སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གྱ་དགུ་པ། རྒྱུ་བ་དང་མི་རྒྱུ་བའི་དུག་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་གྱ་དགུ་པ། རྒྱུ་བ་དང་མི་རྒྱུ་བའི་དུག་གསོ་བ།



ལེའུ་གྱ་དགུ་པ། རྒྱུ་བ་དང་མི་རྒྱུ་བའི་དུག་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག རང་བཞིན་དུག་ལ་རྒྱུ་དང་མི་རྒྱུ་གཉིས། །སྔོན་གྱི་དུས་སུ་ལྷ་དང་ལྷ་མིན་གྱིས། །བདུད་རྩི་འདོད་ནས་རྒྱ་མཚོ་བསྲུབས་པ་ལས། །སྐྱེས་བུ་སྐྲ་སེར་མིག་ནས་མེ་འབར་བ། །འཇིགས་པའི་གཟུགས་ཅན་དོན་ཏེ་ཚངས་པ་ཡིས། །ཧཱུཾ་བརྗོད་པྲ་ཡས་རྒྱུ་མི་རྒྱུ་ལ་ཐིམ། །མི་རྒྱུ་བོང་ང་བཙན་དུག་སྤྱང་དུག་དང༌། །ར་དུག་སེ་ཤིང་ཐང་ཕྲོམ་རྟ་སྤུ་སོགས།  །རྒྱུ་བ་ཁྱི་སྨྱོན་སྦྲུལ་དང་སྡིག་པ་དང༌། །སྲིན་བུ་བ་ཡི་དུག་ལ་སོགས་པ་ཡིན།།

དེ་ལ་དང་པོ་མི་རྒྱུ་བོང་ངའི་རིགས། །རྐྱང་པར་སོང་རྟགས་ལྕེ་མཆུ་བེར་ལ་ཚ། །སེར་ག་འགས་དང་མདོག་ནག་ཁ་དབུགས་གྲང༌། །འགུལ་ན་མུན་སྲོ་དྲན་པ་ཉམས་ཤིང་འགྱེལ། །རྐང་ལག་ན་ཞིང་རེངས་ཏེ་གྱེན་ལ་ལྡོག །ཕོ་བ་སྦོ་ཞིང་ཁོང་པ་གཏུབ་སྙམ་བྱེད། །དང་པོར་གསོན་ཁྲག་དྲོན་མོ་ཁྱོར་གང་བཏུང་། །ཆུ་ནང་སྤྱིང་ངམ་སྟེང་ནས་རྒྱུན་དུ་བླུག །དེ་ཡིས་རྩ་རུ་མི་འབྲོས་ཕོ་བར་འཛིན། །དེ་རྗེས་བུལ་ཏོག་ཡུང་བ་ཨ་རུ་ར། །ཆུ་སྦྱངས་བླུད་ན་འཕྲལ་དུ་དེ་སྲོག་སྟེར། །ཡང་ན་ཨ་རུ་ར་དང་བོང་ང་དཀར། །ཧ་བོ་དྲི་ཆུས་སྦྱངས་བཏང་ཞི་བར་བྱེད། །ཡང་ན་ཨ་རུ་བུལ་ཏོག་བོང་ང་དཀར། །ཕྱ་ཚན་ཞིབ་བཏགས་ཆུར་སྦྱངས་བཏང་བར་བྱ། །སྦྱོར་བ་ཀུན་ལ་སྔགས་ཀྱིས་ངར་བཏགས་པས། །སྨན་གྱི་ནུས་སྐྱེད་དུག་དབལ་གསོད་པར་ནུས། །མི་མཁས་རྨོངས་པས་བོང་ང་རྐྱང་འདེད་བྱེད། །སྨན་གྱིས་དུག་དེད་སྲོག་རྩར་ཤོར་ཏེ་གསོད། །མན་ངག་འདི་ལྡན་ལས་དབང་མིན་པ་འཚོ། །ཐང་ཕྲོམ་དཀར་ནག་ནད་མེད་ལུས་སྟོབས་འཁྱོལ།  །དབང་པོ་འཁྲུལ་ནས་མིག་སྔར་སྣ་ཚོགས་མཐོང༌། །སྨྲ་བ་འཆལ་ཞིང་གཏད་མེད་བུད་མེད་འདོད། །དེ་ལ་སླེ་ཏྲེས་རེ་རལ་བ་ཤ་ཀ །ཞིབ་བཏགས་ཞུན་མར་ལ་སྦྱར་བཏང་བས་འཇོམས།  །སེ་ཤིང་རྟ་སྤུ་ཕྱི་ནང་གང་རེག་སྐྲངས། །གྲེ་བ་མིད་པ་ཕོ་བ་གང་སྐྲངས་ཀྱང༌། །རྨ་ཡོད་སྙམ་སེམས་ཟུག་ཆེ་ཧྲིལ་ཧྲིལ་ན། །ར་ཤ་ར་ཁྲག་དྲི་ཆུས་སེ་ཤིང་འཇོམས། །འབྲུ་མར་ཚིལ་མར་ཕག་ཚིལ་རྟ་སྤུ་འཇོམས།།

དེ་ནས་རྒྱུ་བའི་དུག་གི་གསོ་ཐབས་ལ། །དང་པོ་ཁྱི་དུག་མཚན་ཉིད་རྟགས་དང་ནི། །གསོ་བའི་ཐབས་དང་རྣམ་པ་གསུམ་ཡིན་ཏེ། །མཚན་ཉིད་ཁྱི་དེ་འོན་ལོང་ཁ་ཆུ་འཛག །ཁ་གདངས་མགོ་བོ་སྨད་ཅིང་མཇུག་མ་ཕབ། །འཁྱོམ་ཞིང་ཕྱོགས་མེད་ཀུན་ཏུ་རྒྱུ་བ་ཡིན། །དེ་ཡི་སོས་ཟིན་རྟགས་ལ་གསར་རྙིང་གཉིས། །གསར་དུས་རྨ་ནས་ཁྲག་ནག་འཛག་པ་དང༌། །རྨ་མདོག་སྨུག་ནག་མི་སྡུག་ར་རི་འོང༌། །སྐྲངས་ཤིང་རྨ་ཡི་ནང་དུ་རྨེན་བུ་ཆགས། །རྙིངས་ནས་མགོ་བོ་ན་ལ་གྲང་ཤུམ་བྱེད། །འཕྱོ་འདར་སྙིང་ག་ན་ལ་སྐབས་སུ་འབོག །མེ་ལོང་ཆུ་མཐོང་དངངས་ལ་ཁྱི་སྤྱོད་བྱེད། །དུག་ལངས་རྒྱས་པའི་རྟགས་སུ་བཤད་པ་ཡིན། །བཅོས་པའི་ཐབས་ཀྱང་གསར་རྙིང་དུས་ཀྱི་སྦྱར། །སོས་ཟིན་མོད་ལ་ཁ་དང་རྔབས་རྭས་དྲང༌། །སོར་བཞིའི་གོང་དུ་རས་འཇག་བསྡམ་པར་བྱ། །ཞག་ལོན་པ་ལ་རྨ་དེ་ལྕགས་ཀྱིས་བསྲེག །དེ་འོག་ཞུན་མར་བསྐོལ་བ་རྨ་ནང་དུ། །རྒྱ་ཚྭ་སྐྱེར་ཤུན་དུད་པ་བཙོད་ཀྱིས་བྱུག  །ཡུང་སྐྱེར་བོང་ང་གླ་རྩི་མར་གྱིས་བྱུག །དེ་སྟེང་རྟ་སྦངས་ཞོ་སྦྱར་རྨ་འཇིབས་བྱ། །དེ་རྗེས་ལྡང་ངམ་མི་ལྡང་ཆུ་ལ་བརྟག(ལྕེ་དང་མཚུལ་བ་ཁྱི་འདྲ་བ་ཆུ་གསེབ་དུ་བྱི་བ་བྱུང་སྙམ་པ་བྱེད་པ་དང་དངངས་ན་ལྡང་བ་ཡིན་ནོ) །མི་ལྡང་བ་ལ་འོག་གི་གཉེན་པོ་བསྟེན། །ལྡང་བར་གྱུར་ན་མཆེ་བ་བྲང་ཀྲད་དང༌། །དུད་པ་དྲི་ཆུ་སྦྱར་བཏང་དུག་ཞེན་བསླང༌། །ལངས་ནས་ལུས་སྦྲིད་ཁོལ་བུར་ན་བ་དང༌། །ཁྱི་མཐོང་ཚིག་པ་ཟ་ལ་བཤུལ་ཤ་ན། །དེ་ལ་གི་ཝཾ་ཛཱ་ཏི་ཕ་ཝང་ལོང༌། །བུར་དཀར་བཞི་འགྱུར་ཆུ་གྲང་འཕུལ་ལ་བཏང༌། །ཡང་ན་གི་ཝཾ་བཟང་དྲུག་ཐང་ཕྲོམ་པ། །བ་སྤྲུ་གླ་རྩི་ཀ་རས་ཁ་བསླངས་བཏང༌། །རྒྱ་སྤོས་སེང་ཕྲོམ་ཤུ་དག་ཧོང་ལེན་དང༌། །པ་ཐ་སུག་སྨེལ་གུར་གུམ་ཞུན་མར་སྦྱར། །བཟའ་བྱུག་མི་སྐྲ་ཡུངས་ཀར་བུར་རྙིང་གི །དུ་བས་བདུགས་པས་རྨ་དང་སྐྲངས་པ་འཇོམས། །ཟླ་དྲུག་ཚུན་ཆད་ཞག་བཅུའི་སྨན་རེ་བསྟེན། །ཞག་བཅུ་ཕར་འདས་ཟླ་ལོ་ལོན་པའམ། །དུག་ལང་རྟགས་ལྡན་དྲུག་བདུན་མེ་ཡིས་བསྡམ། །དུར་བྱིད་ཧོང་ལེན་དྷ་དུ་ར་ཡིས་སྦྱང༌། །གུ་གུལ་དུད་པ་ཨ་ཤོ་གནྡྷ་དང༌། །རྒྱ་སྣེ་བ་ཆུའི་རིལ་བུ་དྲི་ཆུས་དབུལ། །ཡང་ན་ཕ་ཝང་ལོང་བུ་རྣམ་པ་གསུམ། །བཟང་དྲུག་གི་ཝཾ་ཙན་དན་ཨ་རུ་ར། །བུ་རམ་དཀར་པོ་བཞི་འགྱུར་སྦྱར་ལ་བཏང༌། །ནད་གོ་ཆོམས་ནས་རྒྱ་སྤོས་ན་ལེ་ཤམ། །སུག་སྨེལ་རུ་རྟ་ཤིང་མངར་སྦྲང་རྩི་དང༌། །ཞུན་མར་སྦྱར་བའི་ལྡེ་གུས་ནད་རྗེས་གཅོད། །རྨེན་པ་སྐྲངས་ན་རུས་རྙིང་འབའ་ཆ་དང༌། །ཉ་ལྕིབས་སྦྱར་བའི་ལུམས་ཀྱིས་མནན་པ་དང༌། །ཁོལ་བུ་ན་སར་ཧོར་གྱི་མེ་བཙའ་བྱ། །མེ་ལོང་ཁྱི་སྐད་ཆུ་རྒལ་ཞེ་སྡང་སྤང༌། །དེ་ཡིས་ཁྱི་དུག་གིས་ཟིན་འཚོ་བར་ངེས། །སྦྲུལ་དུག་མཚན་ཉིད་རྟགས་དང་བཅོས་ཐབས་གསུམ། །མཚན་ཉིད་གདེངས་ཀ་ཅན་དང་ལུས་འཁྱིལ་དང༌། །ཁྲ་བོ་གོ་དྷའི་བུ་བཞིས་འདུ་བ་འཁྲུགས། །རྟགས་ལ་ཟིན་ཚུལ་རིགས་དང་དུག་ཤུགས་གསུམ། །དང་པོ་ལྡགས་དང་སོས་ཟིན་བཅད་དང་བཙིར།  །དེ་རིགས་རྟོག་པའི་དུག་དང་སྐྲག་པའི་དུག །མཆེ་བའི་དུག་དང་རྣམ་པ་གསུམ་ཡིན་ཏེ། །སྦྲུལ་དུག་ཁྲག་ལ་བརྟེན་ཏེ་ཏིལ་མཆེད་འདྲ། །གདེངས་ཀ་ཅན་ཤུགས་ཁྲག་རྣག་འཛག་པ་དང༌། །ལུས་ལ་སྲིན་བུ་འགྲོ་སེམས་རྨེན་བུ་སྐྱེ། །མགོ་ལྕི་རྨ་སྣབས་ཚིལ་མང་མིག་འབྱེད་དཀའ། །ཚིགས་བྱེར་སྙམ་སེམས་ལུས་ཚ་སྐྱིགས་བུ་འབྱུང༌། །འཁྲུ་ལྕི་སྙིང་ག་རྒྱབ་དང་སྒལ་ཚིགས་ན། །ལུས་འཁྱིལ་ཁྲག་དང་ལུས་སེམས་ཚ་བ་སྐྱེ། །སྐྲངས་བརྣགས་རིམས་འདེབས་ལུས་ཀུན་ཁྱབ་པར་ཚ། །ཁྲ་བོ་ཁྲག་དང་མདོག་སྐྱ་གྲང་རིམས་འདེབས། །གོ་དྷའི་བུ་ཡི་ཤུགས་ལ་ཀུན་རྟགས་འབྱུང༌། །ཟིན་དུས་དབུགས་ཐུང་སྐྱུག་ཅིང་སྙིང་གཟེར་སྤང༌། །གསོ་ཐབས་རྨ་ཡི་གོང་དུ་རས་ཀྱིས་བཅིངས། །ལུས་འཁྱིལ་མ་ཡིན་གསུམ་པོའི་རྨ་བསྲེག་བྱ། །རྔབས་རྭ་ཀུ་བས་རྨ་ནས་ཁྲག་གཞིབ་དང༌། །ཁྱི་དུག་ལྟར་དུ་བྱུག་བདུག་རྨ་ཆས་བྱ། །ཁྲག་ལ་གནས་ཕྱིར་རྨ་དང་གར་ཉེ་གཏར། །གུ་གུལ་བཞི་དང་རྒྱ་སྤོས་ལྔ་པས་ནི། །ཁྱི་སྦྲུལ་སྲིན་བུ་བ་ཡི་དུག་རྣམས་འཇོམས། །བྱེ་རུག་རྒྱ་སྤོས་ཐང་ཤིང་ཀ་རཉྫ། །ཡུང་སྐྱེར་འབྲས་བུ་གསུམ་དང་ཚ་བ་གསུམ། །བ་གཅིན་བཏགས་ཏེ་བཏུང་དང་རྨ་སྨན་བྱ། །བ་སྦྲུལ་སྲིན་བུ་སྡིག་པའི་དུག་ཀུན་སེལ། །གླ་བ་འཁར་སིལ་གདུགས་ཐོགས་སྦྲུལ་སོགས་འབྱེར། །སྡིག་པའི་དུག་རེག་ཚ་ཞིང་ན་ལ་མཆེད། །དེ་ནི་སྦྲུལ་ཟིན་གསོ་བ་ཇི་བཞིན་ནོ། །སྲིན་བུའི་དུག་ལ་ནད་རིགས་གསོ་བ་གཉིས། །དང་པོ་སྦྲུལ་ལས་གྱུར་དང་མཆུ་སྦོམ་གཉིས། །སྦྲུལ་གྱི་ཤ་དང་ལྕི་བ་ཁ་ཆུ་ལས། །སྐྱེས་པའི་དུག་ཅན་སྲིན་བུ་རྐྱང་འདུས་བཞི། །ཟོས་རྗེས་ཚ་གཡའ་སྐྲངས་ཤིང་ཤུ་བ་འབྱུང༌། །རླུང་སྲིན་ཟུག་ཆེ་མཁྲིས་སྲིན་ཚ་ལ་མཆེད། །བད་སྲིན་གྲང་འབྱམས་འདུས་པ་སྦྲུལ་ཤུགས་འདྲ། །གསོ་ཐབས་བདུག་བྱུག་ཁོགས་སྨན་སྦྲུལ་ལྟར་གསོ། །རླུང་མཁྲིས་བད་ཀན་སྦྱར་བའི་རྨ་ཆས་བྱ། །དེ་བཞིན་བ་དུག་དབྱེ་བ་བཅུ་དྲུག་ཀྱང༌། །ངེས་མེད་དུག་ཅན་བ་ནི་གཅིག་ཏུ་འདོད། །སོས་ཟིན་ཚ་ལ་སྐྲངས་ཤིང་ཤུ་བ་རྣག །མཁྲིས་གྱུར་ཆུ་བུར་ཚ་ལ་རིམས་ཀྱིས་འདེབས། །བད་ཀན་གྲང་སྐྱ་གཡའ་ལ་གྲང་རིམས་འདེབས། །རླུང་གྱུར་རྩུབ་ནག་རུས་ཚིགས་ན་བར་བྱེད།  །བཅོས་ཐབས་མཁྲིས་གྱུར་སྣོད་སྟེང་གཏར་ཁྲག་དབྱུང༌། །གཉིས་པོ་རྨ་གཏོད་བསྲེགས་རྗེས་དུག་སྨན་བྱུག །སྦྲུལ་གྱི་གསོ་བ་འདིར་སྦྱར་བ་དུག་འཇོམས། །བིལ་པ་རྒྱ་སྤོས་ཙན་དན་ཨུཏྤ་ལ། །བཅའ་སྒ་ནིམ་པ་རུ་རྟ་པི་པི་ལིང༌། །ལྕང་མ་ཆུ་སྲིན་སྡེར་མོ་པོ་སོ་ཆ། །ག་བྲ་ཤིང་ཚ་སྦྱར་བྱུགས་བ་དུག་འཇོམས། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རྒྱུ་བ་དང་མི་རྒྱུ་བའི་དུག་གསོ་བའི་ལེའུ་སྟེ་བརྒྱད་ཅུ་རྩ་དགུ་པའོ།། །།



མཐའ་མའི་འདོན་ཐེངས་།: 21.12.2022 ཉིན། 10:43 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།