སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གྱ་གཉིས་པ། རྨ་སྤྱིའི་གསོ་ཐབས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.08.2011
མན་ངག་རྒྱུད། >> ལེའུ་གྱ་གཉིས་པ། རྨ་སྤྱིའི་གསོ་ཐབས་བསྟན་པ།

ཡན་ལག་བརྒྱད་ལས་ལྔ་པ་སྐབས་བཅོ་ལྔ་ལས་བཅུ་གཉིས་པ་མཚོན་རྨ་གསོ་བ་ལ་གསུམ། བསླབ་པར་ཞུས་པའི་ཚུལ་གྱི་རྩ་བ་མདོར་བསྟན་པ། དེའི་ལན་བསྟན་པའི་ཚུལ་གྱིས་ཡན་ལག་རྒྱས་པར་བཤད་པ་དང༌། སྐབས་ཀྱི་རྫོགས་ཚིག་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་བརྒྱད་དང་འབྲུ་གསུམ་གྱིས་བསྟན་ཏེ། རྨ་ལ་རྒྱུ་རྐྱེན་ངོ་བོ་ངེས་ཚིག་དབྱེ་བ་རྟགས་བཅོས་ཐབས་རྣམས་ཞུས་པ་ལ། གཉིས་པ་ལ་གསུམ། ཉན་པར་གདམས་པ། གཞུང་དོན། ལེའུའི་མཚན་ནོ། །དང་པོ་ནི། དྲང་སྲོང་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་གཞུང་དོན་བཤད་པ་ལ་དྲུག །རྒྱུ་རྐྱན་ངོ་བོ་ངེས་ཚིག་གནས་དབྱེ་བ་རྟགས་བཅོས་ཐབས་སོ། །དང་པོ་ལ་གཉིས། ལྷན་སྐྱེས་དང༌། གློ་བུར་རོ། །དང་པོ་ལྷན་སྐྱེས་ནི། རྒྱུ་རྐྱེན་ཞེས་རྐང་པ་གསུམ་གྱིས་བསྟན་ཏོ། །གཉིས་པ་གློ་བུར་ནི། མངའ་རྡོ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ།།

        གཉིས་པ་ནི། འཛག་པ་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གསུམ་པ་ནི། གནས་པ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བཞི་པ་དབྱེ་བ་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དབྱེ་བ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ལྷན་སྐྱེས་དང་གློ་བུར་རོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ལས། དང་པོ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ལྷན་སྐྱེས་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་སྤྱི་དང་བྱེ་བྲག་གོ །གཉིས་པ་རྒྱས་པར་བཤད་པ་ལའང་གཉིས་ལས། དང་པོ་ནི། ཕྱི་རྨ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཕྱི་རྨ་རྡོལ་བ་དང༌། ནང་རྨ་ཟ་ཁུ་དང༌། བར་རྨ་ཟུག་པ་ཞེས་ཏེ་གནས་ལ་ལྟོས་པ་གསུམ་མོ། །གཉིས་པ་བྱེ་བྲག་གི་དབྱེ་བ་ནི། བྱེ་བྲག་ཅེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་འབྲས། གཞང་འབྲུམ། མེ་དབལ། སུར་ཡ། རྨེན་བུ། རླིག་བླུགས། རྐང་འབམ། མཚན་བར་རྡོལ་བ་སྟེ་བརྒྱད་དུ་བཤད་དོ། །གཉིས་པ་གློ་བུར་རྨའི་དབྱེ་བ་བཤད་པ་ལ་གཉིས། མདོར་རྒྱས་སོ། དང་པོ་ནི། གློ་བུར་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རིགས་དང་གནས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ནི། རིགས་ཀྱིས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་རིགས་ཀྱིས་དབྱེ་ན་པགས་པ་དང༌། གྱེན་ཐུར་དུ་བཤགས་པ་དང༌། ཤ་འཕྲེད་ལ་བཅད་པ་དང༌། རུས་ལ་ཐུག་རྣམ་པར་བཅད་པ་དང༌། རུས་པ་ལ་ཐུག་པའི་བར་བཅད་ནས་ཤ་ལྷབ་ལྷབ་པོར་འཕྱང་བ་དང༌། ལྷུ་ཚིག་བྲལ་བ་ལྷུང་བ་དང༌། རུས་པ་སོགས་གྲུམས་པ་དང༌། མཚོན་རྩེས་ཕུག་དང་བརྒྱད་པོ་འདི་ལ་ཡན་ལག་བརྒྱད་པར། རྨ་ནི་བསྣད་པའི་འཕྲལ་དུ་ནི། །འབྱུང་འགྱུར་གློ་བུར་རྨ་ཞེས་བྱ། །དེ་ནི་མཐའ་ཡས་ཡིན་ཟིན་ཀྱང༌། །ཡན་ལག་རྣམ་པ་བརྒྱད་དུ་བཤད། །བསྡུས་དང་བཅད་དང་རྣམ་པར་བཅད། །རབ་ཏུ་འགྱངས་དང་བཏུང་བ་དང༌། །ཕུག་དང་བཤགས་དང་གྲུག་པའོ། །དེ་ལ་བསྡུས་པ་ཆུ་སེར་རོ། །ཁྲག་ནི་ཅུང་ཟད་འབྱུང་འགྱུར་ཞིང༌། །པགས་པ་ཆོད་པས་ཚ་འགྱུར་ཡིན། །དེ་ལས་ཆོད་འགྱུར་བཅད་པ་ཡིན། །དེ་ལ་ཆོད་པ་རྣམས་བསད་ཡིན། །རབ་འཕྱང་རུས་བར་ལྷག་མ་ལུས། །ལྷུང་བ་ལུས་ལས་ཐོག་པ་ཡིན། །ཟུག་རྔུ་ཕྲ་མོ་བུག་པ་ཕུག །ཁོང་པ་མ་གཏོགས་བསྣན་པ་ཡིན། །སྔ་མ་ལས་གཞན་གཤགས་པ་ཡིན། །ཁྲག་དང་རྐང་ནི་འདྲེས་གྱུར་པར། །མཚོན་གྱིས་དྲག་ཏུ་བསྣུན་པ་ཡིན། །རུས་བཅས་རྒྱ་ཆེར་གནད་གྲུམ་པ། །ཞེས་གསུངས་སོ། གཉིས་པ་གནས་དབྱེ་ནི། གནས་ཀྱི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རྨ་དེ་ཡང་གནས་ཀྱི་སྒོ་ནས་དབྱེ་ན། མགོ་རྨ་དང་སྐེ་དང་བྱང་ཁོག་གི་རྨ་དང་ཡན་ལག་གི་རྨ་དང་རྣམ་པ་བཞི་སྟེ། ལེའུ་བཞིའི་བདག་ཉིད་ཅན། ལྔ་པ་རྟགས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དེ་རྟགས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། སྔར་བཤད་ཀྱི་རྨ་དེ་རྣམས་ལ་གསོ་བ་དཀའ་སླ་བརྟག་པ་དང༌། གནད་ལ་སོང་མ་སོང་བརྟག་པ་དང༌། རེད་དང་མ་རེད་བརྟག་པ་དང་རྣམ་པ་གསུམ་མོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་ནི། གསོ་དཀའ་སླ་བ་བརྟག་པ་ལ་གསུམ། གསོ་དཀའ་བ་དང་སླ་བ་དང༌། མི་སོས་པ་དང་གསུམ་ལས། དང་པོ་གསོ་དཀའ་བ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། གསོ་དཀའ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། གསོ་དཀའ་བའི་རྨ་དེ་ལའང་གནས་དང་རང་བཞིན་དང་རྐྱེན་དང་གསུམ་ལ་བརྟག་པའོ། །གཉིས་པ། རྒྱས་བཤད་ལའང་གསུམ་ལས། དང་པོ་ནི། རྨ་གནས་ཞེས་རྐང་པ་བཞིས་བསྟན་ཏེ། ལས་བྱེད་ནི་བྱ་བ་བྱེད་པའི་ཚིག་རྣམས་སོ། །གཉིས་པ་རང་བཞིན་གྱིས་གསོ་དཀའ་བ་ནི། རྨ་ཡིས་ཞེས་རྐང་པ་བཞིས་བསྟན་ཏེ། ཐུར་དུ་ཕུག་ཆས་ནི། གོང་ནས་མར་ཐུར་དུ་ཕུག་པར་ཆས་པ་སྟེ་ཕུག་ལ་ཁད་པའོ། །དེ་ནི་རྣག་ཁྲག་ཆུ་སེར་མི་ཐོན་པས་གསོ་དཀའ་བའོ། །ཟུག་རྔུ་ལུས་པ་ནི་མདེའུ་ལུས་པའོ། །གསུམ་པ་རྐྱེན་གྱི་སྒོ་ནས་གསོ་དཀའ་བ་བཤད་པ་ནི། རྐྱེན་ནི་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་གསོ་སླ་བ་བཤད་པ་ནི། དེ་ལས་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་མི་གསོས་པ་ནི། གནད་དུ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་གནད་ལ་སོང་མ་སོང་བཤད་པ་ལ་གཉིས། སོང་བ་དང༌། མ་སོང་བ་གཉིས་སོ།།

        དང་པོ་ལ་གསུམ། རྣམ་གྲངས། སོ་སོའི་རྟགས། མདོར་བསྡུས་དང་གསུམ་མོ། །དང་པོ་ནི། གནད་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་སོ་སོའི་རྟགས་ནི། ཤ་གནད་ཅེས་རྐང་པ་བདུན་གྱིས་བསྟན་ཏེ། རུས་ཚད་རྐུན་བུར་བསྐྱེད་པ་ནི་མ་ཚོར་བར་བགས་ཀྱིས་སྐྱེ་བའོ། །གསུམ་པ་མདོར་བསྡུས་ནི། མདོར་ན་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་གནད་ལ་མ་སོང་བའི་རྟགས་ནི། གནད་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བློ་མི་ལྡོག་པ་ནི་བྱ་བ་བྱེད་པར་འདོད་པའོ། །གསུམ་པ་རེད་མ་རེད་བརྟག་པ་ལ་གཉིས། མ་རེད་པ་དང༌། རེད་པ་གཉིས་སོ། །དང་པོ་ནི། མ་རེད་པ་ལའང་གཉིས། མདོར་རྒྱས་སོ། །དང་པོ་ནི། མ་རེད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། སྤྱིར་རེད་ཅེས་པ་ནད་གཞན་དང་འདྲེས་པའི་དོན་ཡིན་ལ་མ་རེད་པ་ནི་གནོད་པ་གཞན་མེད་པ་སྟེ། ཡན་ལག་བརྒྱད་པར་ནད་དང་འདྲེས་པ་རེད་པ་ཡིན། དེ་དག་མེད་པ་མ་རེད་པ་ཡིན། ཞེས་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལའང་གཉིས་ལས། དང་པོ་ནི། སྤྱི་རྟགས་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་བྱེ་བྲག་གི་རྟགས་ལའང་གཉིས། མདོར་རྒྱས་སོ། །དང་པོ་ནི། བྱེ་བྲག་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་བྱེ་བྲག་གི་རྟགས་ལ་ནད་གཞན་དང་འདྲེས་པ་དང༌། ཕྱིའི་རྐྱེན་གྱིས་དང་པོའི་གནས་སུ་རྐྱེན་སྐྱེས་པ་འགྲམས་པ་དང༌། རང་སྟོབས་བྲི་བ་གབ་པའི་གཞའ་པ་དང༌། ལྷག་པར་འཕེལ་བ་སྨྱོ་བ་དང༌། རུས་ཟན་ཟུག་རྔུ་ཅན་རུས་པར་ཟ་བ་དང་རྣམ་པ་དྲུག་གིས་བསྟན་ནོ།།

གཉིས་པ་རྒྱས་པར་བཤད་པ་ལ་དྲུག་ལས། དང་པོ་ནི། རེད་པ་ལའང་མདོར་རྒྱས་སོ། དང་པོ་ནི། དེ་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། འདུ་བས་རེད་པ་དང༌། ཟས་ཀྱིས་རེད་པ་དང༌། སྤྱོད་ལམ་གྱིས་རེད་པ་དང་གསུམ་མོ། །གཉིས་པ་རྒྱས་པར་བཤད་པ་ལའང་གསུམ་ལས། དང་པོ་འདུ་བས་རེད་པ་ལ་མདོར་རྒྱས་སོ། །དང་པོ་ནི། འདུ་བ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རྨ་དེ་ཉིད་རེད་པ་དེ་ལའང་འདུ་བ་རླུང་དང་མཁྲིས་པ་དང༌། ཁྲག་དང༌། བད་ཀན་དང་བཞིའོ། །གཉིས་པ་རྒྱས་པར་བཤད་པ་ལའང་བཞི་ལས། དང་པོ་ནི། རླུང་གྱུར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། མཁྲིས་གྱུར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་ནི། ཁྲག་གྱུར་ཞེས་རྐང་པ་གཅིག་གིས་བསྟན་ནོ། །བཞི་པ་ནི། བད་གྱུར་ཞེས་རྐང་པ་གཅིག་གིས་བསྟན་ཏེ། འདྲད་འདྲོད་མང་བ་ནི་རྨ་ལ་བད་ཀན་སྐྱེས་པས་རེད་རོད་མང་བའོ།  །ཡང་ན་ཡན་ལག་བརྒྱད་པར། རྩ་རས་ཀྱིས་ཁྱབ་ནད་ཚབས་ཆུང༌། ཞེས་སོ། །གཉིས་པ་ཟས་རེད་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཟས་ཀྱིས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཟས་རེད་དང༌། སྐོམ་རེད་དོ། གཉིས་པ་རྒྱས་པར་བཤད་པ་ལའང་གཉིས་ལས། དང་པོ་ནི། ཟས་རེད་ཅེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་སྐོམ་རེད་ཅེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་སྤྱོད་ལམ་རྐྱེན་གྱིས་རེད་པ་ལའང་གཉིས། མདོར་རྒྱས་སོ། །དང་པོ་ནི། སྤྱོད་རེད་ཅེས་རྐང་པ་གཅིག་གིས་བསྟན་ནོ། །སྤྱོད་ལམ་རྐྱེན་གྱིས་རེད་པ་ལའང་ཉི་མ་དང་ལྷགས་པ་དང༌། གཉིད་དང༌། ཆགས་པ་དང༌། འཇིགས་པ་རྣམས་ཀྱིས་རེད་པའོ། །དང་པོ་ནི། ཉི་རེད་ཅེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་ནི། ལྷགས་རེད་ཅེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་ནི། གཉིད་རེད་ཅེས་རྐང་པ་གཅིག་གིས་བསྟན་ནོ། བཞི་པ་ནི། ཆགས་རེད་ཅེས་རྐང་པ་གཅིག་གིས་བསྟན་ནོ། །ལྔ་པ་འཇིགས་པས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། གྲོགས་འདོད་ནི་ཟླ་བོ་འདོད་པའོ། །གཉིས་པ་ཕྱི་རྐྱེན་གྱིས་འགྲམས་པ་ལའང་གཉིས། མདོར་རྒྱས་སོ། །དང་པོ་ནི། འགྲམས་པ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །འགྲམས་པའི་རྐྱེན་དེ་ཡང༌། ཞེ་སྡང་དང༌། དྲག་ཤུལ་དང༌། ཉི་མ་དང༌། རྟ་དང༌། ཟས་དང༌། ཞེས་རྐང་པ་གཅིག་གིས་བསྟན་ནོ། །གདོན་རྐྱེན་རྣམས་ཀྱིས་འགྲམས་པའོ། །དང་པོ་ནི། ཞེ་སྡང་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་ནི། དྲག་ཤུལ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་ནི། ཉི་མ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བཞི་པ་ནི། རྟ་འགྲམས་ཞེས་རྐང་པ་གཅིག་གིས་བསྟན་ནོ། །ལྔ་པ་ནི། ཟས་འགྲམས་ཞེས་རྐང་པ་གཅིག་གིས་བསྟན་ནོ། །དྲུག་པ་ནི། གདོན་འགྲམས་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་གནས་གཞན་དུ་བྱེར་བ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བྱེར་བ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །པགས་ལ་བྱེར་བ་དེ་བཞིན་དུ། ཤ་དང༌། ཚིལ་དང༌། རྩ་དང༌། རུས་པ་དང༌། ཚིགས་ཏེ་དེ་རྣམས་བྱར་བའོ། །གཉིས་པ་རྒྱས་བཤད་ལའང་དྲུག་ལས།

        དང་པོ་ནི། པགས་བྱེར་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་ནི་ཤ་བྱེར་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་ནི། ཚིལ་བྱེར་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་ས་བཅད་བཞི་པར། མདོར་བསྟན་གྱི་དབང་གིས་འབྱུང་རིགས་ཀྱང༌། རྒྱུད་ལ་རྒྱས་བཤད་དྲུག་པ་བབས་པའི་དགོངས་དོན་བཞིན་གཞིར་བཞག་ནས། བཞི་པ་ནི། རུས་བྱེར་ཞེས་རྐང་པ་གཅིག་གིས་བསྟན་ནོ། །ལྔ་པ་ནི། ཚིགས་བྱེར་ཞེས་རྐང་པ་གཅིག་གིས་བསྟན་ནོ། ཚིགས་ནི་ཡན་ལག་གི་ཚིགས་དང་ནང་ཚིགས་སྒལ་ཚིགས་རྣམས་སོ། །དྲུག་པ་ནི། རྩ་བྱེར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བཞི་པ་རང་སྟོབས་བྲི་བ་གབ་པའམ་གཞའ་བ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། གཞའ་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཤ་དང་རུས་དང༌། ཚ་བ་དང༌། གྲང་བའོ། །གཉིས་པ་རྒྱས་བཤད་ལའང་བཞི་ལས། དང་པོ་ནི། ཤ་གཞའ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་ནི། རུས་གཞའ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་ནི། ཚ་གཞའ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །བཞི་པ་ནི། གྲང་གཞའ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །རྨ་ཁ་ཤི་བ་ནི་ཞིག་ཅིང་གཞོམས་པའོ། །ལྔ་པ་ལྷག་པར་འཕེལ་བ་སྨྱོ་བ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྨྱོ་ལ་ཞེས་རྐང་པ་གཅིག་གིས་བསྟན་པའི་སྨྱོ་བ་ལ་ཤ་དང་། ཁྲག་དང༌། རུས་པ་དང༌། རྣག་སྨྱོའོ། གཉིས་པ་རྒྱས་པར་བཤད་པ་ལའང་བཞི་ལས། དང་པོ་ནི། ཤ་སྨྱོ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་ནི། ཁྲག་སྨྱོ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་ནི། རུས་སྨྱོ་ཞེས་རྐང་པ་གཅིག་གིས་བསྟན་ནོ། བཞི་པ་ནི། རྣག་སྨྱོ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །དྲུག་པ་རུས་ཟན་ཟུག་རྔུ་ཅན་རུས་པར་བཟའ་བ་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། རུས་ཟན་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རུས་པ་རུལ་བ་དང༌། རྣག་ཤ་མ་ཐོན་པ་དང༌། རྨའི་རུས་ཟན་དང་རྣམས་སོ། །གཉིས་པ་རྒྱས་བཤད་ལའང་བཞི་ལས། དང་པོ་ནི། རུས་པའི་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་ནི། ཟུག་རྔུའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཕོངས་སུ་ཆགས་པ་ནི་རྨ་ཟུམ་དུ་མི་འདོད་ཅིང་རྣག་ཁྲག་འཛག་པ་ཕྱིའུ་ལྟ་བུའོ། །གསུམ་པ་ནི། རྣག་མདོག་ཅེས་རྐང་པ་གསུམ་གྱིས་བསྟན་ནོ། །བཞི་པ་ནི། རྨ་ཡིས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་མ་རེད་པ་ནི། རེད་འབྱོངས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། བླ་གཉན་ནི་བརྡ་རྙིང་བ་སྟེ་སྣོན་མའི་མིང་ཡིན་པས་རྨ་ནད་སྣོན་ལ་གཞན་མེད་པའོ། དྲུག་པ་བཅོས་ཐབས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། གསོ་བའི་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དང་པོར་སྐྲངས་པ་གཞོམ་པ་དང༌། བར་དུ་རེངས་པ་སྦྱང་བ་དང༌། ཐ་མར་ཤ་གསོ་བ་སྟེ། དེ་གསུམ་གྱིས་སྐབས་ཀུན་དུ་ཟས་འཕྲོད་པ་དང་མི་འཕྲོད་པ་ཅི་རིགས་པར་བསྟན་པ། དང་པོ་དང་བར་དང་ཐ་མ་དང་ཀུན་ལ་ཤེས་པར་བྱའོ།།

        གཉིས་པ་རྒྱས་བཤད་ལའང་བཞི་ལས། དང་པོ་ནི། དང་པོ་ཞེས་རྐང་པ་བཞི་བཅུས་བསྟན་ཏེ། ཆང་འགག་ནི་ཆང་གསོན་པོ་སྟེ་སྦམ་གླུམ་མོ། །དྲགས་ན་རྨ་བྱེར་ཤའི་རླིག་པ་འཕྱིད་པ་ནི། སྦང་མའི་རྨ་ཆས་ཐལ་དྲགས་ན་རྨའི་ཤའུ་དོན་པ་དང་ཁྱད་པར་དུ་རླིག་པའི་རྨ་ལ་དྲགས་ན་འབྲས་བུ་ཕྱིར་འབྱིན་པའོ། །མཐིལ་བཞི་ནི། རྐང་ལག་གི་མཐིལ་ལོ། ནད་བརྟོལ་ལ་སྦང་འཇིབས་དྲགས་ན་ཁོངས་ཚད་སྡུད་དོ། །ཉིན་སྐར་ནི་དཀོན་པ་སྟེ་སྲིད་པ་ཙམ་མོ། གནད་ཀྱི་སྟེང་དུ་པགས་པ་འཐེན་ལ་བཙག་པ་ནི། གནད་སྟེང་གི་པགས་པ་གྱེན་དུ་འཐེན་ལ་འཕྲེད་དུ་ཕུག་པའོ། །རྔབས་རྭ་ནི་བཤད་རྒྱུད་དུ་ཇི་ལྟར་བཤད་པའི་ཚད་དང་ལྡན་པ་དེའོ། །སྲ་བརྟན་གྱི་སྨན་གྱིས་བྱུག་པ་ནི། སྨན་ཆེན་ཤུ་དག་ལྷོག་དུག་གླ་གུལ་ལོ། །དྲོ་བའི་དུགས་ཀྱིས་བདུག་པ་ནི་རྡེའུ་ཆང་བྲན་ནོ། འབྲུ་བཙོས་བཏགས་པའི་ལྡེ་གུ་ནི། འབྲུ་སྣ་ཚོགས་ཚད་བཅོས་ནས་ཞིབ་པར་བཏགས་པ་ལས་བྱས་པའི་ལྡེ་གུའོ། །བརྔོས་ཕྱེས་ནི། ཟར་མ་དང་ཏིལ་ཆ་མཉམ་ནས་སེར་ཙམ་བརྔོས་པའི་ཕྱེ་འོ་མར་སྦྱར་བ་བྱུག་གོ །རྣག་འགུགས་ཀྱི་ཤུག་པ་ནི། ཤུག་འབྲུའོ། །གཉིས་པ་བར་དུ་རེད་པ་སྦྱངས་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། བར་དུ་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་སྤྱི་དང་བྱེ་བྲག་གོ །གཉིས་པ་རྒྱས་པར་བཤད་པ་ལའང་གཉིས་ལས། དང་པོ་སྤྱི་བཅོས་ནི། སྤྱི་བཅོས་ཞེས་རྐང་པ་དགུས་བསྟན་ཏེ། དེ་ལ་སྤྱིར་འཇིགས་ནི་ཁྱད་པར་མཆོག་པའམ་འཇིགས་པ་ལ་བཏགས། ལུམས་ནི་ནད་མིང་ཐམས་ཅད་དུ་ལུམས་པའམ་སྨིན་པར་བྱེད་པ་ལ་བཏགས། ཞུན་ནི་ཡང་ཡང་བྱུགས་པ་ལ་བཏགས་སོ། །ནན་ནི་གཅིག་སྟེང་གཅིག་བརྩེགས་པ་ལ་བཏགས་སོ། །ཆས་ནི་དེ་རྣམས་གང་འཕྲོད་སྦྱོར་བའི་བྱ་བའམ་དེབ་ཆིངས་རྒྱའོ། །སའི་ནན་དེ་ས་མྱག་གམ་བྱི་ས་ཤར་ལྟའི་ཁྲུ་གང་འོག་ས་སེ་རུལ་གྱོ་མོ་ཆུ་རྩ་ཡུང་བའོ། །དངུལ་ཐལ་ནི་དངུལ་ཆུ་བཏོན་ཤུལ་གྱི་ཐལ་བའོ། །གཉིས་པ་ནི། བྱེ་བྲག་ཅེས་རྐང་པ་བཅུ་གསུམ་གྱིས་བསྟན་ནོ། །གསུམ་པ་ཐ་མའི་བཅོས་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། ཐ་མ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། གསོ་སྨན་ཆིག་ཐུབ་སྦྱར་བའི་སྒོ་ནས་བཅོས་པའོ། །གཉིས་པ་རྒྱས་པར་བཤད་པ་ལའང་གཉིས་ལས། དང་པོ་རུལ་བཅས་ལ་གསོ་བཅད་སྦྲགས་མ་ནི། དང་པོ། ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །ལི་ཁྲི་ནི་བརྡ་སྤྲོད་དུ། ལི་ཁྲི་སིན་དྷུ་ར་དང་གཅིག་ཅེས་འབྱུང་བས་སིན་དྷུ་རྒྱ་མཚོ། རཱ་ག་ཆགས་པ་ལ་འཇུག་པའམ་ཁྲག་སྟེ། རྒྱ་མཚོའི་ཁྲག་ལ་ངོ་བོ་ནི་ཆུ་དྲེག་དམར་པོའོ། །བཅད་སྦྱོར་བདུན་པའི་བཅད་འབྱོར་ལ་རིགས་མང་ཡང༌། འདིར་ཡུ་གུ་ཤིང་ལ་བྱའོ། །རྒུ་དྲུས་ནི་སེར་པོ་རྒུ་དྲུས་སོ།།

        གཉིས་པ་གསོ་སྨན་ཆིག་ཚུགས་གདབ་པ་ནི། ཐ་མ་ཞེས་རྐང་པ་ལྔས་བསྟན་ཏེ། པར་མཆན་གྱིས་གསེར་འདབ་ལྔ་པ་ནི། ལྕེ་ཚའོ། ཤེལ་རྟ་ནི་ནག་མའི་ཐང་ཆུའོ། །མགོའི་སྨིན་པ་སྐྲ་ལོ་བསྐྱེད་པར་བྱེད་པ་ལ་རྒྱུད་འདིའི་མཆན་ནམ་ཡང་ན། ཡན་ལག་བརྒྱད་པར། མེ་ཡིས་དུད་པ་མ་ཤོར་བསྟེན། །སྐྱེར་ཁནྜ་དང་ཏིལ་མར་སྦྱར། །བསྐུས་ན་སྤུ་ནི་སྐྱེ་བར་བྱེད། །དེ་བཞིན་རྐང་བཞིའི་སེན་མོ་སྤུ། །རུས་པ་པགས་པ་རྭ་རྨིག་བསྲེགས། །གནག་ཚད་ཏིལ་མར་དང་སྦྱར་བས། །བསྐུས་ན་སྤུ་ནི་སྐྱེ་བར་བྱེད། །ཅེས་གསུངས་སོ། །བཞི་པ་ཟས་སྤྱོད་བསྟེན་པ་དང༌། རིགས་བྱེ་བྲག་ཏུ་བཅོས་པ་རྒྱས་པར་བཤད་པའོ། །དང་པོ་ནི། ཟས་སྤྱོད་འཕྲོད་པ་བསྟེན་ཞིང༌། མི་འཕྲོད་པ་སྤང་བར་བཤད་པ་ནི། རྨ་སྤྱིར་ཞེས་རྐང་པ་ཉེར་གསུམ་གྱིས་བསྟན་ཏེ། རྨ་གསར་དུས་ཁྲག་མི་ཤོར་བ་དང༌། མི་སྐྲངས་པའི་ཕྱིར་རོ། །ཆུ་དང་རྩམ་པ་བཀུག་སྟེ་སྨྱུང་བར་བྱ། ཡང་གནད་ལ་མ་སོང་བའི་རྨ་དྲོན་མོ་ལ་ཆང་དང་མར་གྱིས། དབབ་སྟེ་རྨ་གསར་ལ་མར་ཁུ་བསྟེན་པས་ཟུག་ཆུང་ཞིང་རང་འབྱོར་བྱེད་པས། གནད་དང་གནས་སྐབས་ལྟ་དགོས་སོ། །རྨའི་སྐྲངས་ཆགས་ནས་མཐེབ་རྗེས་ལེན་ཆེ་བ་མཆོག་རྣག་དང་ཤ་རོ་ཐོན་པ་སོགས་རེད་འབྱོངས་ནས་གསར་བཅུད་ཤ་གསར་མར་གསར་བུར་དཀར་སྦྲང་གསར་འཇམ་ཆང་རླུང་ཅན་ལ་ཤ་མར་རྙིང་པ་སྤྱོད་ལམ་སྐྱིད་པ་རྩལ་སྤྲུག་གོ །གཉིས་པ་རིགས་བྱེ་བྲག་ཏུ་བཅོས་པ་ནི། བྱེ་བྲག་ཅེས་རྐང་པ་བཞི་དང་འབྲུ་གསུམ་གྱིས་བསྟན་ཏེ། ཡན་ལག་བརྒྱད་པར། རྣམ་པར་བཅད་དང་རབ་འཕྱངས་ལ། །ཆོ་ག་བཞིན་དུ་བརྩེམས་པ་དང༌། །བཅིང་བ་དང་ནི་བཙིར་བར་བྱ། །ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་ནི་བདུད་རྩི་ནས་བརྒྱད་ཅུ་རྩ་གཉིས་པའི་བར་གྱིས་བསྟན་ནོ།།

 

མཐའ་མའི་འདོན་ཐེངས་།: 23.08.2011 ཉིན། 3:13 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།