ། །ལྷ་རུ་ཆད་དང་ཚིགས་ཆུ་འབོག་ཀྱང་སྲིད། །ནད་ཟོ་དང་ག་བདེ་ན་གསོ་རུ་རུང༌། །(སྟབ་སེང་གི་ཐང་བཏང་ཨ་བ་མར་སྦྱར་བཏང་ཨ་བྱག་བྲག་སྤོས་སྒོག་སྐྱ་སྦྲང་དང་སྦྱར་བའི་)སྨན་དང་ཁ་ཟས་(གོང་བསྲེག་ཁྱིམ་བྱ་སྐོམ་ཤ་སྦྲང་ཆང་ཡོས་ཆང་བཏང་ཤ་རོ་ལྕགས་ཀྱིས་)བསྲེག་དང་བཅད་པས་བཅོས་(རུས་པ་སྐམ་པས་བསྡམས་ལ་གསོན་གཤིན་མཚམས་སུ་སོག་ལེས་བཅད་འཇིབས་དང་ཁ་ཞུན་བྱ་རུས་རོ་གསོན་གཤིན་མཚམས་སུ་བོག་པ་དང་རྨ་རྩི་ཁ་ཞུན་བྱ)། །བརྒྱད་པ་བྱུང་ཤོར་གཞུག་པའི་ཐབས་བསྟན་པ། །འཆོར་ས་ཤོར་རྟགས་གཞུག་ཐབས་བསྟེན་པར་བྱ། །འཆོར་ས་གཡས་གཡོན་སྟེང་འོག་རྣམ་པ་བཞི། །དཔུང་པ་པུས་མོ་སྟེང་དུ་འཆོར་མི་སྲིད། །རྒྱ་ཚིགས་མཁྲིག་མ་གཡས་གཡོན་འཆོར་མི་སྲིད། །གྲུ་མོ་ལོང་ཚིགས་རྒྱབ་ཏུ་འཆོར་མི་སྲིད། །དཔྱི་ལ་ཕྱིར་ཤོར་ནང་ཤོར་རྣམ་པ་གཉིས། །ཤོར་རྟགས་ཟུག་གཟེར་ཅུང་ཟད་ཙམ་ལ་ལྡང༌། །མོད་དུ་སྐྲངས་ཤིང་བརྐྱང་བསྐུམ་བྱ་བ་ཉམས།  །གང་ཤོར་འབུར་ཀྱོང་རིང་ཐུང་འབྱུང་བ་ཡིན། །དཔྱི་ཡི་གཏུག་ཐག་སོག་པའི་གཉེན་ཐག་ཆད།  །བཅུག་ཀྱང་མི་སྡོད་ཞ་འཐེང་འགྱུར་བ་ཡིན། །གཞུག་ཐབས་མ་སྐྲངས་གསར་དུས་མོད་ལ་གཞུག །རྙིངས་ནས་ལུམས་ཀྱིས་ཤ་ཆུ་བཏུལ་ལ་གཞུག །གང་ཡང་ཚིགས་ཁ་བྲལ་བར་དྲག་ཏུ་འཐེན། །ཤོར་ངོས་རུས་པའི་མགོ་ནས་ནང་དུ་འཕུལ། །ཚིགས་ཁ་བྲལ་ནས་གང་ཤོར་ངོས་སུ་བཀན། །མ་བྲལ་བཀན་ན་ཚིགས་ཁ་འཆག་ཅིང་འགྲམ། །བྲལ་ན་ཇི་ལྟར་བཀན་བཞིན་ཚུད་པར་འགྱུར། །ཡང་ན་ཐག་པས་འཐེན་ལ་དབྱུག་པ་བརྡེག །སྒྲ་འབྱུང་འབུར་པོ་ནུབ་དང་བརྐྱང་བསྐུམ་བཏུབ། །ཟུག་གཟེར་བྲི་ན་གནས་སུ་ཚུད་པ་ཡིན། །བརྟན་པར་བྱ་བ་དེབ་བཏང་ཆིངས་ཀྱིས་བསྡམས། །ན་དང་ཟུག་མ་བྲི་ན་སྐབས་སུ་བལྟ། །ཡིད་ཆེས་བརྟན་པར་གྱུར་ནས་བཅུད་ཀྱིས་གསོ། །ཡུན་ལོན་ཤོར་ལང་ཡོད་ན་མེ་བཙའ་གདབ། །དེ་རྗེས་ཆིངས་དང་སྒྱོགས་སུ་གཞུག་པར་བྱ། །དགུ་པ་རུས་པ་ཆག་གྲུམས་བཅིང་བ་ནི། །ཆག་ལུགས་ཆག་རྟགས་བཅིང་ཐབས་ལོག་གནོན་ནོ། །ཆག་ལུགས་མ་ལ་བུ་ཐོགས་ཆག་པ་དང༌། །སྨྱུ་གུ་ཁ་དང་སྡུམ་ཆག་གྲུམས་པ་བཞི། །དེ་ཡང་རྨ་ཅན་རྨ་མེད་གཉིས་སུ་འདུས། །ཆག་རྟགས་གྲང་ཞིང་འཁྲོག་ལ་འགུལ་མི་ནུས། །རླུང་ཅན་སྦེག་དང་སྡུམ་ཆག་གྲུམས་པ་དང་། །རྨ་ཅན་ཟས་ཀྱིས་མ་ཐེག་གསོ་བ་དཀའ། །བཅོས་ཐབས་བཅིང་དང་ཁོང་སྨན་སྒྱོགས་ཀྱིས་བཅོས། །དང་པོ་བཅོས་ཐབས་འཐེན་ལ་རུས་ཁོད་མཉམ། །རིང་ཐུང་མ་ཆག་ངོས་དང་བསྟུན་པ་གཅེས། །རུས་པ་ཕྱིར་དོན་རྟ་བོང་ར་ལུག་གི །འོ་མས་བཀྲུས་ལ་ཚིལ་བུས་དྲོད་ཕབ་སྟེ། །ག་བུར་ཙན་དན་གུར་ཀུམ་འོ་མ་བྱུག །ཞག་འདས་ཁོང་དུ་ཆང་བཏང་འབམ་པོས་བདུག །དེ་ཡིས་དྲོད་ཕེབས་རུས་པ་འབྱར་བ་སླ། །དྲག་ཏུ་འཐེན་པས་རུས་པ་ནངདུ་འགྲོ། །ཅིས་ཀྱང་མ་ཚུད་སོག་ལེས་བསྟུངས་ལ་གཞུག །ནམ་ཟླ་སྦྱར་ཏེ་ཞོའམ་གར་པོ་ལ། །སྒོ་ང་ར་ཁྲག་ར་ཉེ་མཚེ་ཡི་ཁུ། །སྤྱིན་དང་བག་ཕྱེ་ལུག་ཞོ་ཙམ་དུ་བྱུག །ཚིགས་ཆེན་མཐོ་རེ་ཚིགས་ཕྲན་མཛུབ་རེ་བྱུག །རྐང་རྣམས་ལ་ནི་རྐང་དང་མཉམ་པར་བྱུག །ཡང་ན་སྒོ་ང་ར་ཁྲག་བག་ཕྱེ་དང༌། །ཧོང་ལེན་མཁྲིས་སྣ་སྦང་གར་སྦྱར་བ་བྱུག །ཕྱིང་པ་སྲབ་མཁྲེགས་སྤུ་དེབ་སྲད་བུས་དཀྲི། །དེ་སྟེང་རས་འཇག་སོན་པའི་ཆིངས་སུ་བཅིང༌། །ལྷོད་ན་འཁྲུལ་ཞིང་དམ་ན་གོང་འོག་སྐྲངས། །ཚབས་ཆེ་བ་ལ་དེ་སྟེང་ཤིང་ཆས་བསྐུར། །སྨན་དུ་སྟབ་སེང་ཁུ་བ་ཁོང་དུ་བཏང༌། །མར་གསར་འོ་མ་མངར་གསུམ་ཚོས་ཁུ་ལྡན། །ཨ་བ་ཨ་བྱག་སྦྲང་རྩི་མར་སྦྱར་བཏང༌། །རྨ་ཅན་ཁོལ་དུ་བཏོན་ལ་ཤེལ་ཏ་གཞུག །ག་བུར་དོམ་མཁྲིས་གུར་ཀུམ་ཙན་དན་དཀར། །སྟབ་སེང་ཀ་ར་སྦྱར་བས་རུས་པ་སྦྱོར། །འཕྲོད་ཅིང་བདེ་ན་མ་རུང་བར་དུ་བཞག །མི་འཕྲོད་ན་ན་གསུམ་ལྔ་བདུན་ལ་དགྲོལ། །ལོག་གནོན་རིང་ཐུང་ཡོན་པོ་བཅག་ལ་བཅིང༌། །རྣག་གཞུག་རྨ་ཆོད་རུས་པ་ཟོས་པ་ན། །བྲུད་དང་བསྲེག་དང་སྨན་གྱིས་གསོ་བར་བྱ།།

ཐ་མ་གནད་ཀྱི་ལོག་གནོན་བསྟན་པ་ནི། །ཤ་ཡི་གནད་ལ་གཞའ་ཁྲོས་བམ་རུལ་བཞི། །རྩ་ཡི་གནད་ལ་བྱེར་ཁྲིད་རྒྱས་ཤོར་བཞི། །ཚིགས་ཀྱི་གནད་ལ་བམ་དང་འཁོར་བ་གཉིས། །ཆུ་རྒྱུས་གནད་ལ་རེངས་དང་འཁུམས་པའོ། །དང་པོ་ཤ་གཞའ་ཚ་གཞའ་གྲང་གཞའ་གཉིས། །ཚ་གཞའ་ཁ་སྙི་གཏིང་སྲ་སྟོངས་ཚད་སྐྱེ། །སྐྲངས་ཆུ་རེ་གཅིན་འདྲ་བའི་ཆུ་སེར་འཛག །དེ་ལ་ཁོང་ནས་སྨན་གྱིས་འཕུལ་བསང་བསྐམ་(པ་ལ་ག་བུར་ཅུ་གང་གུར་གུམ་ཙན་དན་བསེ་རུ་དོམ་མཁྲིས་ག་དུར་ཧོང་ལེན་ཀ་ར་གངས་ཆུས་དབུལ)། །རྨ་ལ་ཁྲ་བོ་ནག་པོའི་ཆས་ཀྱིས་བསླང༌། །རྨ་ཁར་མི་གཏར་གཞན་དུ་གང་རྒྱས་གཏར། །ཟུག་སྐྱེས་རྣག་མང་སྐྲངས་དྲོད་ཆེ་ན་སློང༌། །གྲང་གཞའ་དྲོད་དང་སྐྲངས་ཆུང་རྣག་ཆུ་ཉུང༌། །དང་ག་མི་བདེ་གདོང་སྐྱ་ཟུག་མ་ངེས། །ཁོང་དུ་གསར་བཅུད་སེ་འབྲུ་ལྔ་པ་བཏང༌། །རྨ་ལ་དྲོད་ལུམས་ཁྲ་བོའི་ལུམས་ཀྱིས་བསླང། །རླུང་གསང་སུལ་ཁ་རྣམས་སུ་མེ་ཡིས་བསྲོ། །དེ་ཡིས་མ་སློང་ཤ་ཆང་བུར་མར་སྤྲུག །སློངས་ནས་སྤྱི་ལྟར་གང་ལ་འཚམ་པས་བཅོས། །ཁྲོས་ལ་རྡོ་ལྟར་སྲ་དང་ལྷོག་ཐབས་གཉིས། །རྡོ་ལྟར་སྲ་ལ་ཚ་ཁྲོས་གྲང་ཁྲོས་གཉིས། །ཚ་ཁྲོས་དམར་མཁྲང་ཟུག་ཆེ་རེག་མི་བཟོད། །དྲོད་ཆེ་ཚ་འཁྱུག་རྩ་ཆུ་ཕྱི་ཚད་སྐྱེད། །དེ་ལ་དང་པོ་ཀླད་སྦང་སྦྱོར་བ་བྱ། །དེ་རྗེས་སེར་ཆས་(ལྡོང་རོས་ཡུང་སྐྱེར་ལྕུམ་རྩ་སྒོ་ང་རྭ་གཞོབ་བག་ཕྱེ་དྲོད་ཕབ་ལ་བྱུགས་ཏེ་ཤོག) དེབ་བཏང་གང་ཉེ་གཏར། །དེས་ཀྱང་མ་ཐུབ་སྐྲངས་ན་ཆུ་རྩ་དང༌། །བྲག་ཞུན་ཀླད་རུལ་ར་ཞོ་བག་ཕྱེ་བྱུག །དེ་ཡི་སྟེང་དུ་ཕྱིང་པ་ཆུར་སྦངས་བཏང༌། །ཡང་ན་སྐྲངས་དང་སྦྱར་བའི་ཆུ་བཙགས་ལ། །གངས་ཆུས་བསྒྲངས་རྟིང་བསིལ་བའི་ཆས་སུ་གཞུག །ཅིས་ཀྱང་མ་ཐུལ་ཁྲ་བོ་ནག་པོས་དགུག །གྲང་ཁྲོས་སྐྲངས་པ་དྲོད་ཆུང་སྲ་ལ་སྐྱ། །ཟུག་ཆེ་ཕུག་ན་རྣག་མེད་ཉུང་འཁྱགས་འདྲ། །ཤ་སྣ་ཆང་དུ་བཙོས་པའི་(འུག་པ་བྱ་རྒོད་སྤྱང་ཀི་མི་ཤ་བག་ཕྱེ་ཕབས་སྤོད་སྦྱར་ཡང་ན་དེ་སྟེང་ཉ་ཤ་རྐྱང་རྟ་བོང་ར་ལུག་གི་ཉྭ་ཤ་འབྲུ་མར་སྦྱར་བའི་)ལུམས་སུ་གཞུག །ཡང་ན་སྔོ་ཡི་རྩ་བ་ལྔ་ཡིས་མནན། །(རི་ཤོ་སྤྲུ་མ་སྤྱང་ཚེར་རེ་ལྕག་སྲུབ་ཀ་ཞིབ་པར་བཏགས་པ་དྲི་ཆུར་སྦྱར་བས་)མ་ཐུབ་ཁྲ་བོ་ནག་པོའི་ཆས་སུ་གཞུག །དེས་ཀྱང་མ་ཐུབ་ཚ་ཁྲོས་ལྟ་བུར་བཅོས། །ལྷོག་ཐབས་ཁ་དོག་དམར་སྨུག་སྐྲངས་པ་ཆེ། །ཆུ་བུར་ཉྭ་སྒང་དཀར་ནག་འབྱུང་བ་དང༌། །དྲོད་ཆེ་བ་སྤུ་ལྡོག་ཅིང་ཚ་བ་སྐྱེ། །དེ་ལ་ལྕགས་ཕྱེའི་(སོ་ཐོག་ཨ་ག་རུ་ཀྱི་ལྕེ་ཚོས་རམས་ཞུ་མཁན་སྦང་གར་འབྲུ་མར་བག་ཕྱེ་འཚོས་པར་བཙོས་པའི་)ཞུན་ནམ་རྨེན་བུའི་(སྣ་ཚོགས་གླ་རྩི་དང་དྲི་ཆུར་བཙོས་པ) ལུམས། །དེས་མ་ཐུབ་ན་ནག་པོའི་ཞུན་ནན་བྱ། །ཆུ་བུར་བྱུང་ན་གཉེན་པོའམ་སྐམ་རྩིས་བྱུག །(ཤ་རུའི་ཐལ་བ་དུད་པ་བྱ་བལ་མ་ནུ་ཞོ་འབྲུ་མར་བྱུག་ཡང་ན་ཀྱི་ལྕེ་ལུག་ངལ་རེ་སྐོན་དྲེས་རུལ་སྲོ་ལོའི་ཐལ་བ)། །དེ་སྟེང་ཁྲ་བོའམ་ནག་པོའི་ལུམས་སུ་གཞུག །རྨ་རོགས་འབྱུང་སྟེ་འབྲོས་འདོད་ཐོར་པ་འོང༌། །(དེ་ལ་ཀྱི་ལྕེ་བྲག་སྤོས་ལྕགས་ཕྱེ་ཤུ་དག་གུ་གུལ་གླ་རྩི་སོ་ཐོག་མུ་ཟི་ར་ཁྲག་དྲི་ཆུས་བྱུག་ཡང་ན་ཝ་སྤྱང་ཁྱི་ཕག་གོ་བོ་གོང་མོ་ཕོ་རོག་གི་བྲུན་བཙན་དུག་གླ་རྩི་ཨ་རུ་དྲི་ཆུར་སྦྱར་བ་)བྱུགས་པའི་སྟེང་དུ་ཤོག་བུ་བོང་སྤུས་མནན། །མ་ཐུབ་དམར་སེར་ནག་པོའི་ཞུན་ནན་དཔྱད་(དེ་ལ་ལི་གྲི་རྒྱ་སྐྱེགས་བཙོད་སེར་བཙག་མཚལ་རྟ་བོང་གི་ཁྲག་གར་པོ་ཞོ་འབྲུ་མར་དང་སྦྱར་བ། །མུ་ཟི་གི་ཝཾ་ཁྲག་རྐང་གསེར་རྡོ་ལྷང་ཚེར་སྤོས་དཀར་སྒྲོ་པུས་གར་པོ་ཞོ་སྲན་ཕྱེ་དང་སྦྱར་བ། །ལྕགས་ཕྱེ་སོ་ཐོག་ཀྱི་ལྕེ་སྣག་ཚ་རམས་རྡོ་སོལ་ཡུང་ནག་གར་པོ་ཞོ་རྗེན་ཕྱེ་མར་ནག་སྦྱར་བ)། །དེས་ཀྱང་མ་ཐུལ་འཕྲུལ་སྦྱོངས་(རེ་ལྕག་དབྱི་མོང་སྤོས་དཀར་ཐར་ནུ་རྒྱ་ཚྭ་བྱང་པ་ལོ་བརྒྱད་དྲི་ཆུར་སྦྱར་ལ་བཏང༌།ཡང་ན་ཐར་ནུ་བྱང་པ་ཨ་རུ་རེ་རལ་ཤ་ཆེན་གྱིས་བྱེར་བ་བསྡུས་པའི་ཁཎྜ་སྦྱར་ལ་བཏང༌།  ཡང་ན་ཤྲཱི་ཁཎྜ་སྔོན་བུ་ཐར་ནུ་བྱང་པ་པི་པི་ལིང་ཉི་དགའ་ཀ་ར་དྲི་ཆུར་སྦྱར་བ་བུངས་ཆུང་ཡང་ཡང་བཏང་ཟུག་བྱུང་ན་མེ་དུགས་བྱ་)ལོག་གནོན་ཡིན། །ཤ་གནད་བམ་པ་ཚ་བམ་གྲང་བམ་གཉིས། །ཚ་བམ་སྐྲངས་པ་སྨུག་ནག་དྲོད་རླངས་ཆེ། །ཤེ་རུལ་དུད་ཀའི་རྣག་འཛག་བེམ་མེ་ན། །དེ་ལ་ཨ་རུ་བྲག་ཞུན་ཧོང་ལེན་ཞོ། །བྱུགས་སྟེང་གྲོ་སོག་འཇག་མའི་དེབ་བཏང་ལ། །རས་སྲབ་བཅིངས་ལ་རྨ་ལ་སྦང་ཞོ་བཏང་། །སྐབས་སུ་མཚན་ཆུས་བྲན་ལ་ས་སྨྱག་བྱུག །གང་ཉེ་གང་རྒྱས་སྐྲངས་ཀྱི་འོག་ཏུ་གཏར། །མ་ཐུབ་བཤལ་གྱིས་སྦྱང་བ་ལོག་གནོན་ཡིན། །གྲང་བམ་སྐྲངས་ཆེ་དྲོད་ཆུང་སྐྱ་ལ་གསོབ། །རྣག་ཆུ་ཉུང་ཞིང་ཟུག་གཟེར་ཆུང་བ་ཡིན། །དེ་ལ་(བག་ཕྱེ་གར་པོ་ཞུ་མཁན་གོ་སྙོད་སྒ་ཕབས་པི་པི་ལིང་ཚྭ་མར་ནག་བཙོས་པའི་)ཨ་སས་བདུག་ཅིང་མཁན་ཆུས་བཀྲུ། །ཁོང་ནས་གསར་བཅུད་གསུམ་གྱིས་གསོ་བར་བྱ། །རུལ་ལ་མྱགས་དང་ཟ་རྨ་ཟགས་པའོ།  །མྱགས་པ་ཤ་རོ་རྒྱུས་པ་བལྡད་པ་འདྲ། །རྨ་མཆེད་རྣག་མང་ཤེ་རུལ་དྲི་མི་ཞིམ། །དེ་ལ་དང་པོ་སྦང་ཞོས་རུལ་མྱགས་བསལ། །བུལ་ཏོག་ཆུས་བཀྲུ་དེ་རྗེས་མཁྲིས་པས་བཀྲུ། །རུལ་སོལ་ཨ་རུ་བྲག་ཞུན་ཧོང་ལེན་ཞོ། །རྨ་མིན་བྱུགས་ལ་ཆུ་བྱའི་སྤུ་ཡིས་མནན། །རྨ་ལ་ནས་ཚིག་མཁྲིས་པ་བྲག་སྤོས་དང༌། །ཆུ་རྩ་འབྲུ་མར་སྦྱར་བྱུགས་ཤོ་མང་དགབ། །དེ་སྟེང་རས་ཕྲན་སྲབ་མོས་ལྷོད་པར་བཅིང༌། །ཡང་ན་སེར་ཐིག་ཞོ་དང་སྦྱར་ལ་བཏང༌། །ཡང་ན་ཐལ་སྦྱོར་(སུག་པ་བོང་ང་དཀར་པོ་རེ་སྐོན་ཆུ་རྩ་དྲེས་རྙིང་ཕུག་ཡོག་ཐལ་བ་དཀར་པོར་བསྲེགས་པ་དང་མར་དཀར་མཁྲིས་སྣ་)མུ་ཟིའི་སྐམ་རྩི་བྱུག །(དོམ་མཁྲིས་གུར་ཀུམ་ཅུ་གང་མཚལ་བྲག་སྤོས་ཚ་ལ་དུལ་མ་ཀ་ར་སྦྲང་རྩི་མར་དཀར་བྱུག་དར་དགབ་རེ་བལ་སྣུམ་དུ་བཙོས་པའི་)རྨ་རྩི་ཁོང་སྨན་(སྟག་ཤའི་མེ་ཏོག་དོམ་མཁྲིས་བཙོད་ཁུས་དབུལ་ཁ་ཟས་གསར་བཅུད་ཏིང་ཁྲོལ་བཏང་)ཟས་ཀྱིས་རུལ་མྱགས་གསོ། །ཟ་རྨ་རུལ་སྙིང་འདོད་པའི་རྨ་ཡིན་ཏེ། །ཁྲག་རུལ་འཛག་ཅིང་བྱི་བའི་ཟ་འཕྲོ་འདྲ། །དྲི་མི་ཞིམ་ཞིང་ནུབ་རེ་ལོག་པོར་མཆེད། །དེ་ལ་རམས་ལོ་སྤྲུ་རྩ་ཞོ་སྦྱར་བཅིང༌། །གང་ཉེའི་རྩ་གཏར་རྨ་ཡི་ཁྲག་ཆོད་ནས། །མཁྲིས་སྣ་ཆུ་རྩ་བྲག་སྤོས་ཚིག་མ་དང༌། །ནུ་ཞོ་འབྲུ་མར་སྦྱར་བའི་ཁ་ཞུན་བྱ། །ཟགས་པ་བུ་ག་མང་པོ་འབྱུང་བ་སྟེ། །ཀྲད་རུལ་དུད་པ་སླང་དྲེག་མར་དཀར་བྱུག །ཡང་ན་སྐམ་རྩི་ཐལ་བ་བྱུག་པར་བྱ།  །ནམ་ཟླ་དྲོ་དུས་རྨ་ལ་འབུ་འབྱུང་ན། །བྱི་རུག་རྒྱ་སྤོས་ཆུའམ་ཕྱེ་མ་གདབ། །རྩ་གནད་བྱེར་ལ་ཉེ་བྱེར་རིང་བྱེར་གཉིས། །ཉེ་བྱེར་རྩ་རྒྱུད་ཁྲིད་མཁྲང་ན་ལ་ཚ། །རྨ་ཁ་མ་སྐྲངས་མཁན་སྦང་ཚིག་མ་དང༌། །ཀླད་པ་སྦྱར་བས་བྱེར་བ་བསྡུ་བར་བྱ། །དེས་མ་འདུས་ན་རྩ་སྦྱོངས་བཏང་བས་སྡུད། །རིང་བྱེར་རླུང་རྩ་སྙིང་རྩའི་རྩ་སྐྱོན་གྱིས། །ཤ་སུལ་རྩ་དང་ཚིགས་རྨིག་ལ་སོགས་སུ། །གཡས་གཡོན་སྟོད་སྨད་སྣེ་བསྣོལ་སྐྲངས་པར་བྱེད། །དེ་ཡང་ཚ་གྲང་གཉིས་སུ་སྲིད་པ་ཡིན། །དེ་ལ་བྱེར་དངོས་རྨ་ཡི་ཐད་ཀར་བསྲེག །རི་བོའི་རྩེ་ལ་གསེར་གྱི་མེ་བཙའ་གདབ།  །དར་ཡ་ཀན་(ཤིང་མངར་ཀྱི་ལྕེ་བྲག་སྤོས་ཁཎྜ་ཉ་དོམ་ཁྱི་མཁྲིས་ད་ཏྲིག་བྲག་ཞུན་གསེར་ཐིག་ག་བུར་ཚ་ལ་བཏབ་པ་མཛོ་འོས་སྦྱངས་ལ་སྦྱིན)ནམ་ད་ལིས་(བྲེ་ཕྱེད་ཀྱི་ལྕེ་ཕུལ་གང་ཤིང་མངར་ཁྱོར་གང་རྣམས་ལ་བཟང་དྲུག་མཁྲིས་སྣ་ད་ཏྲིག་ཚོས་ཕུག་རོན་སྒོ་ངའི་སེར་པོ་ཀ་ར་རའོ་སྦྱར་བའི་)ཁཎྜ་ཡིས། །བྱེར་སྡུད་རྩ་ཁ་སྡོམ་ཞིང་ཁྲག་ཁོང་སྦེད།  མ་འདུས་རྩ་ལྟོ་སྦྲགས་ནས་སྦྱང་བ་མཆོག །ཁྱད་པར་ཚ་བྱེར་འཇིབས་ལུམས་གཏར་སྨན་བསྡུ།  །(བཟང་དྲུག་ཙན་དན་དཀར་དམར་དོམ་མཁྲིས་ག་བུར་ཀ་ར་སྦྱར་བས་)གྲང་བྱེར་བྱུག་ལུམས་ཟས་ཀྱིས་བསྡུ་བར་བྱ། །རྩ་གནད་ཁྲིད་པ་ཕྱི་ཁྲིད་ནང་ཁྲིད་གཉིས། །ཕྱི་ཁྲིད་རྩ་ཡི་སྐར་མདའ་བྱི་ཁྲིད་དུ།  ཁྲིད་པས་རྩ་ལ་ནང་རྩ་སྐྲངས་མེད་ཀྱང༌། །དང་ག་མི་བདེ་ཕོ་མཆིན་ན་བའམ། །མགོ་ན་སྟོད་གཟེར་ཚ་བ་སྐྱེ་བའམ། །རླུང་ལྡན་སྐབས་སུ་འདྲེ་ལྟར་ལྡང་དུབ་བྱེད། །དེ་སོགས་ནད་སྣ་སྣ་ཚོགས་སྟོན་གྱུར་ན། །སྟོད་སྨད་གཡས་གཡོན་ཀུན་ཏུ་བྱ་ར་བྱ། །སྐྲངས་སམ་ཚའམ་དྲེག་པ་ཐོར་པ་སོགས། །གར་འདུག་དེ་ཡི་སྟེང་དུ་ལུམས་བྱ་ཞིང་། །ཁོང་ནས་རྩ་བྱེར་བསྡུ་བའི་སྨན་(དར་ཡ་ཀན་གྱི་སྦྱོར་བ་)བཏང་བས། །རྣག་མགོ་བྱུང་ན་ཕུག་པས་འཚོ་བ་ཡིན། །ཁོང་ནད་ཡིན་སྙམ་ངོས་མ་ཟིན་ན་འཆི། །ནང་ཁྲིད་དོན་ལ་ཆུ་སེར་གསོག་པ་སྟེ། །མགོ་ལུས་ལྕི་ཞིང་སྟོད་གཟེར་དང་ག་འགག །གློ་མང་གློ་ཡི་རྩ་དང་གསང་ས་གཟེར། །འདི་ཡི་རྨ་ལ་ཚ་བ་མི་འདུས་པས། །རྨ་ལ་གང་འཚམས་ཁོང་དུ་སྐེམ་སྨན་(རྨ་བྱའི་སྒྲོ་དར་ཚོན་སྣ་ལྔ་གྭ་དོར་གསུམ་བསིལ་བཞི་ག་བུར་དོམ་མཁྲིས་དར་ཡ་ཀན་ཀ་ར་སྦྱར་བ་)བསྟེན། །གང་ཁྲིད་སོར་མོ་ཚིགས་པའི་གསང་དུ་བསྲེག  །མ་ཐུབ་གཉིས་ཀར་འཕྲུལ་སྦྱོངས་བསྔགས་པ་ཡིན། །རྩ་གནད་རྒྱས་ལ་ཚ་རྒྱས་གྲང་རྒྱས་གཉིས།  ཚ་རྒྱས་སྐྲངས་ཆེ་དམར་འཁྱུག་རྩ་རྒྱུད་སྐྲངས། །གང་ན་གང་མཁྲང་གང་རྒྱས་རྩ་ལ་གཏར།  ཁོང་དུ་བསིལ་(ཙན་དན་དཀར་དམར་བསིལ་གསུམ་དོམ་མཁྲིས་ག་བུར་ཨུཏྤལ་ཀ་ར་)བཏང་རྨ་ལ་(ཧོང་ལེན་ཏིག་ཏ་ཀྱི་ལྕེ་པར་པ་ཏ་མཚན་དཀར་ཚོས་ར་ཞོའི་)གྲང་འཇིབ་བྱ། །དེས་མ་ཐུབ་ན་ཁྲ་བོས་རྣག་ཏུ་དགུག  གྲང་རྒྱས་ཉུང་འཁྱགས་རྐྱལ་པ་བུས་པ་འདྲ། །དྲོད་དང་ཟུག་གཟེར་ཚད་རྟགས་ཆུང་བ་ཡིན།  དེ་ལ་སུལ་སྒོ་རྩ་འཁྲང་སྐྲངས་མཚམས་བསྲེག །གསར་བཅུད་ཤིང་ཀུན་བཅའ་སྒ་བཟང་པོ་གསུམ་བུ་རམ་ཕྱེ་མ་ཁོང་དུ་བཏང༌། །རྨ་ལ་བཅའ་སྒ་མི་ཞུན་ཁྲ་བོས་དགུག །རྣག་ཏུ་མ་ཁུགས་དྲོད་དང་བྲལ་ན་སྤང༌། །དྲོད་བྲལ་མཚམས་སུ་མེས་བསྐོར་(ཕབས་སྤོད་ལྕ་འབྲུམ་གཡེར་མ་གོ་སྙོད་འབམ་པོ་བུ་རམ་ཆང་འགག་སྦང་མ་བསྲོས་པའི་)དྲོད་འཇིབས་བྱ། །དྲོད་རྙེད་རྣག་ཏུ་ཁུགས་ན་འཚོ་བར་འགྱུར།  ཆུ་བུར་བྱུང་ན་(སྐམ་རྩིས་དུད་པ་ཤ་རུ་ནུ་ཞོ་ཏིལ་མར་བྱུག དར་ཆིངས་བྱ་དུད་པ་ཚིག་མ་སྒོག་སྐྱ་ཁྱི་ལུད་ཐལ་བ་དྲི་ཆུ་སྦྱར་བས)་བྱུག་པར་བྱ། །རྩ་གནད་ཤོར་བ་རླུང་ཤོར་ཁྲག་ཤོར་གཉིས། །དེ་ཡང་སྟོད་དང་སྨད་ལ་ཤོར་བའོ། །སྟོད་དུ་རླུང་ཤོར་འཕྱོ་འདར་རྔམ་པ་འདེག །གཡལ་དང་སྐྱིགས་བུ་འོང་ཞིང་ཟ་ཟི་མང༌། །གཉིད་ཡེར་སྟོང་སྐྱུགས་བྱེད་ན་བྱུག་བདུག་བྱ། །རུས་ཐང་བུར་དཀར་གསར་བཅུད་ཁོང་དུ་བཏང་། །དེས་མ་ཐུབ་ན་རླུང་གསང་མེ་ཡིས་མནན། །སྟོད་དུ་ཚ་བ་ཤོར་ན་ཕྲུམ་སེར་ཁྱེར། །སྟོད་གཟེར་དབུགས་ཐུང་ཁ་སྐམ་སོ་དྲེག་ཆགས། །གློ་མང་མགོ་ན་ལུས་ལྕི་དང་ག་འགག །རྩ་གྲིམས་ཆུ་དམར་རྨ་ལ་སྐྲངས་མེད་གཞའ། །ག་བུར་ཙན་དན་གི་ཝཾ་ཚད་སྟོབས་སྦྱར། །རྩེ་ཆུང་ལ་སོགས་གཏར་ཞིང་བསིལ་ཆས་སྤང༌། །ཚ་འཇིབས་བྱས་ལ་རྣག་ཏུ་དགུག་པར་བྱ། །སྨད་དུ་ཤོར་ན་ལྦ་བ་འབྱུང་འགྱུར་ཏེ། །ཁ་ལྦ་གཏིང་ལྦ་གང་དུ་བྱུང་གྱུར་ཀྱང༌། །རླུང་ཤོར་ལྦ་བ་འཁྱིལ་ཞིང་འགུལ་བ་སྟེ། །ཟ་འོག་ཕུག་རོན་སྐེ་ལྟར་རི་མོ་འབྱུང་། །ཕུག་ན་རླུང་ཤོར་ཁྲག་མི་ཐུབ་པ་ཡིན། །དབུག་ཏུ་མི་རུང་བདུད་རྩི་ལྔ་ཡིས་བདུག །ཁོང་ནས་རྩ་ཁ་འཛིན་པའི་ཐང་ཕྱེ་བཏང༌། །ཁྲག་ཤོར་ལྦ་བ་དམར་སྔོ་རེག་ན་བརྩེ། །འཕར་མེད་ཁོང་ནས་སྨན་བཏུང་ཆས་བསིལ་བྱ། །རྩ་གནད་ཀུན་ལ་ཚ་བ་དབབ་དཀྲོག་གཉིས།  །ཚིགས་གནད་རྩ་ཁ་འབུས་ཀྱི་དོགས་པ་དང་། །སྟོད་དུ་ཤོར་དོགས་མེད་པ་རྨ་ནས་དཀྲོག །རྩ་གཉན་བཙན་ཆོད་སྟོད་དུ་འཆོར་བའི་ཕྱིར། །ཁོང་ནས་བསད་ཅིང་རྨ་ཁར་དབབ་པར་བྱ། །ཚིགས་གནད་བམ་ལ་ཚ་བམ་གྲང་བམ་གཉིས། །ཚ་བམ་ཚིགས་མགོ་བམ་སྦོས་སྐྲངས་དམར་རྒྱས།  དྲོད་ཆེ་ལྕི་ཞིང་འགུལ་དཀའ་དང་ག་འགག །ག་བུར་ཙན་དན་གི་ཝཾ་ཚ་སྟོབས་སྦྱར། །(བསིལ་གསུམ་འབྲུག་རུས་སྟབ་སེང་ཧོང་ལེན་ཨ་རུ་ཀ་ར་སྦྱར་བའི་) བསིལ་གྱིས་རུས་ཚད་བཅག་ཅིང་གང་རྒྱས་གཏར།  །ཚིགས་མིག་ཆུ་སེར་ཆེར་རྒྱས་ཕུག་ཤུལ་བསྲེག །རྨ་ལ་ཆུ་ནན་བསིལ་བའི་འཇིབས་ཀྱིས་དྲང༌།  །དེས་མ་ཐུབ་ན་ཁྲ་བོས་རྣག་ཏུ་དགུག །གྲང་བམ་རླུང་གིས་ཚིགས་ལ་ཆུ་སེར་སྐྱེ། །རེས་ཚ་རེས་གྲང་རེས་ན་རེས་འགའ་བདེ། །སྐྲངས་དྲོད་གཉིད་ཆུང་གདོང་སྐྱ་འགུལ་ན་ན། །འདི་ལ་ཁོང་དུ་གསར་བཅུད་རྨ་ལ་དྲོད། །(མི་ཕྱུགས་རྐང་མགོ་སྣ་ཚོགས་ཚ་བ་གསུམ་ལྕ་འབྲུམ་ཕབས་ཆང་དུ་བཙོས་པའི་)རུས་ཞུན་ཐུར་མ་སྣུམ་ལྡན་ཁྲ་བོས་གདུལ། །ཚིགས་འཁོར་བ་ལ་སྐམ་འཁོར་གཤེར་འཁོར་གཉིས། །སྐམ་ཁོར་ཚིགས་ཆུ་རླུང་གིས་གཡོས་པ་ཡིན། །ཚིགས་ཁ་ལྷོད་ལ་སྦོ་ཞིང་ཐུག་ཐུག་གཟེར། །ཚིགས་མདུད་འདྲུས་ལ་འགུལ་དཀའ་རྣག་ཆུ་མེད། །གཉིད་ཆུང་ཟ་ཟི་མང་ལ་གཙེར་ལྷང་འདོན། །ལུས་དང་གདོང་པ་སྔོ་སྐྱ་སྐབས་སུ་དངང༌། །འདི་ལ་བཅུད་བཏང་སྣུམ་ལྡན་(ཚ་བ་གསུམ་གཡེར་མ་འུ་སུ་མཚེ་ཕབས་ཤིང་ཚ་མར་ཁུ་སྦང་གར་རྗེན་ཕྱེའི་)སྤོད་ལུམས་བྱ། །མ་ཐུབ་ཐུར་མས་གསེང་ཤུལ་མེ་ཡིས་མནན། །སྐྱ་སྦྱོར་སྤོད་དང་སྣུམ་ལྡན་ནན་འབྱར་དང༌། །སྒྱོགས་ཀྱིས་བསྡམ་ཞིང་རྗེས་ལ་(འབྲས་བུ་གསུམ་ཚ་བ་གསུམ་ཆུ་སེར་སྨན་གསུམ་སྦྲང་དང་སྦྱར་བའི་)སྨན་མར་བྱ།  །གཤེར་འཁོར་ཟུངས་ཆུ་མཚོན་གྱིས་དཀྲུགས་པ་ཡིས། །རུས་པའི་ཚ་བ་སྐྱེས་ཏེ་ལྡད་ཆུ་བསླང་(བ་ལ་དང་པོ་ཟུངས་ཆུ་ལ་མདོག་གཞན་དུ་འགྱུར་ཏེ་ཤེ་རུལ་ལམ་རྣག་དང་འདྲེས་པའི་སྣ་རིང་འཛག་དེས་ནད་ལྡོག་ཅིང་ལྡད་པས་ལྡད་ཆུ་སྟེ་དྲང་བ་གཅེས་སོ)། །དེ་ཡིས་ཚིགས་ཆུ་རུལ་ནས་རྣག་ཏུ་འགྱུར། །རྣག་གིས་ཚིགས་བར་ཁེངས་ནས་ཚིགས་མདུད་འཇིག །དེ་ལ་(རྣག་རྗེས་ལ་སྔོ་སྐྱ་དམར་སྐྱ་སེར་སྐྱ་སྣ་རིང་བྱུང་ན་ཆུ་སེར་གྱི་རྒྱུ་ཡིན་རྣག་མི་ཆད་པར་སྐྱེ་བས་ན)སྐྱེ་ཆུ་(སྐྲངས་ཆེན་པོ་ཤོར་ནས་བེ་སྣབས་སུ་བྱུང་ན་འཆི།  མ་སྐྲངས་པར་དུད་ཁུར་འཁྲུ་ན་འཆི། །ཤེ་རུལ་ལམ་ཞག་ཅན་ནམ་ཉ་མིག་བྱུང་ན་)འཆི་ཆུ་ཆད་ཆུར་(རྣག་རྗེས་ལ་སྔོ་སྐྱ་སྣ་ཐུང་བ་བྱུང་ན་རྣག་ཆད་པས་དེ་རྣམས་ཀྱིས་བྱེ་བྲག་)དབྱེ། །དང་པོ་ཟུངས་ཆུ་སྨན་(དོམ་མཁྲིས་ཅུ་གང་ཆུ་སེར་སྨན་གསུམ་སྤྱི་ཞུར་ཆང་ཕུལ་ཕྱེད་དང་སྦྱར་ལ་བཏང་བ་)དང་(བྲག་ཞུན་མཚེ་སྐྱེར་པ་འོམ་བུ་སོ་སོའི་ཁཎྜ་དང་རྭ་གཞོབ་ཚིག་མ་བག་ཕྱེ་དུད་པ་སྤྱིན་རྣམས་བྱུག་ཅིང་དེབ་བཏང་ཆིངས་བྱ་རྨ་རུ་ཤེལ་ཏའི་རིང་བུ་གཞུག་པའི་)ཆས་ཀྱིས་བསྡམ། །ལྡད་ཆུ་ཁོང་སྨན་(ག་བུར་བཟང་པོ་གསུམ་དོམ་མཁྲིས་རུ་རྟ་ཧོང་ལེན་ཀ་ར་སྟབ་སེང་གིས་འཕུལ་ལ། །ག་བུར་ཅུ་གང་ཧོང་ལེན་དོམ་མཁྲིས་སྤོས་དཀར་ཀ་རའི་ཆུས་)ཁྲུས་དང་ཆས་ཀྱིས་དྲང་(བ་ལ་ཆུ་ལྕག་བརྡེག་ར་མཉེ་པར་པ་ཏ་ཏིག་ཏ་ཀྱི་ལྕེ་མཁྲིས་སྣ་སྦྲང་ཞོ་སྦྱར་བྱུགས་བྱེ་རློན་གྱི་འཇིབས་བྱའོ)། །དེ་ཡིས་འདྲོངས་ན་ཚིགས་ལ་རྣག་མི་འཆོར༌།  དེས་མ་ཐུབ་ན་སྐྱེ་ཆུ་སྨན་གྱིས་བཅད་(པ་ལ་དོམ་མཁྲིས་ཤེལ་ཏ་ཧོང་ལེན་ཆུ་སེར་སྨན་གསུམ་ཁྱེ་འཐུང་ནུ་ཞོས་རིལ་བུ་བྱས་ལ་རྨར་བརྫང་ཀ་ར་སྦྱར་བ་སེང་ལྡེང་སྟབ་སེང་ཆུས་འཕུལ་ལ་ཁོང་དུ་བཏང་)། ། མཁྲིས་སྣ་རྒྱ་སྐྱེགས་སྒོ་ང་བག་ཕྱེ་སྦྲང༌། །ཞོ་སྦྱར་བྱུགས་ལ་སྟེང་དུ་ཕྱིང་དེབ་བཏང༌། །མདོ་རུ་བསྡུས་པས་ཚིགས་ཆུ་ཚ་གྲང་གཉིས། །དམར་སེར་དུག་ཅན་ཤེ་རུལ་ཚ་བ་ཡིན། །སྔོ་ལྗང་འོ་མ་ཆུ་འདྲ་གྲང་བ་ཡིན། །གཉེན་པོ་རྨ་ཁོང་བསིལ་དྲོད་གཉིས་ཀྱིས་དྲང༌། །དེ་ཡིས་མ་ཐུབ་འཁོར་ན་ཕྱི་ནང་གཉིས། །ཕྱི་ཚིགས་འཁོར་ན་མགོ་ན་སྣ་ཁྲག་འཛག །གཉིད་མེད་ཚ་བ་སྐྱེ་ལ་ཟ་ཟི་མང༌། །དང་ག་མི་བདེ་དངང་འདར་སྟོང་སྐྱུགས་འོང༌། །སོ་བརྩེ་ཉྭ་སྣ་འཕྲིག་ཅིང་མཛུབ་མོ་འགུལ། །བརྐྱང་བསྐུམ་མི་ཤེས་ཚིགས་མགོ་བེམ་ལ་སྦོམ། །ཁོང་དུ་སྟབ་སེང་བརྒྱད་(འབྲུག་རུས་རུ་རྟ་གི་ཝཾ་ཅུ་གང་གུར་ཀུམ་སྤོས་དཀར་ཨ་རུ་ཀ་ར་སྦྱར་བ་གངས་ཆུས་འཕུལ་ལ་བཏང་)པས་རུས་ཚད་བསད། །རྣག་ཆུ་གང་འོང་བསུས་ལ་ཆུ་ཡིས་བསྒྲང༌། །ཁྲག་གམ་མཁྲིས་པའི་ནན་(བྱའི་ཟེ་ཁྲག་ར་རོག་གཉའ་ཁྲག་བོང་བུ་གྭ་པའི་གཞུག་ཁྲག་མ་གལ་ཡོམ་འབོག་ཤུག་པའི་ཐང་ཆུ་རྣམས་བསྲེས་ལ་ལེགས་པར་བྱུག་མཁྲིས་སྣ་རམས་ཚོས་མཚལ་བྲག་ཞུན་ཡུང་བ་སྦྲང་ཞོ་བག་ཕྱེ་སྦྱར་ལ་བྱུགས་པའི་)སྟེང་ཕྱིང་དེབ་(རྣག་འཁྱིམ་ཚིགས་མིག་ཏུ་ཉིས་བརྩེགས་གསུམ་བརྩེགས་)བཏང༌། །ཆིངས་ཀྱིས་བསྡམས་ལ་དེ་སྟེང་ཤིང་ཆས་བསྐུར། །ནང་ཚིགས་འཁོར་ན་ཅུང་ཟད་འགུལ་ཐབས་མེད། །དཔྱི་ལ་སོགས་པའི་རུས་མགོ་མཐོ་མཐོ་རྡོལ། །རྔ་དང་རང་འཐག་ལ་སོགས་སྐད་ཆེན་སྒྲ། །ནད་པའི་གམ་དུ་ཅུང་ཟད་བྱ་ཐབས་མེད། །གཉིད་མེད་རྣ་གླུ་ལེན་ཞིང་སྨྲེ་གཅོང་འདོན། །ཁ་ལྕེ་སྐམ་ཞིང་རིངས་པར་ཟ་འཐུང་བྱེད། །ཚོགས་ཚད་ཤེ་རུལ་རྣག་འཛག་ཁ་རྨ་ལྷོགས། །ཁོང་སྨན་གོང་བཞིན་ཁ་ཟས་བསིལ་བ་ལ། །སྐབས་སུ་ཐོར་བུའི་རླུང་སྣ་ཟས་ཀྱིས་གླན། །ཅུ་གང་སྤོས་དཀར་ཀ་རའི་ཆུ་ཡིས་བཀྲུ། །སྒོང་མཁྲིས་མཚེ་ཁུ་ར་མཉེ་བག་ཕྱེ་དང༌། །སྦང་གར་ར་ཞོ་སྦྱར་ལ་སྙོམས་པར་བྱུག །དེ་སྟེང་ཕྱིང་པ་སྲབ་མཁྲེགས་སྙོམས་པར་བཏང༌། །ཤེའམ་མེན་ཏྲིའི་འཇག་གིས་སྡོམ་ཆིངས་བྱ། །ཆིངས་ཀྱིས་ཚིགས་མལ་ཆས་སུ་གཞུག་པ་གཅེས། །རྨ་ཁ་ཁོལ་དུ་བརྟོལ་ལ་ནང་རེ་སྤོ། །ཁ་ཞུན་ནམ་ཟླ་ཚ་གྲང་དུས་དང་བསྟུན། །དེ་ཡི་སྟེང་དུ་ཤིང་ཆས་བསྐུར་བྱ་སྟེ། །སྒྱོགས་མལ་བཅུད་ལ་བོར་བ་གཅེས་པ་ཡིན། །དུས་སྦྱར་ཆུ་སྤུ་འབྲུ་ཡི་འདིང་བཅས་ལ། །མལ་གྱིས་ལུས་པོ་ཆམ་ལ་དབབ་པ་གཅེས།  །བརྟས་ནས་ཁ་ཟས་རིམ་གྱིས་གློད་ལ་བཏང༌། །རྣག་ཆུ་ཆད་དཀའ་ཤེད་དམའ་ཡན་ལག་གྱོང༌། །སྨན་མར་སྦྱར་ལ་ལུས་ཟུངས་བརྟས་པར་བྱ། །ཆུ་རྒྱུས་རེངས་སམ་འཁུམས་པར་གྱུར་པ་ན༌།  བརྐྱང་བསྐུམ་མི་བཏུབ་དེ་ལ་བཅོས་ཐབས་མེད། །ཅུང་ཟད་བཏུབ་ན་དང་པོར་ཆུ་ཚན་སྦང༌། ། དེ་ནས་མེ་ཏོག་སྣ་ཚོགས་ལུམས་སུ་གཞུག །ཡང་ན་སྦང་སྐམ་རྟ་རྐྱང་ལུག་རིལ་ལུམས། །ཡང་ན་ཕུར་མོ་ཙན་དན་སྨུག་པོ་དང༌། །འོམ་བུ་ཆང་དུ་བཙོས་པའི་ལུམས་ཀྱིས་བདུག །མཚན་མོ་ལུམས་ལ་ཉིན་པར་བསྐུ་མཉེ་བྱ། །ཤ་མར་བུར་ཆང་བཅུད་ཀྱིས་ཁོག་ནས་དབུལ། །དེ་རྗེས་བལ་ཚིའི་སྦྱོར་བས་དྲིལ་བྱས་ལ། །ཆང་གར་བཟི་བ་འཐུངས་ལ་རྩེར་གྱིས་རྒྱངས། །ཆ་ཡིས་མ་འགྲམས་རྗེ་དྲག་བརྐྱང་བསྐུམ་བསླབ། །སོ་རུ་ཚུད་ན་བཀྲུ་བྱུག་བསྲོ་ཞིང་མཉེ། །འགྲམས་ན་གང་ཉེ་གཏར་ཞིང་ལུམས་སུ་གཞུག །སྤྱིར་ན་བསིལ་གྱིས་མ་ཐུབ་ལོག་གནོན་དྲོད། །དྲོད་ཀྱིས་མ་ཐུབ་དེ་ཡི་ལོག་གནོན་བསིལ། །ལོག་གནོན་དུས་ཚོད་སྦྱོར་ཤེས་མན་ངག་གནད། །དུས་མིན་ལོག་གནོན་འཁྲུལ་སྦྱོར་རྨོངས་པ་ཡིན། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཡན་ལག་གི་རྨ་གསོ་བའི་ལེའུ་སྟེ་བརྒྱད་ཅུ་རྩ་དྲུག་པའོ།། །།



 

 

མཐའ་མའི་འདོན་ཐེངས་།: 21.12.2022 ཉིན། 10:34 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།