སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གྱ་གསུམ་པ། མགོ་བོའི་རྨ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་གྱ་གསུམ་པ། མགོ་བོའི་རྨ་གསོ་བ།



ལེའུ་གྱ་གསུམ་པ། མགོ་བོའི་རྨ་གསོ་བ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །ཡན་ལག་དང་པོ་མགོ་ལ་མཚོན་ཕོག་ན། །དེ་ལ་རྟགས་དང་བཅོས་ཐབས་ཇི་ལྟར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་དང༌།  དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག ཡན་ལག་ལྔ་ལ་གཅེས་པ་མགོ་བོ་ཡིན། །དེ་ལ་གནས་ལུགས་ཕོག་ས་བརྟག་པའི་ཐབས། །བཅོས་པའི་ཐབས་དང་ལོག་གནོན་ལྔ་ཡིས་བསྟན།།

དང་པོ་མི་རིགས་མགོ་དབྱིབས་བསྟན་པ་དང༌། །ཤ་རུས་ཀླད་པ་རྩ་ཡི་གནས་ལུགས་བསྟན། །མི་རིགས་རླུང་མཁྲིས་བད་ཀན་ལྡན་འདུས་བདུན། །མགོ་དབྱིབས་སྤྱི་རིང་ལྟག་འབུར་སོག་ཀ་དང༌། །གྲུ་བཞི་ཟླུམ་པོ་འཕྲེད་ཉལ་སྤྱི་ལེབ་བོ། །དེ་དག་ཀླད་པ་རུས་པ་རིམ་བཞིན་ངན། །དེ་བཞིན་རྣམ་པ་གཟེར་རྩ་མང་བར་བཤད། །ཀླད་པ་རྒྱ་མཚོའི་གནས་ལུགས་བསྟན་པ་ནི། །ཤ་ཀླད་མར་ཀླད་བུང་ཚང་ཀླད་པ་དང༌། །ཕྲུམ་ཀླད་ཞོ་ཀླད་འོ་ཀླད་ཆུ་ཀླད་བདུན། །མི་རིགས་མགོ་ཡི་དབྱིབས་དང་ཀླད་པ་སྦྱར། །དེ་དག་རིམ་པས་གོང་མ་བཟང་བར་འདོད། །རྒྱ་དར་སྨུག་ལ་དྭངས་པ་གླ་ཧེལ་ཙམ། །རྩ་ཡི་དྲ་བར་གཏུམས་ནས་གནས་པ་ཡིན། །འོན་ཀྱང་མགོ་རིལ་མིག་ནག་མཚུལ་པ་ཉེག །སྣབས་ལུད་ཉུང་ཞིང་གཡང་ཆུ་རྨ་ལ་བཟང༌། །མཚོན་ཕོག་དུས་ན་འགྱེལ་བུབ་ཟ་ཟི་མེད། །མི་སྐྱུག་མི་ལུག་འཆལ་མེད་བཟང་རྟགས་ཡིན། །དེ་ལྡོག་ཞོ་དང་འོ་མ་ཆུ་ཀླད་འབྱུང༌། །ཀླད་ཁྱིམ་རུས་པའི་གནས་ལུགས་བསྟན་པ་ནི། །ཕོ་རུས་མོ་རུས་མ་ནིང་རུས་པ་གསུམ། །དེ་ལ་སྒང་དང་རྩིབས་དང་མཐའ་རུ་འགྱུར། །ཕོ་རུས་གདུང་མཐུག་ལྷ་བ་ཆུང་ལ་མཁྲེགས། །མོ་རུས་ལྷ་གདུང་སྙོམས་ཤིང་སྲབ་ལ་མཉེན། །མ་ནིང་རུས་པ་ལྷ་བ་ཆེ་ལ་གསོབ། །ལྟག་པ་སྨིན་དཀྱིལ་སོར་བཞི་ཞུར་པོ་སྒང༌། །རུས་པ་མཐུག་མཁྲེགས་སྐྲོན་ལ་ལྷ་བ་ཆེ། །དེ་ཡི་གཡས་གཡོན་སོར་བཞི་རུས་པའི་རྩིབས། །གོང་བས་སྲབ་ལ་ལྷ་གདུང་སྙོམས་པ་ཡིན། །དེ་ཡི་མཐའ་མ་རྣ་ལྟག་ལྷག་མ་རྣམས། །ལྷ་བ་ཆུང་ཞིང་སྲབ་ལ་སྐྲོན་པར་བཤད། །གཡོགས་པ་ཤ་ཡི་གནས་ལུགས་བསྟན་པ་ནི། །སྤྱི་གཙུག་ཤ་ནི་བཞག་སྒོར་འཁྱིལ་འདྲ་གཉན།  །ལྟག་པའི་ཤ་ནི་ཉ་ལྡང་གཞིབས་འདྲ་གཉན། །མཚོགས་མའི་ཤ་ནི་གཞུ་ཤུལ་བཏང་འདྲ་གཉན༌།  མུར་གོང་ཤ་ནི་ལུག་མཁལ་བརྩེགས་འདྲ་གཉན། །དེ་ལས་གཞན་པ་མི་གཉན་འདག་གཡོགས་འདྲ། །འབྲེལ་པ་རྩ་ཡི་གནས་ལུགས་བསྟན་པ་ནི། །ཀླད་པའི་རྩ་དང་རུས་རྩ་ཤ་རྩ་གསུམ། །ཀླད་པའི་རྩ་ལ་འཚོ་བྱེད་དར་རྩ་དང༌། །ཕྱི་ནང་གཞན་འབྲེལ་ཆུ་རྩ་གཉིས་སུ་བཤད། །དང་པོ་གཉན་གྱི་རེ་ཐག་རྣམ་པ་བཞི། །ཕྱི་ནང་རྒྱུག་པ་ཚངས་པའི་སྐུད་པའོ། །རེ་ཐག་བཞི་ནི་རྣ་བའི་ཕྱི་ནང་ན། །རྩེ་ནག་གཉིད་ལོག་གཉིས་ལས་གྱེས་པ་ཡི། །དར་སྟེངཤིང་ལོའི་འདབ་ལྟར་འབྲེལ་བར་གནས། །ཕྱི་ནང་རྒྱུག་པ་ལྟག་རུས་འབུར་པོ་ནས། །མཁུར་ཚོས་བྱུང་སྟེ་སླར་ལོག་ཀླད་པ་བླངས། །འདུས་སོ་གསུམ་འབྲེལ་སྲུབས་ལ་ཕྱི་ནང་བཙེམས། །ཚངས་པའི་སྐུད་པ་ཤ་རུས་ཀླད་པ་ཡི། །རྩ་གསུམ་འདུས་ཏེ་སྤྱི་བོའི་གཙུག་ན་གནས། །གཞན་དང་འབྲེལ་བའི་ཆུ་རྩ་ཕྱི་ནང་གཉིས། །ནང་རྩ་དར་གྱི་དཔྱང་ཐག་བཅུ་གསུམ་སྟེ། །རྗེ་ཞབས་ལས་བྱུང་རྐེ་ཡི་ནང་ནས་རྒྱུ། །དོན་ལྔ་སྣོད་དྲུག་བསམ་སེར་འབྲེལ་བ་ཡིན། །ཕྱི་རྩ་ལྟག་པའི་ཆུ་རྩ་སྦུ་གུ་ཅན། །ལྟག་ཟུར་སྤུ་འཁྱིལ་ཆུ་རྩ་འཇའ་བྱེད་གཉིས། །རྣ་ཤལ་འོག་གཤོང་རཏྣ་གཉིས་ཏེ་དྲུག །རྐང་ལག་རུས་ཚིགས་ཆུ་རྒྱུས་འབྲེལ་བ་ཡིན། །ཟ་འགྲམ་སྟེང་ན་སོ་རྩ་ལྡད་བྱེད་གཉིས། །རྐན་གྱི་དཀྱིལ་ན་འདོམ་རྩ་སུམ་མདོ་རིས། །ཉི་ཤུ་རྩ་གཉིས་ཆུ་རྩའི་གནད་དུ་བསྟན།  །རུས་རྩ་མདུང་ཚུགས་འཕྲེད་ཉལ་འཁྱམ་པོ་གསུམ། །མདུང་ཚུགས་གཟེར་རྩ་གཙུག་དང་མཚོགས་མའི་སྒོ། །ལྟག་པའི་སྡུད་སྒོ་གཡས་གཡོན་གཉིས་ཏེ་གསུམ། །སྨིན་དཀྱིལ་གཉིས་དང་མཁུར་ཚོས་སྒོ་ལྔར་འབྱུང༌། །དེ་ལས་གཞན་པ་མ་ངེས་གར་ཡང་སྲིད། །རུས་པ་ངན་ཞིང་གླིང་དང་རྩ་ཕུར་མང༌། །འཕྲེད་ཉལ་རྣ་ལྟག་སྟེང་ནས་སོར་བཞི་ན། །བོན་པོའི་ཐོད་ཅེས་བྱ་བའི་ལྷ་རྩ་ཡོད། །འཁྱམ་པོ་བཞའ་ཁུག་ཁྱི་ཉལ་བྱི་སྡེར་གསུམ། །འདིར་གནས་ངེས་མེད་ལྷ་བའི་གསེབ་ན་གནས། །རུས་པ་བརྡར་ཚེ་བྱ་རས་སོད་པ་གཅེས། །ཤ་ཡི་རྩ་ལ་ངེས་དང་མ་ངེས་གཉིས། །ངེས་པ་ལྟག་ཟུར་ལྟག་རྩ་ནག་པོ་གཉིས། །རྣ་བའི་ཕྱི་རྒྱབ་ཚོན་གང་ཕྱི་ལྗོན་གཉིས། །རྣ་བའི་ནང་ངོས་ནང་ལྗོན་རྣམ་པ་གཉིས། །མུར་གོང་ཟུར་ན་ལྟག་རལ་འཁྱུག་རྩ་གཉིས། །དཔྲལ་བའི་དཀྱིལ་ན་གསེར་མདུང་དངུལ་མདུང་གཉིས། །མཚུལ་པའི་འགྲམ་ན་མཚུལ་རྩ་ནག་པོ་གཉིས། །མུར་གོང་གཤོང་ན་མཐོང་བྱེད་མིག་རྩ་གཉིས། །མུར་འགྲམ་སྟེང་ན་སོ་རྩ་འཕར་བ་གཉིས། །གཙུག་གི་ཕྱོགས་བཞིར་རེ་ཐག་རྣམ་པ་བཞི། །དེ་ལྟར་ཉི་ཤུ་ངེས་པར་བཤད་པ་ཡིན། །དོན་ལྔ་སྣོད་དྲུག་དབང་པོ་སྒོ་བཞིའི་རྩ། །གནས་ལ་ངེས་མེད་བརྟགས་ལ་ངོས་བཟུང་གཅེས།།

གཉིས་པ་ཕོག་ས་བཟང་ངན་འབྲིང་པོ་གསུམ། །ངན་པ་སྡུད་སྒོ་བཞིར་ཕོག་འཆི་བའི་གནས། །ཆག་ཚབས་ཆེ་རུང་ཆུང་རུང་ངན་པ་ཡིན། །འཕྲེད་ཉལ་སྲུབས་སྟེང་མིག་ཕོག་མཁུར་ཚོས་དང༌། །ཟ་འགྲམ་སྟེང་རྣམས་ཕོག་ས་འབྲིང་དུ་བཤད། །ཤ་རྩའི་སྟེང་དུ་ཆག་ཚབས་ཆུང་ན་ངན། །ཤ་དང་རུས་པ་ཀླད་པ་རྩ་ཡི་རིགས། །ཕྱི་བས་ནང་མ་ནང་མ་གཉན་པ་ཡིན། །ཕོག་ས་བཟང་བ་དཔྲལ་བ་རྭ་ལྡེབས་གཉིས། །ཆག་ཚབས་ཆེ་ཆུང་མེད་པར་བཟང་བ་ཡིན། །འདིར་མ་སྨོས་རྣམས་ཕོག་ས་འབྲིང་དུ་བཤད།།

བརྟག་པའི་ཐབས་ལ་མཚོན་རྨ་ཕྱི་ཡུལ་གསུམ། །ཟུག་རྔུའི་མཚོན་ལ་མདའ་རྡོ་གྲི་དང་གསུམ། །མདའ་ལ་ཝ་ལུང་བཤོལ་བརྐོས་གཏམ་ཟུག་གསུམ། །གྲི་ལ་བཞོགས་དང་རྫོགས་དང་བཅད་པའོ། །རྡོ་ལ་གས་པ་ཆག་པ་འཐམས་པ་གསུམ། །གས་ལ་སྦོམ་ཕྲ་རིང་ཐུང་རྣམ་པ་བཞི། །ཆག་པ་སྟེང་ཆག་འོག་ཆག་བཅས་ནས་ཆག །བཅས་པར་ཆག་ལ་ཞོམ་གྲུམ་རྡིབ་རྡོལ་བཞི། །འཐེམས་ལ་ཆེན་པོ་ཆུང་ངུ་འབྲིང་པོ་གསུམ། །དེ་དག་ལ་ཡང་རྣོ་ཕོག་རྟུལ་ཕོག་དང༌། །ཉེ་ཕོག་རིང་ཕོག་ཤུགས་ཅན་ཤུགས་མེད་དང༌། །ཕར་ཕོག་ཚུར་ཕོག་ལྗིད་ཅན་ལྗིད་མེད་བརྟག །ཚུར་ཕོག་ཉེ་དང་ཤུགས་ཆེ་ལྗིད་ཅན་དང༌། །རྟུལ་ཕོག་རུས་དང་ཕྲད་པར་མ་གྱུར་ཀྱང༌། །དེ་ལ་ཕལ་ཆེར་ཉེས་སྐྱོན་འབྱུང་བ་མང༌། །རེག་མྱང་རྨ་ལ་བརྟག་པ་ཡོད་མེད་གཉིས། །རྨ་མེད་པ་ལ་འགྲམས་དང་ཆག་པ་གཉིས། །འགྲམས་ལ་སྟེང་སྲུབས་ཞིག་ན་གོམ་པ་འཁྱོལ། །མིག་འཛུམ་མི་ཤེས་སྐྱུག་ཅིང་མགོ་འཁོར་ཟི། །བར་གྱི་རྒྱ་བེར་དེ་སྟེང་རྩ་ཆུ་ཚ། །མིག་དམར་སྣ་ཁྲག་འཛག་ཅིང་དང་ག་འགག །འོག་གི་མཚོ་འཁྱོམས་དྲན་མེད་ལུགས་སམ་འཆལ། །རྨ་མེད་རུས་པ་ཆག་ན་རེག་པས་མྱང༌། །སྒང་གཤོང་མི་སྙོམས་མནན་ན་བཟོད་པ་ཆུང༌། །གསུམ་བཞི་འདས་ནས་ཤ་རུས་བྱེ་ཞིང་མེར། །རྨ་ཅན་བརྟག་པ་ཤ་གདན་ཆོད་མ་ཆོད། །ཤ་གདན་མ་ཆོད་རས་ཚངས་བཅུག་ལ་བརྟག །གསུམ་དང་ལྔ་ཡི་བར་དུ་མདོག་མི་འགྱུར། །དམར་མཁྲང་རེག་ན་བརྩེ་བ་སྐྱོན་མེད་དེ། །སྐྱ་སྨུག་སྔོ་ནག་རུལ་ན་ཆག་རྟགས་ཡིན། །ཤ་གདན་ཆོད་ནས་མིག་ལམ་མ་ཐོགས་ན། །ཁབ་མགོ་བཏང་བས་གས་གྲུགས་འཐེན་དུ་འོང༌། །རུས་པ་རྩི་དང་བྲལ་ནས་རྩུབ་ན་སྐྱོན། །སྲུབས་ཀྱི་སྟེང་དུ་ཁྲེད་ཁྲེད་ཁྲལ་ཁྲལ་འོང༌། །ལྷ་བ་འཐེམས་སམ་མགོ་ཆག་ཚབས་ཆེ་ན། །ཐུག་ཐུག་བྱས་པས་གོག་སྐད་འོང་བ་ཡིན། །མིག་ལ་ཐོགས་ན་གས་ཆག་དངོས་སུ་གསལ། །ལྷ་བ་འཐེམས་ན་ལྷ་ཁྲག་ཙིམ་ཙིམ་འཛིམ། །གསུམ་དང་ལྔ་ནས་ཐིག་ལེ་ཁྱེ་མ་ཅན། །དམར་སྔོ་ནག་གྲོ་སེར་སྐྱ་སྨུག་པོ་དང༌། །སྔོ་ནག་སྐམས་ན་ལྷ་བ་འཐེམས་པ་ཡིན། །འོག་ཆག་སོ་ཞོའམ་བེ་སྣབས་ལྟ་བུར་དཀར། །ཐ་མ་དུང་གི་མདོག་ཏུ་འགྱུར་བར་བཤད། །སེན་མོའི་མདོག་ལྟར་སྨུག་དང་རུས་སྐྱོན་མེད། །གལ་ཏེ་ཐེ་ཚོམ་ཟ་ན་སྨན་གྱིས་བརྟག ཁབ་ལེན་བུལ་ཏོག་ར་ཐུག་ཆུ་ཁྱེ་འཐུང་ནུ་ཞོ་བྱུགས་པས་སྐྱོན་ཡོད་ན་ནག་པོར་འགྲོ་སྐྱོན་མེད་ན་མདོག་མི་འགྱུར་བའོ། །ཁ་ཤ་གཞའ་དང་སྦོས་དང་ཉྭ་སྒང་དང༌། །ཕྱིར་ལྷོགས་གསོབ་དང་སྐམ་རུལ་ཆག་པའི་རྟགས། །ནང་རེ་བཞིན་དུ་རྨ་ཁ་མཐེབ་ཀོར་བྱ། །ཤ་རུས་བྱེ་ཞིང་མནན་ཤུལ་འོང་བ་དང༌། །གས་སྣ་ཆག་སྣ་བཟོད་པ་ཆུང་བ་ཡིན། །ཤ་རྩ་མ་ཐུལ་བ་ལ་ངེས་མེད་པས། །ཨ་ས་ལྷིང་ནན་སྤོད་ལུམས་ཀླད་ཞུན་བྱ། །བྱེ་སྦོས་ན་ཟུག་བྲི་ན་སྐྱོན་མི་འབྱུང༌། །རྩ་ཆུ་ཕྱི་ཡུལ་སྒོ་ནས་བརྟག་པ་ནི། །རྩ་རྒྱུད་གྲིམས་མགྱོགས་དྲག་དང་ཡང་ན་གཞའ། །ཆུ་དམར་ཀུ་ཡ་རླངས་ཆེ་སྙི་འམ་སྡོམ། །སྐྲ་ནི་འགྲེང་དང་མཚམས་བྱེ་ཉལ་བ་དང་། །ཀོ་ལེར་ཚོར་མེད་སྨིན་མ་འཛིངས་པ་དང༌། །མིག་མི་ཐེག་ཅིང་ཆེ་ཆུང་ཡོད་པ་དང༌། །མིག་སྤྲིན་ཁྲག་ཤིག་འོང་ཞིང་འཛུམ་མི་ཤེས། །སྣ་ཁྲག་འཛག་དང་སྣ་སྐམས་སྣ་གོང་རྔུལ། །ལྕེ་སྐམས་སེར་ལ་ཐོས་ཀྱིས་དོགས་ལྟར་སྨྲ། །ཟས་ལ་འཇབ་ཞིང་ཡང་ན་ཧབ་ཧབ་རྔམ། །འགྲངས་དང་བཀྲེས་དུས་ན་ཞིང་ཟོས་རྗེས་སྐྱུག །གཉིད་འཐིབ་ངུར་འཁུན་གཉིད་སད་ཚེ་ན་དངངས། །འགྲོ་ན་འདར་ཞིང་འགྱེལ་བུབ་འཁྱོམ་དང་འཇབ། །སྲན་མ་མི་ཆོམས་ཕྲུམ་སེར་ཁྱེར་བ་དང༌། །གཡལ་འདར་བྱ་རྨྱང་བྱེད་ཅིང་སྦྲིད་པ་མང༌། །མགོ་ལྕི་དང་ག་མི་བདེ་གློ་རྡོལ་བྱེད། །དེ་རྣམས་མགོ་སྐྱོན་ཡོད་པར་ཤེས་པར་བྱ།།

བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་བཅོས་བརྔན་པ་བྱིན་ལ་བྲིད་པ་དང༌། །མཁར་ལ་འོབས་ཀྱིས་བསྐོར་བའི་བཅོས་ཚུལ་དང༌། །གྲོང་ཁྱེར་མེ་ཡིས་གཞོམ་པའི་ཚུལ་བཅོས་གསུམ། །དང་པོ་བརྔན་པ་བྱིན་ལ་བྲིད་པ་ནི། །མཚོན་ཕོག་སྐྲ་བཞར་གར་པོ་རྗེན་ཕྱེ་ཞོ། །སྤོད་སྣ་མར་ནག་བཙོས་པའི་ཨ་སས་བདུག །ལྕ་འབྲུ་གཡེར་མ་གོ་སྙོད་ཚྭ་དང་ཕབས། །ཆང་འགག་སྦང་མ་དྲོད་ཕབ་འཇིབས་སུ་བཏང༌། །ཁྲག་ངན་ཆུ་སེར་འཇིབ་ཅིང་རླུང་བྱེར་འདུལ། །ཞུ་མཁན་གླ་སྒང་སྤང་སྤོས་མར་ནག་བསྐོལ། །ཚན་རྡོས་སྦོས་འཁྱུག་རྩ་འབྲུམ་བྱུང་སྟེང་བདུག །བྱེར་ཆེ་ཀླད་པ་མར་ཆང་ཚྭ་བཏབ་བཙོས། །ཞུན་གྱིས་བདུགས་པས་ཤ་རྩ་རེམས་པ་འདུལ། །དང་པོའི་རྨ་རྒོད་ཞུན་མར་ཆང་གིས་དབབ། །ཞག་གསུམ་ལོན་ནས་རྨ་ལ་འཕུལ་འདྲེན་བྱ། །ཁོང་ནས་འཕུལ་བ་སྨན་དང་ཁ་ཟས་གཉིས། །རླུང་ཅན་མ་ཡིན་ཞག་གསུམ་བསིལ་དུ་བསྟེན། །དེ་ནས་གསར་བཅུད་རྣམ་གསུམ་རིམ་པས་བཏང། །ཐ་མ་མི་ལྡོག་གདེངས་ཐོབ་ཤ་ཆང་སྤྲུག །དེ་ཡིས་ཤ་འཕེལ་ཟུངས་གསོ་སྨན་བཅུད་སྐྱེད། །ཁོང་སྨན་སྦལ་རྒྱབ་གངས་ཐིགས་གསེར་རྡོ་དང༌། །གུར་ཀུམ་མི་དོམ་མཁྲིས་པ་ཨ་བི་ཥ། །ཨ་བྱག་ཆུ་རྩ་བུ་རམ་སྦྱར་བ་བཏང༌། །ཤིན་ཏུ་སྐྱོན་ཆེ་རྡོ་ཡི་རྒྱལ་པོ་བཞི། །ཁབ་ལེན་འབྲུག་རུས་གསེར་གྱི་བྱེ་མ་དང༌། །འབྲི་ཏ་ས་འཛིན་རེ་རལ་མི་དོམ་མཁྲིས། །གུར་ཀུམ་ཨ་བྱག་བྱང་སེམས་དཀར་དམར་རྣམས། །བུ་རམ་སྦྱར་བ་ཆང་གིས་འཕུལ་ལ་བཏང༌། །རྨ་ཡི་འདྲེན་ལ་རྡོ་རྩི་སྔོ་དང་གསུམ། །རྡོ་སྦྱོར་རྒྱལ་པོ་སྡེ་བཞི་ཟེ་ཚྭ་དང༌། །གུར་ཀུམ་དོམ་མཁྲིས་ཀ་རའི་ཕྱེ་མ་གདབ། །ཡང་ན་རྡོ་ཡི་མང་སྦྱོར་ཆེན་མོ་སྦྱར། །ཡང་ན་སྦལ་རྒྱབ་གངས་ཐིགས་ཅུ་གང་དང༌། །གུར་ཀུམ་དོམ་མཁྲིས་ཀ་ར་སྦྱར་ལ་གདབ། །རྡོ་སྨན་ཀུན་ལ་འཇུ་རྩི་དར་སྨན་གཅེས། །རྩི་སྦྱོར་ཚི་བ་ཕྱེ་མ་ཁཎྜ་གསུམ། །ནགས་མའི་ཐང་ཆུས་ལྷ་རུས་བཙོན་དུ་འཛིན། །ཕྱེ་མ་ག་བུར་ཅུ་གང་གུར་ཀུམ་དང་། །དོམ་མཁྲིས་ཧོང་ལེན་མཚལ་དཀར་ཀ་ར་སྦྱར། །སྐྱོན་ཆེ་ཨ་བྱག་ཚེར་སྔོན་དར་ཡ་ཀན། །གོང་ལ་བསྣན་ཏེ་དགུ་སྦྱོར་རྨ་ལ་གདབ། །ཁཎྜ་རི་དང་ཀླུང་གི་རྟ་ལྤགས་པ། །རེ་སྐོན་དར་ཡ་ཀན་རྣམས་དུས་བཏུས་ལ། །ས་མེད་ཆུ་ཆོད་སྣ་མ་འཚིག་པར་བཅད། །དེ་གསུམ་ཕྲུགས་ལ་རྨ་ལ་གདབ་པར་བྱ། །ཡང་ན་རྒྱ་ཚྭ་པདྨེ་ལྡོང་རོས་མཚལ། །ཚ་ལ་སེར་མཚུར་བུལ་ཏོག་སྦྲང་སྦྱར་བཏང༌། །ཡང་ན་ག་བུར་ཅུ་གང་རྒྱ་ཚ་དང༌།  །དོམ་མཁྲིས་ཀ་ར་སྦྱར་བ་གདབ་པར་བྱ། །སྔོ་སྦྱོར་ཚེར་སྔོན་རྟ་ལྤགས་ཨ་བི་ཥ། །རེ་སྐོན་ཆུ་རྩ་དོམ་མཁྲིས་ཀ་ར་སྦྱར། །གསུམ་འདུས་སྦྱོར་བ་སྦལ་རྒྱབ་མཚལ་དཀར་དང༌། །ག་བུར་གུར་ཀུམ་དོམ་མཁྲིས་ཤེལ་ཏ་དང་། །རྟ་ལྤགས་སྟབ་སེང་ཀ་ར་སྦྱར་ལ་བཏང༌། །ཆུ་སེར་འདྲོངས་ཆུང་མན་ངག་སྨན་རྒྱ་ཚྭ་བྱང་པ་སྦྲང་རྒོད་གསུམ་བསྣན། །ཀུན་ལ་སྦང་མ་འཇམ་པོའི་འཇིབ་ཆས་གཅེས། །ཡང་ན་དངུལ་ཆུ་ཟངས་ཐལ་མུ་ཏིག་དང༌། །སྦལ་རྒྱབ་དོམ་མཁྲིས་ཚ་ལ་ཨ་བི་ཥ། །རྒྱ་ཚྭ་བྱང་པ་བྲག་སྤོས་རྨ་ཁོང་བསྟེན། །རྩ་འཐུད་ཁྲག་གཅོད་གས་སྦྱོར་ཞོམ་པ་སྲོང༌། །ཁ་ཞུན་སྦང་སྐོགས་མར་དཀར་ཞོ་བཙགས་ཤིས། །དེ་ལྟར་འཕུལ་འདྲེན་རིམ་པར་བསྟེན་པ་ཡིས། །དང་ག་བདེ་ཞིང་ཟུག་མེད་ཁམས་སྙིང་སེང༌། །རྨ་ཡི་མདོག་ལེགས་རྣག་དཀར་འཇམ་པར་བཞེད། །ཁ་ཤ་ཤི་སྨྱོས་སྐམས་སམ་ཤ་རུས་བྱེ། །རྣག་སླ་ཚ་བ་སྐྱེ་ཞིང་དང་ག་འགག །ཤེས་པ་ལྕི་ཞིང་མགོ་ལུས་ཚུགས་མི་ཐུབ། །གཏིང་སྐྱོན་གཡོས་པ་དྲས་ཀྱིས་རྩད་ནས་དབྱུང༌། །སྐྱོན་ཐག་ཆོད་ནས་རྨ་ལ་འཚོ་སྨན་(ཅུ་གང་གུར་ཀུམ་མཚལ་དཀར་དོམ་མཁྲིས་ཤིང་མངར་ཆུ་རྩ་བྲག་སྤོས་ཚ་ལ་)གདབ། །རྨ་སྐམས་ཤ་འུ་མི་ཆགས་(གཤེར་རྩི་བ་རུ་རའི་རྐང་མར་དང་)སྦང་མ་གདབ། །རྨ་རློན་ཤ་འུ་མི་ཆགས་སྐམ་རྩི་(ཆུ་རྩ་དང་རེ་བལ་སྣུམ་ལྡན་)གདབ། །ཤ་སྨྱོས་པགས་པ་མི་རྒྱུ་གཅོད་སྨན་(དོམ་མཁྲིས་ཀ་ར་)གདབ། །རྨ་གཞའ་ཤ་མི་སྐྱེ་ལ་རྨ་སོབས་ཤ་ཆང་བཏང༌། །དེ་དག་ཟླུམ་བཅོས་རྒྱལ་པོའི་བཅོས་ཚུལ་ཡིན། །གཉིས་པ་གྲེོང་ཁྱེར་མེ་ཡིས་གཞོམ་པ་ནི། །ཕོག་དུས་གཉིས་པར་ཆུ་སེར་མི་འདུ་ཞིང༌། །བདུན་འདས་ཁ་ཡན་མེ་ཡིས་ཐུབ་པར་དཀའ། །དེ་ཕྱིར་གསུམ་དང་ལྔ་པར་བསྲེག་པ་བསྔགས། །གདབ་ཐབས་གས་པ་སྡོམ་པ་གས་སྟེང་དུ། །འཐེམས་པ་གསེང་དང་བྲོས་པ་འགུགས་པ་གཉིས། །ལྷ་ཁྲག་སྤྲད་ལ་དེ་སྟེང་གདབ་པར་བྱ།  །ཆག་པ་སྦྱོར་བ་རྨ་ཁར་གསུམ་ཚོམས་གདབ། །གདབ་ཚད་ཆུ་སེར་རིམ་པ་གསུམ་ཐོན་བྱ། །རྨ་མེད་ཆག་ན་དེ་ཡི་སྟེང་དུ་གདབ། །ཀུན་ལ་ཞག་བདུན་བར་དུ་མེ་ལན་རེ། །དེ་ཡིས་ཆུ་སེར་སྡོམ་འདྲེན་སྐེམས་པར་བྱེད། །ཀླད་པ་འཛག་དང་དར་རྩ་ཆོད་པ་ལ། །གསེར་གྱི་ཏེལ་པས་མནར་ཙམ་བསྲེག་པར་གསུངས། །ཤ་རྩ་ལྕགས་ལ་རུས་རྩ་མར་གྱིས་བསྲེག །ཤ་བྱེར་འདུས་སོ་གསུམ་དང་རེ་ཐག་བཞི། །ལྟག་རལ་ལྟག་རྩ་ཕྱི་ནང་ལྗོན་ཤིང་མནན། །རྩ་བྱེར་རྩ་འབྲུམ་གང་བྱུང་སྟེང་དུ་བསྲེག །བྱེར་ཚ་འདུས་སོ་གསུམ་དང་ཆུ་མགོ་གཉིས། །ཨན་སྟོང་རྣ་བའི་མདུན་རྒྱབ་རྣ་ཤལ་འོག །སྤུ་འཁྱིལ་གཉིས་ཏེ་བསྲེག་དམིགས་བཅུ་བཞི་མནན། །ནང་རྩ་བྱེར་ན་དྲུག་པ་འཁོར་ལོ་གསུམ། །སྔོན་བུ་དཀར་ནག་མཚམས་སུ་གསེར་གྱིས་བསྲེག །གཞན་ཡང་སྣ་ཁྲག་མ་ཆོད་སྨིན་དབྲག་བསྲེག །སྐྱིག་བུ་འབྱམས་ན་ཀོས་ཀོ་སྤྱི་གཙུག་བསྲེག །མིག་ལུག་དེ་ངོས་རྟིང་པའི་འཛུམ་དུ་བསྲེག །གཞུང་རེངས་ལྟག་དགྱེ་རྩ་ནག་ལྟག་ཆུ་བསྲེག །ལུས་སྦྲིད་ཟ་ཟི་མང་ན་ལྟེ་བ་བསྲེག །སྒྲེག་ཅིང་དང་ག་འགག་ན་བཅུ་གཉིས་བསྲེག །དྲན་ཉམས་རྐང་བཤལ་རྩ་དཀར་ནང་ལྟར་བསྲེག །ཤ་རོ་རུས་རོ་དཀར་པོར་སོང་བར་བསྲེག །དེ་དག་མེ་བཅོས་བློན་པོས་བཅོས་ཚུལ་ཡིན། །དྲ་བཅོས་མཁར་ལ་འོབས་ཀྱིས་བསྐོར་བ་ནི། །དྲ་དུས་གསར་སྐྱོན་གསུམ་དང་ལྔ་ལ་དྲ། །རྙིངས་སྐྱོན་ནམ་ལོག་སྐྱོན་གྱི་དུས་དང་སྦྱར། །དྲ་ཐབས་རྨ་དེ་སྟེང་བཏོན་སྔས་མཐོར་བཅུག །སྐྱོན་དང་འཚམ་པའི་དྲེས་སྒོར་བལ་གྱིས་དྲིལ། །བར་མེད་སོར་མོས་ཇེ་དྲག་མནན་པར་བྱ། །མདོག་ལོག་མཁྲང་དང་སྦྲིད་པར་གྱུར་པ་ཡིས། །དྲ་བ་སླ་ཞིང་ཟུག་ཆུང་ཁྲག་མི་འཆོར། །དེ་དུས་དྲས་གཙགས་སྲབ་མཁྲང་རྣོ་བ་ཡིས། །ཆག་སྐྱོན་ཆུང་ཞིང་གནད་ལ་ཉེ་བ་ལ། །ཉྭ་རལ་བོང་མཆུ་བཞི་ཤོར་གར་འོས་དྲ། །ཚབས་ཆེ་མགོ་སྐྱོན་ཉིད་ཀྱིས་སྲོག་འདོར་ཕྱིར། །ཤ་ཆེར་དྲས་ཀྱང་དེ་ལ་ཉེས་མེད་པས། །སྟ་སྒབ་བསྐོར་ཏེ་ཤ་གདན་ཆོད་པར་དྲ། །ཁྲག་ཤོར་སྤྲ་བའམ་སྤྲུ་རྩའི་བྲལ་བྲུལ་བརྫང༌། །དར་ཐོག་རྣག་ཤོར་འགྱངས་པའི་ལོང་མེད་པས། །དེ་ཡི་ཉིན་པར་གསེང་ཕུག་ཅི་ཐོན་བྱ། །གསར་སྐྱོན་ཤ་གསར་ཀླད་པ་རྨར་བཅུག་ཅིང༌། །ནང་པར་བསལ་ལ་རུས་སྐྱོན་གང་འདུག་བརྟག །རྩ་དང་རུས་སྐྱོན་མ་བསལ་ཐེ་ཚོམ་ན། །སྨན་(རྒྱ་ཚྭ་བུལ་ཏོག་ཚྭ་ཚག་པོའི་ཤ་སྦྱར་ནས་དར་ཅིག་བཞག་པས་རྩ་མདོག་མི་འགྱུར་རུས་མདོག་འགྱུར།  ཁྲག་ཡིན་ན་རླངས་པ་འོང་)དང་ཟོ་ཡིས་རུས་སྐྱོན་རྩ་ཁྲག་(དེ་ལྟེ་བར་བཞག་ནས་བྲུས་པས་མ་འགྱུར་ན་རྩ་ཡིན་འགྱུར་ན་སྐྱོན་ཡིན་པས་སོ་སོར་)དབྱེ། །བཤང་ཁར་མི་བརྡར་སྐྱིབས་སུ་བཅད་ལ་བྲུད། །ལྷ་བར་སླེབ་ནས་ལྷ་ཁྲག་ཆིར་གྱིས་འབྱུང༌། །རྣག་སླ་སེར་སྔོ་རླངས་ཆེ་གཅོད་སྡོམ་བྱེད། །གང་བྱུང་སྐྱོན་ཡིན་བྲུད་ཅིང་རྩ་བ་བཅད། །བརྡར་ན་མེད་ལ་བཞག་ན་ཡོད་པ་དང༌། །ཕྱོགས་རེ་ལྷ་ཁྲག་མེད་ལ་ཕྱོགས་རེ་ཡོད། །ལྷ་མིག་མ་ཚང་རུས་པ་ཁྱེ་མ་ཅན། །མ་བརྡར་བཞག་ན་ལྷ་བ་སྐམ་བྱེར་འགྲོ། །གསོབ་ཅིང་མང་སླ་ནག་དང་རླངས་པ་ཆེ། །བཞག་ན་བྱ་ཝང་རྒྱབ་འདྲ་གཤེར་བྱེར་འགྲོ། །དེ་ཕྱིར་བལ་ཡེས་ཕྱིས་ཤིང་བལྟས་ལ་བྲུད། །རུས་པ་ཉུང་རློན་བཞིན་དུ་རླན་མི་འབྲལ། །ལྷ་ཁྲག་དམར་དྭངས་ཞག་བཅས་སྙོམས་པར་འབབ།  །སྐྱོན་མེད་གསོན་དང་ཕྲད་པས་བྲུད་འཕྲོ་བཅད། །ཆུ་སེར་དར་ཐོག་ལྷུང་དང་ཆག་སྐྱོན་ཆེ།  །དེ་དག་འོག་གདུང་སྦྲང་གཤོག་ཙམ་དུ་བརྡར། །སྲུབས་ཞིག་ཆིངས་དང་ནན་གྱིས་བསྡམ་པ་གཅེས། །ཀླད་ཆས་རུས་བཟང་སྦྲང་འདབ་ཁྱབ་པར་བཞག །རུས་ཚས་ཤ་བཟང་ཁ་ཤའི་འོག་ཏུ་སྦ། །ཤ་ཚས་རྣག་བཟང་མི་ཕྱི་ཆི་རེ་བཞག །རྣག་ཚས་རླན་བཟང་རྨ་ཆས་རླན་ལྡན་གཡོག །གས་སྣ་རི་ཐང་མཚམས་དང་རྣག་ཆུའི་སྟེང༌། །གསེང་བུག་བྱེའུ་ནས་ཟན་མིག་ཙམ་དབུག །ཀླད་མྱུལ་བཏང་ཞིང་རྣག་ཁྲག་ཆུ་སེར་དབྱུང༌། །དེ་ནས་གསེང་བུག་གྲོ་གའི་འཇིབས་ཚངས་གཞུག །ལྷ་རོ་ཞོ་དང་སྦྱར་བས་ལྷ་མིག་དགང༌། །ཡང་ན་རྐང་མགོ་མར་སྦྱར་ལྷ་མིག་དགང་། །སྦང་མ་ཞོ་དང་སྦྱར་བས་རྨ་ནང་དགང༌། །སྦང་མ་ཕབས་དང་ལྡན་པས་ཁ་ཤ་གཡོགས།  །ཕྱི་དེ་ནང་པར་ལྷ་སྐྱོན་ཐོན་བུར་བཏུ། །དེ་དུས་ལྷ་བས་མནའ་བསྐྱལ་ཕྱིར་མི་ལྡོག །སྐྱོན་ཐག་མ་ཆོད་བར་དུ་ཚི་བ་གདབ། །རྨ་ཆས་སྦང་མ་ཞོ་བཙགས་ཁོ་ན་བཏང༌། །བཟོ་རྫོགས་རུས་པའི་སྐྱོན་ཐག་ཆོད་པ་དང༌། །ཚི་བ་ཕྱེ་མ་ཁཎྜ་གསུམ་ཕྲུགས་གདབ། །ཡང་ན་ག་བུར་ཅུ་གང་གུར་ཀུམ་མཚལ། །མི་དོམ་མཁྲིས་པ་འདམ་བུ་ཀ་ར་གདབ། །ཡང་ན་རེ་སྐོན་རུ་རྟ་བསིལ་གསུམ་དང༌། །དོམ་མཁྲིས་མཚལ་དཀར་ཀ་ར་སྦྱར་ལ་གདབ། །ཟླུམ་འཆོས་སྐབས་ཀྱི་རྨ་སྨན་གང་ཡང་བཟང༌། །རྨ་ཆས་ཚིལ་བུ་མར་དཀར་སྦྱར་བའམ། །ཆུ་རྩ་རྗེན་ཕྱེ་ཞོ་མར་ཀར་སྦྱར་བཏང༌། །སྦང་གར་ཀླད་པ་ཕབས་སུ་སྦྱར་བ་ལ། །སྤང་སྤོས་ག་དུར་གླས་བྲན་རྨ་ཆས་སྦྱར། །དྲོ་དུས་གྲང་མོ་གྲང་དུས་བསྲོས་ལ་བཏང༌། །བཟོ་བྱས་ཞག་གསུམ་བཞི་ནས་ཀླད་པ་ཡི། །ལྡེབས་བཟང་མཐིལ་གྱི་རུས་པ་སྐྱ་ལ་སྨུག །ལྷ་བའི་མདངས་སྣུམ་ཁ་རྣག་དཀར་ལ་འཇམ། །ཁ་ཤ་མཐོ་མཁྲང་དམར་ལ་སྙོམས་པ་དང༌། །ལུས་ཡང་ཟས་ཞིམ་ཟུག་མེད་ལེགས་རྟགས་ཡིན། །ཤའུ་རྣམ་གསུམ་ཟམ་ཐོག་ལྡོག་མི་སྲིད། །སྦང་གར་མར་ནག་བག་ཕྱེ་སྦྱར་བས་གཡོག །རྨ་ཁ་ཟུམ་ན་ར་བལ་མར་བཙོས་བརྫང༌། །ཤ་མཛེར་བྱེ་འཁྱིམས་བྱུང་ན་ཐུར་མས་བསྲེག །སྐབས་སུ་དོམ་མཁྲིས་ཀ་རའི་ཆུ་ཡིས་བཀྲུ། །ཤ་འདྲོགས་ལྷིང་ཚ་ཀླད་ཞུན་བག་རེ་བཏང༌། །དེ་རྣམས་དྲ་བཅོས་དམངས་ཀྱི་བཅོས་ཚུལ་ཡིན། །བྱེ་བྲག་བཅོས་ཐབས་ཤ་རུས་ཀླད་རྩ་བཞི།ཤ་ལ་བཤུས་གཤགས་བཅད་བརྡུངས་རྫོགས་པ་ལྔ། །པགས་པ་བཤུས་ན་ཚ་ལ་དུལ་མ་དང༌། །དོམ་མཁྲིས་བཏབ་པ་སྦྱར་ཏེ་ཧེལ་སྲབ་ཅིང༌། །སྐྱ་སྦྱོར་ཕྱིང་དེབ་སྟེང་དུ་ཆིངས་མས་བསྡམས། །གཤགས་པ་ཕན་ཚུན་བཅད་པའི་ཡས་མས་སུ། །ཕྱིང་པ་སྦྱར་ཞིང་སྨན་གདབ་སྲད་བུས་སྒྲོག །ཞོ་བཙགས་སྦང་གར་སྦྱར་བའི་ཁ་ཞུན་བྱ། །བརྡུངས་ཚབས་ཆུང་བ་ཚན་དོས་ཐུབ་པ་ཡིན། །ཆེ་ན་ཐུར་མས་བཙགས་ལ་ཨ་སས་བདུག །དེ་རྗེས་ཕྱིང་པ་སྣུམ་ལྡན་གླན་ལ་བསྲོ། །སྐབས་སུ་མཁྲིས་པ་འོ་མ་སྦྱར་ལ་བྱུགས། །རྫོགས་ལ་སྦང་འཇིབས་བྱ་ཞིང་རུལ་གཅོད་གདབ། །ཆུ་སེར་མཚན་ལངས་མེ་གདབ་རྩ་ཕྲང་བསྡམ། །རྨ་ཡི་རུལ་གཅོད་ཤ་འུ་གསོ་སྨན་གདབ། །རྨ་ཁ་ཁེངས་ན་རེ་བལ་སྣུམ་བཙོས་བཏང༌། །རུས་པའི་བཅོས་ཐབས་རྨ་ཅན་རྨ་མེད་གཉིས། །རྨ་མེད་རུས་ཆག་སྐྲ་བཞར་མར་ཚིལ་བྱུག །ཚན་དོས་བདུག་ཅིང་རེ་བལ་སྣུམ་ལྡན་དཀྲི། །ཡང་ན་སྐྱ་སྦྱོར་དེབ་བཏང་རྒྱ་ཆིངས་བྱ། །ཁོང་དུ་སྟབ་སེང་ཐང་དང་རྡོ་སྦྱོར་བསྟེན། །ཆུ་སེར་འདུས་ན་མེས་བསྐམ་བརྟོལ་མི་རུང༌། །གོ་ལོག་ཆག་ན་ཤ་དྲ་རུས་བཟོ་བྱ། །རྒྱ་སྲུབས་ཞིག་ན་རྒྱ་ཆིངས་བསྡམ་པ་གཅེས། །སྲུབས་སྟེང་མེ་གདབ་ཁོང་དུ་རྡོ་སྨན་བསྟན། །རྨ་ཅན་གས་རིང་དབུས་སུ་ལྷ་ངོ་སྤྲད། །གས་སྣའི་སྟེང་དུ་མེ་བཙས་བསྡམ་པར་བྱ། །གས་ཆུང་རྣམས་ལ་སྟེང་གདུང་བླངས་པས་ཐུབ། །སྦོས་ན་འོག་གདུང་གཏུགས་ལ་གསང་བུག་གཏོད། །གསུམ་གས་བཞི་གས་གས་ཀྱི་ཚོམས་སུ་བརྡར། །སྟེང་ཆག་སྟེང་གདུང་བླངས་ལ་ལྷ་ཁྲག་སྤྲད། །འོག་ཆག་གྲུམ་པ་རྒྱ་བསྐྱེད་མཐའ་ནས་སྦྱང༌། །མཐའ་ཡི་ཆག་སྲུབས་རྣམས་སུ་གསེང་བུག་གཏོད། །མཐིལ་རུས་དར་འབྲེལ་བཙན་ཐོན་མི་བྱ་འགྲམས། །སྨན་གྱིས་རུས་རོ་རང་གོགས་བྱས་ལ་གདོན། །རྡིབ་པ་གོང་མ་སྣ་བཏུད་འོག་མ་བརྡར། །གཞོམ་པ་མཐའ་དབུས་ཆ་མཉམ་སྲབ་ཏུ་བརྡར། །སྒོང་རྡོལ་མཐའ་ཡི་ཁད་མཉམ་རུས་ཚབ་གཞུག  །ཤའུ་ཆགས་ནས་འཕར་གནོན་འབྲོས་འདེད་གཅེས། །ཟམ་ཐོགས་འཕར་གནོན་ཕྱུངས་ལ་རྨ་གསེབ་བཏང༌། །འཐེམས་པ་ལྷ་བ་སྟེང་བླང་གསོན་དང་སྤྲད། །ལྷ་བ་འཐེམས་ཚབས་ཆེ་ན་འོག་ལ་གཏུབ། །ཤ་མེད་རུས་པ་ཐེར་པོ་ལྷ་ཁྲག་སྤྲད། །གཞོགས་དང་ཝ་ལུང་ལྷ་ཁྲག་སྤྲད་པས་ཐུབ། །བཤོལ་བརྐོས་འགྲམས་སྦྱར་བཅད་པ་གས་དང་འདྲ། །དེ་བཞིན་རྫོགས་པ་གྲུམ་པ་ལྟ་བུར་བཅོས། །གཏམ་ཟུག་ཐ་མའི་རུས་པ་ནས་གང་བཞག །དེ་ཕྱི་འོབས་སུ་བྲུས་ལ་གསེང་བུག་གཏོད། །རུས་མཛེར་མདེའུར་བཅས་པ་ག་ལེ་དབྱུང༌། །ཀླད་པའི་འཚོ་ཐབས་མཚོ་འཁྱོམས་སྤྲི་བཙན་དང༌། །དར་རལ་ཕུག་དང་རྫོགས་ནས་ལུག་པ་ལྔ། །མཚོ་འཁྱོམས་རྒྱ་ཆིངས་བསྡམས་ལ་རྡོ་སྦྱོར་བསྟེན། །ཀླད་པ་སྨན་སྒ་བུ་རམ་སྦྱར་ལ་བཏང༌། །སྒོ་གསུམ་མེས་མནན་རྗེས་ལ་སྨན་མར་སྦྱར། །རུས་མཛེར་སྤྲི་བཙན་གུར་ཀུམ་ཆིག་ཚུགས་གདབ། །ཁྲག་དབལ་ཆགས་ན་རྒྱ་ཚྭའི་ཕྱེ་མས་བཞུ། །སྔོའམ་རྣག་ཤ་རུལ་ན་(ཤུ་དག་གླ་སྒང་རུ་རྟ་དོམ་མཁྲིས་རྒུ་དྲུས་མཚལ་ཟངས་གཡའ་ཛཱ་ཏི་སུག་སྨེལ་ཕབས་ཨ་རུ་རའི་)གཅོད་སྨན་གདབ། །རུལ་གཅོད་དར་ཡ་ཀན་ནམ་གུར་ཀུམ་མམ། །ག་བུར་ཅུ་གང་གུར་ཀུམ་དོམ་མཁྲིས་གདབ། །ཀླད་སྤྲི་མེར་མེར་སྦོས་ན་ཆུ་སེར་གཙག །དར་འོག་ཀླད་པའི་སྟེང་དུ་རྣག་ཞུགས་ན། །གསེར་གྱི་གཙགས་བུས་ཕྱུངས་ལ་སྡོམ་སྨན་(མུ་ཏིག་མི་དོམ་མཁྲིས་གི་ཝཾ་གུར་ཀུམ་འོ་མ་འཛིན་འོམ་བུའི་བར་ཤུན་བུ་རམ་ནུ་ཞོ་དར་ལ་བྱུགས་ལ་གླན་)གདབ། །དར་རལ་དེ་བཞིན་ཡང་ན་ག་བུར་དང༌། །དོམ་མཁྲིས་བཅད་འབྱོར་ནུ་ཞོ་བྱུགས་ལ་བརྫང་། །(དར་ལ་སྨན་བྱུགས་ནས་དགབ། །སྟེང་དུ་ཞ་ཉེས་མནན། །དེའི་སྟེང་དུ་ཆུ་རྡོས་མཐོ་བར་མནན།  ཐ་མར་ཞོ་བཙགས་བཏང༌།  དེ་སྟེང་ཕྱིང་པ་མར་བཙོས་བཏང་ལ་དམ་དུ་དཀྲི། །)ཡང་ན་སྦལ་རྒྱབ་བདུད་རྩི་དཀར་སྨུག་གཉིས།  །རེ་རལ་འབྲི་རྐང་མེ་ལོང་ཐལ་བ་དྲུག །ཀླད་པ་འཛག་པ་གཅོད་ཅིང་རྒྱ་ཡིས་འདེབས། །ཡང་ན་བྱ་ཡི་ཟེ་ཁྲག་མུ་ཏིག་དང༌། །བྱང་སེམས་དཀར་དམར་བོང་བུ་གྭ་མ་ཡི། །འོ་མ་མེ་ལོང་གཡའ་དང་སྦྱར་ལ་བྱུག །ཕུག་ནས་མདེའུ་མེད་ན་ཀླད་ངན་ལྡུགས། །ཀླད་བཟང་རང་སར་འཁྲིགས་ནས་ཆུ་མི་འབྱུང༌། །འབྲིང་ལ་དྭངས་སྙིགས་བྱེ་ནས་ཀླད་ཆུ་འབྱུང༌། །དེ་ལ་མཚོན་ལམ་རིང་ཐུང་རྒྱུས་བལྡད་བརྟག །ཚད་དང་ལྡན་པ་ཞ་ཉེའི་ཐེམ་བུ་(རྩེ་མོ་དང་ཕྱོགས་བཞིར་བུག་པ་རྒྱ་ཁབ་མིག་ཙམ་ཕུག་ལ་སོར་གཅིག་ཕྱི་ལ་ཉུག་གེ་ཡོང་བ་བྱས་ལ་)བཙུགས། །དྭངས་སྙིགས་འབྱེད་ཅིང་རྒྱ་ཡིས་འདེབས་པའི་སྨན་(སྦལ་རྒྱབ་གངས་ཐིགས་བེ་སྣབས་གྲུ་བཞི་འབྲི་རྐང་དོམ་མཁྲིས་གི་ཝཾ་གུར་ཀུམ་ཁུར་ཞོ་བྲག་སྤོས་མེ་ཏོག་ཕྲེང་བ་ཉེ་ཤིང་བུ་རམ་སྦྱར་བ་ཁོང་དུ་བཏང༌།  རྨ་ལ་སྒོ་ང་བཙུགས་ལ་མཐའ་ཟན་དྲོན་གྱིས་བསྐོར།  འབྲི་མར་ལྦུ་སྙིགས་ཕྱུངས་པ་དང་སྨན་སྦྱར་བ་བླུག་ལ་ཏེལ་པས་བསྐོལ།  ནང་དུ་དྲོ་བ་སྙམ་བྱེད་ན་འཕྲོ་བཅད།  ནང་ནུབ་གཉིས་བསྟུད་ཀྱིན་བྱ)། །རྨ་རུ་བསྐོལ་ཞིང་ཁོང་དུ་བསྟེན་པར་བྱ། །དེ་འོག་འཛག་གཅོད་སྨན་གྱིས་(ཁྱི་གུ་མིག་མ་ཕྱེ་བ་རེའུ་མས་མ་ལྡགས་པ་ཅོ་ག་ཟེར་མོ་རྣམས་ཀྱི་ཀླད་པ་ཆུ་ལ་འབྱོངས་པར་དཀྲུགས་ལ་དྭངས་མ་གྲིབ་སྐམས་བྱས་པ་དང་སྦལ་རྒྱབ་ཁབ་ལེན་རྡོ་མཁྲིས་ག་བུར་ཅུ་གང་འབྲི་རྐང་ཛཱ་ཏི་མེ་ཏོག་ཕྲེང་བ་བྲག་སྤོས་དོམ་མཁྲིས་མཁྲིས་ཆེན་མར་ལ་བསྐོལ་བ་དེས་)རྨ་རུ་བསྐོལ། །ཚེག་སྒྲ་མེད་ན་རྒྱ་ཡིས་ཐེབས་པ་ཡིན། །མདེ་ཡོད་གཉི་བ་རིང་ན་སྐམ་པས་བསྲོ། །ལྕགས་གཡའི་དྲོད་ཀྱིས་ཀླད་པ་སྡོམ་པར་བྱེད། །ཐ་མར་གསང་གཏོད་ནང་དུ་འདྲེན་སྨན་གདབ། །དུས་ལ་བབ་ནས་མདེའུ་ཕྱུངས་ཤུལ་དུ། །མཚོན་དང་མཐུན་པ་ཞ་ཉེའི་ཐེམ་བུ་ལ། །གློ་སྐར་ཁ་སྒྱེར་ལྡན་བྱས་དུག་ཕྱུངས་ཏེ། །རྩི་སྨན་གསོན་གཤིན་མཚམས་སུ་སླེབ་པར་བསྐྱལ། །ཐེམ་བུ་རུས་པའི་བར་དུ་གྲོ་གས་བསྡམ། །ཐེམ་སྔས་ཐེམ་ཐག་ཐེམ་ཚངས་ལྡན་པར་བྱ། །ག་བུར་མུ་ཏིག་དོམ་མཁྲིས་བཅད་འབྱོར་དང༌། །ཀ་ར་ནུ་ཞོ་སྦྱར་བ་ཐེམ་བུར་བླུག །ཐེམ་སྟེང་དར་དགབ་རྨ་ཆས་རྫི་ཁབ་གཡོག །རྣག་ཉུང་ཤ་འུ་སྐྱེ་དྲག་ནང་དུ་གཟེར། །ནང་མ་རེ་བཞིན་ཐེམ་བུ་ཉམས་སྦྱར་བསྟུད། །ལྕི་ལ་ཚ་བ་སྐྱེ་ཞིང་དང་ག་འགག  །ཆུ་སེར་ཕུགས་སུ་ལས་པས་ཐེམ་བུ་བསྲེིང༌། །ཀླད་མཛེར་སྐྱེས་ན་གཅོད་སྨན་ཐེམ་བུར་འབུད། །ཡང་ན་འཁར་བའི་ཐུར་མས་བསྲེག་པར་བྱ།།ཐེམ་བུ་མི་འདོད་རྣག་ཆུ་སླ་དུས་དབྱུང༌། །ཀླད་པ་ཤ་འུས་ཁེངས་ནས་མ་བདེ་ན། །གཏིང་རྣག་ལུས་པས་བསྲེགས་ལ་རྣག་ཆུ་གདོན། །རྫོགས་ནས་ལུག་པ་དར་རལ་བཅོས་དང་གཅིག །ཀུན་ལ་ཁོང་སྨན་སྟང་ཟིལ་འབྲུག་རུས་དང༌། །སྦལ་རྒྱབ་ལིག་བུ་མིག་དང་ཕག་མགོ་རྣམས། །ཆུ་འཐགས་བྱས་ཏེ་བུ་རམ་སྦྱར་ལ་བཏང༌། །ཨ་བྱག་ཤེལ་ཏ་སྤྱི་ཞུར་རེ་སྐོན་དང༌། །ཧ་འུ་པ་པ་སྨུག་ཆུང་རྩི་བཞིན་བཏགས། །སྦྲང་སྦྱར་བཏང་ཞིང་ཆགས་སྤྱོད་དྲག་ཤུལ་དང༌། །རུལ་སྐྱུར་སྔོ་ངད་འཇིག་ཟས་སྤང་བར་བྱ། །ཁ་ཞུན་མཁྲིས་སྣ་སྒོང་མར་སྦྱར་ལ་བཏང་། །ཤའུ་མི་ཆགས་གཡུ་མཆོང་བྱུ་རུའི་མདོག །སྤྲི་མེར་ཆེ་ཆུང་འབྲིང་པོ་བསིལ་དུ་བཅོས། །སྔོ་དམར་གྲུ་གསུམ་འདྲ་ན་རྩ་རྒྱས་གཏར། །ཁྲག་དང་ཆུ་སེར་ཀླད་དུམ་ཇེ་མང་འཛག །བླ་འཆོལ་སྨྲ་ཞིང་དབང་པོ་ལོག་པར་འཛིན། །ཚ་བ་སྐྱེ་ཞིང་སྐོམ་སྙེག་དང་ག་འགག །རྩ་ཤེད་ཤོར་ན་མི་ཐུབ་འཆི་བ་ཡིན། །འཛག་པ་ཆོད་ནས་དམར་ནི་སྦུ་གེ་བྱས། །ཆུ་རྩ་ཁུ་བ་འདྲ་བའི་ཀླད་ཆུ་འོང༌།  །ཁམས་བདེ་ཟུག་ཆུང་དང་ག་བདེ་ན་འཚོ། །སོས་ནས་རྨེན་ཆགས་མི་ལྡོག་བརྟན་པར་བྱ། །(དར་ཡ་ཀན་དང་ཚིལ་བུ་བྱུགས་འབྲུ་སྣའི་ལུམས་བྱ་འབྲས་བུའི་སྨན་མར་སྦྱར། །) རྩ་བཅོས་པ་ལ་ཤ་རུས་ཀླད་པ་གསུམ། །ཤ་རྩ་ཆོད་ན་རྩ་རྒྱུད་གོང་འོག་བསྲེག  །ཐར་ནུ་སྒོང་ཐོག་སྤྲུ་རྩ་ཞོ་སྦྱར་བརྫང༌། །སྤྲུ་རྩ་ཞོ་དང་སྦྱར་བས་རྨ་ཆས་བྱ། །འཁྱུག་འཕྲེང་རྩ་འབྲུམ་སྟེང་དུ་ཚན་དོས་བདུག །གཏར་དང་མེ་བཙའ་གང་དགོས་རིག་པས་དཔྱད། །རུས་རྩ་མདུང་ཚུགས་ཆོད་ན་ཏིལ་དཀར་པོ། །གླ་རྩི་དོམ་མཁྲིས་ཞོ་སྤྲིས་རྩ་མགོར་བསྐུ། །རྒྱུ་རིང་བཀབ་ལ་ཟངས་ཏེལ་འོད་བསྲེགས་བདུག །ཡང་ན་ད་ཏྲིག་རྒུན་འབྲུམ་སྤང་བསྐུས་བསྲེག །འཕྲེད་ཉལ་འཁྱམས་པོ་འབྲི་རྐང་བདུན་གསུམ་དང༌། །མོན་ཆ་ར་དང་དོམ་མཁྲིས་སྒོག་སྐྱ་སྦྱར། །ཀུན་ལ་དོམ་མཁྲིས་ལི་ཤི་དར་ཡ་ཀན། །ཁྲག་གཉིས་མཚལ་དཀར་རིལ་བུ་རྨ་ལ་གླན། །ལེབ་རྒན་མར་དུ་བཙོས་པས་སྟེང་ནས་མནན། །ཡང་ན་ག་བུར་ཅུ་གང་གུར་ཀུམ་དང༌། །གི་ཝཾ་འབྲི་རྐང་དོམ་མཁྲིས་འགྲོན་ཐལ་དང༌། །སྤྲུ་རྩ་རམ་པའི་སེའུ་དུ་བ་གཉིས། །སྔོ་ཁྲག་ཆོད་དང་ནུ་ཞོ་སྦྲང་སྦྱར་གླན། །མེ་ཏོག་ཆགས་ན་རྩ་ཁ་ཟིན་པ་ཡིན། །དབུགས་སྡོམ་སྐད་དྲག་དྲི་མ་འཚིར་བ་སྤང༌། །ནང་ཤོར་བཟུང་བ་སྦལ་རྒྱབ་རེ་རལ་དང༌། །བྲག་སྤོས་སྦྲང་རྩི་སྦྱར་བ་ཏེལ་པས་བསྲོ། །ཡང་ན་རྒྱ་ཚྭ་བྱང་པ་དོམ་མཁྲིས་གླན། །རྩ་མཉེན་བྱ་ལ་དཀར་གསུམ་ཞོ་སྤྲིས་སྦྱར། །རྩ་མགོར་བསྐུས་ལ་རྒྱུ་རིང་སྟེང་དུ་བསྲོ། །ཀླད་རྩ་ཆེན་པོ་ཆོད་ན་བཅོས་སུ་མེད།  །རྩ་ཕྲན་ག་བུར་གུར་ཀུམ་མི་དོམ་མཁྲིས། །བུ་རམ་སྦྱར་བ་གླན་སྟེང་ཏེལ་པས་བསྲེག །རྒྱ་རྩ་འགྲམས་ན་གཏར་ལ་བསྲེག་པ་དང༌། །སྣ་ནས་(རྒྱ་ཚྭ་བྱང་པ་ལྡུམ་བུ་རེ་རལ་སྡིག་སྲིན་མཚལ་ཨ་རུ་ར་ཉི་དགའ་པི་པི་ལིང་དྲི་ཆུ་སྦྱར་བས་)སྦྱང་ཞིང་སྣ་ཁྲག་དབྱུང་བར་བྱ། །ཕྱི་ནང་ཆུ་རྩ་བཅད་བརྡུངས་རྩ་དཀར་ལྟོས། །རྡོ་བཞི་མཁྲིས་བཞི་རྩི་བཞི་སྔོ་སྣ་བཞི།  །(རྡོའི་རྒྱལ་པོ་སྡེ་བཞི་མི་དོམ་བྱ་རྒོད་ཉ།  ག་བུར་ཅུ་གང་གུར་ཀུམ་ཙན་དན་དམར་པོ།  དར་ཡ་ཀན་སྟག་ཤ་འདམ་བུ་ཀ་ར་སྤང་རྩི་དོ་བོ། །)རིལ་བུ་ལྡེ་གུ་ཞོ་སྦྱར་ཁོང་དུ་བཏང༌། །རྩ་ནད་ཀུན་ལ་བདུད་རྩི་ལྟ་བུ་ཡིན། །རྩི་གསུམ་སྔོ་གསུམ་(གུར་ཀུམ་དོམ་མཁྲིས་སྤྲུ་འབྲུ།  གཉན་ཐུབ་རྟ་མིག་སྤྱི་ཞུར་)ཁོང་ནས་སྡོམ་པའི་མཆོག །ཟུག་ཆེ་བླ་འཆོལ་སྨྲ་ལ་ཁྲག་མི་ཆོད། །ཡང་ན་སྣ་བུག་ཧར་གྱིས་སྐམས་ན་འཆི། །ཁྲག་ཆོད་རྩ་ཟིན་མེ་ཏོག་ཆགས་ན་འཚོ།།

བཞི་པ་བཅོས་རྗེས་ལོག་གནོན་བསྟན་པ་ནི། །གདོན་དང་དཔྱད་ལྷག་ཟས་སྤྱོད་ལོག་པ་ཡིས། །ཤ་ལ་གཞའ་ཁྲོས་བྱེར་བ་གསུམ་དུ་འགྱུར། །རུས་ལ་སྐམ་བྱེར་གཤེར་བྱེར་གཉིས་སུ་འགྱུར། །རྩ་ལ་བྱེར་དང་ཁྲིད་པ་གཉིས་སུ་འགྱུར། །ཀླད་སྐྱོན་གཞའ་སྦོས་སྨྱོ་ལུགས་བཞི་རུ་འགྱུར། །ལྡོག་རྟགས་དང་པོ་རླུང་གིས་སྣ་འདྲེན་པས། །གཡལ་འདར་རྙོང་སྦྲིད་གྲང་ཤུམ་བྱེད་པ་དང༌། །མགོ་ལུས་ལྕི་ཞིང་རྔུལ་མང་དང་ག་འགག །སྐོམ་སྙེག་ཚིག་པ་ཟ་ན་ལྡོག་པའི་རྟགས། །ཤ་གཞའ་རྨ་སྐམ་མདོག་སྐྱ་ཁ་ཤ་ཤི། །ཨ་སས་བདུག་ཅིང་ཁོང་ནས་ཟས་སྐོམ་བརྡེགས། །སྦང་མ་ཤུལ་ཚིལ་སྤོད་སྣ་ཆང་བཙོས་གླན། །ཤ་སྨྱོ་སེར་སྨུག་རྨ་ཁ་མཐོ་བར་འོང༌།  །ཁྲག་དབྱུང་ག་བུར་ཆུས་བཀྲུ་ཀ་ར་གདབ། །རྨ་ཁོང་གཉིས་ཀ་བསིལ་གྱིས་བཅོས་པར་བྱ། །བྱེར་ལ་སྐྱི་བྱེར་བ་དང་ཤ་བྱེར་གཉིས། །སྐྱི་བྱེར་ཤ་ལྤགས་བྱེ་ཞིང་ཆུ་སེར་འཛག །བུལ་ཏོག་ཆུས་བཀྲུས་མེ་མེད་དུ་བ་གསུམ། །ཆུ་རྩ་མར་དཀར་ཞོ་སྤྲིས་སྦྱར་བས་བྱུག །ཤ་བྱེར་དང་པོ་རྨ་ཡི་ཐོ་སྐོར་སྐྲངས། །དེ་རྗེས་སྲུབས་སྣ་རྩ་མཁྲང་སྐྲངས་འགྱུར་ཏེ། །ཐ་མར་མགོ་ཀུན་སྐྲངས་འགྱུར་ཤ་རུས་འབྱེ། །མ་བཅོས་ནང་དུ་ཐིམ་ནས་བྱེར་ཁྲིད་འབྱུང༌། །དེ་ལ་ཐུར་མས་བཙགས་ལ་ཨ་སས་བདུག །ཀླད་སྣ་ཚྭ་སྦྱར་སྤོད་བསྲོས་ཞུན་དུ་གཞུག །ཡང་ན་རྩ་བ་བཞི་ཡི་(ལྕ་བ་འབམ་པོ་སྤྲུ་རྩ་ཏང་ཀུན་རྩ་བ་ཕབས་དྲི་ཆུ་སྦྱར་ལ་བསྲོས་པའི་)ལུམས་ཀྱིས་བདུག །རྩ་འཕྲེང་མེས་བསྡམ་སྐྱ་སྦྱོར་སྤུ་དེབ་བཏང་། །སྲུབས་སྟེང་ཕྱིང་པས་མནན་ལ་ཆིངས་ཀྱིས་བསྡམ། །རུས་པ་སྐམ་བྱེར་སྤ་བཅད་ལྟ་བུ་དང༌། །མེས་འཚིག་བྲག་ལྟར་བྱེར་བ་རྣམ་པ་གཉིས། །བད་རླུང་གྲང་བས་བྱེར་ན་སྤ་བཅད་འདྲ། །ལྷ་ཁྲག་སྤྲད་ལ་སྨན་གྱིས་(ཅུ་གང་གུར་ཀུམ་ལི་ཤི་བྱའི་ཟེ་ཁྲག་མི་དོམ་མཁྲིས་པ་ཛཱ་ཏི་འོ་མ་འཛིན་པ་སྦྱར་ལ་བཏབ་པས་)ལྷ་བ་བཟུང༌། །ཁོང་དུ་རྟ་ལྤགས་གཉིས་བཏང་(ལུག་གི་རྐང་མགོ་རྒུན་འབྲུམ་བུ་རམ་མར་བརྫང༌། །ཡང་ན་རུས་པ་ཆང་བཙོས་གླན་ལྷ་ཞོ་བེ་སྣབས་རྡོ་མཁྲིས་དོམ་མཁྲིས་རེ་རལ་ཁུར་ཞོ་ཅུ་གང་སྦྲང་གི་ལྡེ་གུ་བྱུགས་པས་)རུས་ཁུགས་བྱ། །ཤ་གསར་ཆང་གསར་ལྷ་བའི་མེ་དྲོད་སྐྱེད། །མེས་འཚིག་བྲག་ལྟར་བྱེད་ན་ཚ་བ་ཡིན། །ག་བུར་རྒྱལ་བློན་བཞི་(ག་བུར་ཅུ་གང་གུར་ཀུམ་ཧོང་ལེན་ཀ་ར།  ཡང་ན་ཙན་དན་སྨུག་པོ་ཧོང་ལེན་སྣུར་བ་ར་ཞོ་སྦྱར་ལ་བྱུག)དང་ཙན་དན་(སྨུག་པོ་རྡོ་རྒྱུས་ཅུ་གང་ཛཱ་ཏི་གུར་ཀུམ་རུ་རྟ་མཁྲིས་ཆེན་ནུ་ཞོ་སྦྱར་བ་བྱུག་གོ)བདུན། །རྨ་ལ་བཏབ་ལ་བསིལ་བའི་ཆས་སུ་གཞུག །ག་བུར་རྒྱལ་བློན་གསུམ་པ་ཁོང་དུ་བཏང༌། །རྩེ་ཆུང་གཏར་ཞིང་ཟས་སྐོམ་བསིལ་དུ་བྱ། །མ་ཁུགས་ཁྲག་བཀུག་རུས་པ་བཅད་ཕུགས་བྲུད། །སྐམ་བྲོས་འགུགས་པའི་སྨན་བརྒྱད་(ཅུ་གང་གུར་ཀུམ་ལི་ཤི་དོམ་མཁྲིས་ག་དུར་འོ་མ་འཛིན་ཀྱི་ལྕེ་བྱའི་ཟེ་ཁྲག་བུ་རམ་ལ་གཞི་བླངས་ལ་)ལྷ་སྟེང་གདབ།  །(རྐང་མགོ་དཔྱི་སེར་བ་རུས་གསུམ་མར་ཚིལ་བསྲེས་ལ་ཁ་ཤ་གཡོག །བུ་མོ་ལོ་ཉི་ཤུ་ལོན་པ་ལུག་གཡག་གི་གསོན་)ཁྲག་གསུམ་བུར་རྙིང་སྦྱར་བ་ལྷ་སོས་བཏང༌། །གཤེར་བྲོས་བ་རྒན་ཁ་ཆུ་ལྟ་བུ་དང༌། །ཞིང་ཐག་ལངས་པ་ལྟ་བུར་བྱེར་བ་གཉིས། །ཤའུ་སྐྱེ་དྲག་གཙེས་ན་ཁྲག་ནག་འོང༌། །ཅུང་ཞིག་བཞག་ན་བྱ་ཝང་རྒྱབ་ལྟར་འགྱུར། །བ་ཡི་ཁ་ཆུ་འདྲ་ལ་རུས་སྦལ་སྙིང༌། །དོམ་པ་ལ་དང་རྩངས་པའི་ཀླད་པ་གདབ། །ཕྱི་ནས་(གོ་སྙོད་ལྕམ་འབྲུམ་སྦང་ཉེ་མར་ནག་གི་)དུགས་བྱ་ཁོང་དུ་སྡུད་སྨན་(གསེར་མདོག་ན་ལེ་ཤམ་བུ་རམ་ཆང་སྦྱར་)བཏང༌། །དེས་མ་ཐུབ་ན་རྨ་ལ་འདྲེན་རྩི་(རྒྱ་ཚྭ་གཙོད་ཁྲག)གདབ། །སྦྲང་ཆང་བཏང་ཞིང་མགོ་ལ་(སྨན་རུ་རྟ་བྲག་སྤོས་པི་པི་ལིང་མར་ནག་)གྱིས་བྱུག །དེས་མ་ཁུགས་ན་བྲུད་ལ་སྦལ་ཁྲག་(ཡང་ན་རྒྱ་ཚྭ་རུ་རྟ་ཤུ་དག་དབྱི་མོང་)གདབ། །ཚིལ་ནན་སྤོད་ནན་བྱ་གདབ། །ཐག་ལངས་ཁོང་དུ་ཚས་བཏང་ཨ་སས་བདུག །གསོན་དང་སྤྲད་ལ་དགུ་སྦྱོར་ཁཎྜས་བཟུང་། །ཡང་ན་གཉིས་ཀར་ལྷ་བ་གསོན་དང་སྤྲད། །གཤེར་བྲོས་འགུགས་པའི་སྨན་(རྒྱ་ཚྭ་ཁ་རུ་ཚྭ་གུར་ཀུམ་དོམ་མཁྲིས་འོ་མ་འཛིན་སྦྲང་བུ་རམ་)བདུན་ལྷ་སྟེང་གདབ། །ཚིལ་ནན་སྤོད་ནན་བྱ་ཞིང་བྱེ་སྟེང་བསྲེག །འབྲེང་བུ་འདོམ་རྩ་གཏར་ཞིང་ཡེན་ལ་གཏད། །ཁྲ་བོར་བྱེར་ན་རྨ་ནང་སྡུད་སྨན་(རུས་པ་རྔུལ་ཙིག་ཙིག་བྱེད།  ཕྱིས་ན་ཆུ་སེར་མི་རྙེད། །དེ་ལ་རེ་རལ་ཅུ་གང་འོམ་བུའི་མེ་ཏོག་མངར་གསུམ་འབྲི་མར་ལྦུ་སྙིགས་ཕྱུངས་པ་དང་སྦྱར་ལ་)བསྐོལ། །རྡོ་དགུ་རྩི་གསུམ་སྔོ་ལྔ་(ཆིག་ཐུབ་གཉིས་སྦལ་རྒྱབ་གཉིས་གྲུ་བཞི་ཅོག་ལ་མ་རྡོ་ཀླད་བེ་སྣབས་བྱེ་མགོ ཅུ་གང་གུར་ཀུམ་གི་ཝཾ།  རེ་རལ་བྲག་སྤོས་འབྲི་ཏ་ས་འཛིན་ཀྱི་ལྕེ་ལུག་མིག་)བུ་རམ་སྦྱར། །ཁོང་དུ་བཏང་བས་ལྷ་བའི་བྱེར་ཀུན་འགུགས། །ལྷ་བྲོས་རྟས་མི་སླེབ་ན་དེ་རྒྱུ་གསུམ། །ལེགས་པར་བརྟགས་ལ་སོ་སོའི་སྐྱོན་དང་དབྲལ།  །(ཡང་ན་དར་ཐོག་ཏུ་རྣག་ཞུགས་པས་འདོན།  ཡང་ན་ལྷ་རྩ་ཤོར་བས་མར་གྱིས་བསྲེག །ཡང་ན་ཤ་རུས་སྐྱོན་རྒྱ་ཆེར་ཡོད་པས་ཤ་ཤུན་དབྱེ། །)ལྷ་མིག་རྣག་གིས་གང་ན་སྔོ་ལ་གསོབ། །ཇི་ཙམ་བྲུད་ཀྱང་ལྷ་ཁྲག་སྐམས་ནས་མེད། །ཤེད་ཆུང་གྲང་འདར་དང་ག་འགགས་ན་འཆི། །བྲོས་ཁུགས་རླན་རྙེད་ཤའུ་སྐྱེས་པ་དང༌། །ཁ་ཤ་དམར་འདྲུབ་ནད་ཟོ་བདེ་ན་འཚོ། །གལ་ཏེ་རུས་པ་འཁྲུན་མ་ཆོད་གྱུར་ན། །ཤ་རུས་བར་ནས་ཤའུ་ལྕེ་ཐབས་སྐྱེ། །ཁ་ཤ་དྲེའུ་ཉྭ་སྒང་འབྱུང་བ་ཡིན། །ཤ་དྲལ་རུས་མཛེར་ཕྱུངས་ལ་ཆགས་སྨན་(མངལ་ཁྲག་རྒུ་དྲུས་དོམ་མཁྲིས་གསུམ་)གདབ། །བཟོ་ལྷག་ལུས་ན་ཀྱོང་བུས་ཆོད་པར་བྲུད། །རྩ་སྐྱོན་བྱེར་ལ་ཤ་རུས་ཀླད་རྩ་གསུམ། །ཤ་རྩ་བྱེར་ན་སྐེ་མཇིང་འགྱུར་བ་དཀའ། །འཁྱུག་ཅིང་སྐྲངས་ལ་ཟུག་ཆེ་གཟེར་བ་ཡིན། །རྩ་སྟེང་མེས་མནན་ལུམས་སྣ་གསུམ་(མེ་ཏོག་སྣ་ཚོགས་བདུད་རྩི་ལྔ་འབྲུ་སྣ་ལྔ་)གྱིས་བདུག །རུས་རྩ་བྱེར་ན་ལྷ་བ་བྲོས་པ་ཡིན། །དེ་ལ་སྨན་དང་མར་སྦྱར་ཏེལ་པས་བསྐོལ། །ཀླད་རྩ་བྱེར་ན་ཆུ་སེར་དར་ཐོག་ལྷུངས། །རྨ་དང་སྣ་སྒོ་ཆུ་ལམ་ཆུ་སེར་(རྒྱ་ཚྭ་ཁ་རུ་ཚྭ་ཟེ་ཚྭ་གསུམ་བྱང་པ་ཉ་ཕྱིས་དོམ་མཁྲིས་གསུམ་ནད་མ་ཚེར་སྔོན་ཨ་བི་ཥ་གསུམ་སྦྱར་ལ་)དྲང༌། །མ་ཐུབ་རུས་མཐོངས་ཕྱེ་ལ་རྣག་ཆུ་འདོན། །འཐོར་ན་གསོ་དཀའ་གཅིག་ཏུ་འཁྱིལ་ན་འཚོ། །དར་བཙགས་རྣག་ཕྱུངས་རྗེས་ལ་གསོ་སྨན་གདབ།  དར་སྟེང་ཆུ་སེར་ལྷུང་བའི་རྟགས་ལྡན་ཞིང༌། །རྨ་མེད་གཞན་དུ་རྒྱུན་དུ་ཐིག་ལེར་ན། །དོགས་སར་སྐྲ་བཞར་ཆུ་ལྕག་རྒྱབ་པ་ཡིས། །རླངས་དང་དྲོད་ཆེ་མནན་ན་གང་ན་སར། །ཤ་དྲ་རུས་བརྡར་རྒྱུས་ལྡད་རྣག་ཆུ་བཙལ། །ལོག་གནོན་བྱེད་དུས་སྙིང་ཁམས་མ་ཆུང་བར། །ལྷ་བ་བྱེར་བ་གསོན་གཤིན་སྤྲད་པ་དང༌། །ཀླད་རུས་མཚམས་ནས་རྣག་ཆུ་ཅི་ཐོན་གྱིས། །རྩ་ཁྲིད་པ་ལ་ཕྱི་ཁྲིད་ནང་ཁྲིད་གཉིས། །ཕྱི་ཁྲིད་བཤུལ་ཤ་ཁྲིད་ཅིང་མཇུག་རྡོ་སྐྲངས། །ཡན་ལག་བཤལ་སྦྲིད་ཚོར་བ་ཆུང་བ་དང༌། །ལུས་སྤྱིར་ཚ་བ་སྐྱེས་ན་ལུམས་སུ་གཞུག །ཕྱི་ནང་རྩ་སྦྱོང་ག་བུར་ཉེར་ལྔ་བཏང༌། །ནང་རྩར་ཁྲིད་ན་སྟོད་ལྕི་ཚ་བ་སྐྱེ། །ལུས་ལྕི་ཕྲུམ་སེར་ཁྱེར་ལ་དབུགས་མི་བདེ། །གློ་ཆུང་སོར་ན་ཉི་ཤུ་རྩ་ལྔ་ལ། །མུ་ཏིག་ཉ་སྐྱོགས་མི་དོམ་མཁྲིས་པ་བསྣན། །འབྲས་བུ་གསུམ་གྱི་ཁུ་བས་འཕུལ་ལ་བཏང༌། །བསྲེག་དམིགས་བཅུ་བཞི་མེ་ཡིས་མནན་པར་བྱ། །བྱེ་བྲག་སྙིང་ལ་བབས་ན་ཛཱ་ཏི་ལྔ།  །(སྙིང་འདར་ཡན་ལག་སྤྲུག་ཁ་མིག་སླེ་སྨྲ་བ་ལུགས་ན་ག་བུར་ཨ་རུ་ཙན་དན་ཨ་བྱག་ཀ་ར་སྦྱར་ལ་བཏང་)། །གློ་ལ་བབས་ན་ཅུ་གང་ལྔ་པ་(སྟོད་གཟེར་དབུགས་ཐུང་རྔམ་པ་ཆེ་ན་གི་ཝཾ་ཨུཏྤལ་རྒུན་འབྲུམ་སྲོལ་དཀར་ཀ་ར་)སྦྱར། །མཆིན་པར་བབས་ན་གུར་ཀུམ་བཞི་པ་(ལུས་དང་ཤེས་པ་བྱིང་མིག་འཛུམ་དཀའ་ན་འབྲི་རྐང་ཀཎྜ་ཀ་རི་གསེར་གྱི་མེ་ཏོག་ཀ་ར་)སྦྱར།   །མཆེར་པར་བབས་ན་ལི་ཤི་ལྔ་པ་(མཆུ་འཕྱང་ལུས་སྦྲིད་ལ་བརྐྱང་བསྐུམ་མི་ཤེས་ན་ད་ལིས་རུ་རྟ་ལི་ག་དུར་ཧོང་ལེན་ཀ་ར་)སྦྱར། །མཁལ་མར་བབས་ན་འབྲས་བུའི་སྨན་མར་(དཔྱི་མིག་བརླ་སྒང་ཟུག་ཚང་ར་མི་ཐེག་རྐང་པ་བཤལ་དྲི་ཆུ་སྡོམ་དགྱེ་དགུ་མི་ཤེས་ན།  སུག་སྨེལ་ད་ལིས་ཤིང་ཚ་སྡིག་སྲིན་དོམ་མཁྲིས་གསེར་བྱེ་སྦྲང་དང་)སྦྱར། །མེ་གཏར་ཕྱེ་མ་རིག་པས་སྤྱི་དང་སྦྱོར།  །ཀླད་པ་གཞའ་ན་ཤིང་ཀུན(་ཁ་རུ་ཚྭ་སྒ་)གསུམ་པ་བཏང་། །ཤ་ཆང་བརྡེག་ཅིང་ཨ་ས་བ་ཡིས་བདུག །སྦོས་ན་ཚ་སྦོས་རྒྱལ་བློན་ཁོང་དུ་བཏང༌། །ཧོང་ལེན་བསྣན་ལ་རྨར་གདབ་ཞ་ཉེས་བསྣན། །རྩེ་ཆུང་གཏར་ཞིང་རྨ་ཆས་ཟས་བསིལ་བསྟེན། །གྲང་སྦོས་གཞའ་འདྲ་སྲིན་བལ་མར་བཙོས་མནན། །རྣག་སྦོས་ཕུག་ལ་མྱུལ་བཏང་ཀླད་ཁྲུས་བྱ།  །(དང་ག་མི་བདེ་གཉིད་བྲོ་ལུས་ལྕི་རྨྱང་འདོད་མིག་སྤྲིན་དམར་གློ་མང་བྲང་འདབ་སྐྱ་ལ་སྐམ་པ་ན་སེང་བུག་ཏུ་ཚང་བས་རྣག་དར་ཐོག་ཏུ་འཁྱིམས་པ་ཡིན་ཤའུ་མཛེར་ཐབས་སུ་སྐྱེ་བས་རྒྱ་ཚྭ་ཕུར་མོའི་ལོ་མ་དནྡ་རུ་རྟ་གདབ་ཞག་གཅིག་ལྟོ་བཀུག་ལ་ཀླད་མྱུལ་བཏང་དེས་མ་ཐོན་ན་རྒྱ་ཚྭ་དོམ་མཁྲིས་གུར་ཀུམ་ཆང་སྦྱར་ལྒང་ཕུག་ཏུ་བླུག །ཟངས་ཀྱི་གཅེའུ་ཁ་ལེབ་ཀྱིས་བཏང་དེས་རྣག་ཆུ་ཁྲིད་ནས་འོང༌། །གཏོང་ས་མ་རྙེད་ན་འཛག་སྒོ་བདེ་སར་གསང་བུག་གཏོད་ལ་དབྱུང་། །(ཀླད་མཛེར་ཆུ་སེར་མི་བཅད་ཐུར་མར་བསྲེག  སྨྱོ་ན་གཙུག་མཐིལ་དྲུག་བདུན་སྙིང་ག་བསྲེག །ཞོ་ཤ་(ག་བུར་ཛཱ་ཏི་ཨ་ག་རུ་གུར་ཀུམ་རྒྱ་ཚྭ་སྒོ་ང་དང་།)བདུན་སྦྱར་ཁ་ཟས་བཅུད་ཀྱིས་གསོ། །ལུགས་ལ་ཀླད་ལུགས་རུས་ལུགས་རྩ་ལུགས་གསུམ།  །ཀླད་ལུགས་ག་བུར་ཅུ་གང་གུར་ཀུམ་དང༌། །ཙན་དན་མུ་ཏིག་ཉ་སྐྱོགས་དོམ་མཁྲིས་དང༌། །ཀ་ར་སྦྱར་བཏང་ལྟག་རྩ་གཏར་ལ་བསྲེག །སྣ་ནས་ཁྲག་དབྱུང་ལྕེ་འོག་རྩ་ལ་གཏར། །ཆུ་ཆགས་བྱས་ཏེ་གན་རྐྱལ་ཉལ་བ་ལ། །ཡན་ལག་བཞི་ནས་འཐེན་ལ་རྐང་མཐིལ་བརྡུང༌། །དེས་མ་ཕྱེད་ན་སྣ་སྦྱོངས་རྩ་སྦྱོངས་བཏང་། །རུས་ལུགས་བཟོ་བྱ་རྩ་ལུགས་རྩ་དཀར་བཅོས། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་མགོ་བོའི་རྨ་གསོ་བའི་ལེའུ་སྟེ་བརྒྱད་ཅུ་རྩ་གསུམ་པའོ།། །།


 

མཐའ་མའི་འདོན་ཐེངས་།: 21.12.2022 ཉིན། 10:25 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།