སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གྱ་གསུམ་པ། མགོ་བོའི་རྨ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་གྱ་གསུམ་པ། མགོ་བོའི་རྨ་གསོ་བ།



ལེའུ་གྱ་གསུམ་པ། མགོ་བོའི་རྨ་གསོ་བ། 

རྨ་སྤྱིའི་གསོ་ཐབས་གསུངས་པའི་རྗེས་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལ་འདི་སྐད་ཅེས་ཞུས་སོ། །ཀྱེ་ཞེས་སླར་ཡང་བོས་ནས་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། ཡན་ལག་གི་དང་པོའམ་མཆོག་མགོ་ལ་མཚོན་ཕོག་པར་གྱུར་ན། དེ་ལ་ངོས་འཛིན་གྱི་རྟགས་དང་དེ་ལས་གྲོལ་བམ་བཅོས་པའི་ཐབས་ཇི་ལྟར་དུ་བགྱི་ཞེས་འདྲི་ཞིང༌། ཡིད་ཅན་འཚོ་བར་མཛད་པ་སྨན་པའི་རྒྱལ་པོ་ཁྱེད་ཀྱིས་བཤད་དུ་གསོལ་ཞེས་ཞུས་པ་དང༌། དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་ལན་དུ་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་མ་ཡེངས་པར་ཉོན་ཅིག་ཅེས་གདམས་ནས། ཡན་ལག་ལྔ་ལ་གཅེས་པའམ་གཙོ་བོ་ནི་མགོ་བོ་ཡིན་ཞིང༌། དེ་ལ་རྨ་གནས་ལུགས་དང་ཕོག་པ་དང་བརྟག་པའི་ཐབས་དང་དེ་ཉིད་བཅོས་པའི་ཐབས་དང་ལོག་གནོན་དང་ལྔས་བསྟན་པར་བྱ་སྟེ།

          དང་པོ་གནས་ལུགས་མི་རིགས་དང་མགོ་བོའི་དབྱིབས་བསྟན་པ་དང༌། ཤ་དང་རུས་པ་ཀླད་པ་རྩ་རྣམས་ཀྱི་གནས་ལུགས་བསྟན་པའོ། །དེ་ཡང་མི་རིགས་རླུང་མཁྲིས་བད་ཀན་རྐྱང་པ་གསུམ་དང་རླུང་མཁྲིས་བད་མཁྲིས་བད་རླུང་བཅས་ལྡན་པ་གསུམ་འདུས་པ་གཅིག་སྟེ་བདུན་པོ་དེ་དག་གི་མགོ་དབྱིབས་ནི་སྤྱི་བོ་ལྗོང་མོ་རིང་བ་རླུང་མགོ་དང༌། དེ་བཞིན་ལྟག་འབུར་མཁྲིས་པ། སོག་ཀ་སྟེ་སོག་པ་ལྟ་བུ་བད་ཀན་དང༌། གྲུ་བཞི་རླུང་མཁྲིས་ཟླུམ་པོ་བད་མཁྲིས། འཕྲེད་ཉལ་བད་རླུང༌། སྤྱི་བོ་ལེབ་པ་རྒྱབ་མདུན་ནམ་གཡས་གཡོན་དུ་ནར་མོ་ལྟ་བུ་འདུས་པ་སྟེ་དེ་དག་རྣམས་ཀླད་པ་དང་རུས་པ་རིམ་བཞིན་དང་པོ་དང་པོ་བཟང་ལ་ཕྱི་མ་རྣམས་ངན་ཞིང་དེ་བཞིན་དུ་རིམ་པས་ཐོད་པའི་རྣམ་པ་ཐོད་སྲུབས་གཟེར་བ་དང་རྩ་ཡང་རིམ་བཞིན་མང་བས་ངན་པར་བཤད་དེ་རུས་པ་ངན་ཞིང་གླིང་དང་རྩ་འབུར་མང་ཞེས་འོག་ཏུ་འབྱུང་ངོ༌། །ཀླད་པ་རྒྱ་མཚོ་དང་འདྲ་བའི་གནས་ལུགས་བསྟན་པ་ནི། ཤ་ཀླད་དང་མར་ཀླད་དང་བུང་ཚད་ཀླད་དང་ཕྲུམ་ཀླད་དང་ཞོ་ཀླད་དང་འོ་ཀླད་དང་ཆུ་ཀླད་བདུན་པོ་ནི་མིའི་རིགས་གང་ལ་ཡང་མགོ་བོའི་དབྱིབས་དང་ཀླད་པ་སྦྱར་བ་ནི། འདིར་གོ་བདེ་བའི་ཕྱིར་ཉིས་ཕྲུགས་སུ་སྦྱར་ནས་བཤད་ན། རླུང་མགོ་དབྱིབས་སྤྱི་རིང་ཀླད་པ་ཤ་ཀླད་དེ་ཤ་ཙམ་དུ་མཁྲེགས་པ་འབྱུང་ཞིང་ཅུང་ཟད་རལ་ཀྱང་སྐྱོན་ཆུང་བ་བཤད་རྒྱུད་དུ་མི་རིགས་རླུང་ངན་ཀྱང་མགོ་བཟང༌། དེ་བཞིན་དུ་མཁྲིས་པ་ལ་དབྱིབས་ལྟག་འབུར་ཀླད་པ་མར་ཀླད། བད་ཀན་ལ་དབྱིབས་སོག་ཀ་སྟེ་སོག་པ་ལྟ་བུ་ཀླད་པ་ཤིན་ཏུ་དཀར་བ་བུང་བའི་སྦྲང་རྩི་ལྟ་བུར་དུམ་བུ་དུམ་བུ་ཁམ་བུ་ཙམ་ཕྱི་ཀླད་རྒྱས་གཏུམས་ཏེ་སྦུབས་གསོབ་བུང་བའི་ཚང་དང་འདྲའོ། །རླུང་མཁྲིས་དང་ལྡན་པའི་མགོ་དབྱིབས་གྲུ་བཞི་ཀླད་པ་ཕྲུམ་ཀླད་དེ་འོ་མ་དང་དར་བ་བསྲེས་པའམ་ཞོ་ཕྲུམ་མ་ཞིག་ཙམ་དང་འདྲ་བ། བད་མཁྲིས་ལྡན་པའི་མགོ་དབྱིབས་ཟླུམ་པོ་ཀླད་པ་ཞོ་ཀླད་དོ། །བད་རླུང་ལྡན་པའི་མགོ་དབྱིབས་འཕྲེད་ཉལ་ཏེ་ལྟག་པ་དང་མཚོག་མ་རིང་བའི་མགོ་འཇོང་ཀླད་པ་འོ་ཀླད་དོ། །འདུས་པའི་མགོ་དབྱིབས་སྤྱི་ལེབ་ཀླད་པ་ཆུ་ཀླད་དོ། །འདི་དག་ནི་ཀླད་པའི་མཁྲང་སླ་དང་ཚོ་ཟིན་མི་ཟིན་ལས་བཟང་ངན་གྱི་དབྱེ་བ་བདུན་དུ་བཞག་ལ་ལུས་ཁམས་ཀྱང་དེ་མཐུན་དུ་བལྟ་དགོས་ཏེ། དེ་དག་རིམ་པས་གོང་མ་བདུན་པོ་འདི་དག་རུས་ཀླད་རིམ་པས་གོང་མ་གོང་མ་བཟང་བས་གསོ་སླ་བར་འདོད་ཅིང༌། དེ་དག་རྣམས་ནི་ཕྱིའི་རྒྱ་དར་སྨུག་ལ་དྭངས་པ་གླ་བའི་ཧེལ་ཏེ་པགས་པ་ཙམ་པ་དེ་དང༌། རྩའི་དྲ་བར་གཏུམས་ནས་གནས་པ་ཡིན་ལ། འོན་ཀྱང་ཞེས་ཕལ་ཆེར་གོང་དུ་བཤད་པ་ལྟར་ཡིན་མོད་ཀྱང་མགོ་རིལ་ཤ་དམར་མིག་ནག་རིལ་ལ་ཧུར་མཚུལ་པ་ཉག་པ་ཞེས་སྣ་གོང་ཉག་ལ་སྣབས་ལུད་ཉུང་ཞིང་གང་གཡང་དང་ཆུ་རྣམས་ལ་མི་ཞེད་ཅིང་རྨ་སོས་པ་ལ་བཟང་བ་དང་མཚོན་ཕོག་པའི་དུས་ན་འགྱེལ་བུབ་དང་ཟ་ཟི་མེད་ཅིང་མི་སྐྱུག་ལ་མི་ལྐུག་ཅིང་ཆལ་ཆོལ་མེད་པ་རྣམས་ནི་ཀླད་པ་བཟང་བའི་རྟགས་ཡིན་ལ། དེ་ལས་ལྡོག་པ་ནི་ཞོ་དང་འོ་མ་དང་ཆུ་ཀླད་སོགས་འབྱུང་ངོ༌། །ཀླད་པའི་ཁྱིམ་གྱི་རུས་པའི་གནས་ལུགས་བསྟན་པ་ནི། ཕོ་རུས་དང་མོ་རུས་དང་མ་ནིང་གི་རུས་པ་དང་གསུམ་མོ། །གསུམ་པོ་དེ་ལ་ཡང་སྒང་དང་རྩིབས་དང་ཐ་མ་རུ་འགྱུར་ཏེ། དེ་ཡང་ཕོའི་རུས་པ་ནི་གདུང་སྟེང་འོག་ཕྱི་ནང་མཐུག་ལ་བར་གྱི་ལྷ་བ་གསོབ་གསོབ་ཆུང་ལ་མཁྲེགས་པ་དང༌། མོའི་རུས་པ་ནི་ལྷ་བ་དང་གདུང་སྙོམས་ཤིང་སྲབ་ལ་མཉེན་པ་དང༌། མ་ནིང་གི་རུས་པ་ནི་ལྷ་བ་ཆེ་ལ་གསོབ་པའོ། །སྒང་རྩིབས་མཐའ་གསུམ་གྱི་སྒང་ནི། རྒྱབ་ཀྱི་ལྟག་པ་ནས་མདུན་སྨིན་མའི་དཀྱིལ་གྱི་བར་དུ་རང་སོར་བཞི་ཞུར་པོ་ལྟ་བུའི་སྒང་ཡོད་པའི་རུས་པ་མཐུག་ཅིང་མཁྲེགས་ཤིང་ཁྲོ་བའི་སྐྲོན་ལ་ལྷ་བ་ཆེ་བ་དང༌། དེ་ཡི་གཡས་གཡོན་དུ་རང་སོར་བཞི་བཅལ་བ་རུས་པའི་རྩིབས་ཏེ་གོང་བས་སྲབ་ལ་ལྷ་བ་དང་གདུང་སྙོམས་ཤིང་མཉེན་པ་ཡིན། དེའི་ཐ་མ་རྣ་བའི་ལྟག་གི་རུས་པ་ལྷག་མ་རྣམས་ལྷ་བ་ཆུང་ཞིང་སྲབ་ལ་ཁྲོ་བའི་སྐྲོན་པར་བཤད་དོ། །གཞན་ཡང་འདི་ལ་རྒྱས་པར་འདོད་ན་སྔ་རབས་མཁས་པའི་དབང་པོ་རྣམས་བཞེད་པའི་མགོ་ཐིག་རིན་ཆེན་གནད་འགྲེལ་ལས། ལྟག་པའི་ཁུང་དང་ནས་མཛོད་སྤུ་སྟེ་སྨིན་དབྲག་ཏུ་ཐིག་གཅིག་འཐེན། རྣ་བ་གཡས་ཀྱི་རྩེ་ནས་གཡོན་གྱི་རྩེར་འཕྲེད་ཐིག་གཅིག་འཐེན་པའི་ཐིག་དེ་གཉིས་ནི་རྒྱ་གྲམ་གར་བབས་དེ་ནི་ཚངས་པའི་བུ་གའོ། །གཙུག་ནས་མཛོད་སྤུའི་དཀྱིལ་དེ་ཉིད་ནི་མཚོག་མདུད་ཀྱི་སྒོའོ། །སྔར་གྱི་མཚོག་མའི་གཞུང་ཐིག་དེ་ཕྱིས་ནས་གཡས་གཡོན་དང་གཙུག་དང་ལྟག་པའི་བར་དེ་འདུས་སོའི་སྲུབས་སོ། །རྒྱབ་ཀྱི་ལྟག་པའི་ཟུར་གཉིས་ནས་མདུན་གྱི་སྨིན་དཀྱིལ་དུ་ཐིག་རེ་འཐེན་པའི་བར་རང་སོར་བཞི་ཡོད་པ་ནི་ཞུར་པོ་ལྟ་བུའི་སྒང་གི་རུས་པ་མཐུག་ཅིང་མཁྲེགས་པ་དང༌། ཁྱད་པར་དུའང་སྐྲོན་པ་སྟེ་ཁྲོ་བའོ། །དེའི་གཡས་སུ་རང་སོར་བཞི་དང་གཡོན་དུ་རང་སོར་བཞིའི་སར་རྒྱབ་ས་མདུན་དུ་ཐིག་རེ་རེ་འཐེན་པའི་བར་ནི་རུས་པའི་རྩིབས་རེ་སྔར་གྱིས་ཞུར་པོའི་བར་ལས་ཅུང་སྲབ་ཅིང་ལྷ་བ་དང་གདུང་གཉིས་སྙོམས་པའོ། །དེའི་མཐའ་ནི་རྣ་བའི་ལྟག་གི་རུས་ལྷག་སྟེ་དེ་རྣམས་ལྷ་བ་ཆུང་ཞིང་སྲབ་ལ་སྐྲོན་པར་བྱ་བ་ཡིན་ནོ། །གཡོགས་པ་ཤའི་གནས་ལུགས་འདི་ལ་གཉན་པ་དང་མི་གཉན་པ་ཞེས་བསྟན་པ་ནི། སྤྱི་བོའི་གཙུག་གི་ཤ་ནི་བཞག་སྒོར་འཁྱིལ་བ་དང་འདྲ་སྟེ་གཉན་པ་དང༌། ལྟག་པའི་ཤ་ནི་ཉ་གདང་གཞིབས་པ་འདྲ་སྟེ་གཉན་ལ། མཚོག་མའི་ཤ་ནི་གཞུ་ལ་ཤུལ་བཏང་བ་དང་འདྲ་སྟེ་གཉན་ཞིང་མུར་གོང་གི་ཤ་ནི་ལུག་མཁལ་བརྩེགས་དང་འདྲ་སྟེ་གཉན་ནོ། །དེ་ལས་གཞན་པ་རྣམས་མི་གཉན་ཏེ་གང་ཞེ་ན་འདག་པ་གཡོགས་པ་དང་འདྲའོ། །ལུས་ལ་དྲ་བ་ལྟར་འབྲེལ་བ་རྩའི་གནས་ལུགས་བསྟན་པ་ལ་ནི། ཀླད་པའི་རྩ་དང་རུས་རྩ་དང་ཤའི་རྩ་སྟེ་གསུམ་དུ་དབྱེ། ཀླད་པའི་རྩ་དེ་ལ་ཡང་ཀླད་པ་འཚོ་བར་བྱེད་པའི་དར་རྩ་དང་ཕྱི་ནང་གཞན་དུ་འབྲེལ་བར་བྱེད་པའི་ཆུ་རྩ་སྟེ་གཉིས་སུ་བཤད་པས་དར་རྩ་དེ་ལའང་དང་པོ་ཤིན་ཏུ་གཉན་པའི་སྤྱི་བོའི་གཙུག་ན་རེ་ཐག་རྣམ་པ་བཞི་དང༌། ཕྱི་ནང་དུ་རྒྱུག་པ་དང༌། ཚངས་པའི་སྐུད་པ་སྟེ་གསུམ་དུ་བྱ་ལ། དེ་ཡང་གཉན་གྱི་རེ་ཐག་བཞིའི་གནས་ཚུལ་ནི་རྣ་བའི་ཕྱི་དང་ནང་ན་ཞེས་ཕྱི་ལྟག་ཁུང་ངོས་རྩ་ནག་གཉིས་དང༌། ནང་གདོང་ཕྱོགས་གཉིད་ལོག་གཉིས་ལས་གྱེས་པའི་རྩ་བཞི་པོ་ཀླད་རྒྱའི་དར་གྱི་སྟེང་ལ་ཤིང་ལོའི་འདབ་མ་ལྟར་འབྲེལ་བར་གནས་པ་དང༌། ཀླད་པའི་དར་གྱི་ཕྱི་དང་ཐོད་པའི་ནང་ཀུན་དུ་རྒྱུག་པའི་རྩ་གཉིས་ཡོད་པ་དེ་ནི་ལྟག་པའི་རུས་པ་འབུར་པོ་ནས་མཁུར་ཚོས་སུ་འབྱུང་སྟེ། དེ་ནས་སླར་གྱེན་དུ་ལོག་ཀླད་པ་བླངས་ཏེ་དབུས་སྤྱི་བོ་ཚངས་བུག་གི་འདུས་སོ་དང༌། དེ་ནས་སོར་བཞི་མདུན་མཚོག་མའི་འདུས་སོ། །རྒྱབ་ལྟག་པའི་སྡུད་སྒོ་སྟེ་འདུས་སོ་གསུམ་འབྲེལ་བར་རྒྱ་སྲུབས་རྣམས་ལ་རེས་ཕྱིར་དོན་རེས་ནང་ནུབ་སྟེ་ཕྱི་ནང་དུ་སྐུད་པས་བཙེམས་པ་ལྟར་གནས་པ་གཉིས་སོ། །ཡང་རྩ་གཅིག་ཚངས་པའི་བུ་གའི་ཕྱོགས་སུ་ཉེ་བ་ཚངས་པའི་སྐུད་པར་གྲགས་པའི་རྩ་གཅིག་པོ་དེ་ནི་ཤ་རྩ་རུས་རྩ་ཀླད་པའི་རྩ་གསུམ་པོ་འདུས་ཏེ་སྤྱི་བོ་ཚངས་པའི་བུ་གའམ་གཙུག་ཏོར་ཚངས་པའི་འཁོར་ལོའི་ས་ན་གནས་པའོ། །གོང་གི་རེ་ཐག་བཞི་དང་འདི་གཉིས་ལ་འཚོ་བྱེད་དར་རྩ་བདུན་ཞེས་སོ། །གཞན་དང་འབྲེལ་པའི་ཆུ་རྩ་ལ་ཕྱི་རྩ་དང་ནང་རྩ་གཉིས་ལས། ནང་རྩ་གཙུག་ལག་ཁང་དུ་དར་གྱི་དཔྱང་ཐག་བཏགས་པ་འདྲ་བ་བཅུ་གསུམ་ཡོད་པ་སྟེ་རྗེ་ཞབས་ཞེས་ཀླད་གཤམ་ལས་བྱུང་སྟེ་སྐེའི་ནང་ནས་རྒྱུ་ལ། དོན་ལྔ་སྣོད་དྲུག་དང་བསམ་སེ་སོགས་ལ་འབྲེལ་བ་ཡིན་ཚུལ་བཤད་རྒྱུད་དང་རྩ་དཀར་དུས་ལམ་ཙམ་བཤད་པ་ལྟར། རྒྱས་བཤད་ཀྱི་སྤྲོས་པ་ནི་འོག་ཏུ་བྱང་ཁོག་སྐབས་སུ་འཆད་དོ། །ཕྱི་རྩ་ནི་ལྟག་པའི་ཆུ་བའི་དཀྱིལ་ན་མར་རྩ་སྦུ་གུ་ཅན་གཉིས། ལྟག་ཟུར་སྤུ་འཁྱིལ་ན་ཆུ་རྩ་འཇའ་བྱེད་གཉིས། རྣ་ཤལ་འོག་གཤོང་ན་ཆུ་རྩ་རཏྣ་གཉིས་ཏེ་དྲུག་རྐང་ལག་གི་རུས་ཚིགས་ཆུ་རྒྱུས་དང་འབྲེལ་པ་ཡིན་ཚུལ་ནི་རྩ་དཀར་ལེའུར་གསལ་བ་ལྟར་རོ། །ཟ་འགྲམ་གཡས་གཡོན་གྱི་སྟེང་རྣ་བའི་མདུན་ངོས་བལྡད་ན་འབུར་བྱེད་པའི་སོ་རྩ་ལྡད་བྱེད་གཉིས། རྐན་གྱི་དཀྱིལ་ན་དབང་པོ་བཞི་འདོམ་པའི་རྩ་སུམ་མདོ་རིས་ཡོད་དེ། ཡན་ལག་བརྒྱད་པར། ལྕེ་མིག་སྣ་དང་རྣ་བ་ཡི། །བུ་ག་བཞི་ནི་འདུས་པ་དག །རྐང་དང་སྒོ་རུ་ཁ་བཞི་སྟེ། །བུ་གའི་ནང་ནི་དེ་རྣམས་ཀྱི། །གནད་ནི་སུམ་མདོ་རིས་ཞེས་བྱ། །ཞེས་གསུངས་པ་དང༌། དེ་ལྟར་ནང་རྩ་དཔྱང་ཐག་བཅུ་གསུམ། ཕྱི་རྩ་དྲུག སོ་རྩ་ལྡད་བྱེད་གཉིས། འདོམ་རྩ་སུམ་མདོ་རིས་གཅིག་སྟེ་ཉི་ཤུ་རྩ་གཉིས་པོ་ཆུ་རྩའི་གནད་དུ་བསྟན་ནོ། །རུས་རྩ་མདུང་ཚུགས་ཞེས་དྲང་པོར་ཕུག་པ་གཟེར་བཏབ་པ་ལྟ་བུ་དང༌། འཕྲེད་ཉལ་ཞེས་ལྷ་དཀྱིལ་དུ་ཉལ་བ་དང༌། འཁྱམས་པོ་མ་ངེས་པ་གསུམ་ལས་མདུང་ཚུགས་ཞེས་ཐོད་པ་ལ་གཟེར་བཏབ་པ་ལྟ་བུའི་རྩ་དེ་སྤྱི་གཙུག་དང་སྐྲ་མཚམས་ནས་ཚོན་དོ་རེ་གཞལ་བ་མཚོག་མའི་སྒོའམ་གནམ་འཐེན་གཉིས། ལྟག་པའི་སྡུད་སྒོ་ལ་རྗེ་གཡུ་ཐོག་པས། རྣ་རྩེ་དང་མཉམ་སྡུད་སྒོ་སྟེ། །ཞེས་རྣ་བའི་རྩེ་མོ་དྲང་ཐད་ཀྱི་ལྟག་པའི་སྡུད་སྒོ་དེ་ནས་གཡས་གཡོན་ཚོན་རེ་གཞལ་བ་གཉིས་དང་བཅས་ཏེ་གསུམ་སྨིན་མའི་དཀྱིལ་གཉིས་དང་མཁུར་ཚོས་ཀྱི་རུས་པ་བྱའི་སྒོ་ངའི་རྣམ་པ་གཉིས་སུ་འབྱུང་བའི་གཙུག་དང་མཚོག་མའི་སྒོ་ལྟག་པའི་སྡུད་སྒོའི་གཡས་གཡོན་དང་སྨིན་དཀྱིལ་དང་མཁུར་ཚོས་བཅས་ལ་རེ་རེ་བྱས་པའི་སྒོ་ལྔར་འབྱུང་ངོ༌། །དེ་ལས་གཞན་པ་མ་ངེས་པ་གར་ཡང་འབྱུང་སྲིད་དེ་རུས་པ་ངན་ཞིང་གླིང་དང་རྩ་ཕུར་མང་བའོ། །འཕྲེད་ཉལ་རྣ་ལྟག་སྟེང་ནས་ཞེས་རྣ་བའི་རྩེ་ནས་ཡར་ཚོན་གང་གཞལ་བའི་ལྷ་གསེབ་ནས་འཕྲེད་དུ་སོར་བཞི་ན་བོན་པོའི་ཐོད་ཅེས་བྱ་བའི་ལྷ་རྩ་ཡོད་ངེས་མེད་འཁྱམས་པོ་ལ་གཞའ་ཁུག་དང་ཁྱི་ཉལ་དང་བྱི་སྡེར་གསུམ་ཡོད་དེ་འདིར་གནས་ཀྱི་ངེས་པ་མེད་པར་ལྷ་བའི་གསེབ་ན་གནས་པ་ཡིན་པས་རུས་པ་བརྡར་བའི་ཚེ་ཁྲག་ཙིམ་ཙིམ་བྱུང་བའི་གསེབ་དེ་ན་སྔོ་ཕྲེང་དུ་ཡོད་པས་གང་ན་འདུག་མིག་གི་བྱ་རས་སོད་པ་ཞེས་ཉེན་མགོ་ནོན་པ་གཅེས་སོ། །ཤའི་རྩ་ལ་ངེས་པ་དང་མ་ངེས་པ་གཉིས་ལས་ངེས་པ་ལ་ལྟག་ཟུར་ལྟག་རྩ་ནག་པོ་ནི་སྡུད་སྒོའི་གཡས་གཡོན་ཚོན་རེ་ནས་གྱེན་དུ་ཚོན་གང་བཅལ་བའི་སར་རྩ་གཉིས། རྣ་བའི་ཕྱི་རྒྱས་ཚོན་གང་ན་ཕྱི་ལྗོན་གཉིས། རྣ་བའི་ནང་ངོས་ཚོན་གང་ན་ནང་ལྗོན་རྣམ་པ་གཉིས། མུར་གོང་ཟུར་ན་དབྱིབས་སྐྱེས་པ་སྟག་རལ་བཏགས་པ་འདྲ་བ་འཁྱུག་པའི་རྩ་གཉིས། དཔྲལ་བའི་དཀྱིལ་ན་ཞེས་གཡས་ན་གསེར་མདུང་གཡོན་ན་དངུལ་མདུང་དང་གཉིས། མཚུལ་པ་སྟེ་སྣའི་བྱ་གཤོག་གི་གཡས་གཡོན་ཁ་མཚུལ་གྱི་འགྲམ་ན་འཕར་བའི་མཚུལ་རྩ་ནག་པོ་གཉིས། སྨིན་མའི་ཐད་མུར་གོང་གཤོང་ན་མཐོང་བྱེད་མིག་རྩ་གཉིས། མུར་འགྲམ་སྟེང་ན་སོ་རྩ་འཕར་བ་གཉིས། གཙུག་གི་ཕྱོགས་བཞིར་ཚོན་རེའི་སར་རེ་ཐག་རྣམ་པ་བཞི་སྟེ་དེ་ལྟར་ཉི་ཤུ་པོ་དེ་ངེས་པར་བཤད་པ་ཡིན་ནོ། །དོན་ལྔའི་རྩ་ལྔ་སྣོད་དྲུག་གི་རྩ་དྲུག་དབང་པོ་སྒོ། མིག་རྣ་བ་སྣ་ལྕེ་བཞིའི་རྩ་ལ་སོགས་པ་བཅོ་ལྔ་པོ་དེ་ནི་གནས་ས་གར་ཡོད་ལ་ངེས་པ་མེད་ཀྱང་ཕྱིའི་རྟགས་ལ་ངོས་བཟུང་བ་གཅེས་སོ།།

          དེ་ནས་གཉིས་པ་ཕོག་ས་བཟང་བ་དང་ངན་པ་དང་འབྲིང་པོ་གསུམ་ལས། ངན་པ་སྡུད་སྒོ་བཞི་ཞེས་པ་འདི་ལ་སོ་མ་ར་ཛ་ལས། ཁྲུ་ཕྱེད་པ་སྟེ་སྤྱི་གཙུག་ནས། །དེ་འཐེན་པ་ནི་ཐོད་པའོ། །དེ་བལྟབ་པ་ནི་འདུས་སོ་གསུམ། རྣ་བའི་ལྟག་ཏུ་སླེབ་པ་ནི། །ལྷ་རྩ་དག་ནི་ཁྱི་ཉལ་ལོ། །དེ་ནས་མེ་ཐུར་གང་བསྐོར་བ། །མེ་ལོང་གང་སྟེ་མཐེབ་མཚན་བསྐོར། །མཐེབ་ལོང་དག་ཏུ་ཤེས་པར་བྱ། །དེ་ནི་སྡུད་སྒོ་བཞི་དག་སྟེ། ཞེས་གསུངས་པ་སྤྱི་བོ་ནས་ཕྱོགས་བཞིར་མཐོ་རེ་འཐེན་པ་ཐོད་པ་དང༌། དེ་བལྟབ་ལ་རྒྱབ་མདུན་དུ་འཐེན་པ་དང༌། དེ་བཞིན་ལོགས་ཀྱི་རྣ་བའི་ལྟག་ཏུ་སླེབ་དུས་ལྷ་རྩ་ཁྱི་ཉལ་ཡིན་པར་གསུངས་ཀྱང༌། དེ་ལྟར་ད་ལྟའི་ཐོད་སོར་བཅུ་གཉིས་པ་དང་བརྩིས་ན་འདི་འཐད། མི་འགྲིག་ཅིང་རང་ལུགས་ངོས་འཛིན་ནི་བརྒྱད་པ་ལས། ཐོད་པ་ཡི་ནི་མཚམས་བཞི་པོ། །ཐད་ཀ་གྱེན་འགྲོ་མཚམས་ཀྱི་མཐའ། །དེ་བསྣད་པ་ནི་མགོ་འཁོར་དང༌། །སྨྱོ་ཞིང་དྲན་པ་ཉམས་ཏེ་འཆི། །ཞེས་པའི་འགྲེལ་པ་ཟླ་ཟེར་དུ། མགོ་བོའི་ཐོད་པའི་གནས་མཚམས་ལྔ་པོ་ན་མཚམས་ཀྱི་མཐའ་ཞེས་བྱ་བའི་གནད་ཡོད་དེ། དེའི་ཐད་ཀ་དང་གྱེན་དུ་འགྲོ་བས་གནས་པ་ཡིན་ལ། མཚམས་ཀྱི་མཐའི་གནད་དེ་རྣམས་བསྣད་པས་ནི་མགོ་འཁོར་བ་དང་སྨྱོ་ཞིང་དྲན་པ་ཉམས་པའི་ནད་ཀྱིས་སྐྱེས་བུ་འཆི་བར་འགྱུར་རོ་ཞེས་བཤད་པ་ལྟར་རྒྱབ་ཀྱི་ལྟག་པའི་ཐོད་མཚམས་རྣ་རྩེ་དང་ཐད་མཉམ་པའི་སྡུད་སྒོ་དེ་དང་གཅིག་གཡས་གཡོན་རྣ་ལྟག་གི་སྐྲ་མཚམས་རེ་དང་བཅས་གསུམ། མདུན་དཔྲལ་བའི་སྐྲ་མཚམས་ནས་སོར་བཞི་མར་བཅལ་བ་སྨིན་དབྲག་གི་ཐོད་མཚམས་བཅས་པར་འདོད་པ་བཞིར་ཕོག་ན་འཆི་བའི་གནས་ཏེ་ཆག་ཚབས་ཆེ་རུང་ཆུང་རུང་ལ་མ་ལྟོས་པར་ངན་པ་ཡིན་ལ། འཕྲེད་ཉལ་གཉིས། ཐོད་པའི་སྲུབས་སྟེང་མིག་འབོར་གཉིས་མཁུར་ཚོས་གཉིས་དང་ཟ་འགྲམ་སྟེང་རྣམས་ཕོག་ས་འབྲིང་དུ་བཤད་ཅིང་ཤ་རྩའི་སྟེང་དུ་ཆག་ཚབས་ཆུང་ན་ཡང་ངན་པ་དང༌། དེ་ཡང་ཤ་རྩ་དང་རུས་པའི་རྩ་ཀླད་པའི་རྩའི་རིགས་རྣམས་ནི་ཕྱི་མ་ཕྱི་མ་བས་ནང་མ་ནང་མ་རིམ་གྱིས་གཉན་པ་ཡིན་ནོ།།ཕོག་ས་བཟང་བ་ནི་དཔྲལ་བ་དང་རྭ་ལྡེབས་གཉིས་ཆག་ཚབས་ཆེ་ཆུང་མེད་པར་བཟང་བ་ཡིན་ལ། འདིར་མ་སྨོས་པ་རྣམས་ནི་ཕོག་ས་འབྲིང་དུ་བཤད་པ་ཡིན་པས་དེ་ལྟར་རྟོགས་པར་བྱའོ།།

          བརྟག་པའི་ཐབས་ལ་ཟུག་རྔུ་མཚོན་ལ་བརྟག་པ་དང༌། རེག་མྱང་རྨ་ལ་བརྟག་པ་དང༌། རྩ་ཆུ་ཕྱི་ཡུལ་ལ་བརྟག་པ་དང་གསུམ་གྱི།

དང་པོ། ཟུག་རྔུའི་མཚོན་བརྟག་པ་ལའང་མདའ་དང་རྡོ་དང་གྲི་དང་གསུམ་ལས། མདའ་རྨ་ལ་ཝ་ལུང་ཞེས་བུག་པ་ཕུགས་བརྡུགས་པ་དང་བཤོལ་བརྐོས་ཞེས་གཤོང་མོར་བརྐོས་པ་དང་གཏམ་ཟུག་པ་དང་མདེའུ་ལུས་པའི་ཕུག་པ་གསུམ་མོ། །གྲི་རྨ་ལ་སྟེང་ནས་གཞོགས་པ་དང་ཤ་རྫོགས་དང་སྟེང་འོག་བཅད་པའོ། རྡོ་རྨ་ལ་སེར་ག་གས་པ་དང་ཚལ་པར་ཆག་པ་དང༌། བར་དུ་འཐེམས་པ་དང་གསུམ་ལས། གས་ལ་ཡང་སྦོམ་པ་དང་ཕྲ་མོ་དང་རིང་བ་དང་ཐུང་བ་རྣམ་པ་བཞི། ཆག་པ་ལ་སྟེང་གདུང་ཆག་པ་དང༌། འོག་གདུང་ཆག་པ་དང༌། སྟེང་འོག་གཉིས་ཀ་བཅས་ནས་ཆག་པའོ། །བཅས་པར་ཆག་པ་དེ་ལ་ཅུང་ཟད་ཞོམ་པ་གྲུམ་པ་རྡིབ་པ་ནང་དུ་རྡོལ་བ་དང་བཞི། འཐེམས་པ་ལ་སྟེང་གདུང་འོག་ཏུ་འབྱར་བ། ལུག་ཐུག་བརྡུང་དབར་དུ་བཅོམ་པ་ལྟ་བུ་ཆེན་པོ་དང༌། སེན་མོ་རྡོས་སྟེམ་པ་ལྟ་བུ་ཆུང་ངུ་དང༌། སྒོ་ང་ལ་རྡོས་བརྒྱབ་པ་ལྟ་བུ་འབྲིང་པོ་དང་གསུམ་དུ་དབྱེ་ལ། དེ་དག་ལ་ཡང་རྣོ་ཕོག་དང་རྟུལ་ཕོག་སྟེ་རྣོ་མེད་གཉིས་དང༌། ཉེ་ཕོག་དང་རིང་ཕོག་གཉིས་དང་ཤུགས་ཅན་དང་ཤུགས་མེད་གཉིས་དང༌། ཕར་ཕོག་དང་ཚུར་ཕོག་གཉིས་དང༌། ལྗིད་ཅན་དང་ལྗིད་མེད་གཉིས་རྣམས་ལ་བརྟག་ཅིང༌། དེ་རྣམས་ཚུར་ཕོག་པ་དང་ཉེ་ཕོག་དང་ཤུགས་ཆེ་བ་དང་ལྗིད་ཅན་དང༌། རྟུལ་ཞེས་རྨ་མི་བཟོ་བའི་ཟུར་མ་དེ་ལྟ་བུ་ཕོག་པར་འདུག་ན་རུས་པ་དང་ཕྲད་པར་མ་གྱུར་ཀྱང༌། དེ་རྣམས་ལ་ཕལ་ཆེར་ཉེས་པ་སྟེ་ལྷ་ཐེམ་འོག་ཆག་ལ་སོགས་པ་སྐྱོན་འབྱུང་བ་མང་བས་རིག་པས་དཔྱོད་དེ།

          རེག་པ་དང་མྱང་བས་རྨ་ལ་བརྟག་པ་རྨ་ཡོད་རྨ་མེད་གཉིས་ལས་རྨ་མེད་པ་ལ་འགྲམས་པ་དང་ཆག་པ་གཉིས། འགྲམས་ལ་སྟེང་གདུང་གི་རྒྱ་སྲུབས་ཞིག་ན་གོམ་པ་འཁྱོལ་ཞིང་མིག་གིས་འཛུམ་པ་མི་ཤེས་ལ་སྐྱུགས་ཤིང་མགོ་བོ་འཁོར་ཞིང་ཟི་བ་ཡིན། བར་གྱི་ལྷ་བ་རྒྱ་བེར་ན་གོང་གི་རྟགས་དེ་སྟེང་རྩ་ཆུ་ཚ་བ་སྐྱེ་ཞིང༌། མིག་དམར་ལ་སྣ་ཁྲག་འཛག་ཅིང་དང་ག་འགག འོག་གི་ཀླད་པའི་མཚོ་འཁྱོམས་ན་དྲན་པ་མེད་ཅིང་ཁ་ལྐུགས་སམ་ཡང་ན་འཆལ་ཞིང་ལབ་རྨ་མེད་པར་རུས་པ་ཆག་ན་ལག་པ་རེག་པས་མྱང་བ་དང༌། རུས་པ་སྒང་གཤོང་མི་སྙོམས་ཤིང་མནན་ན་བཟོད་པ་ཆུང་བ་ཞག་གསུམ་བཞི་འདས་ནས་ཤ་དང་རུས་པ་བྱེ་ཞིང་མེར་མེར་བྱེད་དོ། །རྨ་ཅན་ལ་བརྟགས་ཤ་གདན་ཆོད་པ་དང་མ་ཆོད་པ་གཉིས་ལས། ཤ་གདན་མ་ཆོད་པ་ལ་རྨའི་ནང་དུ་རས་ཀྱི་ནང་ཚངས་བཅུག་ལ་ཤ་གདན་ཆོད་ནས་བརྟག་ཅིང་ཞག་གསུམ་དང་ལྔའི་བར་ནི་ཤའི་མདོག་མི་འགྱུར་བ་དང༌། དམར་བ་དང་མཁྲེང་བ་དང་རེག་ན་བརྩེ་བ་སྐྱོན་མེད་པར་བྱ་སྟེ་ཤ་མདོག་སྐྱ་བ་སྨུག་པ་སྔོ་བ་ནག་པ་རུལ་བར་གྱུར་ན་ཆག་རྟགས་ཡིན། ཤ་གདན་རུས་ལ་ཐུག་པར་ཆོད་ནས་མིག་ལམ་མ་ཐོགས་པ་སྟེ་མིག་གིས་མ་མཐོང་ན་ཆ་བྱད་ཁབ་མགོ་བཏང་བས་རུས་པ་གས་པ་དང་གྲུགས་པ་ཡོད་ན་ཁབ་མགོ་འཐེན་ཐོགས་བྱེད་དུ་འོང༌། རུས་པའི་རྩི་ཁ་དང་བྲལ་ནས་རྩུབ་ན་སྐྱོན་དུ་འགྱུར་ཞིང་རྒྱ་སྲུབས་ཀྱི་སྟེང་དུ་ཁྲེད་ཁྲེད་དང་ཁྲལ་ཁྲལ་འོང༌། ལྷ་བ་འཐེམས་སམ་ཡང་ན་མགོ་ཆག་ཚབས་ཆེ་ན་རུས་པ་ལ་ཐུག་ཐུག་བྱས་པས་གོག་པའི་སྐད་འོང་བ་ཡིན། མིག་ལམ་རུས་པ་ཐོགས་ན་གས་པ་དང་ཆག་པ་དངོས་སུ་གསལ་བ་འོང་ཞིང༌། ལྷ་བ་འཐེམས་པའི་ཚེ་ན་ལྷ་ཁྲག་ཙིམ་ཙིམ་དུ་འཛིན་ཞིང་སྐྱུག་པ་ཡིན། ཞག་གསུམ་དང་ལྔ་གང་རིགས་ནས་ལྷ་ཁྲག་ལ་ཐིག་ལེ་ཁྱེ་མ་ཅན་སྐམས་པ་ལྟ་བུ་སྐྱ་ཆོ་ལེ་བ་དང་དམར་དང་སྔོ་དང་ནག་པོ་དང་གྲོ་བོ་དང་སེར་སྐྱ་དང་སྨུག་པོ་དང་སྔོ་ནག་དང་རུས་པ་སྐམས་པའི་ཐོད་པ་རླན་མེད་པ་ན་ལྷ་བ་འཐེམས་པ་ཡིན། འོག་ཆག་སོ་ཞོའམ་བེ་སྣབས་ཀྱི་མདོག་ལྟ་བུར་དཀར་ཙེ་གེ་བ་སྲན་ཆུང་ཙམ་ལ། ཐ་མ་དུང་གི་མདོག་ཏུ་འགྱུར་བར་བཤད་ཅིང༌། སེན་མོའི་མདོག་ལྟར་རུས་པ་སྨུག་ལ་དངས་ན་རུས་པར་སྐྱོན་མེད་པ་ཡིན་ལ། གལ་ཏེ་དེ་ལ་ཡང་ཐེ་ཚོམ་ཟ་ན་སྐྱོན་ཡོད་མེད་སྨན་གྱིས་བརྟག་པར་བྱ་དགོས་ཏེ། ཁབ་ལེན། བུལ་ཏོག ར་ཐུག་ཆུ། ཁྱེའུ་འཐུང་ནུ་ཞོ་སོགས་བྱུགས་པས་སྐྱོན་ཡོད་ན་ནག་པོར་འགྲོ་སྐྱོན་མེད་ན་མདོག་མི་འགྱུར་བའོ། །ཁའི་ཤ་ལ་རླན་གྱི་གཞའ་དང་སྦོས་པ་དང་རྨ་ཁ་ཡན་ལག་གི་ཉྭ་སྒོང་ལྟ་བུ་དང་ཕྱིར་ལྷོགས་པ་དང་གསོབ་པ་དང་སྐམ་རུལ་དུ་འདུག་ན་ཆག་པའི་རྟགས་ཡིན་ཞིང་ནང་མ་རེ་རེ་བཞིན་དུ་ཆག་མེད་རྨ་ཁ་ལ་མཐེབ་ཀོར་བྱ་དགོས་ཏེ། ཤ་རུས་སོ་སོར་བྱེ་ཞིང་མནན་པའི་ཚེ་ཤུལ་འོང་བ་དང༌། གས་སྣ་དང་ཆག་སྣ་གང་ཡོད་སར་ན་ཚའི་བཟོད་པ་སྟེ་སྲན་ཆུང་བ་ཡིན་ཞིང༌། དེ་ཡང་ཤ་དང་རྩའི་ནད་མ་ཐུལ་བ་ལ་བཟོད་པ་ཆུང་ཡང་ཆག་པའི་ངེས་པ་མེད་པས་ཟན་དྲོན་ལ་ཕོ་རིས་སོགས་སྤོད་བྲན་གྱི་ཨ་སས་ལྷིང་ཆགས་པར་ནན་ལ། ཡང་ན་སྤོད་སྒ་གཡེར་འུ་སུ་སོགས་ཀྱི་ལུམས་སམ་འོག་ནས་འབྱུང་བའི་ཀླད་ཞུན་གྱི་ལུམས་བྱས་ལ། དེས་བྱེ་ཞིང་སྦོས་པའི་ན་ཟུག་བྲི་ན་རུས་སྐྱོན་མི་འབྱུང་ངོ༌།།

རྩ་དང་ཆུ་སོགས་ཕྱི་ཡུལ་གྱི་སྒོ་ནས་བརྟག་པ་ནི་རྩ་རྒྱུད་གྲིམས་པ་རུས་སྐྱོན། མགྱོགས་པ་ཀླད་སྐྱོན། དྲག་པ་ཤ་ལ་སྐྱོན་ཡོད་པ་དང༌། ཡང་ན་རྩ་གཞའ་བ་སྟེ་གབ་ནས་ཞན་པ་འོང༌། ཆུ་ནི་ཁ་དོག་དམར་ལ་ཀུ་ཡ་དང་རླངས་པ་ཆེ་ཞིང་ཆུ་ཁ་སྙི་བའམ་ཡང་ན་ལྡོག་པའི་ཆུ་སྡོམ་པ་དང༌། སྐྲ་ནི་རུས་པའི་སྐྱོན་གྱི་ཚེ་འགྲེང་བ་དང་སྲུབས་ཞིག་ན་མཚམས་བྱེ་སྟེ་ཉལ་བ་དང༌། ཀླད་སྐྱོན་ཡོད་ན་ཀོ་ལེར་ཚོར་མེད་པ་འོང་ཞིང་ལྷ་བ་འཁྲུགས་ན་སྨིན་མ་འཛིངས་པ་དང༌། རུས་པ་ཆག་ན་མིག་མནན་པ་ལྟར་མི་ཐེག་ཅིང་མནན་ན་ཆེ་ཆུང་ཡོད་པར་དོགས་པ་དང་མིག་སྤྲིན་ཀླད་སྤྲི་ཅན་ཁྲག་ཤིག་འོང་ཞིང་ཀླད་པ་འཁྱོམས་ནས་དར་ཁར་ཆུ་སེར་བྱུང་ན་འཛུམ་མི་ཤེས། སྣ་ཁྲག་སྤྲི་ཅན་འཛག་པ་དང་སྣ་སྐམས་ཤིང་སྣ་གོང་རྔུལ་བ་དང༌། རུས་སྐྱོན་ལ་ལྕེ་སྐམས་ཤིང་སེར་ལ་གཞན་གྱིས་ཐོས་ཀྱིས་དོགས་པ་ལྟར་གསང་གཏམ་བཞིན་སྐད་གདངས་ཞུམ་པ་སྟེ་ཆུང་ངུས་སྨྲ་ཞིང་ཟས་ལ་བརྐུ་བ་ལྟར་འཇབ་ཅིང་ཡང་ན་དེ་ལས་ལྡོག་པའི་ཧབ་ཧབ་ཏུ་རྔམས་ལ་འགྲངས་ནས་ན་ན་ཀླད་སྐྱོན་དང་བཀྲེས་དུས་ན་ན་ཡང་ཀླད་སྐྱོན་ཡིན་ཞིང་ཟོས་རྗེས་སུ་ན་ན་ནང་རྩའི་སྐྱོན་ཡིན་ཏེ་སྐྱུག གཉིད་འཐིབས་ཀླད་སྐྱོན་དང་ངུར་འཁུན་རུས་སྐྱོན་དང་གཉིད་སད་པའི་ཚེ་ན་དངངས་པ་ནི་ནང་རྩའི་སྐྱོན་ཡིན་ལ། འགྲོ་བའི་ཚེ་ན་འདར་བསྲུབས་བྱེ་བ་ཡིན་ཞིང༌། འགྱེལ་བུབ་འཁྱོམ་པ་ཀླད་སྐྱོན་དང༌། འཇབ་པ་རྩ་ནད་ཡིན་ལ། འགྲམ་སོས་སྲན་མ་བལྡད་པ་མི་ཆོམས་ན་རུས་ཆག་ཕྲུམ་སེར་ཁྱེར་བ་ཞེས་གྲང་ཤུམ་བྱེད་པ་ཕྱིའི་སྐྱོན་དང༌། གཡལ་ཞིང་འདར་ལ་བྱ་རྨྱང་ཞེས་ཤད་ཤད་བྱེད་ཅིང་སྦྲིད་པ་མང་ལ་མགོ་ལྕི་ཞིང་ཟ་བཏུང་དང་ག་མི་བདེ་ལ་གློ་བརྡོལ་བྱེད་པ་དེ་རྣམས་མགོ་བོར་སྐྱོན་ཡོད་པར་ཤེས་པར་བྱའོ།།

          བཅོས་པའི་ཐབས་ལ་ཡང་སྤྱི་དང་བྱེ་བྲག་ཏུ་ཕྱེ་བ་གཉིས་ལས། དང་པོ་སྤྱིའི་བཅོས་དེ་ལ་ཡང་ཟས་སྨན་དཔྱད་ཀྱི་རྔན་པ་བྱིན་ལ་རིམ་གྱིས་བྲིད་ནས་བཅོས་པའི་ཚུལ་ཅན། ཟླུམ་བཅོས་དང་གནོད་བྱའི་མཁར་ལ་གསོ་དཔྱད་ཀྱི་འོབས་ཀྱིས་བསྐོར་བའི་བཅོས་ཚུལ་དྲས་དང༌། མགོ་སྐྱོན་གྱི་གྲོང་ཁྱེར་གང་མཚམས་སུ་མེས་གཞོམ་པའི་ཚུལ་བཅོས་དང་གསུམ་གྱི།

          དང་པོ་ཟླུམ་བཅོས་རྔན་པ་བྱིན་ལ་བྲིད་པ་ནི་མཚོན་ཕོག་པའི་དུས་སུ་སྐྲ་བཞར་ལ་སྦང་མའི་གར་པོ་དང་ནས་མ་བརྔོས་པར་བཏགས་པའི་རྗེན་ཕྱེ་ཞོ་དང་སྒ་པི་ཕོ་འུ་སུ་སོགས་སྤོད་སྣ་དང་མར་ནག་བཏབ་ནས་བཙོས་པའི་ཨ་ས་སྟེ་ཟན་དྲོན་གྱིས་བདུག དེ་རྗེས་སུ་ལྕ་བའི་འབྲུ་དང་གཡེར་མ་དང་གོ་སྙོད་དང་ཚྭ་དང་ཕབས་དང་ཆང་འགག་སྟེ་ཆུ་མ་བརྒྱབ་པའི་སྦང་མ་བཅས་དྲོད་ཕབ་སྟེ་འཇིབས་སུ་བཏང་བས་ཁྲག་ངན་དང་ཆུ་སེར་རྣམས་འཇིབས་ཅིང་རླུང་བྱེར་འདུལ་ལོ། །ཞུ་མཁན་དང་གླ་སྒང་དང་སྤང་སྤོས་རྣམས་ཀྱི་ཕྱེ་མ་མར་ནག་ལ་བཏབ་པ་བསྐོལ་བ་རས་ཀྱིས་གཏུམས་པའི་ཚན་དོས་སྦོས་པ་དང་འཁྱུག་པ་དང་རྩ་འབྲུམ་བྱུང་བའི་སྟེང་དུ་བདུག བྱེར་ཆེ་ན་ཀླད་པ་སྣ་ཚོགས་ལ་མར་ཆང་ཚྭ་བཅས་བཏབ་ལ་བཙོས་པའི་ཞུན་གྱིས་བདུག་ཅེས་ཀྱང་བྱུགས་པས་ཤ་རྩ་རེམས་པ་འདུལ་ལོ། །དང་པོའི་རྨ་རྒོད་ཞུན་མར་དང་ཆང་གིས་རྩ་ཁ་སྡོམ་ཞིང་རྨ་དྲོད་ལ་དབབ་པ་དང༌།

            ཞག་གསུམ་ལོན་ནས་རྨ་ལ་ནང་ནས་ཕུལ་བ་དང་ཕྱི་ནས་འདྲེན་པར་བྱ་དགོས་ཏེ། ཁོང་ནས་ཕུལ་བ་ལ་ཡང་སྨན་དང་ཁ་ཟས་གཉིས་ལས་རླུང་ཤས་ཅན་མ་ཡིན་པ་རྣམས་ཞག་གསུམ་གྱི་བར་ཕྱེ་ཐུག་སོགས་བསིལ་དུ་བསྟེན་ལ་དེ་ནས་མར་ཤ་ཆང་གསར་པའི་བཅུད་རྣམ་པ་གསུམ་རིམ་པས་ཉམས་དང་སྦྱར་ལ་བཏང་བ་དང༌། ཐ་མ་མི་ལྡོག་པའི་གདེངས་ཐོབ་ནས་བཟའ་བཏུང་ཤ་ཆང་སྤྲུག་ལ་བཏང་ན་དེས་ཤའུ་འཕེལ་ཞིང་ཟུངས་གསོ་ལ་སྨན་གྱིས་བཅུད་བསྐྱེད་པར་འགྱུར་རོ། །ཁོང་ནས་སྨན་གྱིས་ཕུལ་བ་སྦལ་རྒྱབ་གངས་ཐིགས་གསེར་རྡོ་དང༌། གུར་ཀུམ་དང་མི་དང་དོམ་གྱི་མཁྲིས་པ་ཨ་བི་ཥ་དང་ཨ་བྱག་དང་ཆུ་རྩ་བུ་རམ་རྣམས་སྦྱར་བ་བཏང༌། ཤིན་ཏུ་སྐྱོན་ཆེ་བ་འདུག་ཚེ། རྡོའི་རྒྱལ་པོ་རྐྱང་སེལ་དུ་རྒྱས་པར་བཤད་པ་ལྟར་སྦལ་རྒྱབ་མདུང་རྩེ་གངས་ཐིགས་ཅོང་ཞི་བཞི་དང་ཁབ་ལེན་དང་འབྲུག་གི་རུས་པ་གསེར་གྱི་བྱེ་མ་དང་འབྲི་ཏ་ས་འཛིན་དང་རེ་རལ་དང༌། མི་དོམ་གྱི་མཁྲིས་པ་དང༌། གུར་ཀུམ་དང༌། ཨ་བྱག་དང༌། བྱང་སེམས་དཀར་དམར་དངོས་སམ་མ་རྙེད་ན་ཅོང་ཞི་དང་བྲག་ཞུན་ལ་བྱེད་པ་རྣམས་བུ་རམ་དང་སྦྱར་བ་ཆང་གིས་ཕུལ་ལ་བཏང་ངོ༌། །རྨའི་ཕྱི་ནས་འདྲེན་པ་ལ་རྡོ་སྦྱོར་དང་རྩི་སྦྱོར་དང་སྔོ་སྦྱོར་དང་གསུམ་ལས། རྡོ་སྦྱོར་ལ་རྒྱལ་པོ་སྡེ་བཞི་བཤད་མ་ཐག་པ་དང་ཟེ་ཚྭ་དང་གུར་ཀུམ་དང༌། དོམ་མཁྲིས་ཀ་ར་བཅས་པའི་ཕྱེ་མ་གདབ་ཅིང་ཡང་ན་རྡོའི་མང་སྦྱོར་ཆེན་མོ་ཞེས་བཤད་རྒྱུད་ཀྱི་ལེའུ་ཉི་ཤུ་པར་བཤད་པའི་རྡོ་སྨན་ཚོགས་ཚད་སྦྱར་བ་དང༌། ཡང་ན་སྦལ་རྒྱབ་དང༌། གངས་ཐིགས་དང༌། ཅུ་གང་དང༌། གུར་ཀུམ། དོམ་གྱི་མཁྲིས་པ་ཀ་ར་རྣམས་སྦྱར་ལ་གདབ་ཅིང༌། རྡོ་སྨན་དེ་དག་ཀུན་ལ་འཇུ་རྩི་ནི་ཟེ་ཚྭ་དང་དར་སྨན་ལ་ཚ་ལ་བཏུལ་མ་སྟེ་ཁོང་བྱུག་གི་སྨན་གཉིས་ཀར་གཅེས་ལ་འགའ་ཞིག་ནག་མཚུར་རམ་རྡོ་ཞུན་ལའང་ཟེར་སྣང་ངོ༌། །རྩི་སྦྱོར་ལ་ཚི་བ་སྟེ་ནགས་མའི་ཐང་ཆུ་དང་ཕྱེ་མ་དང་ཁཎྜ་བཅས་གསུམ་ལས། ནགས་མའི་ཐང་ཆུ་ནི་རྐྱང་སེལ་དུ་བཤད་པ་ལྟར་གྱིས་ལྷ་རུས་བཙོན་དུ་འཛིན་པར་འགྱུར་ལ། ཕྱེ་མ་ག་བུར་དང༌། ཅུ་གང་དང༌། གུར་ཀུམ་དང༌། དོམ་གྱི་མཁྲིས་པ་དང༌། ཧོང་ལེན་དང༌། མཚལ་དཀར་དང་ཀ་ར་རྣམས་སྦྱར་བ་དང༌། སྐྱོན་ཆེ་ན་ཨ་བྱག་གཟེར་འཇོམས་དང༌། ཚེར་སྔོན། རྐྱང་སེལ་དུ་བརྗོད་པའི་དར་ཡ་ཀན་བཅས་གོང་སྟེང་ལ་བསྣན་ཏེ་དགུ་སྦྱོར་དེ་དག་རྨ་ལ་གདབ་བོ། ཁཎྜ་ལ་རིའི་རྟ་ལྤགས་སྨུག་པོ་དང་ཀླུང་གི་རྟ་ལྤགས་པ་སེར་པོ་དང་རེ་སྐོན་དང༌། དར་ཡ་ཀན་བ་མོ་མ་ཕོག་པ་རྣམས་དུས་སུ་བཏུས་ལ་ས་མེད་པར་བཤལ་ཏེ་བརྡུངས་པའི་བཙོས་ཁུ་ཆུ་ཆོད་ཅིང་སྣ་མ་ཚིག་པར་བཅད་པ་དེ་གསུམ་ནི་ཐོག་མར་ཚི་བ། དེ་སྟེང་ཕྱེ་མ། དེ་སྟེང་ཁཎྜ་སྟེ་ཕྲུགས་ཞེས་དུས་གཅིག་ལ་རྨ་ལ་གདབ་པར་བྱ་བ་དང༌། ཡང་ན་རྒྱ་ཚྭ། པདྨེ་སྟེ་བྱང་པ་དམར་ཁྲ་དང་ལྡོང་རོས་དང་མཚལ་དང་ཚ་ལ་དང༌། སེར་མཚུར་དང་བུལ་ཏོག་སོགས་སྦྲང་ལ་སྦྱར་བ་བཏང༌། ཡང་ན་རྨ་ཚད་སེལ་བར་ག་བུར་ཅུ་གང་རྒྱ་ཚྭ་དང་དོམ་མཁྲིས་དང་ཀ་ར་རྣམས་སྦྱར་བ་གདབ་པར་བྱའོ། །སྔོ་སྦྱོར་ལ་ཚེར་སྔོན་རྟ་ལྤགས། ཨ་བི་ཥ་དང་རེ་སྐོན་ཞེས་རྩི་མར་རྐང་གཅིག ཆུ་རྩ་དང་དོམ་མཁྲིས་ཀ་ར་རྣམས་སྦྱར་བ་དང༌། རྡོ་རྩི་སྔོ་བཅས་གསུམ་འདུས་ཀྱི་སྦྱོར་བ་ནི་སྦལ་རྒྱབ་མཚལ་དཀར་དང༌། རྨ་ཚད་སེལ་བར་ག་བུར་གུར་ཀུམ་དང༌། རྩ་བྱེར་སྲུང་དང་རྨ་མདངས་འབྱིན་པ་ལ་དོམ་མཁྲིས་དང་ཤེལ་ཏས་ལྷ་བ་འཛིན་པ་དང༌། ལྷ་བ་ཚ་གྲང་སྙོམས་ཆེད་དུ་རྟ་ལྤགས་དང༌། སྟབ་སེང་ནི་སྤྱི་ཞུར་ཀ་ར་སོགས་སྦྱར་ལ་བཏང༌། ཆུ་སེར་འདྲོངས་ཆུང་ན་མན་ངག་གི་སྨན་རྒྱ་ཚྭ་དང་བྱང་པ་སྦྲང་རྒོད་དེ་སྦྲང་སྨྱོན་གསུམ་བསྣན་ལ་བཏང་ཞིང་ཐག་ཆོད་ནས་མི་བཏང༌། རྨ་སྨན་ཀུན་ལ་སྦང་མ་འཇམ་པོའི་ཆུ་སེར་འཇིབ་པའི་ཆས་བྱ་བ་གཅེས་ལ་ཡང་ན་རིན་པོ་ཆེའི་སྦྱོར་བ་དངུལ་ཆུ་དང་ཟངས་ཐལ་དང༌། མུ་ཏིག་དང༌། སྦལ་རྒྱབ་དང༌། དོམ་མཁྲིས་དང༌། ཚ་ལ་དང༌། ཨ་བི་ཥ་དང༌། རྒྱ་ཚྭ་དང༌། བྱང་པ་བྲག་སྤོས་རྣམས་སྦྱར་བ་རྨ་དང་ཁོང་དུ་བསྟེན་པས་རྩ་ཆད་མཐུད་ཅིང་ཀླད་པ་དང་ཁྲག་གཅོད་ལ་རུས་པ་གས་པ་སྦྱོར་ཞིང་ཞོམ་པ་བསྲང་ལ། འདིའི་ཁ་ཞུན་དུ་སྦང་སྐོགས་མར་དཀར་ཞོ་བཙགས་ནི་ཞོ་ཡུན་ལོན་པ་སྐྱུར་ཞིང་ལྦུ་བ་ཅན་ཁུ་བ་བཙགས་པའི་གར་པོ་དེ་ཤིས་ཤིང༌། དེ་ལྟར་དུ་སྨན་གྱི་འཕུལ་འདྲེན་རིམ་པར་བསྟེན་པས་དང་ག་བདེ་ཞིང་ཟུག་མེད་ལ་ཁམས་སྙིང་སེང་བ་དང༌། རྨའི་མདོག་ལེགས་ཤིང་རྣག་དཀར་ལ་འཇམ་པར་བཞེད་དེ་གསོ་སླ་བ་ཡིན་ཞིང༌། ཁ་ཤ་ཤི་སྨྱོས་སམ་སྐམས་སམ། ཤ་རུས་བྱེ་བ་དང༌། རྣག་སླ་ལ་ཚ་བ་སྐྱེ་ཞིང་དང་ག་འགག་པ་དང༌། ཤེས་པ་ལྕི་ཞིང་མགོ་ལུས་ཀྱིས་རང་ཚུགས་མི་ཐུབ་ན་བྱེར་ལྷུང་གི་གཏིང་སྐྱོན་གཡོས་པ་ཡིན་པས་དྲས་ཀྱིས་སྐྱོན་རྩད་ནས་དབྱུང་དགོས་ཏེ་བྱ་ལུགས་འོག་ཏུ་གསལ་ཞིང་སྐྱོན་གྱིས་ཐག་ཆོད་ནས་རྨ་ལ་འཚོ་བའི་སྨན་ཅུ་གང་གུར་ཀུམ། མཚལ་དཀར། དོམ་མཁྲིས། ཤིང་མངར། ཆུ་རྩ། བྲག་སྤོས། ཚ་ལ་རྣམས་གདབ་པ་དང༌། རྨ་སྐམས་ཤིང་ཤའུ་མི་ཆགས་ན་གཤེར་རྩི་བ་རུ་རའི་རྐང་མར་དང་སྦང་མ་གདབ་པ་དང༌། རྨ་རློན་ལ་ཤའུ་མ་ཆགས་ན་སྐམ་རྩི་ཆུ་རྩ་དང་རེ་བལ་སྣུམ་ལྡན་གདབ། ཤ་སྨྱོས་ནས་པགས་པ་མི་རྒྱུ་ན་གཅོད་སྨན་དོམ་མཁྲིས་དང་ཀ་ར་གདབ་ཅིང༌། རྨ་གཞའ་ནས་ཤ་མི་སྐྱེ་བ་ལ་རྨ་སོབས་ཤ་ཆང་བཏང་བ་ལ་སོགས་པ་དེ་དག་གིས་ཟླུམ་བཅོས་ནི་སོ་སོར་སྤུ་རིས་མ་ཕྱེ་བར་ཚེགས་ཆུང་ངུས་དོན་ཆེན་མང་དུ་སྨོས་ཁྱབ་ཆེ་བའི་དཔེ་རྒྱལ་པོ་ལྟ་བུའི་བཅོས་ཚུལ་ཡིན་ནོ།།

          གཉིས་པ་གྲོང་ཁྱེར་མེས་གཞོམ་པ་ལྟ་བུའི་བཅོས་ཚུལ་ནི། ཕོག་དུས་ནས་ཞག་གཉིས་ཚུན་ལ་མེ་གདབ་ཀྱང་ཆུ་སེར་མི་འདུ་ཞིང༌། ཞག་བདུན་འདས་ནས་ཆུ་སེར་ཁ་ཡན་པས་མེས་ཐུབ་པར་དཀའ་བར་འགྱུར་བ་དེའི་ཕྱིར་ན་ཞག་གསུམ་པ་དང་བཞི་པ་དང་ལྔ་པའི་བར་ལ་བསྲེག་པ་བསྔགས་ཏེ་གང་ཞེ་ན་ཆུ་སེར་འདུས་པའི་དུས་ཡིན་པས་གདབ་པའི་ཐབས་གསལ་སྡོམ་པའི་མེ་གང་གས་ཀྱི་སྟེང་དང་གས་སྣེ་གཉིས་སུ་གདབ་པ་དང༌། སོ་དབར་དུ་ལྕེ་འཐེམ་པ་ལྟ་བུ་གསེང་བ་དང་བྲོས་པ་སྟེ་ཤ་རུས་ཁ་ཁྲད་དུ་བྱེ་བ་འགུགས་པ་གཉིས་ལ་རུས་པ་བྲད་ནས་ལྷ་བའི་ཁྲག་དང་རྨ་ཁའི་བཅད་འཕྲོ་སྤྲད་ལ་དེའི་སྟེང་དུ་གདབ་པར་བྱ་བ་དང༌། ཆག་པ་རྣམས་སྦྱོར་བ་ལ་ཆག་མཚམས་ཀྱི་རྨའི་ཁར་མེ་གསུམ་ཚོམས་སུ་གདབ་ཅིང༌། གདབ་ཚད་ཆུ་སེར་དམར་སེར་དཀར་བ་སྟེ་རིམ་པ་གསུམ་ཐོན་བར་ལ་གདབ་པར་བྱ་ཞིང༌། རྨ་མེད་ཆག་ན་གང་ཆག་དེའི་སྟེང་དུ་གདབ་པ་དང༌། དེ་དག་ཀུན་ལ་ཞག་བདུན་བདུན་གྱི་བར་དུ་མེ་ལན་རེ་གདབ་ན་དེས་ཆུ་སེར་སྡོམ་འདྲེན་དང་སྐེམ་པར་བྱེད་དོ། །ཀླད་པ་འཛག་པ་དང་འཚོ་བྱེད་དར་རྩ་རྒྱ་དར་གྱི་རྩ་ཆོད་པ་རྣམས་ལ་གསེར་གྱི་ཏེལ་པས་མནར་ཙམ་ཞེས་སེར་ཙམ་བསྲེག་པར་གསུངས་ཏེ། གང་ཞེ་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་བསྟན་པའི་རྩལ་ཏེ། སྐུ་མདོག་ཀྱང་གསེར་བཙོ་མ་ལྟར་སྣང༌། དངོས་པོ་གྱ་ནོམ་པ་ཐམས་ཅད་དང་ས་གཞི་ཡང་གསེར་དུ་བྱིན་གྱིས་བརླབས་པ་རིན་པོ་ཆེའི་ཡང་དང་པོ་ལེགས་པའི་རྟེན་འབྲེལ་མང་པོ་ཚང་བའི་དོན་གྱིས་སམ་ལྕགས་ལས་ཅུང་ཟད་མེའི་ཚ་ངད་ཆུང་བར་བསྟན་པའམ་ཁྱད་པར་དུ་གསེར་གྱི་མེ་བཙས་ནི་རྩ་ཆད་པ་མཐུད་ནུས་པ་སྟེ། ཇི་སྐད་དུ། རྩ་ཆད་གསེར་གྱི་མེ་བཙས་མཐུད། །ཅེས་པ་ལྟར་གྱི་ཀླད་པ་འཛག་པ་དང་དར་རྩའི་རླུང་བསྲུང་ངོ༌། །ཤ་རྩ་རྣམས་ཤས་བཟང་བ་ལྕགས་ཀྱིས་བསྲེགས་ལ། རུས་རྩ་རྣམས་ལ་མར་བསྐོལ་བའི་ནང་དུ་རས་སྒྲིལ་བ་བཅུག་པའི་ཚ་མོ་རྨ་ལ་ནན་གྱིས་གླན་པས་བསྲེག་དགོས་ཏེ་ལྕགས་ཀྱིས་བསྲེགས་ན་འདུས་པའམ་ཚིག་པའི་སྐྱོན་ཡོད་པ་དང༌། ཤ་ལ་བྱེར་ན་སྤྱི་བོ་ལྟག་པའི་སྡུད་སྒོ་མཚོག་མ་སྟེ་འདུས་སོ་གསུམ་དང་སྤྱི་གཙུག་གི་ཕྱོགས་བཞིར་རེ་ཐག་བཞི། ལྟག་རལ་གཉིས། ལྟག་རྩ་གཉིས། ཕྱི་ནང་ལྗོན་ཤིང་བཞི་སོགས་མནན་པ་དང༌། རྩར་བྱེར་ན་རྩ་འབྲུམ་གང་བྱུང་གི་སྟེང་དུ་བསྲེག་ཅིང༌། བྱེར་ཆེ་ན་སྤྱི་བོ་མཚོག་གསང་ལྟག་པའི་སྡུད་སྒོ་སྟེ་འདུས་སོ་གསུམ་དང་ཆུ་རྩ་སྦུ་གུ་ཅན་གྱི་མགོ་གཉིས། ཨན་སྟོང་ཚིགས་པ་དང་པོ། རྣ་བའི་མདུན་རྒྱབ་ན་ལྗོན་ཤིང་བཞི། རྣ་ཤལ་འོག་གཤོང་རཏྣ་གཉིས། རྣ་རྒྱབ་སྤུ་འཁྱིལ་འཇའ་བྱེད་གཉིས་ཏེ་བསྲེག་དམིགས་བཅུ་བཞི་མནན་པ་དང༌། སྤྲོ་ན་གཞན་ཡང་སོག་པའི་མེ་ལོང་གི་དབུས་དང་ལག་པའི་མཐེ་བོང་གཉིས་དང༌། སྲིན་ལག་གཉིས་དང་བཞི་པོའི་མཐེབ་སྙིང་རྣམས་གསེར་གྱི་ཏེལ་པས་ཆུ་བུར་ཐོན་ཙམ་རེ་བསྲེག་ཅིང༌། ནང་རྩར་བྱེར་ན་ཚིགས་པ་དྲུག་པ་དང་འཁོར་ལོ་གསུམ་ཞེས་པ་འདི་ལ་གཡུ་ཐོག་པའི་ཕྱག་དྲེག་མ་སོགས་ཁུངས་འགའི་མཆན་བུར་གཙུག་མཐིལ་སྲིན་ལག་ཅེས་གསུངས་འདུག་ལ། བླ་རྟའི་འགྲེལ་པར་ཁུངས་གཞན་ནི་མ་རྙེད། རྒྱུད་སྡེ་རྣམས་སུ་རྩ་འཁོར་བཞིའི་རྣམ་གཞག་མཛད་པ་དང་བསྟུན་ན། འདོམས་ཆེ་བ་སྙིང་ག་ཆོས་ཀྱི་འཁོར་ལོ་དཀར་ནག་མཚམས་ཚིགས་པ་དྲུག་པ་བསྲེགས་པས་འཐུས། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་སྤྱི་གཙུག མགྲིན་པ་ལོངས་སྤྱོད་འཁོར་ལོ་སྐེ་སྟོང༌། ལྟེ་བ་སྤྲུལ་པའི་འཁོར་ལོའི་སྒོ་ལྟེ་འོག་ཡིན་ནམ་བསམ་པ་བློ་ལྡན་རྣམས་ཀྱིས་དཔྱད་དགོས་ཤིང༌། ཁོ་བོ་ནི་ནམ་དུ་ཡང་རང་བཟོའི་སྤྱི་བརྟོལ་མི་བྱེད་དེ་མཁས་རློམ་གྱིས་མ་དྲེགས་པའི་ཕྱིར་རོ་གསུངས་པ་དང༌། འདིར་ནི་སྤྱི་བོ་སྙིང་ག་ལྟེ་བ་གསུམ་དང་རྐང་མཐིལ་དང་སྲིན་ལག་གི་རྩེ་སྔོན་བུ་ཞེས་གློ་རྩ་མེ་ལོང་འོག་གི་སྔོན་བུ་དང་དཀར་ནག་མཚམས་རྣམས་སུ་གསེར་གྱིས་བསྲེག་ཅིང༌། གཞན་ཡང་སྣ་ཁྲག་མ་ཆོད་ན་སྨིན་དབྲག་བསྲེགས་པ་དང༌། སྐྱིགས་བུ་འབྱམས་ན་ཀོས་ཀོ་སྟེ་མ་མཆུའི་འོག་གཤོང་དེ་དང་སྤྱི་གཙུག་བསྲེག་ཅིང༌། མིག་ལུག་ན་གང་ལུག་ཕྱོགས་དེ་ངོས་ཀྱི་རྟིང་པའི་དྲེགས་པ་ཡོད་མེད་མཚམས་འོག་ངོས་ཀྱི་འཛུམ་དུ་བསྲེག གཞུང་རེངས་ལྟག་དགྱེ་རྩ་ནག་ཅེས་པ་སྤྱིར་ཁྲག་རྩ་ཐམས་ཅད་ཡིན་ཀྱང་ཁྱད་པར་བཅུ་བཞི་པའི་ཐད་དུ་མཁལ་མའི་རྩ་ནག་ཡོད་པ་དང་ལྟག་པའི་ཆུ་རྩ་སྦུ་གུ་ཅན་བསྲེག ལུས་སྦྲིད་ཅིང་ཟ་ཟི་མང་བ་ན་ལྟེ་བ་བསྲེག་པ་དང༌། སྒྲེག་པ་བྱེད་ཅིང་དང་ག་འགགས་ན་ཚིགས་པ་བཅུ་གཉིས་པ་བསྲེག དྲན་པ་ཉམས་ཤིང་རྐང་པ་བཤལ་བར་རྩ་དཀར་བཅོས་པའི་ནང་ལྟར་བསྲེག ཤ་རོ་རུས་རོ་སོགས་རྨ་ནས་བྱུང་བ་རྣམས་ལ་ནི་བསྲེག་ནན་བསྐྱེད་དེ་བསྲེག་ཤུལ་དཀར་པོར་མ་སོང་བར་དུ་ཏེལ་པས་བསྲེག་ཅིང༌། དེ་དག་མེ་བཅོས་ཞེས་པ་ནད་ལ་ལྟོས་ནས་གང་ལ་གང་འཚམ་དུ་སྦྱོར་བ་དང༌། གསོ་ཡུལ་ལ་ལྟོས་ན་དཔེ་བློན་པོ་ལྟ་བུའི་བཅོས་ཚུལ་ཡིན་ནོ།།

          བཅོས་བྱས་ལ་མཁར་ལ་འོབས་ཀྱིས་བསྐོར་བ་ལྟ་བུའི་བཅོས་ཚུལ་ནི། དྲ་བའི་དུས་གསར་པའི་སྐྱོན་ནི་ཞག་གསུམ་དང་ལྔ་ལ་དྲ་དགོས་ཤིང༌། རྙིང་པའི་རྐྱེན་ནི་ནམ་མགོ་སྐྱོན་ལོག་པའི་སྐྱོན་གྱི་དུས་དང་སྦྱར་ལ་དྲའོ། །དྲ་བའི་ཐབས་ནི་རྨ་དེ་སྟེང་ངོས་སུ་བཏོན་ཏེ་སྔས་མཐོར་བཅུག་ལ། སྐྱོན་དང་འཚམས་པའི་རྩྭ་དྲེས་མའམ་ཤིང་ལྕུག་མ་སྒྲིལ་བ་སྒོར་མོ་བལ་གྱིས་དྲིལ་ལ་ཆག་ཁ་ཇི་ཙམ་དྲ་དགོས་པའི་ཕྱི་རྒྱ་དང་མཉམ་པར་བཞག་ལ་བལ་སྒོར་དེའི་སྟེང་བར་མེད་པར་སོར་མོ་རྣམས་ཀྱིས་ཇེ་དྲག་མནན་པར་བྱ་སྟེ་དེས་ནི་མདོག་ལོག་པ་དང་མཁྲང་བ་དང་སྦྲིད་པར་གྱུར་པས་དགོས་པ་ནི་དྲ་བ་སླ་ཞིང་ཚ་བའི་ཟུག་ཆུང་ཞིང་ཁྲག་མི་འཆོར་བ་ཡིན་པས། དེ་དུས་དྲས་བྱེད་པའི་གཙགས་བུ་སྲབ་ལ་མཁྲང་ཞིང་རྣོ་བས། ཆག་པའི་སྐྱོན་ཆུང་ཞིང་གནད་ལ་ཉེ་བ་ལ། ཉ་རལ་ནི་གནད་ལ་བྱོལ་ཏེ་གཉིས་སུ་དབུས་ནས་ཕྱེད་མར་གཤགས་ལ་རི་བོང་གི་མཆུ་ལྟ་བུ་གསུམ་གཤགས་དང་བཞི་ཤོར་སྟེ་རྒྱ་གྲམ་དུ་གར་འོས་དྲ་བ་དང༌། སྐྱོན་ཚབས་ཆེ་ན་མགོ་སྐྱོན་ཉིད་ཀྱིས་སྲོག་འདོར་བའི་ཕྱིར་ན་ཚ་ལ་མ་ལྟོས་པར་ཤ་ཆེར་དྲས་ཀྱང་དེ་ལ་ཉེས་པ་མེད་པས་སྟ་རེས་ཤིང་སྒྲབ་བསྐོར་ནས་གཅོད་པ་ལྟ་བུར་བསྐོར་ཏེ་ཤ་གདན་དང་བཅས་པ་སོ་ལེབ་ཀྱིས་ཤ་རུས་དབྱེ་བ་ཆོད་པར་དྲ་ཁྲག་ཤོར་ན་སྤྲུ་དཀར་གྱི་རྩ་བ། གུར་ཀུམ། དོམ་མཁྲིས། མི་མཁྲིས་སྦྱར་བ་ཁོང་དུ་བཏང༌། སྤྲ་བའམ་མཁན་པ་དང༌། སྤྲུ་རྩའི་བྲལ་བྲུལ་རྨ་ནང་དུ་མར་ཁུར་བཙོས་ལ་བརྫང༌། ཁྲག་གང་ཤོར་བའི་རྩ་སྟེ་ཏེལ་པས་བསྲེག་ཀླད་རྒྱའི་དར་ཐོག་ཏུ་རྣག་ཤོར་འདུག་ན་འགྱངས་པའི་ལོང་མེད་པས་དེའི་ཉིན་པར་ཐོད་པ་ལ་གསེང་བུག་ཅི་ཐོན་བྱ་ཞིང་དྲ་བ་གསར་སྐྱོན་གྱི་རྨ་ཁྲོས་ན་ཤ་གསར་དང་ཀླད་པ་རྨ་ཁར་བཅུག་ཅིང་ཞག་གཅིག་བཞག་ལ་དེའི་ནང་པར་བསལ་ལ་རུས་སྐྱོན་གང་འདུག་ཞིབ་ཏུ་བརྟག་ཅིང༌། དེ་ལྟར་བྱས་ཀྱང་རྩ་དང་རུས་སྐྱོན་དམར་བྲེང་ངེ་བ་གཉིས་མ་གསལ་བར་ཐེ་ཚོམ་ན་སྨན་རྒྱ་ཚྭ་བུལ་ཏོག་ཚྭ་ཚག་པོའི་ཤ་དང་སྦྱར་ནས་དར་ཅིག་བཞག་པས་རྩ་མདོག་མི་འགྱུར་རུས་སྐྱོན་ཡིན་ན་མདོག་འགྱུར། ཁྲག་ཡིན་ན་རླངས་པ་འོང་བ་དང་ཟོ་ཡིས་རུས་པའི་སྐྱོན་དང་རྩ་ཁྲག་དེ་ལྟེ་བར་བཞག་ནས་བྲུས་པས་མ་འགྱུར་ན་རྩ་ཡིན། འགྱུར་ན་རུས་སྐྱོན་ཡིན་པས་སོ་སོར་དབྱེ། ཁ་ཡངས་ལ་གཏིང་དོག་པའི་བཤང་ཁར་མི་བརྡར་བར་སྐྱིབས་སུ་གད་པའི་དབྱིབས་ལྟར་བཅད་ལ་བྲུད་ཅིང་ལྷ་བར་སླེབ་པ་ནས་ལྷ་བའི་ཁྲག་ཆིར་གྱིས་འབྱུང་ལ་རྣག་སླ་བ་སེར་བ་སྔོ་བ་རླངས་པ་ཆེ་བ་ལ་རེས་འབབ་རེས་མི་འབབ་པའི་གཅོད་སྡོམ་བྱེད་པ་ལ་གང་བྱུང་ཡང་སྐྱོན་ཡིན་པས་རླངས་པས་བྲུད་ཅིང་རྩ་བ་བཅད་པ་དང༌། བརྡར་ན་ཁྲག་མེད་ལ་བཞག་ན་ཁྲག་ཡོད་པ་དང་ཕྱོགས་རེ་ན་ལྷ་ཁྲག་མེད་ལ་ཕྱོགས་རེ་ན་ཡོད་པ་དེས་སེན་མོ་ལ་རི་མོ་བྲིས་པས་མཚལ་འདྲ་ན་སྐྱོན་མེད། ལྷ་མིག་མ་ཚང་བར་རུས་པ་ཁྱེ་མ་ཅན་ནི་སྐྱ་ཆོ་ལེ་ཡོད་པའོ། །མ་བརྡར་བར་བཞག་ན་ལྷ་བ་སྐམ་བྱེར་དུ་འགྲོ་བ་དང༌། །ལྷ་བ་གསོད་ཅིང་ལྷ་ཁྲག་མང་ལ་སླ་ཞིང་ནག་པ་དང་རླངས་པ་ཆེ་བ་བཞག་ནས་ལྷ་ཁྲག་གྲང་དུས་བྱ་ཝང་རྒྱབ་འདྲ་བའི་སྔོ་དཀར་ཅན་གཤེར་བྱེར་དུ་འགྲོ་བས། དེ་ཕྱིར་བལ་ཡེ་ཆུར་བཅུག་གིས་ཕྱིས་ཤིང་སྐྱོན་གང་འདུག་བལྟས་ལ་བྲུད་ཅིང་རུས་པ་ཉུང་མ་རློན་པ་བཞིན་དུ་རླན་དང་མི་འབྲལ་ཞིང་ལྷ་ཁྲག་དམར་ལ་དྭངས་ཤིང་ཞག་དང་བཅས་པ་ལྷ་མིག་ཐམས་ཅད་ནས་སྙོམས་པར་སེན་མོ་ལ་བྲིས་པས་མཚལ་འདྲ་འབབ་ན་སྐྱོན་མེད་ཅིང་གསོན་དང་འཕྲད་པ་ཡིན་པས་བྲུད་འཕྲོ་བཅད་ཅིང༌། ཆུ་སེར་དར་ཐོག་ཏུ་ལྷུང་དང་ཆག་སྐྱོན་ཆེ་ན་དེ་དག་འོག་གདུང་ཤའུ་སྐྱེ་དཀའ་དང་དར་སྟེང་ལ་རྣག་ཆུ་མི་གསལ་ཞིང་སྲབ་ན་ཀླད་པ་སྦོ་བས་སྦྲང་གཤོག་ཙམ་དུ་བརྡར། སྲུབས་ཞིག་ན་ཆིངས་དང་ནན་འོག་ནས་འབྱུང་བ་ལྟར་ནན་གྱིས་ཤ་གདན་མ་ཐིངས་བར་དུ་བསྡམ་པ་གཅེས། ཀླད་པའི་ཚས་སུ་རུས་པ་བཟང་པོ་སྲབ་མཐུག་སྦྲང་བུའི་གཤོག་འདབ་ཙམ་འོག་གདུང་གི་སྐྱོན་གང་ལ་འདུག་པར་ཁྱབ་པར་བཞག་ཅིང༌། རུས་པའི་ཚས་སུ་ཤ་བཟང་བས་ཁ་ཤའི་འོག་ཏུ་ཤ་དེ་སྦ། ཤའི་ཚས་སུ་རྣག་བཟང་བས་མི་ཕྱེ་བར་ཁ་ནག་ཆི་རེ་བཞག་པ་དང༌། རྣག་གི་ཚས་སུ་རླན་བཟང་བས་རྨ་ཆས་རླན་སྦང་མ་ཤུལ་ཚིལ་ལྡན་པ་གཡོགས་ཤིང༌། གས་སྣ་རི་ཐང་ཞེས་ཡོད་མེད་མཚམས་དང་རྣག་ཆུའི་སྟེང་དུ་གསེང་བུག་བྱེའུ་ནས་ཟན་ནི་རྒྱབ་དངུལ་ཁ་མདུན་དམར་པོ་བྱེ་ཆུང་ཟེར་བ་དེའི་མིག་ཙམ་དབུག་དེ་བས་ཆེས་ན་ཀླད་པ་སྦོ་ཆུང་ན་ཆུ་སེར་མི་ཐོན་པས། ཀླད་མྱུལ་ནི་རྒྱུས་པ་རྩེ་མོ་བལྡད་པ་དལ་བུས་བཏང་ཞིང་རྣག་ཁྲག་ཆུ་སེར་དབྱུང་བ་དང༌། དེ་ནས་གསེང་བུག་ཏུ་གྲོ་ག་དྲིལ་བའི་རྩི་དཀར་པོ་ཕྱིར་བསྟན་ལ་འཇིབས་ཚངས་གཞུག་ཅིང༌། མིའི་མགོའི་ཐོད་པའི་ལྷ་རུས་ཀྱི་ཕྱེས་རོ་ཞོ་དང་སྦྱར་བས་ལྷ་བའི་མིག་དགང་ཞིང༌། ཡང་ན་ལུག་གི་རྐང་མགོ་བརྡུངས་པ་མར་དང་སྦྱར་བས་ལྷ་བའི་མིག་དགང་བ་དང༌། སྦང་མ་ཞོ་དང་སྦྱར་བས་རྨའི་ནང་དགང་ཞིང༌། སྦང་མ་ཕབས་དང་ལྡན་པ་སྟེ་བསྲེས་པས་ཁའི་ཤ་གཡོགས་ལ། ཕྱི་ཞེས་པ་དེའི་ནང་པར་བལྟས་པས་ཁྲག་རོ་ལུག་ཤིག་ཙམ་ཅོལ་ལེ་འདུག་ན་ལྷ་སྐྱོན་ཐུན་བུར་བཏུ་སྟེ་དེ་དུས་ལྷ་བས་མི་འབྱེར་བའི་མནའ་བསྐྱལ་པ་ཡིན་པས་ཕྱིར་མི་ལྡོག་གོ །རུས་པའི་སྐྱོན་ཐག་མ་ཆོད་བར་དུ་ཚི་བ་སྟེ་ནགས་མའི་ཐང་ཆུ་གདབ་ཅིང༌། འདི་དུས་ཀྱི་རྨ་ཆས་སྦང་མ་དང་ཞོ་བཙགས་ནི་ཞོ་ཡུན་ལོན་པ་ཚགས་པའམ་བཙགས་པ་སྟེ་སྐྱུར་ཞིང་ལྦུ་བ་ཅན་སྦྱར་བ་ཁོ་ན་བཏང༌། བཟོ་རྫོགས་ཤིང་རུས་པའི་སྐྱོན་གྱི་ཐག་ཆོད་པ་དང༌། ཚི་བ་ཕྱེ་མ་ཁ་གསུམ་གོང་དུ་རྩི་སྦྱོར་སྐབས་བཤད་མ་ཐག་པ་ལྟར་གསུམ་ཕྲུགས་ཞེས་དུས་གཅིག་ལ་མཉམ་དུ་གདབ་ཡང་ན་ག་བུར་དང་ཅུ་གང་དང༌། གུར་ཀུམ་དང༌། མཚལ་དང༌། མི་དང་དོམ་གྱི་མཁྲིས་པ། འདམ་བུ་ཀ་ར་སོགས་སྦྱར་བ་གདབ་པ་དང༌། ཡང་ན་རེ་སྐོན་པ་དང་རུ་རྟ་དང༌། བསིལ་ཅུ་གུར་ལི་གསུམ་དང༌། དོམ་གྱི་མཁྲིས་པ་དང༌། རྒྱ་མཚལ་དཀར་ནག་གཉིས་ལས་དཀར་པོ་དང་ཀ་ར་རྣམས་སྦྱར་ལ་གདབ་ཅིང་གོང་གི་ཟླུམ་ཆོས་སྐབས་ཀྱི་རྨ་སྨན་གང་ཡང་བཏབ་པར་བྱས་ན་བཟང་ཞིང༌། འདི་དུས་རྨ་ཆས་ལ་ཤའུ་གདན་ཐིངས་ནས་སྦང་མ་དྲགས་ན་ཤའུ་བྱེར་འགྲོ་བས་སྦང་མ་རྐྱང་པའི་རྨ་ཆས་བཞག་ལ་ཚིལ་བུ་མར་དཀར་སྦྱར་བའམ་ཆུ་རྩ་རྗེན་ཕྱེ་དང་ཞོ་མར་ཀ་ར་བཅས་སྦྱར་ལ་བཏང༌། སྦང་གླུམ་གར་པོ་དང་ཀླད་པ་གཉིས་ཕབས་སུ་སྦྱར་བ་ལ་སྤང་སྤོས་དང་ག་དུར་གླ་རྩིས་བྲན་ལ་རྨ་ཆས་སྦྱར་ཏེ། ནམ་ཟླ་དྲོ་དུས་རྨ་ཆས་གྲང་མོ་དང་གྲང་དུས་རྨ་ཆས་བསྲོས་ལ་བཏང༌། བཟོ་བྱས་ཞག་གསུམ་མམ་བཞི་ནས་བལྟས་པས་ཀླད་པའི་ལྡེབས་བཟང་ལ་མཐིལ་གྱི་རུས་པ་སྐྱ་ལ་སྨུག་པ་དང༌། ལྷ་བའི་མདངས་སྣུམ་ཞིང་ཁའི་རྣག་དཀར་ལ་འཇམ་པ་དང་ཁ་ཤ་མཐོ་ཞིང་མཁྲང་བ་དམར་ལ་སྙོམས་པ་དང༌། ལུས་པོ་ཡང་ཞིང་ཟས་ཀྱི་རོ་ཞིམ་ལ་ཟུག་མེད་པ་ལེགས་རྟགས་ཡིན་ཞིང༌། ཤའུ་རྣམ་པ་གསུམ་ནི་ཀླད་པའི་ཉེའུ་བྱི་མཚམས་མིག་ནས་བྱི་བའི་ནུ་མ་ལྟ་བུ་རུས་པའི་སེའུ་ལྷ་མིག་ནས་ཡུངས་ཀར་འཐོར་བ་ལྟ་བུ་ཤའི་ཤའུ་ཁ་ཤའི་དབུས་སམ་སྟེང་ནས་དམར་གསལ་སྲན་བཟོད་ཆུང་བ་ཟམ་ཐོགས་ནས་འབྲེལ་ན་སླར་ནད་ལྡོག་མི་སྲིད་པས་སྦང་གར་པོ་དང་མར་ནག་དང་བག་ཕྱེ་རྣམས་སྦྱར་བས་གཡོགས་ལ། རྨ་ཁ་ཟུམ་ནས་རེ་བལ་ཞེས་རའི་ཁུ་ལུ་མར་དུ་བཙོས་ལ་བརྫང་ཞིང༌། ཤའུ་མཛེར་ཐབས་སུ་སྲུབས་བྱེ་བ་དང་རྣག་འཁྱིམས་པ་བྱུང་ན། འཁར་བའི་ཐུར་མས་བསྲེག་ཅིང་སྐབས་སུ་དོམ་གྱི་མཁྲིས་པ་དང་ཀ་རའི་ཆུས་བཀྲུ་ཞིང་ཤ་འདྲོགས་པ་སྟེ་རྟ་གཡག་སོགས་འདྲོགས་ནས་འབྲོད་པ་ལྟར་ཤ་བྱེར་ནས་བྲོས་ན་ལྷིང་ཚ་དང་ཀླད་ཞུན་གོང་དུ་བཤད་པ་ལྟར་བག་རེ་བཏང་དགོས་ཏེ། དེ་རྣམས་དྲ་བཅོས་སྐྱོན་དམིགས་སུ་དཀར་བ་མི་ཕལ་པའམ་དེ་ལ་དམངས་དང་འདྲ་བ་རྣམས་ཀྱི་བཅོས་ཚུལ་ཡིན་ནོ།།

          རྨ་ནད་བྱེ་བྲག་ཏུ་བཅོས་ཐབས་དེ་ལའང་ཤ་དང་རུས་པ་དང་ཀླད་པ་དང་རྩ་དང་བཅས་བཞིའོ། །དང་པོ་ཤ་རྨ་ལ་ཡང་བཤུས་པ་དང༌། གཤགས་པ་དང་བཅད་པ་དང་བརྡུངས་པ་དང་རྫོགས་པ་དང་ལྔ་ལས། པགས་པ་བཤུས་པ་ཡིན་ན་ཚ་ལ་དུལ་མ་དང༌། དོམ་མཁྲིས་བཏབ་པ་སྦྱར་ཏེ་ཧེལ་གེ་སྲབ་མོས་བཅིང་བ་དང༌། སྐྲ་བཞར་བའི་རྗེས་སྐྱ་སྦྱོར་ནི་ཡན་ལག་ལེའུའི་སྐབས་ལྟར་རམ། སྦང་གར་རྗེན་ཕྱེ་སྒོ་ང་རྣམས་ཀྱིས་བལྡགས་པ་ཡང་ཡང་བྱུགས་ལ་ཕྱིང་དེབ་སྟེང་དུ་ཆིངས་མ་སྟེ་སྲད་བུས་བསྡམ་པ་དང༌། གཤགས་པ་ཕན་ཚུན་དང་བཅད་པའི་ཡས་མས་སུ་ཕྱིང་པ་སྦྱར་ཞིང་རྨ་སྨན་གང་འོས་གདབ་ལ་སྲད་བུས་སྒྲོག་ཅིང༌། ཞོ་བཙགས་ནི་ཡུན་ལོན་པ་སྐྱུར་ཞིང་ལྦུ་བ་ཅན་དེ་བཙགས་པའི་གར་པོ་དང་སྦང་གར་སྦྱར་བའི་ཁ་ཞུན་བྱའོ། །རྨ་ཤ་བརྡུངས་ཚབས་ཆུང་བ་ཚན་དོ་བྱ་ལུགས་འོག་ཏུ་བཤད་པ་ལྟར་གྱིས་ཐུབ་པ་ཡིན་ཅིང་ཆུ་སེར་ཆེ་ན་ཐུར་མས་བཙགས་ལ་གོང་བཤད་ཀྱི་ཨ་སས་བདུག་ཅིང༌། དེའི་རྗེས་སུ་ཕྱིང་པ་སྣུམ་དང་ལྡན་པ་གླན་ལ་བསྲོ་ཞིང༌། སྐབས་སྐབས་སུ་དོམ་སོགས་ཀྱི་མཁྲིས་པ་དང་འོ་མ་སྦྱར་ལ་བྱུག རྨ་ཅན་ཤ་སྟན་རྫོགས་པ་ལ་སྦང་འཇིབས་བྱ་ཞིང་རུས་གཅོད་ལ་ཡུང་བ་དུར་བྱིད་བཅས་གདབ་ཅིང༌། ཆུ་སེར་མཚན་ལངས་མེ་གདབ་ཅིང་རྩ་འཕྲང་མེས་བསྡམ། རྨའི་རུས་གཅོད་དང་ཤའུ་གསོ་སྨན་གོང་ལྟར་གདབ། ཤའུས་རྨ་ཁ་ཁེང་ན་སྦང་མ་བཞག་ལ་རེ་བལ་སྣུམ་བཙོས་བཏང་ངོ༌།།

          རུས་པའི་བཅོས་ཐབས་ལ་རྨ་ཅན་དང་རྨ་མེད་གཉིས་སོ། །རྨ་མེད་པར་རུས་པ་ཆག་ན་སྐྲ་བཞར་ལ་མར་ཚིལ་བྱུག་པ་དང༌། །ནང་ནུབ་གླ་སྒང་ལི་ག་དུར་སྤང་སྤོས་བཅས་པའི་ཚན་དོས་བདུག་ཅིང་རེ་བལ་སྣུམ་དང་ལྡན་པས་དཀྲི། ཡང་ན་གོང་བཤད་ཀྱི་སྐྱ་སྦྱོར་དང་དེབ་བཏང་ལ་རྒྱ་ཆིངས་བྱ་བ་དང་གསར་བཅུད་ཀྱི་བཅོས་གལ་ཆེ་ཞན་ན་རྣག་ཏུ་འགྲོ་ཁོང་དུ་སྟབ་སེང་ཞེས་སྤྱི་ཞུར་གྱི་ཐང་དང་རྡོ་སྦྱོར་གོང་དུ་བཤད་པ་ལྟར་བསྟེན་ཞིང༌། ཆུ་སེར་འདུས་ནས་མེར་མེར་བྱུང་ན་ཆུ་ཚགས་དང་འདྲ་བརྟོལ་ན་དར་སྟེང་དུ་ཆུ་སེར་འཆོར་ལ་མ་བརྟོལ་ན་རང་བརྡོལ་ནས་པགས་པའི་འོག་ཏུ་འགྲོ་བས་མེ་བཙས་སྐམ་པ་གལ་ཆེ་ཞིང་བརྟོལ་མི་རུང་བ་དང༌། ཕོག་ས་རྨ་ཡོད་ས་མིན་པའི་གཞན་དུ་གོ་ལོག་ཏུ་ཆག་ན་དོགས་པ་ཡོད་པར་སྐྲ་བཞར་ཕྱིང་པ་དྲི་ཆུར་བཙོས་པ་གླན་པས་སྐྲངས་ན་ཆག་པ་ཡིན་པས་ཤ་དྲ་རུས་པ་བརྡར་ཏེ་བཟོ་བྱ་བ་དང༌། རྒྱ་སྲུབས་ཞིག་ན་རྒྱ་ཆིངས་ལ་དྲུ་བུ་ཆིངས་དང་རྒྱའི་སྡོམ་ཆིངས་དང་འཁོར་ལོ་ཆིངས་དང་གསུམ་གང་བྱེད་ཀྱང་ངོས་གཅིག་ཐི་གུ་གསུམ་སྒྲིལ་ཕྲ་མོར་བྱས་ལ་དེའི་ཐ་མ་བསྐོར་བར་བྱའོ། །ངོས་གཅིག་འཇག་མས་བཅིངས། འཇག་གི་སྣའི་ཐི་གུའི་ངོས་ནས་མགོ་ལ་འཁོར་གཅིག་བསྐོར་ནས་ལྟག་པར་བསྣོལ་ལ། ཕྱེད་མ་ཕྱེད་མ་དྲུ་བུའི་མགུལ་བཞིན་དཀྲིས་ཐེར་སྤུངས་མེད་པར་བྱའོ། །སྡོམ་ཆིངས་ལ་ལྟག་པར་བསྣོལ་བ་དེ་ནས་སྨིན་དབྲག་ཏུ་བཏང༌། དེ་ནས་དཔྲལ་ཟུར་གཡས་སུ་ཁྱེར། དེ་ནས་གཡོན་གྱི་རྣ་བའི་རྟག་ཏུ་འཐེན། དེ་ནས་ལྟག་ཟུར་གཡས་སུ་བཏང༌། དེ་ནས་ལྟག་ཟུར་གཡོན་དུ་འཐེན། དེ་ནས་རྣ་ལྟག་གཡས་སུ་ཁྱེར། དེ་ནས་དཔྲལ་ཟུར་གཡོན་དུ་བཏང༌། དེ་ནས་དཔྲལ་དཀྱིལ་དུ་འཐེན་ལ་སྔར་གྱི་དེའི་གཡས་ནས་བར་གཤགས་ལ་ལྟག་པར་བཏང༌། དེ་ནས་སྔར་ཀྱི་དེའི་ཐེབས་གཅིག་གཤགས། དེ་ནས་ལྟག་པ་ནས་དཔྲལ་བ་གཡོན་ངོས་སུ་བཏང་ལ་བར་བར་གཤགས་ལ་ཐེར་སྤུངས་མེད་པར་བྱའོ། །དེ་མཚོགས་སྲུབས་གཉིས་སུ་རྒྱ་གྲམ་དུ་བསྣོལ་འོང་བས་སྡོམ་ཆིངས་ཞེས་བྱའོ། །འཁོར་ལོ་ཆིངས་ལ་དང་པོ་ལྟག་པར་བསྣོལ་དེ་དཔྲལ་ཟུར་གཡས་སུ་འཐེན། དེ་ནས་རྣ་རྒྱབ་གཡས་གཡོན་དུ་འཐེན། དེ་ནས་རྣ་རྒྱབ་གཡས་སུ་འཐེན། དེ་ནས་དཔྲལ་ཟུར་གཡོན་དུ་འཐེན། དེ་ནས་ལྟག་པར་འཐེན་པས་རྩིབས་ལྔའོ། །ལྟག་པ་ནས་སྨིན་དབྲག་ཏུ་འཐེན། དེ་ནས་ལྟག་ཟུར་གཡས་སུ་འཐེན། དེ་ནས་རྣ་རྒྱབ་གཡོན་དུ་འཐེན། དེ་ནས་ལྟག་ཟུར་གཡོན་དུ་འཐེན། དེ་ནས་རྣ་བའི་མདུན་གཡས་སུ། དེ་ནས་ལྟག་ཟུར་གཡོན་དུ། དེ་ནས་སྨིན་དབྲག་ཏུ་འཐེན་པ་ལ་རྩིབས་བཅུ་འོང་ངོ༌། །དེ་ནས་དེའི་བར་གཤགས་ལ་ཐེར་སྤུངས་མེད་པར་བྱའོ། །ཚབས་ཆེ་བ་རྣམས་ལ་དེའི་སྟེང་དུ་ཕུར་པས་གཅུ་བར་བྱ་སྟེ་དེ་ལ་གླ་འབྲེང་མཉེན་པ་ཞིག་གིས་ཐ་མ་སྐོར་གྱིས་བཏང༌། རྣ་ལྟག་གཉིས། དཔྲལ་བ་ལྟག་པ་གཉིས་སུ་རྒྱ་གྲམ་དུ་བཏང་ལ་སྤྱི་གཙུག་དང་ལྟག་པ་དཔྲལ་དཀྱིལ་དང་རྣ་ལྟག་གཉིས་ཏེ་ལྔ་པོ་དེའི་རྒྱ་གྲམ་ལྕགས་ཀྱི་ཡང་མིག་ལ་བླངས་ནས་བཏོན། གཅུས་ཕུར་གཉིས་བསྣོལ་ལ་གདབ་བོ། །བསྡམ་ཆུང་ན་ལྟག་སྲུབས་མཚོག་སྲུབས་གཉིས་ཀྱི་སྟེང་ནས་བར་སྦྲེངས་ཏེ། རྣ་ལྟག་ཏུ་བཏང་ལ་སྲུབས་སྟེང་གི་རྒྱ་གྲམ་གཉིས་པོ་ལ་ཡང་ཕུར་པ་བསྡམ་མོ། །ཡང་ཆུང་ལ་ཨ་ལང་མ་འཛོམ་ན་སྔར་གྱི་རྒྱ་གྲམ་ལྔ་པོ་ལ་ཤིང་བུ་མཛུབ་མོ་ཙམ་ལྔ་བཅུག་ལ་སྲད་བུ་གཅིག་གིས་དང་པོ་སྤྱི་གཙུག་ཏུ་བསྐོར། དེ་ནས་ལྟག་པར་བསྐོར། དེ་ནས་རྣ་ལྟག་གཡས་སུ་བསྐོར། དེ་ནས་སྤྱི་གཙུག་ཏུ་བསྐོར། དེ་ནས་སྣ་ལྟག་གཡས་སུ་ལོག་ལ་བསྐོར། དེ་ནས་སྨིན་དབྲག་ཏུ་བསྐོར། དེ་ནས་ལྟག་པར་ལོག་ལ་བསྐོར། དེ་ནས་ཡང་སྤྱི་གཙུག་ཏུ་ལོག་ལ་བསྐོར། དེ་ནས་ཡང་རྣ་ལྟག་གཡོན་དུ་ལོག དེ་ནས་ལྟག་པར། དེ་ནས་སྤྱི་གཙུག་ཏུ། དེ་ནས་ལྟག་པར་འོང༌། དེ་བཞིན་དུ་མ་ཐེམས་བར་དུ་དཀྲི་བར་བྱའོ། །ཆིངས་མ་འཛོམ་བར་དུ་འཁྱོམས་ན་ཐ་མ་སྒོར་གྱི་སྐ་རགས་ཀྱིས་བསྐོར་ལ། དེའི་ལྟག་པར་ཤིང་བུ་བཙུད་ལ་དམ་སྦྲིད་བཏང་སྟེ། དེའི་ཁར་ཤིང་དེ་མི་འཁྲོལ་བའི་སྲད་བུས་བཀྱིགས་ཀྱང་རྒྱ་བསྡམ་མོ། །ཡང་ན་རས་སྐོར་བཏང་བའི་སྟེང་དུ་རས་བལ་དྲུ་བུ་དཀྲིས་པས་བསྡམ་པ་གཅེས་ཤིང༌། སྤྱི་བོ་མཚོག་མ་སོགས་སྲུབ་སྟེང་དུ་མེ་གདབ་ཁོང་དུ་རྡོ་སྨན་མང་སྦྱོར་བསྟེན་ནོ། །རྨ་ཅན་ལགས་ན་གཏིང་རིང་ན་དབུས་སུ་གས་སྣ་དང་ལྷ་ངོ་སྤྲད་པར་བརྡར་བ་དང༌། གས་སྣའི་ཤའི་སྟེང་དུ་མེ་བཙས་བསྡམ་པར་བྱ་ཞིང་གས་ཆུང་བ་རྣམས་ལ་སྟེང་གདུང་བྲད་ནས་བླངས་པས་ཐུབ་ལ་སྦོས་ན་གསང་འོག་གདུང་ལ་གཏུགས་པར་བརྡར་ལ་གསང་སྣར་གསེང་བུག་ཀྱང་བཏོད་ཅིང༌། ཁ་གསུམ་དུ་གས་པ་དང་བཞིར་གས་པ་སོགས་ལ་གས་ཀྱིས་ཚོམས་སམ་འཛོམས་སུ་བརྡར་བ་དང༌། སྟེང་ཆག་ལ་སྟེང་གདུང་བླངས་ལ་ལྷ་ཁྲག་སྤྲད་པར་བྱ་ལ། འོག་ཆག་དང་གྲུམས་པ་གཉིས་ལ་རྒྱ་བསྐྱེད་དེ། མཐའ་ནས་རུས་པ་སྦྱངས་ཞིང༌། མཐའ་ཡི་ཆག་པའི་སྲུབས་རྣམས་སུ་གསེང་བུག་བཏོད་ལ། འོག་གདུང་མཐིལ་རུས་དང་ཀླད་པའི་རྒྱ་དར་དང་འབྲེལ་བ་ནི་བཙན་ཐོན་མི་བྱ་བཙན་འདོན་བྱས་ན་ཀླད་པ་འགྲམས་འགྲོ་བས། དེ་ལ་སྨན་ནི་རྒྱ་ཚྭ། དྭ་བ། འབྲུག་རུས། རུ་རྟ། ཀ་ར་རྣམས་ཀྱི་སྨན་བཏབ་པས་རུས་རོ་རང་གོགས་བྱས་ལ་གདོན་ཞིང༌། རྡིབ་པ་ལ་གོང་མ་སྣ་བཏུང་འོག་མ་སྲབ་ཏུ་བརྡར་བ་དང༌། ཞོམ་པ་ལ་མཐའ་དབུས་ཆ་མཉམ་ལ་སྲབ་ཏུ་བརྡར་བ་དང༌། སྒང་རྡོལ་ལ་མཐའི་རུས་པ་ཁད་མཉམ་པར་བརྡར་ལ་རུས་ཚབ་གཞུག་དགོས་ཀྱང༌། ཀླད་པ་མི་སྦོ་ན་རུས་ཚབས་ཀླད་བསྣོན་མི་དགོས་དར་ལ་སྨན་སྟག་ཤ ཤོ་མང༌། གུར་ཀུམ། ཅུ་གང༌། ལི་ཤི། དོམ་མཁྲིས། བྲག་སྤོས་སོགས་བྱུགས་ལ་བརྫང༌། ཀླད་པ་སྦོ་ན་ལུག་གི་སོག་པའི་མཐིལ་སྲབ་མོ་དེར། བུག་པ་འགའ་ཤས་ཕུག་པ་རྨའི་བུག་པ་ལས་དཀྱུས་རིང་ཙམ་ལ་ཞེང་རྨ་ནང་དུ་ཚུད་པར་བྱས་ཏེ། དཀྱིལ་དུ་སྲིན་བལ་གྱི་ཐག་པ་བཏགས་ལ་ཀླད་པ་དང་ཐོད་པའི་མཚམས་སུ་གཞུག་ཅིང་འདི་དེང་སང་ཞ་ཉེ་ལ་བྱེད་པ་ནི་མི་ལེགས་པར་ཤེས་པར་བྱ་བ་དང༌། ཤའུ་ཆགས་ནས་རྨ་ཆས་དར་ལ་སྨན་བྱུགས་པ་སོགས་ཀྱི་འཕར་མ་གནོན་པ་རྣམས་ཤའུ་རིམ་གྱིས་བཏེག་པའི་རྨ་ཆས་ཕྱིར་འབྲོས་པ་དང་ཤའུ་དེ་འདེད་པའི་ཚུལ་བྱེད་པར་གཅེས་ཤིང་ཤའུ་ཟམ་ཐོགས་ནས་འཕར་གནོན་པ་དེ་ཕྱུངས་ལ་རྨར་རེ་བལ་གསེབ་སྟེ་བཏང་ངོ༌། །འཐེམས་པ་ཆུང་ན་ལྷ་བ་སྟེང་བླངས་ལ་མ་ཆག་པ་གསོན་དང་སྤྲད་ཅིང༌། ལྷ་བ་འཐེམས་ཚབས་ཆེ་ན་འོག་གདུང་ལ་གཏུགས་ཀྱི་བར་བརྡར་བ་དང༌། ཤ་མེད་པའི་རུས་པ་ཐེར་པོ་ལ་ཤའུ་མི་ཆགས་ན་བརྡར་ལ་ལྷ་བ་སྟེ་རུས་གསོབ་ཁྲག་ཙིམ་དང་འཕྲོད་པ་སྤྲད༌། གྲིས་གཞོགས་པ་དང་མདའི་ཝ་ལུང་གཉིས་ལ་ལྷ་ཁྲག་བཤད་མ་ཐག་པ་ལྟར་སྤྲད་པས་ཐུབ་པ་དང༌། མདས་བཤོལ་རུས་བརྐོས་ལ་འགྲམས་སྦྱར་ཞེས་ཀྱང་འགྲམས་བཞར་གཉིས་བརྡར་བཅད་པ་ནི་གས་པ་དང་འདྲ་བར་འཆོས་ཤིང༌། དེ་བཞིན་དུ་གྲིས་རྫོགས་པ་ལའང་གྲུམ་པ་ལྟ་བུར་བཅོས་ཤིང་མདའ་གཏམ་ཟུག་ལ། ཐ་མའི་རུས་པ་ནས་གང་འཁོར་བར་བཞག་ནས་དེའི་ཕྱི་ལོགས་འོབས་སུ་བྲུས་ལ་གསེང་བུག་གཏོད་ཅིང༌། རུས་མཛེར་དང་མདེའུར་བཅས་པ་དབྱུང་རིང་ཙམ་ནས་ག་ལེ་དབྱུང་པ་དང༌།

ཀླད་པའི་འཚོ་ཐབས་ལ་མཚོ་ཁྱོམས་པ་དང་སྤྲི་བཙན་ཐབས་སུ་བསྣད་པ་དང༌། དར་རལ་བ་དང་ཕུག་པ་དང་རྫོགས་ནས་ལུག་པ་ལྔ་ཡོད་པའི་མཚོ་ཁྱོམས་ན་རྒྱ་ཆིངས་ཀྱིས་བསྡམས་ལ་གོང་བཤད་རྡོ་སྦྱོར་དྲག་ཏུ་བསྟེན་ཞིང༌། རི་དྭགས་སམ་ར་ལུག་གི་ཀླད་པ་བཙོས་པར་སྨན་སྒ་བུ་རམ་སྦྱར་ལ་བཏང་བ། སྡུད་སྒོ་སྤྱི་གཙུག་མཚོག་ཁ་སྟེ་སྒོ་གསུམ་མེས་མནན་པའི་རྗེས་ལ་འབྲས་བུ་ཨ་བར་སྐྱུར་གསུམ་གྱི་སྨན་མར་སྦྱར་རོ། །མཚོན་ནམ་རུས་འཛེར་གྱིས་ཀླད་སྤྲི་བཙན་ཐབས་སུ་བསྣད་པ་ན་གུར་ཀུམ་ཆིག་ཚུགས་གདབ་ཅིང་ཁྲག་རོ་འགྲིལ་བའི་དབལ་ཆགས་ན་རྒྱ་ཚྭའི་ཕྱེ་མས་བཞུ་ཞིང་སྔོའམ་རྣག་གིས་ཤ་རུལ་ན་ཤུ་དག་གླ་སྒང་རུ་རྟ་དོམ་མཁྲིས་རྒུ་དྲུས་མཚལ་ཟངས་གཡའ་ཛཱ་ཏི་སུག་སྨེལ་ཕབས་ཨ་རུ་བཅས་པའི་གཅོད་སྨན་གདབ་པ་དང༌། རུས་པ་གཅོད་ན་དར་ཡ་ཀན་ནམ་གུར་ཀུམ་མམ། ཡང་ན་ག་བུར་དང་ཅུ་གང་དང་གུར་ཀུམ་དང་དོམ་མཁྲིས་རྣམས་གདབ་ཅིང༌། ཀླད་སྤྲི་མེར་མེར་སྦོས་ན་ཀླད་སྤྲི་འཐེན་ལ་ཁབ་རྩེས་ཕུག་སྟེ་ཆུ་སེར་བཙག་ཅིང་ཐོན་རྗེས་འཚོ་སྨན་དོམ་མཁྲིས་གུར་ཀུམ་ཅུ་གང་ཨ་བ་གྲུ་བཞི་སོགས་གདབ་པ་དང༌། དར་འོག་ཀླད་པའི་སྟེང་དུ་རྣག་ཞུགས་ན་སྤྲིན་འཛིན་ནམ་ལྕགས་ཀྱིས་འཐེན་ལ་གསེར་གྱི་གཙགས་བུས་ནས་ཕྱེད་དྲས་ནས་རྣག་ཕྱུང་ལ་ག་བུར་འོ་མ་འཛིན་ཞེས་ཨ་བི་ཥའི་ཆུས་བཀྲུས་ལ་སྡོམ་སྨན་མུ་ཏིག མི་དོམ་མཁྲིས་གི་ཝཾ་གུར་ཀུམ་འོ་མ་འཛིན་ཞེས་ཨ་བི་ཥ་འོམ་བུའི་བར་ཞུན་བུ་རམ་ནུ་ཞོ་སོགས་དར་ལ་བྱུགས་ཏེ་གླན་ནམ་གདབ། དར་རལ་བ་ཡང་དེ་བཞིན་དུ་བཅོས་པ་དང༌། ཡང་ན་ག་བུར་དང་དོམ་མཁྲིས་དང་བཅད་འབྱོར་ཞེས་ཡུ་གུ་ཤིང་དང་ནུ་ཞོ་སོགས་དར་ལ་བྱུགས་ལ་བརྫང་པ་དང་རྨ་ཁ་བགག སྟེང་དུ་ཞ་ཉེས་མནན། དེའི་སྟེང་དུ་ཆུ་རྡོས་མཐོ་བར་མནན། ཐ་མར་གོང་བཤད་ཀྱི་ཞོ་བཙགས་བཏང༌། དེ་སྟེང་ཕྱིང་པ་མར་བཙོས་བཏང་ལ་དམ་དུ་དཀྲི། ཡང་ན་སྦལ་རྒྱབ་སྟེ་ཕོ་སྦལ་དང་བདུད་རྩི་དཀར་སྨུག་གཉིས་ལས་དཀར་པོ་ནི་རི་བོང་གི་ཆུ་མ་རྙེད་ན་ཐར་ནུའི་འོ་མ་གཏོང་ལ་སྨུག་པོ་ནི་ཁྱུང་ཕྲུག་སྐྱུགས་པའི་བདུད་རྩི་ཡང་ཟེར་ཆ་ཁ་བའི་ཁ་ཆུ་ཡིན། བྲག་སྐྱེས་རེ་རལ་དང་འབྲི་རྐང་སྟེ། བ་རུའི་སྙིང་པོ་ལུག་གི་སོག་པའི་མེ་ལོང་ཐལ་བ་སོགས་དྲུག་ཅེས་པའི་སོག་པའི་མེ་ལོང་ནུས་ལྡན་བསྲེགས་ཐལ་དང་སྨན་གཞན་རྣམས་ཞིབ་བཏགས་དར་ལ་བྱུགས་པ་གླན་ནམ་ཕྱེ་མ་རྨ་ལ་བྱུགས་པས། ཀླད་པ་འཛགས་པ་གཅོད་ཅིང་མི་ལུག་པར་རྒྱས་འདེབས་སོ། །ཡང་ན་ཁྱིམ་གྱི་བྱ་ཕོ་མཚའ་ལུའི་ཟེ་ཁྲག་དང༌། མུ་ཏིག་དང༌། བྱང་སེམས་དཀར་དམར་ནི་དངོས་དང་མ་རྙེད་ན་ཅོང་ཞི་དང་བྲག་ཞུན། བོང་བུ་གྭ་མའི་འོ་མ་མ་རྙེད་ན་རྟ་རྒོད་མའི་འོ་མས་ཚབས་རུང་བ་དེ་མེ་ལོང་ལ་བྱུགས་པའི་གཡའ་དང་གོང་མ་རྣམས་སྦྱར་ལ་བྱུག་གོ། །ཕུག་ནས་མདེའུ་མེད་ན་ཀླད་པ་ངན་པ་ཕྱིར་ལྡུགས་ཤིང་ཀླད་པ་བཟང་བ་རང་སར་འཁྲིགས་ནས་ཆུ་མི་འབྱུང་བས་གསོ་མི་དགོས་ཤིང༌། ཀླད་པ་འབྲིང་ལ་དྭངས་སྙིགས་བྱེ་ནས་ཀླད་ཆུ་འབྱུང་ཞེས་ཤ་ཀླད་ལ་དམར་པོ། མར་ཀླད་ལ་སེར་པོ། བུང་ཚང་ཀླད་པ་ལ་སྔོན་པོ་འབྱུང་ཞིང༌། དེ་རྣམས་གང་ལའང་ཉག་ནལ་ནལ་བའི་བ་ཐག་བྱུང་ན་ཀླད་ཆུ་ཡིན་ཞིང༌། བ་ཐག་མི་འདུག་ན་ཆུ་སེར་དཀྱུས་མ་ཡིན་པས་དེ་རྣམས་ལ་མཚོན་ལམ་རིང་ཐུང་ནི་རྨ་ཁུང་དུ་རྒྱུས་པའི་རྩེ་བལྡད་པ་དལ་བུས་བཏང་ལ་བརྟགས་ཏེ། ཚད་དང་ལྡན་པ་ཞ་ཉེའི་ཐེམ་བུ་ཞེས་པ་ནི་མདེའུ་སོང་བའི་ཚད་དང་ལྡན་པ་ལས་མི་རིང་མི་ཐུང་བ་རྩེ་མོ་དང་ཕྱོགས་བཞིར་བུག་པ་རྒྱ་ཁབ་མིག་ཙམ་ཕུག་ལ། སོར་གཅིག་ཕྱི་ལ་ཉུག་གེ་འོང་བ་བྱས་པ་བཙུགས་ལ་ཆུ་སེར་དང་ཀླད་པ་དྭངས་སྙིགས་འབྱེད་ཅིང་ཀླད་པ་མི་ལུག་པ་རྒྱས་འདེབས་པའི་སྨན་སྦལ་རྒྱབ་གང་ཐིགས་བེ་སྣབས་གྲུ་བཞི་འབྲི་རྐང་སྟེ་བ་རུའི་ནང་སྙིང་དོམ་མཁྲིས་གི་ཝཾ་གུར་ཀུམ་རྒྱ་ཁུར་གྱི་ཞོ་བྲག་སྤོས་མེ་ཏོག་ཕྲེང་བ་སྟེ། རྟ་པགས་པ་ཉེ་ཤིང་བུ་རམ་སོགས་སྦྱར་བ་ཁོང་དུ་བཏང་བ་དང༌། རྨ་ལ་སྒོ་ང་བཙུགས་ལ་མཐའ་ཟན་དྲོན་གྱིས་བསྐོར་ཞིང་འབྲི་མར་ལྦུ་སྙིགས་ཕྱུངས་པ་དང་སྨན་སྦྱར་བ་བླུགས་ལ་ཏེལ་པས་བསྐོལ་དགོས་ཏེ། ནང་དུ་དྲོ་བ་སྙམ་བྱེད་ན་འཕྲོ་བཅད་ཅིང་ནང་ནུབ་གཉིས་བསྟུད་ཀྱིན་བྱ་བ་དེ་ནི། རྨ་རུ་བསྐོལ་ཞིང་ཁོང་ནང་དུ་བསྟེན་པར་བྱ་བའོ། །དེ་འོག་འཛག་པ་གཅོད་པའི་སྨན་ནི། ཁྱི་གུ་མིག་མ་བྱེ་བ་རེའུ་མས་མ་བལྡགས་པ་ཅོ་ག་ཟེར་མོ་རྣམས་ཀྱི་ཀླད་པ་ཆུ་ལ་སྦྱངས་པར་དཀྲུགས་ལ་དྭངས་མ་གྲིབ་སྐམས་བགྱིས་པ་དང༌། སྦལ་རྒྱབ། ཁབ་ལེན་གོང་བཤད་ཀྱི་རྡོ་མཁྲིས་ག་བུར་ཅུ་གང་འབྲི་རྐང་སྟེ་བ་རུ་རའི་ནང་སྙིང་ཛཱ་ཏི། རྟ་པགས་པ་དང་བྲག་སྤོས་དོམ་མཁྲིས་མི་མཁྲིས་རྣམས་མར་ལ། རྨ་རུ་བསྐོལ་ལུགས་གོང་ལྟར་བྱས་པས་ཙག་ཙག་ཟེར་ཆུ་སེར་འཐོར་འོང་ཚེག་སྒྲ་མེད་ན་ནི་རྒྱས་ཐེབས་པ་ཡིན་ཞིང་མདེ་ཡོད་གཉི་བ་རིང་ན་སྐམ་པས་མདེའུའི་སྙིང་བསྲོ་ཞིང་ལྕགས་གཡའི་དྲོད་ཀྱིས་ཀླད་པ་མི་འཛག་ཅིང་སྡོམ་པར་བྱེད་ལ་མདེའུའི་ཐ་མར་རུས་པ་ནས་རེ་བཞག་ནས་བྲུས་པས་གསེང་བུག་བཏོད་ཅིང་ནང་དུ་འདྲེན་སྨན་ཡན་ལག་གི་མདེའུ་འདོན་པའི་སྐབས་ཀྱི་ཁབ་ལེན་བེ་སྣབས་སོགས་སྦྱར་བའམ་སྦྲུལ་ཤ་ཁབ་ལེན་སོགས་སྦྱར་བ་དེ་གཉིས་གང་རིགས་ཀྱི་ཕྱེ་མ་གདབ། གསེང་བུག་ཏུ་ལྕགས་གཡའ་བྱུང་ན་མདེའུ་འདོན་པའི་དུས་ལ་བབ་པ་ཡིན་པས་མདེའུ་ཕྱུངས་ལ། དེའི་ཤུལ་དུ་མཚོན་ཞེས་མདེའུ་རང་དང་རིང་ཐུང་ཕྲ་སྦོམ་མཐུན་པ་ཞ་ཉེའི་ཐེམ་བུ་ནང་སྦུབས་ཅན་ལ་རྩེ་དང་ཕྱོགས་བཞིར་བུག་པ་གློ་སྐར་ཡོད་པ་ཁ་སྒྱེར་ཕྱོགས་བཞིར་པདྨ་ལྟར་གྱེས་པ་དང་ལྡན་པ་བྱས་པ་དེ་མིའི་དྲི་ཆུར་བཙོས་པས་དུག་ཕྱུངས་ཏེ། དེ་ལ་གོང་གི་ཀླད་པ་སྡོམ་པའི་རྩི་སྨན་གསོན་གཤིན་མཚམས་སུ་སླེབ་པར་བྱ་དགོས་ཏེ། རིང་ན་ཀླད་པ་ཟ། ཐུང་ན་ཆུ་སེར་ལུས་པས་མདེའུ་གར་སླེབ་མཚམས་ཤི་གསོན་བར་ཡིན་པས་དེར་བསྐྱལ་བ་དང་ཞ་ཉེའི་ཐེམ་བུ་དང་རུས་པའི་བར་དུ་གྲོགས་དཀྲི་ཞིང་བསྡམས་ལ་གླ་ཧེ་ལ་མཁྲིགས་པོའི་ཐེམ་སྔས་དང་སྲིན་སྐུད་ཀྱི་ཐེམ་ཐག་གྲོ་གའི་ཐེམ་ཚངས་རྣམས་དང་ལྡན་པར་བྱ་ཞིང༌། ག་བུར་དང༌། མུ་ཏིག་དང༌། དོམ་མཁྲིས་དང༌། བཅད་འབྱོར་ཏེ་ཡུ་གུ་ཤིང་གི་ཁཎྜ་དང༌། ཀ་ར་དང༌། ནུ་ཞོ་སྦྱར་བ་རྣམས་ཐེམ་བུར་བླུགས་ལ་ཐེམ་སྟེང་དར་དགབ་ཅིང་མཁྲིས་སྣ་སྒོ་ང་མར་དཀར་སྦྱར་བའི་རྨ་ཆས་རྫི་ཁབ་གཡོགས་ཤིང༌། རྣག་ཉུང་ཞིང་ཤའུ་སྐྱེ་དྲག་ལ་ནང་དུ་གཟེར་འབྱུང་བས་ནམ་རེ་བཞིན་ཐེམ་བུ་ཉམས་དང་སྦྱར་ལ་ཐུང་དུ་བསྡུད་ཅིང་འབྲོས་འདེད་མེད་ཅིང་ལུས་ལྕི་ལ་ཚ་བ་སྐྱེ་ཞིང་ཟས་ཀྱི་དང་ག་འགགས་ན་ཆུ་སེར་ཕུགས་སུ་ལས་པ་ཡིན་པས་ཐེམ་བུ་བསྲིང་དགོས་ཤིང་འདི་ལ་ལག་ལེན་དམར་ཁྲིད་དུ་ཀླད་པ་ཐེམ་བུའི་དམར་ཁྲིད་ལ་ཞ་ཉེ་སྲབ་ཅིང་ལེབ་པ་རིང་ཐུང་དབྱིབས་མདེའུ་དང་འདྲ་བ་དྲིལ་ལ་ཁ་ཁྱེར་པདྨ་ལྟར་ཕྱོགས་བཞིར་བཀས་ནས་གྱེས་པ་བྱས་པ་དེ་དྲི་ཆུར་བཙོས་ལ་དུག་དབྱུང་རྗེས་ཀླད་པ་སྡོམ་པའི་སྨན་གོང་བཤད་བྱུགས་ལ་གཞུག ཧེལ་གེ་འཕང་ལོ་འདྲ་བ་གསུམ་བཞི་ཙམ་བརྩེགས་ལ་ཐེམ་སྔས་བྱ་སྲིན་སྐུད་ཀྱིས་ཐེམ་ཐག་བཏགས་ཚུར་འབྲོས་ཐེམ་ལ་ཐེམ་སྔས་བརྩེག འདེད་ཐེམ་ལ་ཐེམ་སྔས་ཕྲི་སྡོམ་ཐེམ་ལ་ནང་དུ་འཛག་གཅོད་བླུགས་དར་རམ་གྲོ་ག་དྲིལ་བའི་ཐེམ་ཚངས་གཞུག་ཅེས་འབྱུང་ངོ༌། །ཀླད་མཛེར་ཐེམ་བུའི་ནང་དུ་སྐྱེས་ན་གཅོད་སྨན་ཞུ་མཁན། ཕུར་ཐལ་རྒྱ་ཚྭ་ཐེམ་བུར་འབུད་ཅིང༌། ཡང་ན་འཁར་བའི་ཐུར་མས་བསྲེག་པར་བྱའོ། །ཐེམ་བུ་མི་འདོད་ཅིང་རྣག་ཆུ་སྔོའམ་སེར་ལ་སླ་མོ་བྱུང་དུས་དབྱུང་ངོ༌། །ཀླད་པའམ་ཤའུས་ཁེངས་ནས་ནད་པ་མ་བདེ་ན་ཤའུ་མིན་པས་ཀླད་མཛེར་ཡིན་ཏེ་གཏིང་རྣག་ལུས་པ་ཐེམ་བུའི་བཤུལ་ལ་གསེར་ཐུར་གྱིས་བསྲེགས་ལ་རྣག་ཆུ་གདོན་ཞིང༌། རྫོགས་ནས་ལུག་པ་ནི་རྒྱ་དར་རལ་བའི་བཅོས་དང་གཅིག་པས་དེ་ལྟར་དུ་ཤེས་པར་བྱ་བ་དང༌། དེ་དག་ཀུན་ལ་ཁོང་སྨན་སྟོང་ཟིལ་བུང་བའི་མདོག་ཅན་ཞེས་ནག་ལ་འཚེར་བ་སྟོང་ཚེ་རོགས་པོ་ཞེས་ཀྱང་བྱ་བ་དེ་མར་ལ་བཙོས་ཏེ་འདུལ། འབྲུག་རུས་མེར་བསྲེགས་པ་དང་སྦལ་རྒྱབ་མི་ཆུར་བཙོ། ལིག་བུ་མིག་རྐྱང་སེལ་དུ་བཤད་པ་དེ་ཡང་མིའི་དྲི་ཆུར་བཙོས་པ་དང༌། ཕག་མགོ་ནི་རྡོ་ཕག་མགོའི་དབྱིབས་ཅན་དམར་སེར་གྱི་སུལ་རིས་ཡོད་པ་དྲི་མནམ་པ་དེ་ཡོས་སུ་བརྔོས་ལ། དུག་ཕྱུངས་པ་དེ་རྣམས་ཚོན་འདུལ་བ་ལྟར་ཆུ་ཐགས་བྱས་ཏེ་བུ་རམ་དང་སྦྱར་བ་ལ་རིལ་བུ་སྲན་མ་ཙམ་གསུམ་གསུམ་བཏང་བ་དང༌། ཨ་བྱག་ནི་སྤང་གི་གུར་ཀུམ། ཤེལ་རྟ་ནི་ནགས་མའི་ཐང་ཆུ། སྤྱི་ཞུར་ནི་སྟབ་སེང༌། རེ་སྐོན་པ་ནི་རྩི་དམར་ཟིལ་པ་ཅན་དང༌། ཧའུ་པ་བ་ནི་རྟ་པགས་པ། སྨུག་ཆུང་མདན་ཡོན་ནི་ངོ་བོ་རྐྱང་སེལ་དུ་བརྗོད་པ་རྣམས་རྩི་བཞིན་བཏགས་ལ་སྦྲང་དང་སྦྱར་བའི་ཁྱེམ་བུ་ཞེས་ཐུར་ཚད་ཕྱེད་ཕྱེད་བཏང་ཞིང་ཆགས་པ་སྤྱོད་པ་དང་དྲག་ཤུལ་དང༌། རུལ་བ་དང་སྐྱུར་བ་དང་སྔོ་ངད་དང་ཉ་ཕག་སྒོ་ང་སོགས་འཇིག་པའི་ཟས་རྣམས་སྤང་བར་བྱ་ཞིང༌། རྨའི་ཁ་ཞུན་ལ་མཁྲིས་པ་སྣ་ཚོགས་སྒོ་ང་མར་རྣམས་སྦྱར་ལ་བཏང༌། ཤའུ་མི་ཆགས་ལ་གཡུ་དང་མཆོང་དང་བྱུ་རུའི་མདོག་འདྲ་ཞིང་ཀླད་ཆུ་སྤྲི་མ་མེར་མེར་བ་དེ་ཉིད་ཆེ་བ་ཆུང་བ་འབྲིང་པོ་གསུམ་ག་ག་བུར་སོགས་བཏང་བས་བསིལ་དུ་བཅོས་ཤིང་ཁ་དོག་སྔོ་དམར་དང་དབྱིབས་གྲུ་གསུམ་འདྲ་ན་རྩ་གང་རྒྱས་ལ་གཏར་བ་དང༌། ཁྲག་དང་ཆུ་སེར་དང་ཀླད་པའི་དུམ་བུ་ཇེ་མང་དུ་འཛག་ལ་བླ་འཆོལ་དུ་སྨྲ་ཞིང་དབང་པོ་ལོག་པར་འཛིན་པ་དང་ཚ་བ་སྐྱེ་ཞིང་དེ་ལ་བརྟེན་པའི་སྐོམ་སྙེག་ཅིང་དང་ག་འགག་པ་དང་རྩའི་ཤེད་ཞན་ཏེ་ཤོར་ན་འཚོ་མི་ཐུབ་པར་འཆི་བ་ཡིན་ནོ། །ཀླད་པ་འཛག་པ་ཆོད་ནས་ཤུལ་དམར་ནི་སྦུག་གེ་བ་བྱས་ནས་ཆུ་རྩ་དངས་མའི་ཁམས་ཀྱི་སྙིགས་པའི་ཁུ་བ་བ་ལང་གི་ཁ་ཆུ་འདྲ་བའི་ཀླད་ཆུ་འོང་བ་དང༌། ཁམས་བདེ་ཞིང་ཟུག་ཆུང་ལ་དང་ག་བདེ་ན་འཚོ་བར་འགྱུར་བས། སོས་ནས་རྨེན་པ་ཆགས་པ་དང་མི་ལྡོག་བརྟན་པར་བྱ་བ་ལ་དར་ཡ་ཀན་དང་ཚིལ་བུ་བྱུགས་འབྲུ་སྣའི་ལུམས་བྱ་ཞིང་འབྲས་བུའི་སྨན་མར་ཕྱི་རྒྱུད་ལྟར་སྦྱར་རོ།།

          རྩ་བཅོས་པའི་ཐབས་ལ་ཤ་རྩ་རུས་རྩ་ཀླད་རྩ་བཅོས་པ་གསུམ་ལས། ཤ་རྩ་ཆོད་ན་རྩ་རྒྱུད་གོང་འོག་རིང་བ་དེའི་སྣེ་དང་ཐུང་བ་རྨ་དེའི་གོང་འོག་སོར་བཞིར་སྤྲ་བས་བསྲེག་ཅིང༌། ཐར་ནུ་སྒོང་ཐོག་སྤྲུ་དཀར་གྱི་རྩ་བ་ཞོ་རྣམས་སྦྱར་བ་རྨར་བརྫང་ཞིང་སྤྲུ་རྩ་ཞོ་དང་སྦྱར་བས་རྨ་ཆས་ཞེས་གང་འཕྲོད་དུ་བྱ་བ་དང༌། ཁྱུགས་འཕྲེང་དང་རྩ་འབྲུམ་བྱུང་བའི་སྟེང་དུ་ཞུ་མཁན་གླ་སྒང་སྤང་སྤོས་མར་ནག་བཅས་བསྐོལ་བ་རས་ལ་གཏུམས་པའི་ཚན་དོས་བདུག་ཅིང་གཏར་དང་མེ་བཙའ་གང་དགོས་པ་རིག་པས་དཔྱད་དགོས་སོ། །རུས་རྩ་བཅོས་པ་ལ་མདུང་ཚུགས་ཀྱི་གཟེར་རྩ་ཆོད་ན་ཏིལ་དཀར་པོ་དང༌། གླ་རྩི་དང་དོམ་མཁྲིས་དང་ཞོ་སྤྲིས་སྦྱར་བ་རྩ་འགོར་བསྐུ་ཞིང༌། རྒྱུ་རིང་ཚིལ་མེད་བཀབ་ལ་ཟངས་ཏེལ་མེ་འོད་ཀྱིས་བསྲེགས་ནས་བདུག ཡང་ན་ད་ཏྲིག་དང་གུར་ཀུམ་དང་དོམ་མཁྲིས་དང༌། རྒུན་འབྲུམ་སོགས་སྦང་མར་སྦྱར་བ་བསྐུས་ལ་རྩ་འགོ་ཏེལ་པས་བསྲེག་ཅིང༌། འཕྲེད་ཉལ་དང་འཁྱོམས་པོ་ལ་འབྲི་རྐང་ནི་བ་རུ་རའི་ཚི་གུའི་མིང་ཡིན་ལ་གྲངས་ནི་བདུན་གསུམ་ཉེར་གཅིག་དང༌། མོན་ཆ་ར་སྟེ་བེ་ནག་གི་ཁྲག་གམ་མ་འབྱོར་ན་འབྲས་བུ་དང་དོམ་མཁྲིས་སྒོག་སྐྱ་སོགས་སྦྱར་བ་དང༌། ཀུན་ལ་དོམ་གྱི་མཁྲིས་པ་དང་ལི་ཤི་དང་དར་ཡ་ཀན་དང་བྱ་ཕོའི་ཟེ་ཁྲག་དང་བུད་མེད་ཀྱི་མངལ་ཁྲག་སྟེ་ཁྲག་གཉིས་དང་མཚལ་རིགས་གཉིས་ཀྱི་དཀར་པོ་རྣམས་ཀྱི་རིལ་བུ་རྨ་ལ་གླན་ཞིང༌། ལེ་བརྒན་ནི་དར་དམར་རམ་དར་སྔོ་སྐྱ་དམར་མདངས་ཅན་མར་དུ་བཙོས་པས་སྟེང་ནས་མནན་ནོ། ཡང་ན་ག་བུར་དང༌། ཅུ་གང་དང༌། གུར་ཀུམ་དང༌། གི་ཝཾ་དང༌། འབྲི་རྐང་སྟེ་བ་རུ་རའི་ཚི་གུ་དང༌། དོམ་མཁྲིས་དང༌། འགྲོན་ཐལ་དང༌། སྤྲུ་དཀར་གྱི་རྩ་བ་དང་རམ་པའི་སེའུ་ནི་རྩ་བའི་མིང་དང༌། སྙེ་མ་ཡིན་ཡང་ཟེར་བ་དོན་རམ་པའི་སྡེབས་ལ་ལོ་མ་ཁ་འབུད་སྐབས་དཀར་པོ་ཁྱིའི་མཆེ་བ་ལྟ་བུ་ཞིག་འོང་བ་དེ་དང༌། དུ་བ་ནི་ཕ་བ་དགོ་དགོ་དང་སྙེ་ནག་མ་གཉིས་དང༌། སྔོ་ཁྲག་ཆོད་ནི་ཁྲག་གཅོད་རལ་པ་ཅན་ཏེ། སྔོ་སྦྱོར་བདུད་རྩིའི་ཟེགས་མར། ཀོན་པ་གབ་སྐྱེས་ཞེས་ཀྱང་བྱ། །ལྡུམ་བུ་རྒྱབ་སྐྱ་ཞེས་ཀྱང་བྱ། །ལོ་མ་ནག་སྣུམ་ཉ་ག་ཅན། །ཕྱི་ནི་སྤྲ་བ་དཀར་པོས་གཡོགས། །མེ་ཏོག་སྔོ་སྨུག་རོ་ནི་ཁ། །གསར་རྙིང་རྨ་རིགས་ཀུན་ལ་ཕན། །ཞེས་དར་ཡ་ཀན་སྨུག་པོར་འགའ་ཞིག་བཞེད་པས་དོན་སྲན་ནག་མ་དང༌། ཡུ་གུ་ཤིང་གི་རིགས་རིར་སྐྱེ་བ། ཕག་སྤོད་ལྡང་བ་ཞེས་བྱར་གྲགས། །ལོ་མ་ཕྱི་སྣུམ་ནང་ནི་སྐྱ། །སྡོང་པོ་སྨུག་ལ་རབ་ཏུ་རིང༌། །མེ་ཏོག་ཆུང་བ་སྤུ་ཆུང་ཅན། །རོ་ནི་ཁ་ལ་ནུས་པ་བསིལ། །རྨ་ཡི་ཉེས་སྐྱོན་འདུལ་བ་དང༌། །ཤ་འུ་སྐྱེད་ཅིང་འཚོ་བར་བྱེད། །ཟེར་བའི་གྲགས་ཆེར་ཕག་ལྡང་བ་ཟེར་བ་དེ་རྣམས་དང་ནུ་ཞོ་སྦྲང་སྦྱར་གླན། རྩ་སྣར་མེ་ཏོག་དམར་ཙིམ་པ་ཆགས་ན་རྩ་ཁ་ཟིམ་པ་ཡིན་པས་དབུགས་སྡོམ་པ་དང་སྐད་དྲག་པོ་འདོན་པ་དང་དྲི་མ་འཚིར་བ་སོགས་རྩའི་འབུད་པ་སྤང་ཞིང༌། ནང་དུ་ཤོར་ན་རྩ་བུག་སྐམ་ཧུ་རེ་ཡོད་དེ་བཟུང་བ་ནི་སྦལ་རྒྱབ་ཕོ་བྲག་སྐྱེས་རེ་རལ་དང་བྲག་སྤོས་སྦྲང་རྩི་རྣམས་སྦྱར་བ་བཏང་ལ་ཏེལ་པས་བསྲོ་བའམ། ཡང་ན་རྒྱ་ཚྭ་དང༌། བྱང་པ་དང༌། དོམ་མཁྲིས་རྣམས་གླན་པས་རྩ་ཁ་ཟིན་ན་རྨ་བཙུམ་ཡོང་ཞིང༌། རྩ་མཉེན་པར་བྱ་བ་ལ་དཀར་གསུམ་སྟེ་ཏིལ་དཀར་སྤང་རྒྱན་དཀར་པོ་ཀྱི་ལྕེ་དཀར་པོ་གསུམ་ཞོ་སྤྲིས་སྦྱར་ཏེ། རྩའི་མགོར་བསྐུས་ལ་རྒྱུ་རིད་སྟེང་དུ་ཏེལ་པས་བསྲོའོ། །ཀླད་རྩ་ཆེན་པོ་ཆོད་པའི་ཚེ་ན་བཅོས་སུ་མེད་དེ་འོན་ཀྱང་གསེར་གྱིས་བསྲེག་པར་བྱ་ཞིང༌། རྩ་ཕྲན་ཆོད་ན་ག་བུར་དང་གུར་ཀུམ་དང༌། མི་དོམ་གྱི་མཁྲིས་པ། བུ་རམ་རྣམས་སྦྱར་བ་གླན་པའི་སྟེང་གསེར་གྱི་ཏེལ་པས་བསྲེག་ཅིང་རྒྱ་རྩ་འགྲམས་ན་མིག་དམར་ལ་ལུས་ལྕི་དང་ག་འགག་ཅིང་གདོང་སྣུམ་ལ་ཁ་ལྐུགས་ཤིང་ཀླད་པའི་རྒྱ་རྩ་ནག་ལྷང་འགྲོ་བས་དེ་ལ་གང་ཉེའི་རྩ་གཏར་ལ་བསྲེག་པ་དང༌། རྒྱ་ཚ་བྱང་པ་ལྡུམ་བུ་རེ་རལ་སྡིག་སྲིན་མཚལ་ཨ་རུ་ར་ཉི་དགའ་པི་པི་ལིང་དྲི་ཆུར་སྦྱར་བས་སྣ་ནས་སྦྱང་ཞིང་སྣ་ཁྲག་དབྱུང་བར་བྱ་བ་དང༌། ཕྱི་ནང་གི་ཆུ་རྩ་བཅད་པ་དང་བརྡུངས་པའི་བཅོས་ཐབས་རྩ་དཀར་ལེའུར་ལྟོས་ལ་དེ་ལྟར་བྱ་བ་དང༌། རྡོའི་རྒྱལ་པོ་སྦལ་རྒྱབ་གངས་ཐིགས། ཅོང་ཞི། མདུང་རྩེ་བཞི་དང༌། མི་དོམ་བྱ་རྒོད་ཉའི་མཁྲིས་པ་བཞི། ག་བུར། ཅུ་གང༌། གུར་ཀུམ། ཙན་དན་དམར་པོ་སྟེ་རྩི་བཞི། དར་ཡ་ཀན། སྟག་ཤ འདམ་བུ་ཀ་ར། སྤང་རྩི་དོ་བོ་སྟེ་སྔོ་སྣ་བཞི་པོ་རྣམས་ཀླད་རྩ་ལ་རིལ་བུ་ཤ་རུས་རྩ་ལ་ལྡེ་གུ་ཞོ་དང་སྦྱར་བ་ཁོང་དུ་བཏང་ན། རྩའི་ནད་ཀུན་ལ་ཕན་པའི་བདུད་རྩི་ལྟ་བུ་ཡིན་ཞིང༌། གུར་ཀུམ། དོམ་མཁྲིས། སྤྲུ་འབྲུ་སྟེ་རྩི་གསུམ། གཉན་དུག་སྟེ་སྟག་ཤ རྟ་རྨིག་ཅེས་པ་མེ་ཏོག་སེར་པོ་རྟ་རྨིག་འདྲ་བ་འཆར་བ་དང༌། སྤྱི་ཞུར་བཅས་སྔོ་གསུམ་རྣམས་སྦྱར་བ་ཁོང་ངམ་རྩ་བ་ནས་སྡོམ་པའི་མཆོག་ཡིན་ཞིང༌། དེ་ལྟར་བྱས་ཀྱང་ཟུག་ཆེ་ཞིང་བླ་འཆོལ་སྨྲ་ལ་ཁྲག་མི་ཆོད་པ་དང༌། ཡང་ན་སྣའི་བུག་པ་ཧར་གྱིས་སྐམས་ན་འཆིའོ། །ཁྲག་ཆོད་དེ་རྩ་ཁ་ཟིན་ནས་མེ་ཏོག་ལྟ་བུ་རྩ་སྣེར་དམར་ཙིག་ཆགས་ན་འཚོ་བར་འགྱུར་རོ།།

          བཞི་པ་བཅོས་རྗེས་སུ་དེའི་གཉེན་པོའི་ལོག་གནོན་དགོས་པའི་རྒྱུ་རྐྱེན། དབྱེ་བ། སྤྱི་རྟགས། བྱེ་བྲག་སོ་སོའི་རྟགས་བཅོས་སོགས་བསྟན་པ་ནི། དེ་ཡང་རྒྱུ་རྐྱེན་གདོན་རིམ་གྲོས་མ་གྲོལ་བ་དང༌། དཔྱད་བྱས་ཀྱང་ནད་ལྷག་ལུས་པ་དང༌། ཟས་དང་སྤྱོད་ལམ་ལོག་པའི་རྒྱུ་ལ་བརྟེན་ནས། དང་པོ་ཤ་ལ་གཞའ་བ་དང་ལོག་པའི་རིགས་འཁྲོས་པ་དང་བྱེར་བ་གསུམ་དུ་འགྱུར་བ་དང༌། རུས་པ་ལ་སྐེམ་བྱེར་དང་གཤེར་བྱེར་དང་གཉིས་སུ་ཞེས་ཀྱང་ཁྲ་བོར་བྱེར་བ་དང་གསུམ་དུ་འགྱུར་བ་དང༌། རྩ་ལ་བྱེར་བ་དང་ཁྲིད་པ་གཉིས་སུ་འགྱུར་བ་དང༌། ཀླད་པ་ལ་སྐྱོན་གཞའ་བ་དང་སྦོས་པ་དང་སྨྱོ་བ་དང་ལྐུགས་པ་དང་བཞི་རུ་འགྱུར་རོ། །ལྡོག་པའི་རྟགས་ནི་དང་པོ་རླུང་གིས་སྣ་འདྲེན་པ་ཡིན་པས་གཡལ་འདར་དང་ལུས་རྙོང་ཤད་བྱེད་ཅིང་སྦྲིད་པ་མང་ལ་གྲང་ཤུམ་བྱེད་པ་དང༌། མགོ་ལུས་ལྕི་ཞིང་རྔུལ་མང་ལ་དང་ག་འགག་པ་དང༌། སྐོམ་སྙེག་འདོད་ཅིང་ཚིག་པ་ཟ་ན་ལྡོག་པའི་རྟགས་སོ།།

          ཤ་གཞའ་བ་ནི་རྨ་སྐམ་ཞིང་མདོག་སྐྱ་ལ་ཁ་ཤ་ཤི་བ། དེ་ལ་གོང་བཤད་ལྟར་འབྲུ་མར་ལྡན་པའི་ཨ་སས་བདུག་ཅིང་ཁོང་ནས་ཟས་སྐོམ་བཟང་དུ་བརྡེག་ལ། སྦང་མ་བཤུལ་ཆགས་ཀྱི་ཚིལ་དང་འུ་སུ་གོ་སྙོད་སོགས་སྤོད་སྣ་ཆང་བཙོས་གླན་ནོ། །ཤ་སྨྱོས་པ་སེར་ཞིང་སྨུག་ལ་རྨ་ཁ་མཐོ་བར་འོང་བས་དེ་ལ་ཁྲག་དབྱུང་ལ་ག་བུར་གྱི་ཆུས་བཀྲུ་ཞིང་ཀ་ར་དོམ་མཁྲིས་དང་བཅས་པ་གདབ་ཅིང༌། རྨ་ལ་ཅུ་གང་སིནྡྷུ་ར་ཤོ་མང་དང་ཁོང་དུ་ཚ་སེལ་གྱི་སྨན་བཏང་སྟེ་གཉིས་ཀ་བསིལ་གྱིས་བཅོས་པར་བྱའོ། །བྱེར་ལ་སྐྱི་བྱེར་བ་དང་ཤ་བྱེར་བ་དང་གཉིས་ཀྱི་དང་པོ་སྐྱི་བྱེར་བ་ནི་འོག་མཁྲེགས་སྟེང་མེར་དུ་ཤ་ལྤགས་བྱེ་ཞིང་སྤུ་རྩ་ཀུན་ནས་ཆུ་སེར་འཛག་པ་དེ་ལ་བུལ་ཏོག་གི་ཆུས་བཀྲུས་ལ་མེ་མེད་དུ་བ་གསུམ་ནི་ཕ་བ་དགོ་དགོ་རྒན་པོ་དང༌། སྙེ་ནག་མ་དུད་པ་བྱ་བལ་མ་བཅས་དང་ཆུ་རྩ་དང་མར་དཀར་དང་ཞོ་སྤྲིས་སོགས་སྦྱར་བས་བྱུགས། ཤ་བྱེར་དང་པོ་རྨའི་རྨ་ཆས་དྲགས་ཏེ་ཐོ་སྐོར་སྐྲངས་ཤིང༌། དེའི་རྗེས་སུ་སྲུབས་སྣ་རྩ་མཁྲང་ལ་སྐྲངས་བར་འགྱུར་ཞིང་སྟེ་ཞེས་པ་འོག་མ་འདྲེན་ཚིག་ཡིན་ཏེ་ཐ་མར་མགོ་ཀུན་སྐྲངས་པར་འགྱུར་ཞིང་ཤ་རུས་འབྱེ། མ་བཅོས་ན་ནང་དུ་ཐིམ་ནས་བྱེར་ཁྲིད་འབྱུང་བས། དེ་ལ་ཐུར་མས་རུས་ལ་ཐུག་པར་གཙགས་ལ་གོང་བཤད་ལྟར་གྱི་ཨ་སས་བདུག་ཅིང༌། ཀླད་པ་སྣ་ཚོགས་ཚྭ་དང་སྦྱར་བ་དང་གོང་གསལ་སྤོད་བསྲོས་པའི་ཞུན་དུ་གཞུག་ཅིང༌། ཡང་ན་རྩ་བ་བཞི་ཡི་ཞེས། ལྕ་བ་འབམ་པོ། སྤྲུ་དཀར་གྱི་རྩ་བ། ཏང་ཀུན་རྩ་བ་བཅས་དང༌། ཕབས་དྲི་ཆུར་སྦྱར་ལ་བསྲོས་པའི་ལུམས་ཀྱིས་བདུག རྩ་འཕྲང་བསྲེག་དམིགས་བཅུ་བཞི་སོགས་མེས་བསྡམ་ཞིང་སྐྱ་སྦྱོར་སྒོ་ང་སོགས་གོང་བཤད་བྱུགས་ལ་རི་བོང་གི་སྤུའི་དེབ་བཏང་བ་དང༌། མགོའི་རྒྱ་སྲུབས་སྟེང་རྣམས་སུ་ཕྱིང་པས་མནན་ལ་ཆིངས་ཀྱིས་བསྡམ།

རྨ་བྱེར་བ་ལ་རྨ་ཁ་གྲིས་བཅད་པ་ལྟ་བུ་གས་པ་རུས་པ་སྐམ་བྱེར་ལྷ་བ་སྐྱ་སོབ་སྤ་བཅད་པ་ལྟ་བུ་དང༌། བད་རླུང་གི་བྱེར་རྟགས་མེས་ཚིག་པའི་བྲག་ལྟར་རུས་པ་ཁྲམ་ཁྲུམ་ཚ་བས་བྱེར་བ་རྣམ་གཉིས་ལས་བད་རླུང་གྲང་བས་བྱེར་ན་སྦུ་གུ་སིབ་སིབ་འོང་སྟེ་དེ་ཡང་སྐྱ་སོབ་སྤ་བཅད་པ་འདྲ་ལ་དྲི་མི་ཞིམ་ལྷ་བ་དེ་རུས་པ་བརྡར་བའི་ཁྲག་སིབ་མ་བྱུང་བར་སྤྲད་པ་སྟེ་བྲད་ལ་སྨན་གྱིས་ལྷ་བ་བཟུང་བ་ལ་ཅུ་གང༌། གུར་ཀུམ། ལི་ཤི། བྱའི་ཟེ་ཁྲག མི་དོམ་མཁྲིས་པ། ཛཱ་ཏི། འོ་མ་འཛིན་ཏེ་ཨ་བི་ཥ་རྣམས་སྦྱར་ལ་བཏབ་པས་ལྷ་བ་བཟུང་བ་དང༌། ཁོང་དུ་རི་དང་རླུང་གི་རྟ་ལྤགས་པ་གཉིས་བཏང་ཞིང༌། ལུག་གི་རྐང་མགོ རྒུན་འབྲུམ། བུ་རམ། མར་སོགས་བརྫང་བ་དང༌། ཡང་ན་རུས་པ་ཆང་བཙོས་གླན་ལྷ་ཞོ་སྟེ་གངས་ཐིགས་དང་རྡོ་བེ་སྣབས། རྡོ་མཁྲིས། དོམ་མཁྲིས། རེ་རལ། རྒྱ་ཁུར་གྱི་ཞོ། ཅུ་གང༌། སྦྲང་སོགས་ཀྱི་ལྡེ་གུ་བྱུགས་པས་རུས་ཁུགས་བྱ་ཞིང༌། ཤ་གསར་དང་ཆང་གསར་གྱིས་ལྷ་བའི་མེ་དྲོད་སྐྱེད་པར་བྱེད་དོ། །མེས་ཚིག་བྲག་ལྟར་བྱེར་ན་ཀླད་པ་ཚ་སྦོས་ཀྱིས་ལྷ་རུས་བསྐམས་ཏེ་དམར་སེར་བསྐམས་པ་ཚ་བ་ཡིན་པས། ག་བུར་རྒྱལ་བློན་བཞི་ནི་ག་བུར། ཅུ་གང༌། གུར་ཀུམ། ཧོང་ལེན་ཀ་ར། ཡང་ན་ཙན་དན་སྨུག་པོ། ཧོང་ལེན་བསྣུར་བར་ཞོ་སྦྱར་ལ་བྱུག་པ་དང༌། ཙན་དན་བདུན་པ་ལ་བར་མཆན་ལ་སྨུག་པོ་ཡོད་ཀྱང་དོན་དུ་དམར་པོ། རྡོ་རྒྱུས། ཅུ་གང༌། ཛཱ་ཏི། གུར་ཀུམ། རུ་རྟ། མིའི་མཁྲིས་པ་ནུ་ཞོ་སོགས་སྦྱར་བ། རྨ་ལ་བྱུག་གམ་བཏབ་ལ་རྨ་ཆས་རྣམས་ཀྱང་བསིལ་བ། ཚ་ན་ཀྱི་ལྕེ་ཧོང་ལེན་ཞོར་སྦྱར་བའི་ཆས་སུ་གཞུག་ཅིང༌། ག་བུར་རྒྱལ་བློན་གསུམ་པོ་ནི་ཕྱི་རྒྱུད་ལྟར་ཁོང་དུ་བཏང་བ་དང༌། རྩེ་ཆུང་གཏར་ཞིང་ཟས་དང་སྐོམ་བསིལ་དུ་བསྟེན་པར་བྱ་ཞིང༌། དེས་ཀྱང་ལྷ་ཁྲག་ལྷ་མིག་ཏུ་མ་ཁུགས་ན་ཁྲག་བཀུག་པ་ནི་ཡན་ལག་བཞི་དང་སྣེ་ས་བཞི་བཅིངས་ཤིང་ཕུར་སྐེ་ལ་དར་གྱིས་བསྙལ་རུས་པ་བཅད་ཕུགས་སུ་བྲུད་ཅིང༌། སྐམ་ས་བྲོས་འགུགས་པའི་སྨན་བརྒྱད་ནི་ཅུ་གང༌། གུར་ཀུམ། ལི་ཤི། དོམ་མཁྲིས། ག་དུར། འོ་མ་འཛིན་ཏེ་ཨ་བི་ཥ། ཀྱི་ལྕེ་དཀར་པོ་བྱའི་ཟེ་ཁྲག་བུ་རམ་ལ་གཞི་བླངས་ལ་ལྷ་སྟེང་གདབ་ཅིང༌། རྐང་མགོ དཔྱི་རུས། སེར་བ་རུས་པ་གསུམ་དང་མར་ཚིལ་བསྲེས་ལ་རྨའི་ཁ་ཤ་ལ་གཡོགས། བུ་མོ་ལོ་ཉི་ཤུ་ལོན་པའི་མངལ་ཁྲག ལུག་དང༌། གཡག་གི་གསོན་ཁྲག་གསུམ་པོ། བུར་རྙིང་ལ་སྦྱར་བ་ལྷ་བའི་སོས་སུ་ཁོང་དུ་བཏང༌། གཤེར་བྲོས་སམ་རློན་བྲོས་ལ་བ་རྒན་ཁ་ཆུ་ལྟ་བུར་བ་ཐག་ཅན་དང༌། རླན་ཞིང་ལས་དྲོས་མཚམས་སུ་ཐག་ལངས་པ་ལྟ་བུར་བྱེར་བ་གཉིས་ཤའུ་སྐྱེ་དྲག་ལ་གཙེས་པ་སྟེ་རེག་ན་ཁྲག་ནག་འོང་བ་དེ། ཅུང་ཞིག་བཞག་ན་བྱ་ཝང་གི་རྒྱབ་ལྟར་འགྱུར་བ་དང༌། རྣག་ཆུ་བའི་ཁ་ཆུ་འདྲ་བ་ལ་རུས་སྦལ་གྱི་སྙིང་དང༌། དོམ་པ་ལ་ནི་ཟུར་མཁར་བ་དྭ་བ་དང༌། ལ་དང་ནི་ལང་ཐང་ཙེར་གྲགས་པ་དང༌། ཕྱག་དྲེག་མར་གཅིག་ཏུ་བཟུང་བའི་དོམ་མཁྲིས་ལ་བཞེད་པ་སོགས་སྣ་ཚོགས་ཀྱང་དོན་བྱི་ལ་ནག་པོ་དང༌། རྩངས་པ་གཉིས་ཀྱི་ཀླད་པ་བཅས་གདབ་ཅིང༌། ཕྱི་ནས་གོ་སྙོད་ལྕམ་འབྲུམ་སྦང་ཉེ་མར་ནག་སོགས་ཀྱིས་དུགས་བྱ་ཞིང་ཁོང་དུ་སྡུད་སྨན་གསེར་མདོག ན་ལེ་ཤམ། བུ་རམ་སོགས་ཆང་སྦྱར་བཏང་ཞིང༌། དེས་ཀྱང་མ་ཐུབ་ན་རྨ་ལ་འདྲེན་རྩི་རྒྱ་ཚྭ་དང་གཙོད་ཁྲག་གདབ་པ་དང༌། ཕྱི་རྒྱུད་ལྟར་གྱི་སྦྲང་ཆང་བཏང་ཞིང་མགོ་ལ་སྨན་རུ་རྟ་བྲག་སྤོས་པི་པི་ལིང་མར་ནག་བཅས་ཀྱིས་བྱུག ཡང་དེས་ཀྱང་མ་ཁུགས་ན་བྲུད་ལ་སྦལ་པའི་ཁྲག་བྱུག་ཅིང༌། ཡང་ན་རྒྱ་ཚྭ། རུ་རྟ། ཤུ་དག དབྱི་མོང་སོགས་གདབ་ཅིང༌། ཚིལ་ནན་དང་གོ་སྙོད་སོགས་ཀྱི་སྤོད་ནན་བྱ། ཞིང་ཐག་ལངས་པ་ལྟར་རླན་ཆེ་ན་ཁོང་དུ་ཚས་བཏང་བ་སྟེ་ཟས་བཅུད་བསྟེན་པ་དང་ཨ་ཟ་སྟེ་ཟན་དྲོན་གྱིས་བདུག ལྷ་བ་བྲད་བརྡར་བྱས་ནས་གསོན་དང་སྤྲད་ལ་ཟླུམ་བཅོས་སྐབས་ཀྱི་ཚི་བ་བྱེ་མ་དགུ་སྦྱོར་དང་རྟ་ལྤགས་སོགས་ཀྱི་ཁཎྜས་བཟུང༌། ཡང་ན་གཤེར་བྱེར་གཉིས་ཀར་ལྷ་བ་བརྡར་བྲད་བྱས་ནས་གསོན་དང་སྤྲད་ལ་གཤེར་བ་བྲོས་པ་འགུགས་པའི་སྨན་ལ་རྒྱ་ཚྭ། ཁ་རུ་ཚྭ། གུར་ཀུམ། དོམ་མཁྲིས། འོ་མ་འཛིན་ཞེས་ཨ་བི་ཥ། སྦྲང་བུ་རམ་སྟེ་བདུན་ལྷ་བའི་སྟེང་དུ་གདབ་པ་དང༌། ཚིལ་ནན་དང་འུ་སུ་སོགས་ཀྱི་སྤོད་ནན་བྱ་ཞིང་གང་བྱེ་བའི་སྟེང་དུ་སྤྲ་བས་བསྲེག འགྲེང་བུ་ནི་གླ་བ་གཤམ་ནས་བྱུང་བའི་འགྲེང་བུ་གཉིས་ནུ་མའི་ཐད་བྲང་སྒྲོག་རུས་འོག་ཏུ་འགྲོ་ཞེས་པ་དེ་དང༌། འདོམ་རྩ་ནི་མཆིན་མཁྲིས་འདོམ་རྩ་གཏར་ཞིང་ཡེན་ལ་གཏད་པ་ཟས་སྐོམ་བཀྲེན་ཤས་ཆེ་བ་བྱ་ཞིང་སྐམ་གཤེར་འདྲེས་པའི་ཁྲ་བོར་བྱེར་ན་རྨའི་ནང་དུ་སྡུད་སྨན་གཏོང་དགོས་ཏེ། དེའི་ཚད་ནི་རུས་པ་རྔུལ་ཙིག་ཙིག་བྱེད་ཅིང་ཕྱིས་ན་ཆུ་སེར་མི་རྙེད་པ། དེ་ལ་རེ་རལ། ཅུ་གང༌། འོམ་བུའི་མེ་ཏོག མངར་ཀར་བུར་སྦྲང་གསུམ་འབྲི་མར་ལྦུ་སྙིགས་ཕྱུངས་པ་དང་སྦྱར་ལ་བསྐོལ་ལུགས་གོང་ལྟར་བྱའོ། །རྡོའི་སྨན་ཆིག་ཐུབ་གཉིས། སྦལ་རྒྱབ་གཉིས། གྲུ་བཞི་ཅོག་ལ་མ། རྡོ་ཀླད། བེ་སྣབས། བྱེ་མགོ་བཅས་དགུ་དང་རྩི་སྨན་ཅུ་གང༌། གུར་གུམ། གི་ཝཾ་གསུམ། སྔོ་སྨན་རེ་རལ། བྲགསྤོས། འབྲི་རྟ་ས་འཛིན། ཀྱི་ལྕེ་དཀར་པོ་ལུག་མིག་ལྔ་རྣམས་དང་བུ་རམ་སྦྱར་བ་ཁོང་དུ་བཏང་བས་ལྷ་བའི་བྱེར་བ་ཀུན་མ་ལུས་པར་འགུགས། ལྷ་བ་བྲོས་པ་མགྱོགས་པ་རྟས་ཀྱང་རྗེས་མི་སླེབ་ན་དེའི་རྒྱུ་གསུམ་པོ་གང་ཡིན་ལེགས་པར་མ་ནོར་བར་བརྟགས་ལ་སོ་སོའི་སྐྱོན་དང་དབྲལ་དགོས་ཏེ། དེའི་རྒྱུ་གསུམ་ནི་ཡང་ན་དར་ཐོག་ཏུ་རྣག་ཞུགས་པས་འདོན་པ་དང༌། ཡང་ན་ལྷ་རྩ་ཤོར་བས་མར་གྱིས་བསྲེག་ཅིང༌། ཡང་ན་ཤ་རུས་སྐྱོན་རྒྱ་ཆེར་ཡོད་པས་ཤ་ཤུན་དབྱེ་རུས་པ་མཐའ་ཆོད་པ་འབྲུད། ལྷ་བའི་མིག་རྣག་གིས་གང་ན་སྔོ་ལ་སོབ་ཅིང༌། ཇི་ཙམ་མང་དུ་བྲུད་ཀྱང་ལྷ་བའི་ཁྲག་སྐམས་ནས་མེད་པ་དང༌། ཕྱི་རྟགས་ཤེད་ཆུང་ཞིང་ལུས་གྲང་ལ་འདར་བ་དང་ག་འགགས་ན་འཆི་ཞིང༌། ལྷ་ཁྲག་བྲོས་པ་ཁུགས་ཤིང་རླན་རྙེད་ལ་ཤའུ་སྐྱེས་པ་དང༌། ཁའི་ཤ་དམར་ཞིང་ནང་དུ་འདྲུས་པ་སྟེ་འཇམ་ལ་འདུས་པ་དང་ནད་ཟོ་བདེ་ན་འཚོ་ལ། གལ་ཏེ་རུས་པ་བྲུད་པ་ཁྲུན་མ་ཆོད་པར་གྱུར་ན། ཤ་དང་རུས་པའི་བར་ནས་ཤའུ་ལྕེ་ཐབས་སྐྱེ་ཞིང༌། རྨའི་ཁ་ཤ་དྲེའུའི་ཁ་ལྟར་གདངས་པ་དང་ཉྭ་སྒང་ལྟར་སྐྲངས་པ་འབྱུང་བ་ཡིན་པས་དེ་ལ་ཤ་དྲལ་ནས་རུས་མཛེར་ཕྱུངས་ལ་ཤའུ་ཆགས་པའི་སྨན་མངལ་ཁྲག་རྒུ་དྲུས་དོམ་མཁྲིས་གསུམ་གདབ་ཅིང༌། བཟོ་ལྷག་ལུས་པར་གྱུར་ན་ཀྱོང་བུས་རྩད་ནས་ཆོད་པར་བྲུད་དོ།།

          རྩ་སྐྱོན་བྱེར་བ་ལ་ཤ་བྱེར་རུས་བྱེར་ཀླད་བྱེར་རྩ་བྱེར་དང་གསུམ་གྱི་རྟགས་བཅོས་ནི་ཤ་རྩ་བྱེར་ན་སྐེ་དང་མཇིང་པ་འགྱུར་བ་དཀའ་ལ་འཁྱུག་ཅིང་སྐྲངས་ལ་ཟུག་ཆེ་ཞིང་གཟེར་བ་ཡིན་པས་གང་གཟེར་གྱི་རྩ་སྟེང་མེས་མནན་ལ་ལུམས་སྣ་གསུམ་གྱིས་བདུག་སྟེ་མེ་ཏོག་སྣ་ཚོགས་བདུད་རྩི་ཤུག་འབྲུ་བ་ལུ་མཚེ་མཁན་པ་འོམ་བུ་སྟེ་ལྔ་དང་འབྲུ་སྣ་ལྔའོ། །རུས་པའི་རྩ་བྱེར་ན་ལྷ་བ་ཕྱིར་བྲོས་པ་ཡིན་པས་དེ་ལ་སྨན་ཅོག་ལ་མ་ཁ་ཆེ་དོམ་མཁྲིས་བཅས་དང་མར་སྦྱར་བ་ཏེལ་པས་གོང་དུ་བསྟན་པ་ལྟར་བསྐོལ་ལོ། །ཀླད་རྩ་བྱེར་ན་ཆུ་སེར་དར་ཐོག་ཏུ་ལྷུང་བའི་རྟགས་ནི་མིག་འཛུམ་མི་ཤེས་སྟོང་སྐྱུགས་འོང་ལག་པ་ནོམ་ནོམ་བྱེད། ལབ་འཆོལ་སྨྲ། ཡང་ན་ཁ་ལྐུགས་རུས་པ་སྦྲང་འདབས་སྐྱའམ་དཀར་པོར་འགྲོ་བས་རྨ་དང་སྣ་སྒོ་དང་ཆུ་ལམ་རྣམས་ཀྱི་ཆུ་སེར་ལ། རྒྱ་ཚྭ། ཁ་རུ་ཚྭ། ཟེ་ཚྭ་གསུམ། བྱང་པ། ཉ་ཕྱིས་དོམ་མཁྲིས་གསུམ། ནད་མ་ཚེར་སྔོན་ཨ་བི་ཥ་གསུམ་རྣམས་སྦྱར་ལ་ཁོང་དུ་བཏང་བས་དྲངས་ཤིང༌། དེས་མ་ཐུབ་ན་རུས་པར་མཐོང་ཁ་ཕྱེ་ལ་རྣག་ཆུ་འདོན། རྣག་འཐོར་ན་ནས་ཀྱི་འབྲུ་གཏོར་བ་དང་འདྲ་བས་གསོ་དཀའ་ཞིང༌། གཅིག་ཏུ་འཁྱིལ་ན་ལུ་གུ་ཉལ་བ་ལྟར་འཚོ་བ་ཡིན། དར་བཙགས་རྩེ་མོ་གྱེན་དུ་བསྟན་པས་དྲས་ཏེ། རྣག་ཕྱུངས་པའི་རྗེས་ལ་ཚེར་སྔོན། ལི་ཁྲི། སྦལ་རྒྱབ་སོགས་གསོ་བའི་སྨན་གདབ་པ་དང༌། དར་སྟེང་དུ་ཆུ་སེར་ལྷུང་བ་གོང་དུ་བཤད་པའི་རྟགས་དང་ལྡན་ཞིང༌། རྨ་མེད་པའི་ས་གཞན་དུ་རྒྱུན་དུ་ཐིག་ལེར་རམ་དམིགས་སུ་ན་ན་གང་དོགས་པའི་སར་སྐྲ་བཞར་ཞིང་ཆུ་ལྕག་བརྒྱབ་པས་རླངས་པ་དང་དྲོད་ཆེ་ལ་མནན་ན་གང་ན་སར་ཤ་དྲ་ཞིང་རུས་པ་བརྡར་ཏེ་གསེང་བུག་བཏོད་ལ། རྒྱུས་པ་སྐམ་པོའི་རྩེ་བལྡད་པ་ནང་དུ་བཅུག་ལ་རྣག་ཆུ་ཨེ་འདུག་བཙལ་ཏེ། ལོག་གནོན་བྱེད་པའི་དུས་ན་སྙིང་ཁམས་མ་ཆུང་བར་བྱས་ལ། ལྷ་བ་བྱེར་བ་ལ་གསོན་གཤིན་གོང་བཤད་ལྟར་སྤྲོད་པ་དང༌། ཀླད་རུས་ཀྱི་མཚམས་ནས་རྣག་ཆུ་ཅི་ཐོན་གྱིས་ཞེས་གདམས་པའོ། །རྩ་ཁྲིད་པ་ལ་ཕྱི་ཁྲིད་པ་དང་ནང་ཁྲིད་པ་གཉིས་ལས། ཕྱི་ཁྲིད་ཤུལ་ཤ་ནི་སྒལ་པའི་ཕྱི་བཤུལ་ནང་བཤུལ་ཁྲིད་ཅིང་མཇུག་རྡོ་སྐྲངས་པ་དང༌། ཡན་ལག་བཤལ་བ་དང་སྦྲིད་ཅིང་ཚོར་བ་ཆུང་བ་དང་ཚ་བ་སྐྱེས་པ་སྤྱི་བྱེ་བྲག་གཉིས་ཀྱི་ལུས་སྤྱིར་ཚ་བ་སྐྱེས་ན་གོང་བཤད་ལྟར་བདུད་རྩི་ལྔའམ་འབྲུའི་ལུམས་སུ་གཞུག་ཅིང༌། ཕྱི་རྩ་ལ་རྩེ་ཆུང་སོགས་གཏར་བ་དང་ནང་རྩར་རྩ་སྦྱོང་ཕྱི་རྒྱུད་ལྟར་སྦྱང་ཞིང་ག་བུར་ཉེར་ལྔ་བཏང༌། ནང་རྩར་སྤྱིར་བབས་ནས་ཁྲིད་ན་སྟོད་ལྕི་ཞིང་ཚ་བ་སྐྱེ་བ་དང༌། ལུས་ལྕི་ཞིང་ཕྲུམ་སེར་ཁྱེར་བ་ཞེས་གྲང་ཤུམ་བྱེད་ལ་དབུགས་མི་བདེ་བ་དང༌། གློ་ཆུང་སོར་ན་རྒྱུད་ཕྱི་མའི་ག་བུར་ཉི་ཤུ་རྩ་ལྔའི་སྟེང་ལ་མུ་ཏིག་དང༌། ཉ་སྐྱོགས་དང༌། མི་དང་དོམ་གྱི་མཁྲིས་པ་བསྣན་ཏེ། འབྲས་བུ་ཨ་བར་སྐྱུར་གསུམ་གྱི་ཁུ་བས་ཕུལ་ལ་བཏང༌། སྔར་བཤད་པའི་བསྲེག་དམིགས་བཅུ་བཞི་པ་མེས་མནན་པར་བྱའོ།།

            བྱེ་བྲག་རྩར་ཤོར་ནས་སྙིང་ལ་བབས་པ་ན་སྙིང་འདར་ཡན་ལག་སྤྲུག་ཁ་མིག་སླེ་བ་ལ་ཛཱ་ཏི་ག་བུར། ཨ་རུ། ཙན་དན་དཀར་པོ། ཨ་བྱག་བཅས་ལྔ་སྦྱར་ལ་བཏང་ཞིང་སྨྲ་བ་ལྐུགས་ན་ཛཱ་ཏི། གུར་ཀུམ། ཙན་དན་དཀར་པོ་བཅས་པའི་ཐང་བཏང༌། ག་བུར། ཨ་རུ། ཙན་དན། ཨ་བྱག ཀ་ར་སྦྱར་ལ་བཏང་བ་དང༌། ཚིགས་པ་དྲུག་པ་དང་མཐེབ་སྙིང་བསྲེག རྩར་ཤོར་ནས་གློ་ལ་བབས་ན་ཅུ་གང་ལྔ་པ་སྦྱར་བ་དང༌། སྟོད་གཟེར་དབུགས་ཐུང་རྔམ་པ་ཆེ་ན་ཤིང་མངར། རྒུན་འབྲུམ། ག་དུར་གྱི་ཐང་བཏང༌། གི་ཝཾ། ཨུཏྤལ། རྒུན་འབྲུམ། སྲོལ་དཀར། ཀ་ར་སྦྱར་ལ་ཚིགས་པ་ལྔ་པ་དང་མཛུབ་མོ་བསྲེག རྩར་ཤོར་ནས་མཆིན་པར་བབས་ན། ལུས་དང་ཤེས་པ་བྱིང་མིག་འཛུམ་དཀའ་ན་གུར་ཀུམ་བ་ལེ་བ་ཤ་ཀ་བཅས་པའི་ཐང་བཏང༌། གུར་ཀུམ་དང༌། འབྲི་རྐང་སྟེ་བ་རུའི་ནང་སྙིང༌། ཀཎྜ་ཀ་རི། གསེར་གྱི་མེ་ཏོག་བཅས་བཞི་པ་ཀ་ར་དང་སྦྱར་ལ་ཚིགས་པ་དགུ་པ་དང་གུང་མོ་བསྲེག རྩར་ཤོར་ནས་མཆེར་པར་བབས་ན། མཆུ་འཕྱང་ལུས་སྦྲིད་ལ་བརྐྱང་བསྐུམ་མི་ཤེས། ལི་ཤི་ཨུཏྤལ་མ་ནུའི་ཐང་བཏང་ཞིང་ལི་ཤི་དང་ད་ལིས་ཞེས་པ་བ་ལུའི་མེ་ཏོག་རུ་རྟ་ལི་ག་དུར་ཧོང་ལེན་བཅས་ལྔ་པ་ཀ་ར་དང་སྦྱར་ལ། ཚིགས་པ་བཅུ་གཅིག་པ་དང་སྲིན་ལག་བསྲེག རྩར་ཤོར་ནས་མཁལ་མར་བབས་ན། དཔྱི་མིག་བརླ་སྒང་ཟུག་ཅིང་ཚང་ར་མི་ཐེག རྐང་པ་བཤལ་ལ་དྲི་ཆུ་བསྡམ་ཞིང་དགྱེ་དགུ་མི་ཤེས་ན་སྡིག་སྲིན། སུག་སྨེལ། ལྕམ་པ་བཅས་པའི་ཐང་བཏང༌། སུག་སྨེལ། གོང་བཤད་ཀྱི་ད་ལིས། ཤིང་ཚ། སྡིག་སྲིན། དོམ་མཁྲིས་གསེར་བྱེ། སྦྲང་རྣམས་འབྲས་བུ་གསུམ་གྱི་སྨན་མར་དང་སྦྱར་ཚིགས་པ་བཅུ་བཞི་པ་དང་མཐེའུ་ཆུང་བསྲེག་གོ །གཞན་ཡང་རང་རང་གསང་ལ་མེ་དང་ཁྲག་ཤས་ཆེ་ན་གཏར་ག་ཕྱེ་མ་སོགས་གང་དགོས་རིགས་པས་སྤྱི་དང་སྦྱོར་རོ།།

          ཀླད་པ་གཞའ་བར་གྱུར་ན་ཁ་རུ་ཚ། སྒ་སྟེ་ཤིང་ཀུན་གསུམ་པ་བཏང་བ་དང༌། ཤ་ཆང་བརྡེག་པ་ནི་ཆེར་བསྟེན་ཞིང་ཟན་དྲོན་ཏེ་ཨ་ས་བ་ཡིས་བདུག སྦོས་ན་ཚ་སྦོས་ལ་རྨ་དང་ཀླད་རྒྱ་ཆུ་རྩ་རྣམས་ཚ་མགོ་ལྕི་ཀླད་རྒྱ་དམར་དེ་ལ་ག་བུར། ཅུ་གང་བཅས་རྒྱལ་བློན་ཁོང་དུ་བཏང༌། དེ་སྟེང་ག་བུར་རྒྱལ་བློན་ལ་ཧོང་ལེན་བསྣན་ལ་རྨར་གདབ་ལ་སྲིན་བལ་ག་བུར་ཆུར་བཅུག་པ་རྨ་ལ་དགབ་ཅིང་ཞ་ཉེ་སྲབ་མོས་མནན་པ་དང༌། རྩེ་ཆུང་གཏར་ཞིང་རྨ་ཆས་ལ་ཞོ་དང་ཨ་རུ་རའི་གྲང་ཞུན་བྱ་ལ་སྨན་དང་ཟས་བསིལ་དུ་བསྟེན་ཞིང༌། གྲང་སྦོས་གཞའ་དང་འདྲ་བ་ལ་སྲིན་བལ་མར་བཙོས་དར་དུ་དྲིལ་བས་མནན། རྣག་སྦོས་ཕུག་ལ་རྒྱུས་བལྡད་ཀྱི་ཉུལ་མ་བཏང་ལ་ཀླད་ཁྲུས་བྱ་བ་ནི། དང་ག་མི་བདེ་གཉིད་བྲོ་ལུས་ལྕི་རྨྱང་འདོད་མིག་སྤྲིན་དམར་གློ་མང་བྲང་འདབ་སྐྱ་ལ་སྐམ་པ་ན་གསེང་བུག་ཏུ་འཚང་བས་རྣག་དར་ཐོག་ཏུ་འཁྱིམས་པ་ཡིན་ཤའུ་མཛེར་ཐབས་སུ་སྐྱེ་བས་རྒྱ་ཚྭ། ཕུར་མོའི་ལོ་མ། དནྡ། རུ་རྟ་གདབ་ཞག་གཅིག་ལྟོ་བཀུག་ལ་ཀླད་མྱུལ་གོང་ལྟར་བཏང༌། དེས་མ་ཐོན་ན་རྒྱ་ཚྭ། དོམ་མཁྲིས། གུར་ཀུམ། ཆང་སྦྱར་ལྒང་ཕུག་ཏུ་བླུགས། ཟངས་ཀྱི་གཅེའུ་ཁ་ལེབ་ཀྱིས་བཏང་དེས་རྣག་ཆུ་ཁྲིད་ནས་འོང༌། གཏོང་ས་མ་རྙེད་ན་འཛག་སྒོ་བདེ་སར་གསེང་བུག་བཏོད་ལ་དབྱུང་ངོ༌། །ཀླད་མཛེར་དང་ཆུ་སེར་མི་བཅད་ལ་ཐུར་མ་དང་མར་ཙག་བཅད་ཀྱིས་བསྲེག་ཅིང༌། སྨྱོ་ན་སྤྱི་གཙུག་དང་མཐིལ་ནི་རྐང་ལག་གི་མཐིལ་བཞི་དང་ཚིགས་པ་དྲུག་པ་དང་བདུན་པ་དང་སྙིང་ག་རྣམས་བསྲེག་པ་དང༌། སྙིང་ཞོ་ཤ ག་བུར། ཛཱ་ཏི། ཨ་ག་རུ། གུར་ཀུམ། རྒྱ་ཚྭ་སྒོ་ང་བཅས་བདུན་པ་སྦྱར་བ་དང༌། ཁ་ཟས་སྒོ་ང་མར་བུར་ཆང་སོགས་བཅུད་ཀྱིས་གསོའོ། །ལྐུགས་ལ་ཀླད་ལྐུགས་དང་རུས་ལྐུགས་དང་རྩ་ལྐུགས་བཅས་གསུམ་གྱི། ཀླད་ལྐུགས་ནི་ཀླད་པ་ལུག་པ་འཁྱིམས་པ་ཀླད་རྒྱའི་ཐོག་ཏུ་ཆུ་སེར་རྒྱ་ཁུ་འདྲ་བ་ཤོར་བ་དང་གསུམ་ལས་འབྱུང་བ་ཡིན། དེ་ལ་ག་བུར་དང༌། ཅུ་གང་དང༌། གུར་ཀུམ་དང༌། ཙན་དན་དཀར་པོ་དང༌། མུ་ཏིག་དང༌། ཉ་སྐྱོགས་དང༌། དོམ་མཁྲིས་དང༌། ཀ་ར་རྣམས་སྦྱར་ལ་བཏང་ཞིང༌། ལྟག་རྩ་ནི་ལྟག་ཟུར་ལྟག་རྩ་ནག་པོ་གཉིས་ཞེས་པ་དེ་གཏར་ལ་དེ་འཕྲལ་རྨ་ཁ་བསྲེག་ཅིང༌། སྣ་རྩེ་ནས་ཁྲག་དབྱུང་ཞིང་ལྕེ་འོག་རྩ་གཉིས་ལ་གཏར་བ་དང༌། མགོ་ལུས་ཐམས་ཅད་ཆུ་ཆགས་བྱས་ཏེ་གན་རྐྱལ་ཉལ་བ་ལ་ཡན་ལག་བཞི་ནས་དུས་གཅིག་ཏུ་འཐེན་ལ་རྐང་མཐིལ་ཁུ་ཚུར་གྱིས་བརྡུང་བ་རྣམས་བསྒྲགས་ལ་བྱ། དེས་ལྐུགས་པ་མ་ཕྱེད་ན་རྒྱུད་ཕྱི་མ་ལྟར་གྱི་སྣ་སྦྱོངས་ངམ་རྩ་སྦྱོང་བཏང་ངོ༌། །རུས་ལྐུགས་ནི་ཀླད་རུས་བར་དུ་རུས་དུམ་ཤོར་བ་དང༌། རུས་པ་གཏིང་ནས་དར་མནན་པ་ལ་འོང་བས་དེ་ལ་བྲུད་བརྡར་གྱི་བཟོ་བྱ་ཞིང༌། རྩ་ལྐུགས་ནི་རུས་རྩ་ཤོར་བས་ཕྱི་ནང་དུ་ཆུ་སེར་བྱེར་བ་ལ་འོང་བ་དེ་ནི་རྩ་དཀར་གྱི་ལེའུར་བཤད་པ་ལྟར་བཅོས་ཤིག་ཅེས་གསུངས་སོ།།

            བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་མགོ་བོའི་རྨ་གསོ་བའི་ལེའུ་སྟེ་བརྒྱད་ཅུ་རྩ་གསུམ་པའོ།། །།




མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 4:44 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།