སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གྱ་དགུ་པ། རྒྱུ་བ་དང་མི་རྒྱུ་བའི་དུག་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་གྱ་དགུ་པ། རྒྱུ་བ་དང་མི་རྒྱུ་བའི་དུག་གསོ་བ།



ལེའུ་གྱ་དགུ་པ།  རྒྱུ་བ་དང་མི་རྒྱུ་བའི་དུག་གསོ་བ། 

གྱུར་དུག་གི་ལེའུ་གསུངས་པའི་མཇུག། དེ་ནས་སླར་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ལེགས་པར་ཉོན་ཅིགརང་བཞིན་གྱི་དུག་ལ་ཡང་རྒྱུ་བ་དང་མི་རྒྱུ་བ་གཉིས་ལས་རྒྱས་བཤད་ནི་གོང་དུ་སྦྱར་དུག་གི་དུས་བཤད་པ་ལྟར་ངེས་དགོས་ཤིང་འདིར་རགས་རིམ་ཙམ་བརྗོད་ན་སྔོན་གྱི་འབྱུང་བ་ཆགས་པའི་དུས་སུ་ལྷ་དང་ལྷ་མིན་གྱིས་བདུད་རྩི་འདོད་ནས་རྒྱ་མཚོ་ཆེན་པོ་བསྲུབས་པ་ལས་སྐྱེས་བུ་སྐྲ་སེར་བ་མིག་ནས་མེ་འབར་བ་མཆེ་བ་བཞི་གཙིགས་པ་འཇིགས་པའི་གཟུགས་ཅན་སྐད་ཅིག་ཏུ་དོན་ཏེ་ཡོད་པར་ཚངས་པས་ཧཱུཾ་ཞེས་བརྗོད་པས་པྲ་ཡས་སུ་འཐོར་ཏེ་རྒྱུ་བ་དང་མི་རྒྱུ་བའི་དུག་རིགས་ལ་ཐིམ་པར་གྱུར་ཏོ། །

དེ་ཡང་གང་ཞེ་ན་མི་རྒྱུ་བའི་དུག་བོང་ང་དང༌། བཙན་དུག་དང༌། སྤྱང་དུག་དང༌། ར་དུག་དང༌། བསེ་ཤིང་པ། ཐང་ཕྲོམ་པ། རྟ་སྤུ་སོགས་བརྟན་པའི་དུག་མཐའ་དག་དང༌། རྒྱུ་བ་ཁྱི་སྨྱོན་དང༌། སྦྲུལ་དུག་དང༌། སྡིག་པའི་དུག་དང༌། སྲིན་བུ་དང༌། བའི་ཞེས་ར་ཅན་ཏེ་སྦྲང་བུའི་དུག་ལ་སོགས་པའི་ཁོང་ནས་སྲོག་ཆགས་ཀྱི་དུག་མཐའ་དག་ཡིན་ནོ། །

དེ་ལ་ཞེས་པ་ངེས་པར་བཟུང་བ་སྟེ་མི་རྒྱུ་བ་དང་རྒྱུ་བའི་རྟགས་བཅོས་ཀྱི་དང་པོ་མི་རྒྱུ་བ་བོང་ངའི་རིགས། རྐྱང་པ་ཁོང་པར་སོང་རྟགས་སུ་ལྕེ་མཆུ་བེར་ལ་ཚ་བ་དང༌། སེར་ག་འགས་པ་དང་མདོག་ནག་ཅིང་ཁ་དང་དབུགས་གྲང་བ་དང༌། འགུལ་བསྐྱོད་བྱས་ན་མུན་པ་སྲོབ་ཉམས་བྱེད་པ་དང༌། དྲན་པ་ཉམས་ཤིང་འགྱེལ། རྐང་པ་དང་ལག་པ་ན་ཞིང་རེངས་ཏེ་མིག་གྱེན་ལ་ལྡོག་པ་དང༌། ཕོ་བ་སྦོ་ཞིང་ཁོང་པའི་ནང་གཏུབ་སྙམ་བྱེད་པ་དེ་ལ་དུག་སྡུད་པར་དང་པོར་གླང་དམར་པོའི་གསོན་ཁྲག་དྲོན་མོ་ཁྱོར་གང་བཏུང་དུ་གཞུག་ལ་ཆུ་ནང་དུ་སྤྱིང་བ་ནི་ཆུ་གྲང་ནང་དུ་འཇུག་པའམ་སྟེང་ནས་ཆུ་རྒྱུན་དུ་བླུག་དགོས་ཏེ། དེས་རྩ་རུ་དུག་མི་འབྲོས་པར་ཕོ་བར་འཛིན་པར་འགྱུར་རོ། །དེ་རྗེས་སུ་བསད་པ་ལ་བུལ་ཏོག་སྒོང་སྐོག་གང་ངམ་དོ་དང༌། ཡུང་བ་མདོག་འགྱུར་ཙམ་དང་ཨ་རུ་ར་གཅིག་བཅས་ཆུར་སྦྱང་བ་བླུད་ན་འཕྲལ་དུ་ནད་པ་དེའི་སྲོག་སྟེར། ཡང་ན་ཨ་རུ་ར་གསེར་མདོག་བདུན་དང་བོང་ང་དཀར་པོ་དང་བྲག་སྐྱ་ཧ་བོའི་རྩ་བ་དང་མེ་ཏོག་གང་རིགས་ཨ་རུ་ར་གཅིག་གི་ཚད་ལོ་བརྒྱད་དྲི་ཆུས་སྦྱངས་པ་བཏང་བས་ཞི་བར་བྱེད། ཡང་ན་ཨ་རུ་ར་དང་བུལ་ཏོག་དང་བོང་ང་དཀར་པོ། །མི་རྟ་ཁྱི་གསུམ་བཙས་མ་ཐག་པའི་བྲུན་ཏེ་ཕྱ་ཚན་རྣམས་ཞིབ་བཏགས་ཆུར་སྦྱངས་ལ་བཏང་བར་བྱ་ཞིང༌། སྦྱོར་བ་དེ་དག་ཀུན་ལ་སྦྱར་དུག་དུས་བཤད་པའི་སྔགས་སམ། ཨོཾ་ཀྲུག་ལེ་ཧྲིཿཁ་ཞེས་མང་བཟླས་ཀྱིས་ངར་བཏགས་པས་སྨན་གྱི་ནུས་པ་སྐྱེད་པས་དུག་གི་དབལ་གསོད་པར་ནུས་པ་ཡིན་ཀྱང་མི་མཁས་པར་རྨོངས་པ་རྣམས་ཀྱིས་བོང་ངའི་དུག་ལ་བསྡུ་འཛིན་སོགས་མི་ཤེས་པར་གཉེན་པོས་ཀྱང་འདེད་བྱེད་པ་ནི་སྨན་གྱིས་དུག་དེད་ནས་སྲོག་རྩར་ཤོར་ཏེ་ནད་པ་གསོད་པར་བྱེད་པས་དེ་བས་མན་ངག་འདི་དང་ལྡན་ན་ལས་དབང་མིན་པ་རྣམས་འཚོ་བར་ངེས་སོ། །

ཐང་ཕྲོམ་དཀར་པོ་དང་ནག་པོ་གཉིས་རྐྱང་པ་ཁོང་ལ་སོང་ན་ནད་མེད་ཀྱང་ལུས་སྟོབས་ཤོར་ནས་གོམས་པ་གཏད་པར་མི་འགྲོ་བར་འཁྱོམས་ཤིང་འཁྱོལ་བར་བྱེད་ཅིང་དབང་པོ་འཁྲུལ་ནས་མིག་སྔར་སྣ་ཚོགས་པ་མཐོང་བ་དང༌། སྨྲ་བ་འཆལ་ཞིང་གཏད་སོ་མེད་པར་བུད་མེད་ཡིད་ལ་འདོད་པ་འབྱུང་བས། དེ་ལ་སླེ་ཏྲེས་དང༌། བེ་སྐྱེས་རེ་རེལ་དང༌། བ་ཤ་ཀ་རྣམས་ཞིབ་ཏུ་བཏགས་པ་ཞུན་མར་ལ་སྦྱར་བ་བཏང་བས་འཇོམས།

བསེ་ཤིང་འདི་ལ་སྤྱི་དོན་ཚིག་དོན་གྱི་སྒོ་ནས་བསྲུང་བ་དང་གསོ་བ་གཉིས་ལས་དང་པོ་ནི་རྫོང་འཕྲང་དུ། སྲུང་བའི་ཐབས་ནི་འདི་ལྟར་བྱ། །གླ་རྩི་མཚེ་དང་གོང་མོའི་བྲུན། །རྟ་ཡི་རྐང་མར་ར་ཡི་ཚིལ། །ཞག་གསུམ་ལྕགས་ཀྱི་སྣོད་དུ་མནན། །སྤྱི་གཙུག་སྨིན་དབྲག་སྙིང་ག་དང༌། །དབང་པོ་སྒོ་ལྔའི་བུ་ག་དང༌། །ཤ་གཉན་རྩ་གཉན་རྣམས་ལ་བྱུགས། །བྱུག་པ་ཐེངས་རེས་ཟླ་རེ་ཐུབ། ཡང་ན་རང་རེ་སང་མལ་དུ། །ར་ཚིལ་རྒྱ་སྤོས་བུ་རམ་སྦྱར། །དེ་ཡིས་དུག་བྱུགས་སྲུང་བའི་མཆོག། ཅེས་སོ། །གཉིས་པ་གསོ་བའི་བསེ་ཤིང་ནི་བསེ་ཤིང་ལ་རིགས་དཀར་ནག་གཉིས་ལས་བསེ་དཀར་གྱི་ཞོ་ནི་ཤྲཱི་ཁཎྜ་ཡིན་འདིའི་བཅོས་རྒྱུ་ནི་བསེ་དམར་རམ་བསེ་ནག་ལ་བསེ་དུག་གོ་ཞེས་པས་དེ་ལྟར་གསུངས་པ་ནི་རྟོགས་སླའོ། །

རྟ་སྤུ་ཞེས་པ་ནི་རྟ་ངང་པ་གསེབ་ཀྱི་སྤུ་དབྱར་དུས་མིའི་ཁོང་པར་སོང་སྟེང་དུ་ཆང་སྐྱུར་བཏུངས་ཤིང་ལུས་བྲེལ་བར་འཁྲུགས་པ་ན། རྟ་སྤུ་རྣམས་འབུར་གྱུར་ནས་ནང་ཁྲོལ་ཟ་བ་ཡིན་ཏེ་ཚུལ་འདི་སྤུ་དུག་གམ་རྟ་སྤུ་བ་ཞེས་པའི་དུག་སྟེ་བཤད་མ་ཐག་པ་དེ་གཉིས་ཀྱི་རྟགས་ཕྱི་ནང་གང་དུ་རེག་ཀྱང་སྐྲངས་པ་སོགས་ཀྱིས་རེག་དུག་ཏུ་གྲགས་ལ་དེང་སང་རྒྱ་གར་བལ་པོ་སོགས་ནས་ཕོ་མོའི་མཚན་མ་ལས་བརྟེན་མཆེད་པའང་བསེ་དུག་ཡིན་ལ། གྲེ་བ་དང༌། མིད་པ་དང༌། ཕོ་བ་མཚན་མ་སོགས་གང་སྐྲངས་ཀྱང་དེ་ལ་རྨ་ཡོད་སྙམ་སེམས་པའི་ཟུག་ཆེ་ཞིང་ཧྲིལ་ཧྲིལ་དུ་ན་བ་དེར་ར་ཤ་དང་ར་ཁྲག་དང་དྲི་ཆུ་བཅས་པས་བསེ་ཤིང་གི་དུག་འཇོམས་ཤིང༌། དེ་བཞིན་འབྲུ་མར་དང་ཚིལ་མར་དང་ཕག་ཚིལ་རྣམས་ཀྱིས་རྟ་སྤུའི་དུག་འཇོམས་སོ། །

དེ་ནས་རྒྱུ་བའི་དུག་གི་གསོ་བའི་ཐབས་ལ་ཞེས་པའི་ཤུགས་ཀྱིས་ཁྱི་དུག་དང༌། སྦྲུལ་དུག་དང༌། སྡིག་པའི་དུག་དང༌། སྲིན་བུའི་དུག་དང༌། བའི་དུག་དང་ལྔ་ལས།

དང་པོ་ཁྱི་དུག་གི་མཚན་ཉིད་དང་རྟགས་དང་ནི། གསོ་བའི་ཐབས་དང་བཅས་རྣམ་པ་གསུམ་ཡིན་ཏེ་དེ་ཡང་ཐོག་མར་ཁྱི་རང་ལ་དུག་འཇུག་ཚུལ་ནི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ཁྱི་དུག་བད་ཀན་ཤས་ཆེ་འཁྲུག། འདུ་ཤེས་རྒྱུ་བའི་རྩ་ནང་གནས། །གནོད་ཅིང་འཁྲུག་པར་བྱེད་པ་དང༌། །ལུས་ཟུངས་ལ་ནི་མི་ཟད་གནོད། །ཅེས་པ་ལྟར། འདིའི་དུག་ཡོད་པའི་མཚན་ཉིད་ནི་དུག་ཡོད་པའམ་སྨྱོ་བར་གྲགས་པའི་ཁྱི་དེ་རྣ་བ་འོན་པ་དང་མིག་ལོང་བ་ལྟར་གར་འགྲོ་མེད་ཅིང་ཁ་ཆུ་འཛག་པ་དང༌། ཁ་གདངས་ལ་མགོ་བོ་སྨད་ཅིང་མཇུག་མ་ཕབ་སྟེ་ལུས་འཁྱོམ་ཞིང་ཕྱོགས་མེད་པ་ཀུན་དུ་རྒྱུ་བ་ཡིན་ནོ། །དེའི་མཆེ་བའི་སོས་ཟིན་པའི་རྟགས་ལ་ཡང་གསར་པ་དང་རྙིང་པ་གཉིས་ལ་གསར་པའི་དུས་སུ་རྨ་ནས་ཁྲག་ནག་པོ་འཛག་པ་དང༌། རྨ་མདོག་སྨུག་ནག་ལ་མི་སྡུག་པ་ཞེས་ཡིད་དུ་མི་འོང་བ་རེ་རེ་འོང་ལ། ཕྱི་སྐྲངས་ཤིང་རྨའི་ནང་དུ་རྨེན་བུ་ཆགས་ཞེས་པ་ཤ་ཏྲེབ་བུ་རོའི་རྨེན་བུ་འདྲ་བ་ཆགས་ལ་ཡུན་རིང་སོང་བས་རྙིངས་ནས་མགོ་བོ་ན་ལ་གྲང་ཤུམ་བྱེད་པ་དང༌། སེམས་འཕྱོ་འདར་བྱེད་ཅིང་སྙིང་ག་ན་ལ་སྐབས་སྐབས་སུ་འབོག་པ་དང༌། མེ་ལོང་དང་ཆུ་མཐོང་ན་དངངས་ལ་ཁྱི་སྤྱོད་ཀྱིས་ཟས་ལྡག་པ་དང༌། ཁྱི་སྐད་སོགས་བྱེད་པ་དེ་དག་དུག་ལངས་ཤིང་རྒྱས་པའི་རྟགས་སུ་བཤད་པ་ཡིན་ནོ། །བཅོས་པའི་ཐབས་ཀྱང་གསར་པ་དང་རྙིང་པ་དུས་ཀྱི་དབང་གིས་གསོ་བའང་དེ་དང་སྦྱར་དགོས་ཏེ། སོས་ཟིན་པའི་མོད་ལ་རྨ་ཁ་འཇིབས་པ་དང་རྔབས་རྭས་དྲངས་ཤིང༌། རྨ་ཁའི་སོར་བཞིའི་གོང་དུ་རས་འཛག་སྟེ་རས་གཤགས་རྨ་སོའི་ལེའུར་བཤད་པ་ལྟར་གྱི་ཞེང་ཆེ་ཆུང་གིས་བསྡམ་པར་བྱ། ཞག་ལོན་པ་ལ་རྨ་གང་ཡོད་དེ་ལྕགས་གྱིས་བསྲེག་ཅིང༌། དེ་འོག་ལ་ཞུན་མར་བསྐོལ་བ་དེ་རྨའི་ནང་དུ་རྒྱ་ཚྭ་དང༌། སྐྱེར་ཤུན། དུད་པ། བཙོད་རྣམས་ཀྱིས་བྱུག ཡང་ན་ཡུང་བ། སྐྱེར་པའི་བར་ཤུན། བོང་ང་དཀར་པོ། གླ་རྩི་བཅས་མར་གྱིས་སྦྱངས་ལ་བྱུགས། དེའི་སྟེང་རྟ་སྦངས་དང་ཞོ་སྦྱར་བས་རྨ་འཇིབས་བྱ་ཞིང༌། དེ་རྗེས་ནད་དེ་ལྡང་ངམ་མི་ལྡང་ཆུའི་ནང་ལ་བརྟག་དགོས་ཏེ། ལྕེ་དང་མཚུལ་པ་གཉིས་ཁྱི་འདྲ་བ་དང༌། ཆུ་གསེབ་ཏུ་བྱི་བ་བྱུང་སྙམ་པ་བྱེད་པ་དང་དངངས་ན་ལྡང་བ་ཡིན་ནོ། །དེ་ལྟར་མེད་པའི་མི་ལྡང་བ་ལ་འོག་གི་སྨན་གྱིས་གཉེན་པོ་ནི་གི་ཝཾ། ཛཱ་ཏི། ཕ་ཝང་ལོང་བུ་ཞེས་པ་དེ་བསྟེན་པ་དང༌། ལྡང་བར་གྱུར་ན་ཁྱི་དེ་གའམ་དེ་མིན་ཁྱི་དུག་གཞན་གྱི་མཆེ་བ། ལྷམ་གྱི་བྲང་ཀྲད་རྙིང་པ་མཐེབ་ཙམ་བསྲེགས་ཐལ་དང་དུད་པ་སྟེ་དུ་བ་རལ་པ་དྲི་ཆུར་སྦྱར་ལ་བཏང་བས་ལུས་ལ་དུག་ཞེན་པ་བསླང་བ་དང༌། དེ་ལྟར་བྱས་རྗེས་དུག་ལངས་ནས་ལུས་སྦྲིད་ཅིང་ཁོལ་བུར་དུ་ན་བ་དང༌། ཁྱི་མཐོང་ན་ཚིག་པ་ཟ་བ་ལ་བཤུལ་ཤ་ན་བ་སོགས་འབྱུང་བས་དེ་ལ་གི་ཝཾ་དང༌། ཛཱ་ཏི་དང༌། ཕ་ཝང་ལོང་བུ་རྣམས་ལ་བུར་དཀར་བཞི་འགྱུར་དུ་སྦྱར་བ་ཆུ་གྲང་གིས་ཕུལ་ལ་བཏང༌། ཡང་ན་གི་ཝཾ་དང༌། ཅུ་གུར། ལི་ཤི། ཛཱ་ཏི། སུག་སྨེལ། ཀ་ཀོ་ལ་སྟེ་བཟང་དྲུག་དང༌། ཐང་ཕྲོམ་པ་ནག་པོ་དང༌། བ་སྤྲུ་དང༌། གླ་རྩི་རྣམས་ཀ་རས་ཁ་བླངས་ལ་བཏང༌། ཡང་ན་སྔོ་རྒྱ་སྤོས་ཞེས་ཁ་ཅིག་སྔོ་འདྲེ་ཤིག་ཀྱང་ཟེར་བ་དེ་དང༌། སེང་ཕྲོམ་སྟེ་ཞུ་མཁན་དང༌། ཤུ་དག་དཀར་པོ། ཧོང་ལེན་དང༌། པ་ཋ་སྟེ་གུ་ཡུ་དང་སུག་སྨེལ་དང༌། གུར་ཀུམ་རྣམས་ཞུན་མར་ལ་སྦྱར་བ་ཁོང་དུ་ཟ་ཞིང་ལུས་ལ་བྱུག་པ་དང༌། མིའི་སྐྲ་དང༌། ཡུངས་ཀར་དང༌། བུར་རྙིང་སྟེ་བུ་རམ་ལོ་ལོན་པ་སོགས་ཀྱི་དུ་བས་བདུགས་པས་ན་རྨ་དང་སྐྲངས་པ་འཇོམས། བཤད་མ་ཐག་པའི་སྨན་དེ་རྣམས་ཀྱང་ཟླ་དྲུག་ཚུན་ཆད་དུ་ཞག་བཅུ་རེའི་དུས་སྨན་ལན་རེ་བསྟེན་དགོས་ཤིང༌། དེ་ཡང་ཁྱི་དུག་ཕོག་ནས་མ་བཅོས་པར་ཞག་བཅུ་ཕན་ཕར་འདས་པ་དང༌། ཟླ་བ་དང༌། ལོ་ལོན་པའམ་ཞེས་ཀྱང་ལོ་ལོན་ནས་དུག་ལངས་པའི་རྟགས་དང་ལྡན་ན་ཁྱི་དུག་སྙིང་ལ་ཟིན་པས་སྨན་གྱིས་གསོ་དཀའ་བས་ཚིགས་པ་དྲུག་པ་དང་བདུན་པ་མེས་བསྡམ་པ་དང༌། དུར་བྱིད་དང༌། ཧོང་ལེན་དང༌། དྷ་དུ་ར་སྟེ་ཐང་ཕྲོམ་དཀར་པོས་སྦྱངས་པ་དང༌། གུ་གུལ་དང༌། དུད་པ་དང༌། ཨ་ཤོ་གནྡྷ་སྟེ་བ་སྤྲུ་བ་དང༌། རྒྱ་སྣེ་ཞེས་སྔོ་སྣེའུ་སྡོང་པོ་ཆེ་བ་དེ་རྣམས་བ་དམར་ཟལ་གྱི་ཆུ་དང་སྦྱར་བའི་རིལ་བུ་བྱས་པའི་གུ་གུལ་བཞི་པ་འདི་ཉིད་དྲི་ཆུས་དབུལ། ཡང་ན་ཕ་ཝང་ལོང་བུ་སེར་ནག་དཀར་པོ་རྣམ་པ་གསུམ། ཅུ་གང༌། གུར་ཀུམ། ལི་ཤི། ཛཱ་ཏི། སུག་སྨེལ། ཀ་ཀོ་ལ་སྟེ་བཟང་དྲུག་དང༌། གི་ཝཾ་དང༌། ཙན་དན་དཀར་པོ། ཨ་རུ་ར་རྣམས་ལ་བུ་རམ་དཀར་པོ་བཞི་འགྱུར་དུ་སྦྱར་ལ་བཏང་བ་དང༌། ནད་ཀྱི་མགོ་ཆོམས་པ་ནས་རྒྱ་སྤོས་ལྔ་པ་ནི་གོང་བཤད་ཀྱི་རྒྱ་སྤོས་དང་ན་ལེ་ཤམ་ཞེས་ཕོ་རིས་དང༌། སུག་སྨེལ་དང༌། རུ་རྟ་དང༌། ཤིང་མངར་དང༌། སྤང་རྩི་དང༌། ཞུན་མར་རྣམས་སྦྱར་བའི་ལྡེ་གུས་ནད་ཀྱི་རྗེས་གཅོད། རྨེན་པ་རྣམས་སྐྲངས་ན་རུས་པ་རྙིང་པ་དང༌། འབའ་ཆ་དང༌། ཆུ་ཀོ་མོའི་ཁར་ཆགས་པའི་ཉ་ལྕིབས་རྣམས་སྦྱར་བའི་ལུམས་ཞོ་ཙམ་གྱིས་མནན་པ་དང༌། ཁོལ་བུ་རུ་ན་བའི་སར་ཕྱིང་པ་སྣུམ་ལྡན་གོ་སྙོད་སྦྱར་བའི་ཧོར་གྱི་མེ་བཙའ་བྱ་ལ་ནད་དེའི་རིང་མེ་ལོང་ལ་བལྟ་བ་ཁྱི་སྐད་ཐོས་པ་ཆུ་བརྒལ་བ་ཞེ་སྡང་དྲག་པོ་སྐྱེ་བ་སོགས་སྤང་བར་བྱས་པ་དེས་ཁྱི་དུག་གིས་ཟིན་པའི་ནད་པ་འཚོ་བར་ངེས་པ་ཡིན་ཀྱང༌། རྫོང་འཕྲང་དུ་ཁྱི་དུག་གིས་ཤི་ན་ངན་སོང་དུ་འགྲོ་བར་གསུངས་པས་ན་གསོ་ཐབས་འདི་ལ་འབད་དགོས་སོ། །

སྦྲུལ་གྱི་དུག་ལ་མཚན་ཉིད་དང༌། རྟགས་དང༌། བཅོས་པའི་ཐབས་གསུམ་ལས་མཚན་ཉིད་དེ་ཡང་སོ་སོར་བརྗོད་ནས་གདེངས་ཀ་ཅན་ལ། སྙིང་པོ་བསྡུས་པ་ལས། འཁོར་ལོ་གཞོན་དང་གཡུང་དྲུང་གདུགས། །ལྕགས་ཀྱུའི་མཚན་མར་ལྡན་པ་ཡིན། །གདེངས་ཀ་ཅན་ནི་མྱུར་འགྲོ་བ། །ཐམས་ཅད་གདེངས་ཀ་ཅན་ཞེས་བྱ། །ཞེས་གསུངས་པ་དང༌། ལུས་འཁྱིལ་ལ། ཡང་དེ་ཉིད་ལས། ལུས་འཁྱིལ་སྣ་ཚོགས་པ་ཡིས་ནི། །ཟླུམ་པོར་འདུག་པ་ལུས་འཁྱིལ་ཞིང༌། །རིང་ཞིང་འགྲོས་ནི་བུལ་བ་ཡིན། །ཞེས་དང༌། ཁྲ་བོ་ལ། ཡན་ལག་བརྒྱད་པར། རི་མོ་སྣ་ཚོགས་ལྡན་པ་དང༌། །སྣུམ་ཞིང་ཁ་དོག་སྣ་ཚོགས་པས། །ཆུ་ཞེང་བྲིས་གྱུར་ཁྲ་བོ་ཡིན། །ཞེས་གསུངས་པ་དང༌། གོ་དྷའི་བུ་བཞིས་ཞེས་པ་ནི་བསྒྱུར་ན་སྐྱིན་གོར་དུ་འགྱུར་བས་ད་བྱིད་སྨུག་པོ་གངས་སྦལ་གྱི་བུ་རུ་འདོད། དེའི་མཚན་ཉིད་ནི། ཡན་ལག་བརྒྱད་པ་ལས། གོ་དྷའི་བུ་ནི་གོང་ང་ཅན། །དུག་གི་གདེངས་ཀ་ཅན་མཉམ་ལ། །རྐང་བཞི་ངོ་བོའི་སྦྲུལ་གཞན་ནི། །འདི་དག་ཉིད་ནི་འདྲེས་པ་ལས། །འདྲེན་པའི་མཚན་ཉིད་ཅན་ཏེ་དེས། །འདུས་པའི་ནད་ནི་ལྡང་བར་བྱེད། །ཅེས་བྱུང་བ་བཞི་པོ་འདི་ལ་འགྲེལ་པ་རྒྱས་བཤད་ནི་ལུང་ཚིག་གིས་རྟོགས་པས་ན་ཡིག་ཚོགས་སུ་མ་བཀོད་པས་དེ་ལྟར་རྟོགས་པར་བྱ་ཞིང༌། དེ་བཞིན་ཟིན་པས་འདུ་བ་འཁྲུགས། །ཞེས་པར་དེ་ཉིད་དུ། མཆོག་ཏུ་ཆུས་དང་ཚ་བ་དང༌། །སྐྱུར་བྲོ་མངར་བསིལ་དག་ལས་ནི། །གདེངས་ཀ་ཅན་ལ་སྩོགས་པའི་དུག། རིམ་གྱིས་རླུང་སྩོགས་འཁྲུགས་པར་བྱེད། །ཅེས་དེ་དག་གིས་འདུ་བ་འཁྲུགས་པར་བྱེད་ལ་འཛིན་པའི་རྒྱུ་རྐྱེན་ཡང་ཤེས་དགོས་ཏེ། ཡན་ལག་བརྒྱད་པར། ཟས་ཀྱི་དོན་དང་འཇིག་པ་དང༌། །རྐང་པས་རེག་ལས་དུག་རབ་འཁྲུགས། །རྐང་གི་རྒྱུ་དང་འབྲོས་པ་དང༌། །ལྷ་དང་དྲང་སྲོང་གཤིན་རྗེས་བསྐུལ། །སྦྲུལ་གྱིས་ཟིན་པར་གང་བཤད་པ། །ཕྱི་མ་བཞིན་དུ་དུག་ཤས་ཆེ། །འཇུག་པའི་རྒྱུ་ནི་ཤེས་བྱས་ནས། །གསོ་བ་ཇི་བཞིན་བྱ་བ་ཡིན། །ཞེས་གསུངས་པས་ན་འདི་དག་དོན་ཡང་ཡིད་ལ་བརྣགས་དགོས་སོ། །དེ་རྣམས་ངོས་འཛིན་པའི་རྟགས་དེ་ལ་ཡང་ཟིན་པའི་ཚུལ་དང༌། རིགས་ལ་བརྟག་པ་དང༌། དུག་གི་ཤུགས་ལ་བརྟག་པ་དང་གསུམ་ལས། ཟིན་ཚུལ་དེ་ལ་ཡང་དང་པོ། ཡན་ལག་བརྒྱད་པ་ལས། ཕལ་པ་སྡིག་ཅན་ངང་ཚུལ་བས། །ལམ་བཀག་ནས་ནི་གནས་པ་ཡིན། །གང་དུ་ཁ་ཆུ་གཤེར་བ་ཙམ། །ལུས་ལ་སྣང་བར་བྱེད་འགྱུར་གྱི། །མཆེ་བའི་རྨ་ནི་མི་མངོན་གང༌། །དེ་ནི་མཆུས་གནོད་བྱེད་ཅེས་བྱ། །ཞེས་པ་ལྟར། མཆུས་གནོད་པ་དང་བལྡགས་པ་ནི། །མཆེ་བ་གཅིག་ལ་རྗེས་གཉིས་མངོན། །ཁྲག་མེད་གྱུར་པ་བལྡགས་ཞེས་བྱ། །ཞེས་ཁྲག་མེད་པ་དང༌། སོས་ཟིན་ལ། ཤ་བཅད་ཤིན་ཏུ་ཕུག་པ་དང༌། །ཁྲག་འབྱུང་སོ་ཡིས་ཟིན་ཞེས་བྱ། །ཞེས་དང༌། བཅད་པ་ལ། མཆེ་བའི་རྗེས་ནི་ཁྲག་བཅས་གཉིས། །བྱུང་ན་རྣམ་པར་བཅད་པའོ། །ཞེས་དང༌། བཙིར་བ་ལ། མཆེ་བའི་རྗེས་ནི་བཞི་སྣང་ལ། །དེ་ནི་སོས་ཟིན་བཙིར་བར་བཤད། །ཅེས་སོ། །དེའི་རིགས་ལ་རྟོག་པའི་དུག་ནི་ཟླ་ཟེར་ལས། བགྲོད་དཀར་མུན་པར་ཟུག་གྱུར་པ། །ལ་ལ་རྟོགས་པས་ཟིན་པ་དང༌། །དུག་གི་ཤུགས་དང་རློན་དང་རིམས། །བརྒྱལ་བའི་ཚ་བ་རྒྱས་སྐྱེས་པའི། །ན་ཞིང་རྨོངས་བག་འཁྲུ་བར་འགྱུར། །དེ་ནི་རྟོག་པའི་དུག་ཅེས་བྱ། །ཞེས་དང༌། སྐྲག་པའི་དུག་ནི། སྔར་མ་སྦྲུལ་གྱིས་རིགས་པ་ལས། །འཇིགས་པས་རླུང་ནི་འཇུག་པར་བྱེད། །ལན་འགའ་སྐྲངས་པར་བྱེད་པ་སྟེ། །སྦྲུལ་གྱིས་ལུས་ནི་བཅོམ་ཞེས་བྱ། །ཞེས་དང༌། མཆེ་བའི་དུག་ནི། དུག་བཅས་ནད་ཀྱིས་ཟུག་པ་དང༌། །སྐྲངས་དང་གཡའ་དང་རིམས་བཅས་པ། །ལ་ལ་ཚ་ཞིང་རྨེན་བུར་བཅས། །ཞེས་པ་དང་རྣམ་པ་གསུམ་ཡིན་ཏེ། དེ་ཡང་སྦྲུལ་གྱི་དུག་ནི་ཁྲག་ལ་བརྟེན་ཏེ་ཏིལ་མཆེད་པ་དང་འདྲ་སྟེ། ཡན་ལག་བརྒྱད་པར། སྦྲུལ་གྱི་དུག་གིས་ཁྲག་དག་ལ། །མ་བརྟེན་ལུས་ལ་གནོད་མི་བྱེད། །ཁྲག་ནི་ཅུང་ཟད་ལ་བརྟེན་ཡང༌། །ཏིལ་མར་ཐིགས་པ་བཞིན་དུ་མཆེད། །ཅེས་གསུངས་སོ། །སྦྲུལ་དུག་གི་ཤུགས་ནི་དང་པོ་ནས་བདུན་གྱི་བར་ལུས་ཟུངས་ལ་ཁྱབ་པའི་རྟགས་རེ་དང་བཅས་འབྱུང་སྟེ། དེ་ཡང་གདེངས་ཀ་ཅན་གྱི་ཤུགས་ནི་ཁྲག་ནག་འཛག་པ་དང༌། ལུས་ལ་སྲིན་བུ་འགྲོ་ཡོད་སེམས་ལ་རྨེན་བུ་སྐྱེ་མགོ་ལྕི་ལ་རྨ་སྐྲངས་ཤིང་སྣབས་དང་མཆིལ་མ་མང་ཞེས་ཀྱང་མཆིལ་མ་ལྦུ་བར་སྐྱུག་ཅིང་མིག་འབྱེད་པར་དཀའ་ལ་ཚིགས་ཀྱི་ཁ་དང་པགས་པ་བྱེ་བ་སྙམ་དུ་སེམས་ཤིང༌། ལུས་ཚ་ལ་སྐྱིགས་བུ་འབྱུང་བ་དང༌། འཁྲུ་ཞིང་ལུས་ལྕི་ལ་སྙིང་ག་དང་རྒྱབ་དང་རྒལ་པའི་ཚིགས་རྣམས་ནའོ། །ལུས་འཁྱིལ་གྱི་ཤུགས་དང་པོ་ཁྲག་དང་ལུས་དང་སེམས་ལ་ཚ་བ་སྐྱེ་ཞིང༌། གཉིས་པ་སྐྲངས་པ་དང༌། གསུམ་པ་རྣགས་པ་དང༌། བཞི་པ་རིམས་འདེབས་ལ་ལུས་ཀུན་ཏུ་ཁྱབ་པར་ཚའོ། །ཁྲ་བོ་ནི་ཁྲག་དང་མདོག་སྐྱ་ལ་གྲང་བའི་རིམས་འདེབས་ཤིང༌། གོ་དྷའི་བུའི་ནི་ཤུགས་ལ་ཀུན་གྱི་རྟགས་འབྱུང་ལ། དེ་ཡང་ཟིན་པའི་དུས་སུ་དབུགས་ཐུང་ལ་སྐྱུག་པ་སྐྱུག་ཅིང་སྙིང་ག་གཟེར་ན་འཚོ་འཆྀའི་སྒོ་ནས་སྤང་དགོས་སོགས་ཤེས་རབ་རིག་པ་ལ་དྲིས་ཤིག་གོ། དེ་རྣམས་གསོ་བའི་ཐབས་ལ་ནི། སྙིང་པོ་བསྡུས་པར། མཆེ་བས་བཏབ་པའི་གོང་དུ་ནི། །སོར་བཞི་རས་ལ་རྒྱ་བྱས་པ། །སོ་འམ་འོད་མ་ལས་བྱས་པ། །སྔགས་ཤེས་པ་ཡིས་འགྲུབ་སྔགས་བཟླས། །ཆུ་ལོན་གྱིས་ནི་ཆུ་ལྟ་ན། །བཅིངས་པས་དུག་ནི་འཕྲོ་མི་འགྱུར། །ཞེས་པ་ལྟར་རྨའི་གོང་འོག་སོར་བཞིའི་མཚམས་སུ་རས་ཀྱིས་བཅིངས་ལ་གོང་གི་སྔགས་བརྒྱ་གདབ་པ་དང༌། ལུས་འཁྱིལ་མ་ཡིན་ཞེས། ཡན་ལག་བརྒྱད་པར་ཡང༌། ལུས་འཁྱིལ་སོ་རྗེས་མཁྲིས་སྐྱེད་བྱེད། །ཅེས་པ་ལྟར་བཅོས་ཐབས་གཞན་རྣམས་ཁྱད་མེད་ཀྱང༌། ལུས་འཁྱིལ་གྱི་སྐབས་མི་བསྲེག་ཅིང༌། གཞན་གསུམ་པོའི་རྨ་ཁ་བསྲེག་པར་བྱ་ཞིང༌། འཇིབས་རྭའམ་རྔབས་རྭ་དང་ཆག་ཚང་ཀུ་བས་རྨ་ནས་ཁྲག་གཞིབ་པ་དང༌། ཁྱི་དུག་ལྟར་དུ་རྒྱ་སྤོས་སོགས་ཀྱིས་བྱུག་པ་དང་མི་སྐྲ་སོགས་ཀྱིས་བདུག་ཅིང་རྨ་ཆས་བྱ་བ་དང༌། གཞི་ནས་སྦྲུལ་དུག་འདི་ཁྲག་ལ་གནས་པའི་ཕྱིར་རྨ་དང་གང་ཉེའི་རྩ་ལ་གཏར་ག་བྱ་བ་དང༌། གོང་དུ་ཁྱི་དུག་སྐབས་སུ་བསྟན་པའི་གུ་གུལ་བཞི་པ་དང་རྒྱ་སྤོས་ལྔ་པ་ནི་ཁྱི་དང༌། སྦྲུལ་དང༌། སྲིན་བུ་དང༌། བའི་དུག་རྣམས་འཇོམས་པས་དེའམ་ཡང་ན། ཡན་ལག་བརྒྱད་པར། རྒྱ་སྤོས་རུ་རྟ་སྲང་དོ་དོ། །མར་དང་སྦྲང་རྩི་སྲང་བཞི་བཞི། །ཞེས་པ་འདིས་ཀླུ་འཇོག་པོས་ཟིན་ཀྱང་བདེ་བ་སྐྱེད་པར་བྱེད་པ་ཡིན་ནོ། །བྱེ་རུག་བཅུ་གཉིས་པའི་བྱེ་རུག་པའི་མེ་ཏོག་གཏོང་བར་ཡན་ལག་བརྒྱད་པར་བིལ་པའི་རྩ་བ་བྱེ་རུག་པའི་མེ་ཏོག་གིས་ཚབ་བྱེད་པར་བཤད་པ་དང༌། རྒྱ་སྤོས་དང༌། ཐང་ཤིང་དང༌། ཀར་ཉྫའི་འབྲས་བུ་སེར་པོ་དང༌། ཡུང་བ་དང༌། སྐྱེར་པ་དང༌། ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་དང༌། སྒ་པི་ཕོ་བ་རིས་ཏེ་ཚ་བ་གསུམ་སོགས་བ་དམར་སེར་གྱི་གཅིན་དུ་ཞིབ་པར་བཏགས་ཏེ་བཏུང་བ་དང༌། རྨ་ལ་གདབ་པའི་སྨན་ཡང་བྱ་དགོས་ཏེ་བ་དུག་དང༌། སྦྲུལ་དང༌། སྲིན་བུ་དང༌། སྡིག་པ་ལ་སོགས་པའི་དུག་ཀུན་སེལ་བ་དང༌། དབྱིག་དུག་དང༌། མ་ཞུ་གསུད་ནད་དང༌། རིམས་དང་གདོན་གྱིས་ཟིན་པ་བདེ་བར་བྱེད། །ཅེས་འབྱུང་ངོ༌། །གཞན་ཡང༌། ཀེ་ཀེ་རུ་དང་མུ་ཏིག་མར་གད་དང༌། །བཻ་ཌཱུརྱ་དང་རྡོ་རྗེ་ཐོན་ཀ་དང༌། །རས་བལ་ས་བོན་དུག་གི་གནོད་པ་སེལ། །སྦྲུལ་ལ་ཡོད་པའི་ནོར་བུ་མ་ཎི་སི། །ནུས་པ་དང་ནི་ལྡན་པར་གྱུར་པ་ཡིས། །དུག་གིས་དུག་གཞོམ་བྱ་ཕྱིར་བཅང་བར་བྱ། །ཞེས་དང༌། ནུབ་མོའི་དུས་སུ་རྒྱུ་ཚེ་ཁྱད་པར་དུ། །གདུགས་དང་འཁར་སིལ་སྒྲ་དང་བཅས་པས་སེལ། །དྲི་ཡི་དྲི་མ་སྒྲ་ཡི་སྐད་བྱུང་ན། །སྦྲུལ་གྱི་ཚོགས་ཀྱིས་ཤེས་ནས་བྱེར་བར་འགྱུར། །ཞེས་འབྱུང་བས། གླ་བའི་རྩི་དང་འཁར་རྔ་དང༌། སིལ་སྙན་དང༌། གདུགས་བཅས་ཐོགས་ན་སྦྲུལ་སོགས་འབྱེར་རོ། །

སྡིག་པའི་དུག་ནི་རེག་ན་མེ་ལྟར་ཚ་ཞིང་ན་ལ་མདོག་དམར་སྐྱ་རི་མོ་ཅན་མཆེད་སྐྱེན་པ་དེ་ནི་སྦྲུལ་གྱིས་ཟིན་པའི་གསོ་བ་ཇི་ལྟ་བ་བཞིན་ཡིན་ནོ། །འདི་ལ་ཡན་ལག་བརྒྱད་པར། བྱེ་རུག་པ་ཡི་རྩེ་མོ་བཏགས། །འབའ་ཆའམ་ལྕི་བ་དྲོ་འཇམ་བསྐུ། །ཞེས་དང༌། ཕུག་རོན་རྟུག་པ་ཨ་རུ་ར། །རྒྱ་སྤོས་བཅའ་སྒ་ཁ་ལུང་གི། །ཁུ་བ་དང་སྦྱར་བླུད་པ་ནི། །སྡིག་པས་ཟིན་པའི་སྨན་མཆོག་ཡིན། །ཞེས་འབྱུང་ངོ༌། །སྲིན་བུའི་དུག་ལ་ནད་ཀྱི་རིགས་དང་གསོ་བའི་ཐབས་གཉིས་ལས་དེ་དག་གི་ནད་དམིགས་ནི་སོས་འདེབས་པས་གར་བཏབ་ཏུ་བ་སྤུ་ལྡང་ལུས་རེངས་ཚའམ་གྲང་བའོ། །

སྲིན་བུའི་རིགས་ལ་དང་པོ་སྦྲུལ་ལས་གྱུར་པའི་ནད་དམིགས་ངོས་བཟུང་བ་ནི་སྦྲུལ་སྐྱ་དེ་ཚིགས་གཉིས་ལྟོ་དམར་སེར་རིས་ཅན་དུག་ཆེ་བ་དང༌། མཆུ་སྦྲང་བུ་ལྟར་སེར་བ་ལ་སྦོམ་པ་གཉིས། སྦྲུལ་ལས་བྱུང་བའམ་གྱུར་པ་ནི་སྦྲུལ་གྱི་ཤ་དང་བཤང་བའམ་ལྕི་བ་ཁ་ཆུ་སྒོ་ང་འདྲུལ་བ་ལས་སྐྱེས་པའི་དུག་ཅན་གྱི་སྲིན་བུ་རླུང་མཁྲིས་བད་ཀན་རྐྱང་པ་གསུམ་འདུས་པ་དང་བཞི་པོ་དེ་དག་གི་དབྱིབས་མདོག་དུག་ཆེ་ཆུང་ཡང༌། ཡན་ལག་བརྒྱད་པར། ཚབས་ཆུང་དཀར་ཞིང་སེར་དང་ནག། རྩུབ་དང་ཁྲ་ཞིང་གཟི་མདོག་ཅན། །སྤུ་ཅན་ཚོགས་ནི་མང་བ་དང༌། །དམར་ཞིང་གདོང་པ་དཀར་བ་ཡིན། །བར་མ་ལྟེ་དུང་ཚིགས་གསུམ་པ། །རྐེད་པ་སེར་སྐྱ་དམར་བ་ཡིན། །དུག་ཆེ་སེར་སྐྱ་ཁྲ་བ་དང༌། །རི་མོ་ཅན་ལ་ཁྲག་འདྲ་ཞིང༌། །མེ་དྲོད་ཚིགས་ནི་གཉིས་སམ་གཅིག། ལྟོ་བ་དཀར་ཞིང་དམར་རམ་ནག། ཅེས་དང༌། མཆུ་སྤོབས་ཞེས་པར་དེ་ཉིད་དུ། །མཆུ་སྦོམས་པ་ཡི་ཁ་ཡིས་ནི། །འདེབས་ཤིང་གསོར་རུང་སྡིག་པ་ལས། །ལྷག་པར་ན་བྱེད་མུས་རིང་ཞིང༌། །མཚན་མོ་སྤུ་ནི་ལྡང་བ་དང༌། །ལུས་ནི་རྔུལ་བར་བྱེད་འགྱུར་ཞིང༌། །སོས་འདེབས་ཆུ་གྲང་སྙམ་དུ་སེམས། །དེ་ཉིད་རྔ་མེད་དུད་ཁ་དང༌། །མཚན་མོ་རྒྱུ་བས་མཚན་མོ་ཅན། །ཞེས་འབྱུང་ངོ༌། །དེ་དག་གིས་ཟོས་པའི་རྗེས་ལ་ཚ་ཞིང་གཡའ་བ་སྟེ་ཟ་ལ་སྐྲངས་ཤིང་ཤུ་བ་འབྱུང་བ་དང༌། དེ་ཡང་རླུང་སྲིན་ལ་ཟུག་ཆེ་ཞིང་རླུང་སྐྱེ་བ་དང༌། མཁྲིས་སྲིན་ཚ་བ་སྐྱེ་ལ་མཆེད་པ་སྐྱེན། བད་སྲིན་ནི་གྲང་བ་སྐྱེ་ཞིང་འབྱམས་པ་དང༌། འདུས་པ་ནི་སྦྲུལ་ཤུགས་རྣམས་དང་འདྲའོ། །གསོ་ཐབས་བདུག་པ་དང་བྱུག་པ་དང་ཁོང་སྨན་ཐམས་ཅད་སྦྲུལ་དུག་ལྟར་གསོ་བ་དང༌། རླུང་ལ་སྣུམ་བཅོས། མཁྲིས་པ་ལ་བསིལ་བཅོས། བད་ཀན་ལ་སྐྱ་ཆས་ཏེ་ནད་རིགས་གང་ཤས་ཆེ་བ་དང་སྦྱར་བའི་རྨ་ཆས་བྱའོ། །

དེ་བཞིན་བ་དུག་ནི། ཡན་ལག་བརྒྱད་པར། སྲིན་བུ་ལས་ནི་རབ་ཏུ་གདུག །ཁ་ནི་བཅུ་དྲུག་ཡིན་པར་འདོད། །གཞན་དག་ཉི་ཤུ་རྩ་བརྒྱད་བཤད། །ཁ་ཅིག་དེ་བས་མང་བར་འདོད། །ཉི་མའི་འོད་ཀྱིས་རྗེས་འགྲོ་བ། །སྟོང་ཕྲག་ཡོད་ཅེས་གཞན་དག་འཆད། །བླ་གཉན་གཟུགས་ནི་མང་གྱུར་པའི། །དུག་ཅན་བ་ནི་གཅིག་པོར་འདོད། །དེ་ཡི་གཟུགས་དང་མིང་དག་ནི། །ཤིན་ཏུ་འདྲེས་པས་ཤེས་པར་དཀའ། །གནས་ཀྱི་ངེས་པ་ཡོད་མིན་པས། །དེ་ཕྱིར་ནད་ལ་ཤེས་པར་བྱ། །ཞེས་སོ། །དེ་ཡང་སྦྲུལ་ལས་སྐྱེས་པ་ནི་སྲིན་བུ། །གཞན་ལས་སྐྱེས་པ་ནི་བའོ། །སྲིན་བུ་དང་བའི་འཇུག་ཚུལ་ཁྱད་པར་ཡང༌། །བ་དང་མཆུ་རིང་ཐམས་ཅད་ཀྱང༌། །གླང་ཤུ་སྐོར་སྐོར་པོར་བྱེད་ཅིང༌། །རིམས་འདེབས་མྱུར་དུ་འགགས་ཤིང་འདྲུལ། །རྣག་ནི་གང་དུ་རེག་གྱུར་པའི། །ཕྱོགས་དེར་ཡང་ནི་རྨ་སྐྱེད་བྱེད། །ཅེས་དང༌། བ་ནི་ལྟེ་བ་ཡན་ཆད་འཛིན། །སྲིན་བུ་སྟོད་སྨད་ཀུན་ལ་གནོད། །ཅེས་གསུངས་པ་ལྟར་ངེས་དགོས་ཤིང༌། སྤྱིར་དབྱེ་བ་བཅུ་དྲུག་ཡོད་པར་གསུངས་ཀྱང་ངེས་པ་མེད་པས་ན་དུག་ཅན་གྱི་བ་ནི་གཅིག་ཏུ་འདོད་དོ། །དེ་ཡང་ངོས་འཛིན་གྱི་རྟགས་ལ་སྤྱི་བྱེ་བྲག་གཉིས་ལས་སོས་ཟིན་ན་ཁབ་ཙག་འདྲ་བ་ཚ་ལ་སྐྲངས་ཤིང་མཐའ་མཐོ་འབྲུམ་ཕྲན་འོང་བ་དང༌། ཆུ་སེར་འཛག་པའི་ཤུ་བའམ་རྣག་བྱེད། བྱེ་བྲག་མཁྲིས་གྱུར་ནི་ཆུ་བུར་འབྱུང་ཞིང་ཚ་ལ་རིམས་ཀྱིས་འདེབས། བད་ཀན་ནི་རེག་བྱ་གྲང་ལ་མདོག་སྐྱ་ཞིང་གཡའ་བ་སྟེ་ཟ་ལ་གྲང་རིམས་འདེབས། རླུང་གྱུར་ལ་རེག་བྱ་རྩུབ་ཅིང་མདོག་ནག་རུས་པ་དང་ཚིགས་རྣམས་ན་བར་བྱེད་དོ། །བཅོས་ཐབས་ནི་མཁྲིས་གྱུར་ལ་གནད་གང་ཡོད་ཀྱི་སྟེང་ངམ་རྩ་གོང་འོག་གཏར་བ་དང༌། རྨ་ལ་རྔབས་རུ་བཙུགས་ཤུལ་གཏར་ལ་ཁྲག་དབྱུང་བ་དང༌། བད་རླུང་གཉིས་པོ་ལ་རྨ་ཁ་གཙགས་བུ་ལྟ་བུས་བཏོད་པ་དེ་བཟོས་ལ་དེ་སྟེང་བསྲེགས། དེ་རྗེས་དུག་སྨན་སྤང་སྤོས། བཙོད། ཡུང༌། སྐྱེར། ནཱ་ག་གེ་སར་སོགས་སྦྲང་སྦྱར་བྱུག་གམ་འོག་ཏུ་འཆད་པ་ལྟར་བྱུག་ཅིང༌། སྦྲུལ་གྱི་དུག་གིས་གསོ་བ་རྣམས་འདི་སྦྱར་བས་བ་དུག་འཇོམས། གཞན་ཡང་ཡན་ལག་བརྒྱད་པར། བིལ་བ་ཙན་དན་ཨུལ། །རྒྱ་སྤོས་བཅའ་སྒ་པི་པི་ལིང༌། །ལྕང་མ་ནིམ་པ་རུ་རྟ་དང༌། །ཆུ་སྲིན་སེན་མོ་ཛི་ཝན་ཏི། །ག་བྲའི་རྩ་བ་བ་ཏ་ལི། །འཛི་བན་ཏི་དང་པོ་སོ་ཆ། །ཤིང་ཚ་སྦྱར་བ་འདི་དག་ནི། །མིག་སྨན་སྣར་བླུག་བྱུག་པ་དང༌། །སྨན་ཆུ་བླུག་པའི་སྦྱོར་བ་ཡིས། །མཁྲིས་པ་བད་ཀན་རླུང་གྱུར་པའི། །ལུ་ཏའི་དུག་ནི་ཇི་སྙེད་པ། །ཚུལ་ཁྲིམས་ལ་གནས་ངན་འགྲོ་བཞིན། །དེ་ཡིས་དུག་ནད་ཀུན་འཇོམས་བྱེད། །བིལ་བ། རྒྱ་སྤོས་དང༌། ཙན་དན་དཀར་པོ། ཨུཏྤལ་དང༌། བཅའ་སྒ་དང༌། ནིམ་པ་དང༌། རུ་རྟ་དང༌། པི་པི་ལིང་དང༌། ཤིང་ལྕང་ནག་མ་དང༌། ཆུ་སྲིན་སྡེར་མོ་དང༌། པོ་སོ་ཆ། ག་བྲ་དང༌། ཤིང་ཚ་རྣམས་སྦྱར་བྱུགས་པས་བ་དུག་འཇོམས། ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རྒྱུ་བ་དང་མི་རྒྱུ་བའི་དུག་གསོ་བའི་ལེའུ་སྟེ་བརྒྱད་ཅུ་རྩ་དགུ་པའོ། །དེ་ལྟར་ལེའུ་གསུམ་ནི་དུག་གསོ་བ་སྟེ་སྐབས་བཅུ་གསུམ་པ་དང༌། དེ་ལྟར་ལེའུ་གསུམ་སྐབས་གཅིག་ནི་ཡན་ལག་དྲུག་པའོ།། །།



མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 4:54 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།