སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གྱ་གཅིག་པ། གདུག་པ་ཀླུའི་གདོན་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་གྱ་གཅིག་པ། གདུག་པ་ཀླུའི་གདོན་ནད་གསོ་བ།



ལེའུ་གྱ་གཅིག་པ།  གདུག་པ་ཀླུའི་ནད་གསོ་བ། 

དེ་ལྟར་གཟའ་གདོན་གསོ་བའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། དེ་ཡང་ལན་ཅིག་ལྔ་བརྒྱ་ཐ་མའི་དུས་ཞེས་པ་སངས་རྒྱས་ཀྱི་བསྟན་པ་ལོ་ལྔ་སྟོང་དུ་གནས་པ་ལ་ལྔ་བརྒྱ་ཕྲག་བཅུ་རུ་བྱས་པའི་ལྔ་བརྒྱ་པ་དང་པོ་གསུམ་ལ་འབྲས་བུའི་དུས་དང༌། བར་མ་གསུམ་ལ་བསྒྲུབ་པའི་དུས་དང༌། ཐ་མ་གསུམ་ལ་ལུང་གི་དུས། དེ་རྗེས་ལྔ་བརྒྱ་ཕྲག་གཅིག་གིས་རྟགས་ཙམ་འཛིན་པའི་དུས་ཞེས་འབུམ་ཏིག་སོགས་སུ་བཤད་པ་ལྟར། དེང་སང་ལུང་དུས་ཡིན་ཀྱང་ལྔ་བརྒྱ་ཐ་མ་དང་ཉེ་བའོ། །འདི་བས་ཀྱང་དམན་དུ་སོང་ནས་དུས་ལན་ཅིག་ལྔ་བརྒྱའི་ཐ་མར་འགྱུར་ངེས་པའི་དུས་ཚོད་དུ། བསྐལ་པའི་ཆ་ཉམས་འབྱུང་བའི་བཅུད་ཤོར་བས་ཞེས་པ་བསྐལ་པ་ལ་སྤྱིར་སངས་རྒྱས་བྱོན་པ་ལ་སྒྲོན་བསྐལ་དང༌། སངས་རྒྱས་མི་བྱོན་པ་ལ་མུན་བསྐལ་དུ་བཤད་ལ། སྒྲོན་བསྐལ་བཟང་པོ་འདི་ལ་ཡང་ཡར་འཕེལ་རྫོགས་ལྡན་ལ་ཐུག་གི་བར་དུ་ནི་འབྱུང་བའམ་བཅུད་ཐམས་ཅད་ཡར་འཕེལ་ཞིང་མི་རྣམས་ཀྱིས་ཀྱང་ཆོས་ཀྱི་རྐང་པ་བཞི་ག་རྫོགས་པར་བྱེད་དོ། །དེ་ནས་ལོ་རེ་བཞིན་བསྐལ་པའི་ཆ་ཉམས་ཤིང་འབྱུང་བའི་བཅུད་ཤོར་བས་མི་རྣམས་ཀྱི་ཟ་ཐང་བྲི་ནས་དབུལ་པོར་གྱུར་ཞེས་མི་རྣམས་ཀྱིས་ཉོན་མོངས་ཇེ་རགས་སུ་སོང་ནས་ཆོས་ཀྱི་རྐང་པ་གཅིག་ཤོར་བས་སུམ་ལྡན། གཉིས་ཤོར་བས་གཉིས་ལྡན། གསུམ་ཤོར་བས་རྩོད་ལྡན། བཞི་ཤོར་བས་རྟགས་ཙམ་འཛིན་པའམ་ཐ་མའོ། །དེ་མཐུན་དབང་ཐང་ཟ་ཐང་ཀྱང་བྲི་སྟེ་ཐང་ཞེས་པ་བསྐོས་ཚད་དེ་ལས་བྱ་སྟེ་མངའ་ཐང་ངམ་རྒྱུ་ཐང་ཞེས་པ་ལྟ་བུའོ། །དཔེར་ན་དབུལ་པོར་རྒྱུ་བ་ནི་དུས་ཀྱིས་མ་ཐུབ་ཅིང་ངན་པའི་ལས་ཀྱིས་བརྒྱུགས་པས་རང་གི་ལོངས་སྤྱོད་ཀྱི་ཆེད་གཉན་ཞེས་པ་རང་རང་ལ་གཅེས་ཤིང་དེ་ལ་ཐུག་རེག་བྱུང་ན་བཟོད་ཐབས་མེད་པའི་ས་གཉན་བརློག་ནས་སྤང་དང་ཐ་བ་རྙིང་པ་ཞིང་དུ་འདྲུ། ཆུ་གཉན་པོ་ཐམས་ཅད་དཀྲུགས་ནས་ནེའུ་གསིང་སྟེ་ན་ཁ་རྣམས་རྫིང་དུ་བསྐྱིལ་བ་དང༌། ཤིང་གཉན་པོའི་རིགས་གཅོད་ཅིང་རྡོ་གཉན་གྱི་རྩ་བ་འདེགས་པ་སྟེ། ས་ཡུལ་དེ་ནས་བཀོག་ནས་ཚོང་པ་ལྟ་བུ་དང༌། དབུལ་པོ་མིན་ཀྱང་ལས་དེ་བཞིན་བྱེད་པ། མི་གཙང་བ་ནི་ཀླུ་གཉན་སར་གྲིབ་ཅན་གྱི་རྫས་བསྐྱལ་བ་དང༌། ཐབ་ནི་མེ་ཐོག་ཏུ་ཆུ་ཤོར་ནས་མེ་བསད་པ་ནག་ཐབ། ཁྲག་དང་ཤ་ཁུ་ཤོར་ན་དམར་ཐབ། འོ་དར་ཞོ་སོགས་ཤོར་བ་དཀར་ཐབ། གཞོབ་ཅེས་པ་ཤ་ལྤགས་རུས་སྤུ་ཚིག་པའི་དུད་པ་ངན་པ། བཤན་དམར་ཞེས་པ་གཉན་སར་སེམས་ཅན་བསད་པའི་འཇོལ་ཉོག་སྤྱོད་པ་གང་དུ་ཉེས་དམིགས་མི་བསམ་པར་བབ་ཅོལ་དུ་བྱེད་པ། བནྡེ་དང་བོན་པོའི་རིགས་རང་རང་གི་ཁུངས་ནས་བཤད་པའི་ནུས་པའི་བསྙེན་སྒྲུབ་ལས་གསུམ་ཡུན་དུ་བསྲིང་བའི་ལོང་མེད་ནས་གཉན་པའི་ས་དཀྲུགས་པས་དགྲ་རྣམས་ཐུལ་ལ་རེ་ཞེས་པ་མཐུ་གཏད་ཆར་དབབ་ལ་སོགས་པའི་རྫས་ངན་གཉན་སར་བརྒྱབ་པས་དེའི་ཚེ་ཀླུ་ནི་གཙོ་བོ་ཀླུ་ཆེན་བརྒྱད་དང་རྒྱལ་རིགས་སོགས་རིགས་བཞིའམ་ལྔ་པ་ཕལ་པ་དམངས་དང་བཅས་པ། གཉན་ནི་བར་སྣང་དུ་གནས་པའི་དུང་མགོ་གཡུའི་སྨིན་མ་ཅན་དང༌། དུས་མཐར་པར་པ་ཏ་ལ་སོགས་མཐའ་ཀླས་པ་དང༌། ས་བདག་ནི་བཻཌཱུར་དཀར་པོར་བཤད་པ་ལྟར་དང༌། ལྷ་སྲིན་ནི་སྐབས་འགར་མགོན་དང་ལྷ་ཞེས་ཕན་པའི་ལས་བྱེད་པ་དང༌། རེས་འདྲེ་སྲིན་ཞེས་གནོད་པའི་ལས་བྱེད་པ་དང༌། རེས་གདོད་མ་ནས་ཕན་གནོད་བྱེད་པའི་ལྷ་འདྲེ་འམ་ལྷ་སྲིན་དུ་གྲགས་པ་རྣམས་འཁྲུགས་པར་གྱུར་ནས་དེ་དག་རྣམས་ཀྱི་རེག་དུག་མཐོང་དུག་ཁ་རླངས་ཀྱི་དུག ཡིད་དུ་བསམས་པའི་དུག་སོགས་འཕྲོས་པས་མཛེའི་སྐད་དོད་དངོས་ཀུཥྛ་ཡིན་ཀྱང་ཙི་ཏི་ཛྭ་ལ་ཞེས་ཀྱང་འདུག་པས་དོན་མཛེ་འབར་བའི་བསྐལ་པ་དར་ཏེ་མཐོང་བས་སྐྱུག་བྲོ་ཞིང་ཡིད་ལ་བསམས་པས་ཀྱང་སྐྱི་འཇིགས་པར་འགྱུར་ཞིང་ཐོས་པ་ཙམ་གྱིས་ཡ་ང་ལ་རང་གི་རོ་རང་གིས་མཐོང་ཞིང་ཚེ་འདིའི་གཉེན་འདུན་ལ་སོགས་པ་ཀུན་དང་གསོན་འབྲལ་བྱེད་དགོས་པ་ལྟ་བུ་དེ་འདྲའི་ནད་འབྱུང་བ་རྣམས་ཀྱི་གསོ་བའི་ཐབས་རྣམས་ངས་བསྟན་གྱི་དྲང་སྲོང་ཆེན་པོ་ཁྱོད་གྱིས་མ་ཡེངས་པར་གུས་པས་ཉོན་ཅིག་ཅེས་གདམས་ཏེ། འདི་ལ་རྒྱུ་རྐྱེན་དང༌། མཚན་ཉིད་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་པའི་ཐབས་དང་ལྔ་རུ་ཤེས་པར་བྱ་དགོས་ཏེ།

དེ་ཡང་ཀླུ་གདོན་གྱིས་འཚེ་བའི་རིང་རྒྱུ་ནི་སྤྱི་རྒྱུ་དང་ཉེ་རྒྱུ་གང་ཟག་རང་གི་ལུས་ལ་གནས་ཚུལ་གོང་དུ་རིམ་པར་བསྟན་པའི་ལེའུ་ང་དགུ་པར། དང་པོ་གྱུར་ཚུལ་ཁ་ཟས་དྭངས་མ་དེ། །མཁྲིས་པ་དམར་སྒྱུར་ལས་ཀྱིས་ཁྲག་ཏུ་འགྱུར། །ཁྲག་གི་སྙིགས་མ་མཁྲིས་པའི་ནང་དུ་གསོག། མཁྲིས་པའི་དངས་མ་ཆུ་སེར་ཉིད་དུ་འགྱུར། །གནས་ནི་ཤ་རུས་དོན་སྣོད་ཕྱི་ནང་ཁྱབ། །ཁྱད་པར་ཤ་མདངས་བར་དང་ཚིགས་པར་གནས། །ཚད་ནི་རང་གི་སྙིམ་པ་བཞི་རུ་བཤད། །ཅེས་ཉེ་བར་ལེན་པའི་རྒྱུ་ནི་ཆུ་སེར་ཡིན་ལ།

དེ་རྐྱེན་ངོ་བོ་སྔོན་གྱི་ལས་ངན་བགྱིས་པའི་རྣམ་པར་སྨིན་པ་དང༌། འཕྲལ་དུ་བཤད་མ་ཐག་པའི་གདོན་དང་ཕོག་ཐུག་བྱུང་བའམ་ཟས་དང་སྤྱོད་ལམ་དམན་ལྷག་ལོག་པའི་དབང་གིས་ལུས་ཀྱི་འདུ་བ་འཁྲུགས་པར་གྱུར་པས་ཆུ་སེར་ནག་པོ་དེ་ཉིད་ཁྲག་མཁྲིས་དང་བསྡོངས་ནས་རྣམ་པར་གྱུར་ཏེ་ལུས་ལ་རྒྱས་པ་ཡིན་ལ།

དེའི་མཚན་ཉིད་ནི་ཕྱི་ཤ་ལྤགས་བར་རུས་ཚིགས་དང་རྩ་དང་ཁྲག་དང་ནང་དོན་སྣོད་རྣམས་སུ་ཆུ་སེར་བསྲུལ་ཞེས་རུལ་བས་ལུས་ཀུན་མ་རུངས་པར་བྱེད་པའི་མི་བཟོད་ཅིང་གསོ་དཀའ་བ་མཛེའི་ནད་དུ་བཤད་པ་དེ་དག་ཐུན་མོང་དུ་ཡན་ལག་བརྒྱད་པར། ཁ་ཟས་སྤྱོད་ལམ་ལོག་པ་དང༌། །ཁྱད་པར་དུ་ནི་མི་འཕྲོད་བསྟེན། །དམ་པ་སྨོད་དང་སྲོག་གཅོད་དང༌། །གཞན་གྱི་ནོར་ཕྲོགས་སོགས་བསྟེན་དང༌། །སྡིག་པའི་ལས་ནི་འཕྲལ་བྱས་དང༌། །སྔོན་ཆད་བྱས་པས་ནད་བསླངས་ནས། །རྩ་ལ་ཐད་ཀར་གྲམས་ནས་ནི། །ཤ་དང་པགས་པ་ཆུ་སེར་ཁྲག། གནོད་བྱ་སླ་བར་གྱུར་ནས་ནི། །དེ་ནས་ཕྱིར་ནི་འབྱུང་འགྱུར་ཏེ། །པགས་པའི་མདོག་ནི་མི་སྡུག་བྱེད། །མི་ཟད་དེ་ནི་མཛེ་རུ་བཤད། །གང་ཕྱིར་དུས་འདས་ཡལ་བར་བོར། །དེ་ནི་ལུས་ཀུན་མ་རུངས་འགྱུར། །ལུས་ཟུངས་ལ་ཞུགས་ནང་དུ་ཁྱབ། །ཐམས་ཅད་སྲུལ་བར་བྱེད་པར་འགྱུར། །རྔུལ་ཅེས་རུལ་ཞིང་རྣགས་པ་དང༌། །སྲིན་བུ་ཕྲ་མོ་མི་བཟད་སྐྱེ། སྤུ་ལྤགས་ཆུ་བ་རྩ་ཆེན་དང༌། །རུས་པ་རྙིང་པ་རིད་བཞིན་ཟ། །དེ་བས་ཤ་བཀྲ་ཕྱི་རོལ་ཏེ། །མཛེ་ལས་གཞན་ནི་མིན་པར་བཤད། །ཅེས་ནང་གནས་མཛེ་དང་ཕྱིར་ལུད་ནས་ཤ་བཀྲར་བཤད་དོ། །

དེ་ལ་ནང་ཚན་ཇི་ལྟར་ཞེ་ན་དབྱེ་བ་གནས་ཀྱིས་དབྱེ་བ་ལ་བཅོ་བརྒྱད་དང༌། རིགས་ཀྱིས་དབྱེ་བ་ལ་བཅོ་བརྒྱད་དེ་སུམ་ཅུ་སོ་དྲུག་ཏུ་འགྱུར་པའོ། །ཞུགས་ཚུལ་དང་པོ་གནས་ཀྱིས་སོ་སོར་དབྱེ་ན་སྐྱི་ཞེས་ཏེ་པགས་པའི་ཕྱི་ཤུན་དང་པགས་པ་དང༌། རྩི་སྟེ་མདངས་དང༌། མདོག་དང༌། སྟོབས་དང༌། ཤ་དང༌། ཚིལ་དང༌། ཆུ་བ་དང༌། རྩ་དང༌། ཁྲག་དང༌། ཆུ་སེར་དང༌། རུས་པ་དང༌། ཚིགས་དང༌། ལྷ་བ་དང༌། ཀླད་པ་དང༌། རྐང་དང༌། ཁུ་བ་དང༌། དོན་ལྔ་ལ་ཞུགས་པས་དབྱེ་བ་བཅུ་དང་བརྒྱད་དོ། །རིགས་ཀྱིས་དབྱེ་བ་རྐྱང་པ་རླུང་མཁྲིས་བད་ཀན་གསུམ། ལྡན་པ་གསུམ། འདུས་པ་གཅིག་སྟེ་བདུན་དུ་གྱེས་པ་ནི། ཐོད་འདྲ་དང༌། ཟླུམ་པོ་དང༌། གླང་ཤུ་དང༌། ཨུ་དུམ་ཝ་ར་འདྲ་བ་དང༌། རི་ཤའི་ལྕེ་ཞེས་པ། ཟླ་ཟེར་ལས། རླུང་མཁྲིས་ལས་སྐྱེས་རི་ཤའི་ལྕེ། །ཞེས་མཛེ་ནད་ཆེན་པོ་བདུན་གྱི་ནང་ཚན་གཅིག་ཏུ་བཤད། མཚན་ཉིད་ཀྱི་སྐབས། རྩུབ་ཅིང་སྲབ་ལ་ཐ་མ་དམར། །ནང་ན་གནག་ཅིང་མཐོ་བ་དང༌། །ཟུག་ཅིང་ཚ་ལ་ན་ཞིང་བརྡབས། །འབྲུམ་བུ་རྩུབ་མོས་གང་བ་དང༌། །རི་ཤའི་ལྕེ་ཡི་དབྱིབས་འདྲ་བ། །འབྲུ་མང་རི་ཤའི་ལྕེ་འདྲར་བཤད། །ཅེས་བྱ་བ་ལས་རི་ཤའི་ལྕེ་འདྲ་བའི་མཛེ་ནད་ནི་སྲོག་ཆགས་རི་ཤའི་ལྕེ་འདྲ་བ་ཡིན་ཞེས་སྲོག་ཆགས་འདྲ་བར་གསུངས་ལ། རི་ཤ་དེ་དངོས་སུ་སྲོག་ཆགས་ངོ་མི་འཕྲོད་ཀྱང་བྱི་བ་དང་སྤྲེའུ་གཉིས་ཀྱི་སྐད་དོད་གཅིག་ལ་རི་ཥ་ཞེས་བྱུང་བ་དང༌། བྱ་རོག་གི་སྐད་དོད་རིཥྚ་བྱུང་བ་ཥ་དང་ཤ་རྒྱ་ཡིག་བསྒྱུར་སྐབས་ཀྱི་ཡིག་སྐྱོན་ལས་ཟླ་ཟེར་གྱི་དགོངས་པ་དེ་ལྟ་བུ་ཨེ་ཡིན་སྙམ་ཞིང་བོད་དུ་སེར་ཤ་ལ་བྱེད་པ་ལྟར་དོན་ཀྱང་དབུས་མཐོ་མཐའ་དམའ་བ་འབྱུང་ལ། པགས་མཛེ་གཅིག་པུ་དང༌། འབྲུམ་ཕྲན་དང༌། ཤ་བཀྲ་དང༌། འབྲས་དང༌། བྱེར་དང༌། སེར་ག་དང་དྲུགཤུ་བ་དང༌། ཁ་བརྒྱ་དང༌། པདྨ་དཀར་པོ་དང༌། འབྲུམ་བུ་དང༌། གཡན་པ་དང༌། པགས་པ་མྱགས་པ་དང༌། འོལ་མོ་སེ་འདྲ་བ་དང་བཅོ་བརྒྱད་དེ་དྲིལ་བས་སུམ་ཅུ་རྩ་དྲུག་གོ། གཞན་ཡང་པཎྜི་ཏ་གོད་རའི་གསར་འགྱུར་ལས་བསྡུ་ཚུལ་འདི་ལྟར་བཤད་དེ། མཛེ་ལ་རིགས་བདུན་ཏེ། མུ་ཏ་ཀུཥ་ཞེས་པ་ཆུ་རླུང་འཐབ་པ་ལ་བརྟེན་པའི་མཛེ་དང༌། སརྦེ་དྷཱ་རུ་ཀུཥྛ་ཞེས་པ་མཁྲིས་རླུང་ལ་བརྟེན་པའི་མཛེ་དང༌། གི་ཙི་ཏྲ་ཀུཥྛ་ཞེས་གྲང་རླུང་ལ་བརྟེན་པའི་མཛེ་དང༌། ལ་ལཱ་ཀུཥྛ་ཞེས་ཁྲག་ལ་བརྟེན་པའི་མཛེ་དང༌། སུརྱ་ཀུཥྛ་ཞེས་པ་ཁྲག་མཁྲིས་ལ་བརྟེན་པའི་མཛེས་དང༌། ཙཎྜ་ཀུཥྛ་ཞེས་པ་གྲང་མཛེ་དང༌། ཥཥ་ནྡྲི་ཀུཥྛ་ཞེས་ཁྲག་མཛེ་དང༌། དེ་ཡང་ཆུ་རླུང་གི་མཛེ་རྟགས་ལ་ཐོག་མར་ཤ་པགས་ཁོལ་བུར་ཟ་ཞིང་བྲད་ན་ཆུ་སེར་མང་དུ་དོན་འོང༌། མཁྲིས་རླུང་ལ་གཞན་མ་གོང་དང་འདྲ་བ་ལ་དྲོད་ཤིན་ཏུ་ཆེ་ཞིང་མདོག་ཀྱང་ཅུང་ཟད་དམར་ལ་བྲད་ན་ཁྲག་ཀྱང་འབྱུང་བའོ། །གྲང་རླུང་ལ་ཐོག་མར་ལུས་ཁོལ་བུར་ན་ཞིང་མདོག་ཀྱང་ཁྲ་བོར་འོང་རྗེས་སུ་ཚིགས་ཆེ་ཆུང་ཐམས་ཅད་སྐྲངས་ཤིང་ཆུ་སེར་འཛག་པའོ། །ཁྲག་མཛེ་ལ་ཡན་ལག་དང་སྣ་སོགས་ཆད་ཅིང་རྣག་ཁྲག་འཛག་ལ་མདོག་ཀྱང་དམར་པོར་འོང་ངོ༌། །ཁྲག་མཁྲིས་ལ་བརྟེན་པ་གཞན་མ་གོང་དང་འདྲ་བ་ལ་དྲོད་ཤིན་ཏུ་ཆེ་བའོ། །གྲང་མཛེ་ལ་མདོག་དཀར་ཞིང་རྣག་ཁྲག་ཆུ་སེར་མང་དུ་འཛག་པའོ། །ཤ་བཀྲ་ནི་རྟོགས་པར་སླའོ། །

བརྟག་ཐབས་དང་པོ་ལ་ནད་ཀྱི་ངོས་བཟུང་བ་དང༌། གསོ་བའི་ལས་ལ་འཇུག་པའི་ཚེ་སྤང་བླང་མུ་བཞིར་བརྟག་པ་གཉིས་སོ། །

ངོས་བཟུང་གི་རྟགས་ལ་སྤྱིར་བཟུང་བ་དང་བྱེ་བྲག་གཉིས་སམ་རྒྱས་པར་དབྱེ་བ་དང་མདོར་བསྡུས་གཉིས་ལས་དང་པོ་སྤྱི་ལའང་ཕྱི་དང་ནང་གསང་བ་གསུམ་གྱི་སྒོ་ནས་བརྟག་གོ། དེ་ནང་ནས་ཀྱང་ཕྱིའི་རྟགས་ལ་དང་པོར་མངོན་པའི་ཚུལ་རྨི་ལམ་བརྟག་པ་ལྷས་ཚོར་གྱི་དུས་དང༌། ཞུགས་པའི་མཚན་མ་ཁོ་ན་ཉིད་ལུས་ངག་ཡིད་གསུམ་ལ་བརྟག་པའོ། །དེ་ཡང་རང་ཚོར་གྱི་དུས་གཉིས་ཀྱིས་བསྟན་པའི་དང་པོ་ནི་རྨི་ལམ་དུ་ཆུ་དང་ཤིང་དང་ནེའུ་གསིང་རྣམས་ནི་གཏད་དུ་ཚུད་པའི་རྟགས་དང༌། སྦལ་པ། ལྕོང་མོ། ཉ། སྦྲུལ། འབུ། སྦྲང་བུ། སྡིག་པ། སྡོམ། རྟ་བླ། གྲོག་མ་སོགས་ལུས་ལ་འབྱར་བ་དང་དེ་དག་གི་གསེབ་ན་འདུག་པ་དང༌། གཡག་དང་མཛོ་དང་གཅན་གཟན་ལ་སོགས་པ་རྣམས་ཀྱིས་དེད་པ་ནི་གདོན་གྱི་རྟགས་དང༌། མི་ཤོང་བའི་སྒོ་འམ་འཕྲང་ལ་འཛུལ་བ་དང་གཡང་ལ་ལྷུང་བ་རྣམས་མནན་པར་ཚུད་རྟགས། ཉི་མ་ནུབ་པ་དང༌། ས་སྲོས་པ་དང༌། སེར་བ་བབས་པ་དང༌། མདའ་འཐུ་བ་སོགས་བྱད་ཁ་སྤྱིའི་རྟགས་དང༌། སྒོ་ང་དང༌། ལྷ་ཁང་ལྡེར་བཟོ་འགུལ་བ་ཕོ་གདོན་གྱི་རྟགས། བུད་མེད་དག་གིས་ལུས་ཀྱི་ཟུངས་འབྱིན་པ་རྨི་བ་ནི་མོ་གདོན་གྱི་རྟགས་ཏེ་དེ་རྣམས་ལྷས་ཚོར་བའི་དུས་ཡིན་ཏེ་གདོན་གྱིས་འདེབས་པའི་རྟགས་དང༌། སྤྱིར་རྨི་ལམ་ནི་སེམས་ཀྱི་ནང་ཆ་རླུང་དང་བསྡོངས་པ་ལུས་ཀྱི་ཁམས་རྣམས་སུ་སོང་བ་ལས་ཕྱི་ནང་དབྱེར་མེད་ཀྱི་རྟེན་འབྲེལ་ལས་ནད་གདོན་གྱི་བྱེད་པ་སྣ་ཚོགས་པ་མཐོང་བའམ་མྱོང་བར་གྱུར་པ་སྟེ། ཡན་ལག་བརྒྱད་པར་ཡང༌། ནང་ནི་སྟོབས་དང་ལྡན་པ་ཡི། །ཡིད་འཇུག་བུ་ག་བཀག་པའི་ཕྱིར། །མི་བཟད་རྨི་ལམ་མཐོང་བར་འགྱུར། །ཞེས་འབྱུང་ངོ༌། །ལུས་ལ་བརྟག་པ་ནི་བཞིན་ལ་འགྱུར་ལྡོག་བྱེད་ཅེས་པ་ཡང་ན་བཀྲག་ཕྲོགས་ནས་མེད་པའམ་ཡང་ན་བཀྲག་ཆེར་སྐྱེས་པ་དང༌། དོན་མེད་དུ་ཁྲག་གི་གཞི་སྐྱེ་ཞིང་སྣ་ཁྲག་འཛག་པ་དང༌། པགས་བ་རེས་འགས་ཤིང༌། རེས་རྩུབ་ལ་ཚའམ་ཡང་ན་གྲང་བ་དང༌། གཡའ་ཞིང་འཕྲུག་འདོད་ལ་ཤུ་ཐོར་ཆུ་བུར་སོགས་འོང་ཞིང་འགུལ་འཕྲིག་བྱེད་པ་དང༌། ཕོ་མཆིན་མི་བདེ་ཞིང་རུས་རྐང་ན་ལ་པགས་པ་མེས་ཚིག་པ་དང༌། བསྣད་པའི་རྨ་རྣམས་མི་གསོས་པར་ཡུན་རིང་དུ་གནས། ངག་ལ་བརྟག་པ་ནི་འགྱུར་ལྡོག་མང་བ་སྟེ་རེས་ཆེ་རེས་ཆུང་བ་དང༌། རེས་སྦོམ་རེས་ཕྲ་བ་དང༌། རེས་འགག་རེས་གསལ་བ་སོགས་འབྱུང༌། ཡིད་ལ་བརྟག་པ་ནི་སྙིང་གཅུས་པ་ལྟར་འཆུ་ཞིང་སེམས་མི་དགའ་བར་འཕྱོ་ལ་ཁྲོ་བ་དང་ཚིག་པ་ཟ་བ་དང༌། འགྲོ་འདོད་པ་སོགས་གོང་གི་རྟགས་དེ་རྣམས་གཞན་ལ་འཆད་མི་འདོད་ན་གསང་བར་ཐུབ་ལ་རང་གིས་ཚོར་བའི་དུས་ཡིན་པས་གདོན་གྱིས་ཐེབས་པར་ངེས། ནང་གི་བརྟག་པ་ནི་རྣམ་རྟོག་ཅི་འདྲ་ན་ཡང་བཞིན་འདི་ཉིད་མེ་ལོང་འདྲ་སྟེ་རྟགས་གསལ་བར་འོང་བས་ཆུས་བཀྲུས་ལ་བརྟག་དགོས་ཤིང༌། དེ་ཡང་མེ་ཏོག་ཡོད་སར་ཆུ་བརྒྱབ་པ་མི་འཆགས་པར་སྐམས་འགྲོ་བ་དང༌། སྐྱ་སྨུག་དམར་སོགས་ཀྱིས་ཤ་མདོག་འགྱུར་བ་ལ་ཤ་ལྤགས་བཏེག་ནས་མཐེ་བོས་མནན་རྗེས་དང༌། སྐྱ་སྨུག་སོགས་ཀྱི་ཐིག་ལེ་འོང༌། མེ་ཏོག་རྣམས་སྣ་གོང་མཁུར་ཚོས་སྨིན་དབྲག་རྣམས་སུ་མང་བར་འོང༌། མེ་ཏོག་མེད་པར་ཤ་རུས་སོགས་སྐམས་ཤིང་མནན་པས་ཤུལ་མི་འོང་ན་དུས་ལས་འདས་པ་ཞེས་བྱའོ། །དེ་བས་ཀྱང་ནད་གདོན་གྱི་རྟགས་གསལ་བར་སྟོན་པ་དབང༌། རྟེན་ལ་དབང་པོའི་མིག་གིས་བརྟག་པ་མིག་ཡིན་ཏེ། མིག་ལ་ཡང་དཀར་པོའི་སྟེང་གི་རྩ་རིགས་ལ་བརྟག་དགོས་པས་ཐོག་མར་འཁྱོག་པོ་བརྟག་པ་ལ་ཐིག་དྲང་པོ་འདེབས་དགོས་པ་ལྟར་ནད་ལ་བརྟག་པ་ལ་མི་གནོད་པའི་རྩ་ཤེས་དགོས་པས་གནོད་མི་གནོད་བརྟག་པ་ནི། མི་གནོད་པའི་རྩ་ནི་སྤྱིར་མིག་བཀྲག་མདངས་ལེགས་ཤིང་ལྷག་པར་མིག་རྩ་རངས་ན་དམར་སིང་ངེ་བ་སྟེང་དུ་དོན་པ་དང༌། མིག་མདངས་ལོག་པ་ཁྲག་ཁྲུག་མི་འོང་བའོ། །གནོད་པའི་རྩ་ནི་སྤྱིར་མིག་མདངས་ཉམས་ཤིང་མཆི་མ་འཛག་ཅིང་མེ་ཉིའི་འོད་མི་ཐུབ་ལྷག་པར་རྩ་དམར་ནག་གམ་སྨུག་ནག་གཏིང་དུ་བྱིང་ངེ་བ་རྩེ་མོ་གུག་དང༌། ཐིག་ལེ་ནག་པོའམ་ནོག་པོ་བཀལ་བ་རྒྱལ་མོ་ལ་ཁ་བལྟས་པའོ། གདོན་རིགས་བརྟག་པ་ནི། རད་རོད་བྲད་པ་བརྐོས་པ་གསུམ་བྱུང་ན་རྒྱལ་རིགས་ཡིན། བརླ་གཡས་ནས་འཛིན། གྲུ་མོ་གཡས་ལ་ཤ་རོ་ཡོད། གཟབ་ཤར་གང་རིགས་ཀྱི་ཡེ་གེ་ར་ལ་ད་བཏགས་པ་འདྲ་ན་རྗེ་རིགས་ཡིན། གྲུ་མོ་གཡོན་ལ་ཤ་རོ་ཡོད། མདུང་འདྲ་ན་བྲམ་ཟེ་ཡིན། བྱིན་པ་གཡས་ལ་ཤ་རོ་ཡོད། གཟབ་ཤར་གང་རུང་གི་ཡི་གེ་ག་མགོ་ཕྱེ་བ་འདྲ་ན་དམངས་རིགས་ཡིན། བྱིན་པ་གཡོན་ནས་འཛིན། པུས་མོ་གཡོན་ལ་ཤ་རོ་ཡོད། སྲོག་ཆགས་ཉའམ་ཡི་གེ་ཉ་འདྲ་ན་གདོལ་པ་ནག་པོ་ཡིན། རྐང་མཐིལ་གཉིས་ལ་འཛིན། ལྟེ་བ་ལ་ཤ་རོ་ཡོད་དོ། །འཇུག་ཚུལ་ལྔ་གང་ཡིན་བརྟག་པ་ནི། ཡི་གེ་ག་ལ་ཡ་བཏགས་པ་འདྲ་ན་མི་གཙང་བསྣོལ་བ་ཡིན། མགོ་དང་ཡན་ལག་དུ་མའི་རྣམ་པ་འདྲ་བ་ལ་མགོ་ཉམས་ཡན་ལག་ཉམས་པ་ལྟར་སྣང་ན་རེ་འདོད་མིག་མགོ་གཉིས་ཀ་ནག་ལ་ཉིལ་ན་ཀུ་རེ་ཀྱལ་ཀཐང་ཤིང་འགྱེལ་བ་འདྲ་ན་རེ་འདོད་ངོ་སྡོ། རྒྱལ་མོ་ལ་སྙེགས་ན་རྣམ་སྨིན་ནོ། །ལུས་ཀྱི་ཞུགས་ས་བརྟག་པ་ནི། ཡས་སྟོད་ནས་འཛིན་ན་ཡ་ཕུགས་དང་མིག་མགོ་ལ་རྩ་སྐྱོན་འོང༌། མས་སྨད་ནས་ཞུགས་ན་མས་མཆུ་དང་མིག་མཇུག་ལ་རྩ་སྐྱོན་འོང༌། རྒྱལ་མོ་ཕྱོགས་ནང་རྩར་སྐྱོན་བྱུང་ན་མདུན་ངོས་དང་དོན་ལ་ཞུགས། མིག་ཕྱི་ཕྱོགས་སུ་རྩ་ལ་བྱུང་ན་རྒྱབ་དང་ཕྱི་ཤ་ལྤགས་ལ་ཞུགས་སོ། །གཡས་གཡོན་གང་བྱུང་ལ་དེ་ཕྱོགས་ནས་ཞུགས་པར་ཤེས་པར་བྱའོ། །ནད་གདོན་བཅོས་པས་ཐུབ་དང་མི་ཐུབ་བརྟག་པ་ནི། ཐུབ་ལ་དང་པོ་ནས་བཅོས་ཐུབ་པ་དང༌། བཅོས་པས་ཐུབ་པའི་རྟགས་གཉིས་ལས་དང་པོ་ནི་རྩའི་རྩེ་མོ་བར་གྱི་མཚོ་ལ་མ་སླེབས་པ་དང་གྲངས་ཉུང་བ་ནི་གསོ་སླ་སྟེ་ཐུབ་བོ། །གཡས་པའི་རྩ་ལེགས་ན་གཞན་མ་ཡང་ཐུབ་བོ། །གནོད་པའི་རྩའི་མཐའ་ནས་ཡལ་རྩ་ཆད། རྩེ་མོ་གུག་ན་བཅོས་བྱས་པས་ཐུབ་པའི་རྟགས་ཏེ་ནད་གདོན་ཞི་བར་ངེས་པའོ། །རྩའི་རྩེ་རྒྱལ་མོའི་མདངས་ལ་སླེབ་ན་མི་ཐུབ་བཅོས་པས་མས་རྩ་ལ་སྐྱེད་བྱུང་ཡང་ཡས་རྩ་ལ་སྐྱེད་མི་འདུག་ན་མི་ཐུབ་བོ། །ལོ་གྲངས་བརྟག་པ་ནི་དཀར་ནག་མཚམས་ནས་ཆུ་རིགས་འོང༌། གདོན་རྩའི་ཕུག་པ་རྒྱ་གྲམ་དུ་འོང༌། དེ་འདྲ་དུ་འདུག་ལས་ལོ་གྲངས་ཙམ། ཕྱིའི་མཚོའི་རྩ་ཚིགས་ལས་ཡང་བརྩི་སྟེ། ཚིགས་རེས་ལོ་རེ་སོང་བའོ། །འདི་དག་ནི་རྗེ་གཡུ་ཐོག་པ་རང་གི་མཆན་དུ་ཅུང་ཟད་གསལ་དུ་བྱས་པ་ཡིན་ནོ། །གསང་བའི་རྟགས་སྨན་གྱི་སྒོ་ནས་བརྟགས་པ་ནི། མུ་ཟི་གུ་གུལ། ཤུ་དག་གླ་རྩི་བཞི། སོ་ཀའི་སྲུབ་ཀ་ལོ་མ་འབུར་བ་དེ་རྩི་བཞིན་བཏགས་པ་ཆ་མཉམ་ལ་རས་སུ་ཕུར་ནས་ནད་པ་རང་གི་དྲི་ཆུར་སྦངས་ལ་ཞག་གསུམ་སྐོམ་དུ་བཏང༌། ཡང་ན་ཀྱི་ལྕེ་དཀར་པོའི་ཕྱེ་མ་ཐུར་མགོ་གསུམ་བཏབ་སྟེ་སྐོམ་ཡོག་ཚད་བཏུང་ཞིང༌། དེའི་དྲི་ཆུ་བསགས་པ་ཞག་གསུམ། ཁོར་མར་བཏུང་བ་དང་དེའི་རིང་སྐོམ་གཞན་སྤང་ངོ༌། དྲི་ཆུ་ཁྲག་དང་ཆུ་སེར་སྣ་ཚོགས་སུ་བྱུང་ན་གནོད་པའི་རྟགས་དང༌། དྲི་ཆུ་རང་གི་མདོག་ལས་གཞན་དུ་གྱུར་ན་གནོད་པ་དང་མ་འགྱུར་ན་མི་གནོད་པར་བརྟག་ཅིང་འདི་ལ་རྫོང་འཕྲང་དུ། མུ་ཟི་སེར་པོ། གསེར་མདོགགུ་གུལ། གླ་རྩི། ཤུ་དག་དང་བཞི་སོས་ཀའི་སྲུབ་ཀ་འབུར་དང་ཆ་མཉམ་ལ་རྩི་བཞིན་བཏགས་ལ་རས་སུ་ཕུར། དཀྱིལ་དུ་རྒྱམ་ཚྭ་དུམ་ཞིག་བཅུག་ལ་རང་གི་ཆུས་སྦངས་པ་ཞག་གསུམ་སྐོམ་དུ་བཏུང༌། ཐ་མ་བཙིར་ཀྱིན་ཁུ་བ་ཐོན་པར་བྱས་ལ་བཏུང་སྐོམ་གཞན་སྤང་ངོ༌། །དེ་ལ་དྲི་ཆུ་མདོག་མ་འགྱུར་ན་གདོན་མི་གནོད་པ་ཡིན། ཆུ་སེར་སོགས་སྣ་ཚོགས་བྱུང་ན་གནོད་པ་ཡིན། ཁྲག་ཏུ་བྱུང་ན་མི་ཐོན་པ་ཡིན་གསུང་བ་ལས་ཤེས་པར་བྱའོ། །

བྱེ་བྲག་གི་བརྟག་པ་ལ་དུག་དང་གདོན་རིགས་དང༌། ཞུགས་ཚུལ་དང༌། བབས་ས་དང་ཉེས་པའི་རིགས་ཀྱིས་བརྟག་དགོས་ཏེ། དང་པོར་དུག་གི་སྒོ་ནས་བརྟག་པར་བྱ་བ་ནི། ལུས་དང་ཤེས་པ་ལྕི་ཞིང་འཐིབས་ལ་བེམ་ཞིང་ཤ་རོ་ཡོད་པས་དུག ཡང་ཞིང་གཡོ་ལ་འདར་འཕྲིག་དང་སྦྲིད་པ་འོང་བ་རླུང༌། ཚ་སྲེག་ནི་ཚ་སྐྲངས་ཚ་བེར་ཚ་རབས་ཚ་ཙག་ཚ་མྱགས་སོགས་འོང་བ་མེ་དུག གྲང་ཞུམ་ཆུ་ཐིགས་དང་ཆར་པ་སོགས་ཕོག་པ་ལྟ་བུ་བསིལ་བ་ཆུ། གདོན་རིགས་ཀྱི་དབྱེ་བ་རྩ་བ་དང་ཡན་ལག་གཉིས་ལས། ཡན་ལག་གི་རིགས་ཐེ་བྲང་དང་འགོང་པོ་གཉིས་སྐྱི་ལ་འབབ་སྟེ་མགོ་ལ་སློག་པ། གདོང་ལ་ཁྱེ་མ་འོང་བ་དང་བ་སྤུའི་རྩེ་གཡའ་ཞིང་གྲང་སིང་བྱེད། དམ་སྲི་པགས་པ་ལ་འབབ་སྟེ་ཐོར་ཕྲན་འོང་གདོང་པ་དམར་སྦེམ་བྱེད་པ་དང་པགས་རོ་སོགས་འོང༌། ས་བདག་ཤ་ལ་འཛིན་པས་ཀོ་ལེར་ན་ཞིང་འགུལ་འཕྲིག་ཤ་སྦེམ་དང་ཤ་རོ་འོང༌། གཉན་རྩ་ལ་བབས་པས་རྩ་ཀུན་འཁྱུག་ཅིང་ཟ་འཕྲུག་བྱེད་པ་དང་ཁྲག་སྐྱེ་མིག་སླེ་བའོ། །བ་སུ་རིགས་དྲུག་ནི་ཀླུ་བྱེ་བྲག་པ་སྟེ་ཆུ་རྒྱུས་ལ་འཛིན་པས་རྐང་ལ་ཞ་འཁུམས་དང་ལུས་གྱོང་ཞིང་ཚིགས་ཁོལ་ལ་སེན་བཀྲག་ཉམས། རྩ་བའི་གདོན་ཀླུ་རྒྱལ་རིགས་ནི་ཡིད་ཀྱི་དུག་སྟེ་སྤྱི་གཙུག་ནས་འཇུག་པས་གཙུག་ཏུ་ཤ་རོ་འོང་ཞིང་དཀར་ལ་སྲེད་འབྱུང་བཞི་འདུས་པ་ཡིན་པས་སྲོག་ཆགས་རྒྱན་སོགས་སྣ་ཚོགས་སམ་དཀར་པོ་རྨི། རྗེ་རིགས་ནི་མིག་ནས་དུག་སྤྲོ་བ་མཐོང་བའི་དུག་སྟེ་རྩ་ནས་འཇུག་ཅིང་མེའི་དུག་མཆིན་པར་འབབ་དམར་པོ་རྨི། བྲམ་ཟེ་ནི་ཁ་རླངས་ཀྱི་དུག་སྟེ་ལག་པ་གཡོན་ནས་འཇུག་ཅིང་ཆུ་དུག་ཤས་ཆེ་བས་མཁལ་མ་གཡོན་དུ་འབབ་པ་དང༌། རྒྱན་དང་སྲོག་ཆགས་སེར་ཤས་ཆེ་བ་རྨི། དམངས་རིགས་རེག་པའི་དུག་སྟེ་རྐང་པ་གཡས་ནས་འཇུག་ཅིང་རླུང་གི་དུག་ཤས་ཆེ་ལ་ལུས་སྤྱིར་འབབ། ཡན་ལག་སོར་མོ་རྣམས་བྱི་གཞུག་དང་འདྲ། སྐད་འཛེར་ཞིང་སྔོན་པོ་ཤས་ཆེར་རྨི། གདོལ་པ་མཆེ་བ་ལས་འཕྲོས་པའི་དུག་ཅན་ཏེ་རྐང་པ་གཡོན་ནས་འཇུག་ཅིང་ས་དུག་ཤས་ཆེ་མཆེར་པར་འབབ། ཡུལ་དང་སྲོག་ཆགས་རྒྱན་སོགས་ནག་པོ་རྨི། གཞུག་ཏུ་ཀླུ་གང་ཡིན་པ་དེའི་རྒྱལ་པོ་དོན་ལྔ་ལ་འབབ་སྟེ་རྗེ་རིགས་མེ་ཁམས་སྙིང་ལ་འབབ། བྲམ་ཟེ་ཆུ་ཁམས་མཁལ་མར་འབབ། དམངས་རླུང་ཁམས་མཆིན་པར་འབབ། གདོལ་པ་ས་ཁམས་མཆེར་པར་འབབ། རྒྱལ་རིགས་འདུས་པ་ནམ་མཁའི་ཁམས་གློ་བར་འབབ་སྟེ་དོན་ལྔ་སོ་སོ་དང་འབྲེལ་བའི་དབང་པོ་གང་ཡིན་དེ་ཡང་ཉམས་པར་བྱེད་ཅིང་ཤེད་འཆོར་སྙིང་མི་དགའ་བ་སོགས་འབྱུང༌། འཇུག་པའི་ཚུལ་ལ་རྣམ་པ་ལྔའི་སྒོ་ནས་འཇུག་སྟེ་ཀུ་རེ་ཀྱལ་ཀའི་ཞེས་རྩེད་མོ་ལྟ་བུའི་ཚུལ་དུ་ཞུགས་པ་ནི་རྟགས་རེས་འོང་རེས་མི་འོང་ཟས་དང་སྤྱོད་ལམ་གཟབ་གདོན་ཆོ་ག་བྱ་དགོས་པ་དང༌། ལོངས་སྤྱོད་རེ་འདོད་པའི་ཚུལ་གྱིས་ཞུགས་པ་གློ་བུར་དུ་ཁ་ཡོ་མིག་སླེ་ཞེས་ཡོ་ཞིང་འགུལ་འཕྲིག་བྱེད། རྨི་ལམ་ཟ་ཟི་མང་བ་འབྱུང་གདོན་བཅོས་དང་ཚོགས་བསག་བྱ། མི་གཙང་མནོལ་གྱི་སྒོ་ནས་ཞུགས་པ་ནི་གློ་བུར་དུ་འོང་ཤེས་པ་བྱིང་ཐིབས་འོང་བས་ཁྲུས་བསངས་བྱད་འགྲོལ་བྱ་དགོས་པ་དང་དོ་བསྔོ་བསད་པའི་སེམས་ཀྱིས་ཞུགས་པ་གནད་ལ་ཟིན་པ་ཡིན་པས་བསྙེན་སྒྲུབ་དང་སྨན་ལྟག་སྤྲོད་བྱ་བ་དང༌། ལས་ཀྱི་རྣམ་སྨིན་ཚུལ་དུ་ཞུགས་པར་གོང་བཤད་ཀྱི་སྤང་རྟགས་ཤར་ན་རྣམ་སྨིན་ཏེ་ཚོགས་བསག་སྒྲིབ་སྦྱོང་ལ་འབད་དགོས་སོ། །བབས་ས་གནས་ཀྱི་སྒོ་ནས་བརྟག་པར་བྱ་བ་ནི། དེ་ཡང་སྐྱི་ལ་བརྟག་པ་སྤུ་བྱི་ཞིང་བྱེར་བ་ལ་ཁྱེ་མ་གླང་ཤུ་གཉེར་ཆུང་མང་བ་དང༌། པགས་པ་ལ་བབས་ན་གཡའ་ཞིང་སྐྱི་གོང་མདོག་མི་སྡུག རྩིར་ཞུགས་ན་སོ་བྱད་པགས་པ་སོགས་ཀྱི་མདངས་ཉམས་པ་དང༌། མདོག་ལ་ཞུགས་པ་གདོང་མདོག་འགྱུར་ཞིང་གླང་ཤུ་འོང་ལ་མིག་གཟི་འདྲའོ། །སྟོབས་ལ་བབས་པ་ཤེད་མེད་ཅིང་ཤེས་པ་ཉམས་པ་དང་སྒྱིད་པ་སྐྱུར་བ་དང༌། ཤ་ལ་བབས་པ་འགུལ་འཕྲིག་བྱེད་ལ་ཚོར་བ་ཆུང་ཞིང་ཤ་རོ་འོང༌། ཚིལ་ལ་བབས་པ་ལུས་རིད་པ་སྟེ་རྗུད་པ་ཡན་ལག་འཕྲུལ། ཆུ་བ་ལ་བབས་པ་གྱོང་ཞིང་ན་བ་དང༌། རྩ་ལ་བབས་པ་སྦྲིད་ཤལ་ཐང་འཁྱུག་འཕར་བར་བྱེད་པ་དང༌། ཁྲག་ལ་བབས་པ་གདོང་པ་དམར་ཞིང་ལུས་ལྕི་ལ་སྣ་ཁྲག་འཛགཆུ་སེར་ལ་བབས་པ་ཟ་འཕྲུག་བྱེད་ཆུ་བུར་དང་ཆུ་སྒང་ལ་ཤུ་བ་འོང༌། རུས་ལ་བབས་པ་གྲུམ་ཐབས་སུ་ན་ལ་འཕྲུལ་ཞིང་ཤ་སྐམ་ཀོ་ལེར་ན་བ་དང་སྣ་ཞོམ། ཚིགས་ལ་བབས་པ་ནི་འཁོར་ཞིང་སྐྲངས་པ་འོང༌། ལྷ་བར་བབས་པ་གདོང་པ་ཚ་ལ་ལུས་གྲང་སིལ་བྱེད་ཅིང་སྒྱིད་པ་འཁྲིལ། ཀླད་པར་ཞུགས་པ་མགོ་འཐོམ་ཞིང་སྐྲ་བྱི་བ་དང༌། རྐང་ལ་བབས་པ་སྐད་འགགས་ཡན་ལག་བཞིའི་མཐིལ་དང་མིག་དམར། ཁུ་བར་བབས་པ་སྐམས་སམ་ལུག་ཅིང་དབང་པོ་མི་ལྡང་དོན་ལྔ་གཅིག་ཏུ་བགྲངས་པ་ལ་དེ་ཡང་ཞུགས་པའི་རྟགས་ནང་གསེས་སུ་ཕྲལ་བ་དོན་ནི་སྙིང་ལ་ཞུགས་ན་ཡེམ་ཡེམ་བྱེད་ཅིང་ལྕེ་བཙོད་ལྟར་དམར་ལ་ཐོར་པ་འོང་བ་དང་གློ་བར་བབས་པ་རོ་སྟོད་ལྕི་ཞིང་སྐད་འཛེར་བ་དང་སྣ་ཆུ་སྐྱ་མོར་འོང༌། མཆིན་པར་བབས་པ་གཉིད་ཆེ་ལ་ཤེས་པ་འཐིབ་ཅིང་མཆི་མ་མང་བ་དང་མིག་དམར་ལ་སླེ་བ་སྟེ་ཡོན་པོར་འོང༌། མཆེར་པར་བབས་པ་མཆུ་ལ་བད་ཀན་ཆགས་ཤིང་ལྕེ་སྔོ་ཁྲ་དང་གདོང་པ་གྲོ་བོར་འགྲོ་ཞིང་ཁོང་པ་སྦོ། མཁལ་མར་བབས་པའམ་ཞུགས་ན་རྣ་བ་འོན་ཞིང་རྐང་པ་བཤལ་པ་དང་མཁལ་རྐེད་འབྲས་བུ་བཅས་སྐྲངས་པ་འབྱུང་བ་རྣམས་ལ་བརྟག་པར་བྱའོ། །དེ་ཡང་སྙིང་པོ་བསྡུས་པར། ངེས་པར་པགས་ལ་གནས་པའི་མཛེ། །ནག་ཅིང་རྩུབ་ལ་མདོག་མི་སྡུག །ཁྲག་གནས་དུལ་འགྱུར་གཉིད་ཆེ་སྐྲངས། །ཤ་ལ་གནས་པ་རྐང་པ་དང༌། །ལག་པར་འབྲུམ་བུ་འབྱུང་བར་འགྱུར། །ཚིགས་གནས་ལྷག་པར་འདྲུལ་བ་སྐྱེན། །རྐང་པ་རྫས་འགྱུར་ཚིལ་གནས་པ། །ཡན་ལག་རེངས་པར་བྱེད་པར་འགྱུར། །རུས་པ་རྐང་གནས་སྣ་ཞོམ་ཞིང༌། །མིག་དམར་སྐད་ནི་འགགས་པ་དང༌། །རྨ་ལ་འབུ་ཞུགས་ཁུ་བར་གནས། །བུ་དང་ཆུང་མར་བཅས་ལ་འབྱུང༌། །ཞེས་ཀྱང་འབྱུང་ངོ༌། །བབས་པ་དེ་དག་མདོར་བསྡུས་པ་ནི། ལུས་གནད་སྤྱི་བོ། ངག་གནད་མགྲིན་པ། ཡིད་གནད་སྙིང་གསྙིང་གནད་ལྕེ། གློ་གནད་སྣ། མཆིན་གནད་མིགམཆེར་གནད་མཆུ། མཁལ་གནད་རྣ་བ། ཡན་ལག་གནད་ཚིགས་པ། ཚིལ་གནད་དྲེག་བཞི་སྟེ་རྐང་པའི་མཐེབ་རྩ་ལག་པའི་གྲུ་མོ། རུས་གནད་སོ། །ཤ་གནད་མཐེ་བོང༌། རྒྱུས་གནད་མཚན་མ་སྟེ། བཅུ་གསུམ་པོ་དེ་གནད་ལ་མ་བདེ་ན་དོན་སྣོད་ཞུགས་པ་དང་ཤ་རོ་བྱུང་ན་ཞེན་པ་ཡིན་པས་དེ་ལ་ངོས་བཟུང་བ་གཅེས་སོ། །ཉེས་པ་འཁྲུགས་པའི་སྒོ་ནས་བྱུང་བའི་མཛེ་རིགས་བཅོ་བརྒྱད་བརྟག་པ་ནི། རླུང་མཛེ་ཐོད་པ་འདྲ་བ་གནག་ཅིང་སྨུག་པ་དང༌། མཁྲིས་མཛེ་ཨུ་དུམ་ཝ་ར་སྨིན་པ་ལྟར་དཀར་སྨུག་སྣུམ་ལ་སྣ་ཁྲག་འཛག་ཅིང་སྨིན་མ་བྱི། བད་ཀན་ལས་གྱུར་པ་ཟླུམ་པོ་གཡའ་ཞིང་རྣག་ཆེ་བ་དང༌། གླང་ཤུ་ཟ་གཡའ་དང་ཆུ་སེར་མང་བ་གཉིས་འབྱུང༌། རླུང་དང་མཁྲིས་པར་ལྡན་པ་རི་ཤའི་ལྕེ་ནི་མཐའ་དམའ་བ་དབུས་མཐོ་ཟུག་ཆེ་ལ་རྣག་དང་འབྲུམ་བུ་མང་ཞིང་རྩུབ། བད་རླུང་ལས་གྱུར་པགས་མཛེ་ནི་གླང་པོ་ཆེའི་པགས་པ་ལྟར་རེག་བྱ་རྩུབ་པ་གཅིག་པུ་དེ་དང༌། འབྲུམ་ཕྲན་ནི་འབྲུམ་པ་མང་ཞིང་ཉ་ལྤགས་འདྲ་བ་རྩུབ་ལ་གཡའ་བ་འབྱུང་ཞིང༌། ཤ་བཀྲ་ནག་རྩུབ་དམར་དཀར་ཟ་འཕྲུག་བྱེད་པ་དང་དཀྱིལ་རྩུབ་མཐའ་འཇམ་རློན་པ་དང༌། འབྲས་ནི་རྨེན་བུ་དམར་པོ་དང་བྱེར་བ་ནི་གཡའ་བ་སྟེ་ཟ་ཞིང་རྔོ་ལྟ་བུས་ཁྱབ་པ་དང༌། སེར་ག་ནི་རྐང་ལག་གི་མཐིལ་སོགས་གས་པ་འབྱུང་བས་དྲུག བད་མཁྲིས་ལས་གྱུར་ཤུ་བ་ནི་ཐོར་པ་དམར་པོ་ཅན་དང་རྨ་ཁ་བརྒྱ་སྟེ་རྨ་ཁ་མང་ཞིང་རྣག་མང་བ་དང་དམར་སྨུག་ཏུ་འགས་པ། པད་དཀར་ཅན་ནི་དབུས་དཀར་མཐའ་དམར་རྩུབ་པ་དང༌། འབྲུམ་བུ་ཅན་ནི་པགས་སྲབ་འབྲུམ་པ་དཀར་དམར་གྱིས་ཁྱབ། གཡན་པ་ནི་གཡའ་རུལ་ཟ་འཕྲུག་ཆུ་སེར་འཛག་པ་གྲུ་མོ་ཚང་ར་སོགས་ལ་འབྱུང༌། པགས་མྱགས་ཐོར་པ་མང་ཞིང་རེག་མི་བཟོད་པ་ན་ཚ་ཆེ་ལ་དམར་བ་དང་དྲུག་གོ། འདུས་པ་ལས་གྱུར་པ་འོལ་མོ་སེའི་འབྲས་བུ་འདྲ་བ་སྟོད་དམར་ནག་ཏུ་འོང༌། དེ་ཡང་བཅོ་བརྒྱད་པོ་འདི་ལ་ཡན་ལག་བརྒྱད་པར། ནད་གཞི་ཐ་དད་འདྲེས་པ་དང༌། །ལུས་གྱུར་མཛེ་ནད་རྣམ་པ་བདུན། །ཀུན་ཀྱང་ཉེས་གསུམ་ལས་བྱུང་ཡང༌། །དེ་ལས་ལྷག་པ་ལས་མིང་འདོགས། །ཞེས་དང༌། དང་པོ་རླུང་མཛེ་ཐོད་འདྲ་ལ། །ཐོད་པ་ལྟ་བུར་ནག་ཅིང་སྨུག། ཅེས་སོ། །མཁྲིས་མཛེ་ཨུ་དུཾ་འབར་བ་ལ། །ཨུ་དུམ་ཝ་ར་སྨིན་པ་ལྟར། །པགས་སྤུ་སྨུག་རྩ་དཀར་བས་ཁྱབ། །ཤས་ཆེར་ཐུག་དང་ཤས་ཆེར་འདྲུལ། །ཚ་བའི་ནད་དང་ཁྲག་ཤས་ཆེ། །ཞེས་འབྱུང༌། བད་གྱུར་གཉིས་ལས་ཟླུམ་པོ་ལ། །གཡའ་ཞིང་རྣག་ཆེ་འབུས་གང་བ། །ཐ་མ་འཇམ་ཞིང་སེར་པོར་སྣང༌། །ཀོར་ཀོར་པོར་གནས་ཟླུམ་པོ་ཡིན། །ཞེས་སོ། །བད་གྱུར་གླང་ཤུ་ལ། གཡའ་ཞིང་ཕྲ་ཚགས་རྣགས་པ་དང༌། །ཆུ་སེར་མང་ལ་གླང་ཤུ་ཡིན། །ཞེས་སོ། །རླུང་མཁྲིས་ལྡན་པར་འདྲ་བ་ལ་བཏགས་པ་རི་ཤའི་ལྕེ་ནི། ཟུག་ཅིང་ཚ་ལ་ན་ཞིང་རྣགས། །འབྲུམ་བུ་རྩུབ་མོས་ཁྱབ་པ་དང༌། །འབུ་མང་རི་ཤའི་ལྕེ་འདྲ་བཤད། །ཅེས་སོ། །བད་མཁྲིས་ལས་གྱུར་པའི་པགས་མཛེ་ལ། གླང་པོའི་པགས་འདྲ་རེག་རྩུབ་པགས། །གཅིག་པུ་བཤད་ལ་ཞེས་སོ། །འབྲུམ་ཕྲན་ལ། གཞི་ཆེ་མི་རུ་ཉ་ལྤགས་འདྲ། །འབྲུམ་བུ་ཕྲ་མོ་ཐུག་ཐུག་པོ། །ཞེས་སོ། །ཤ་བཀྲ་ལ། ཤ་བཀྲ་ནང་རྩུབ་ཕྱི་རོལ་འཇམ། །སྐྱུ་བའི་མེ་ཏོག་ལྟར་དམར་དཀར། །འཕྲུགས་ན་གློག་པར་འབྱུང་བ་དང༌། །ཞེས་སོ། །འབྲས་དང་བྱེར་བ་ལ། རྨེན་བུ་དམར་པོ་གཡའ་དང་ལྡན། །ཁྱད་པར་བྱེར་བའི་འབྲས་ཞེས་བྱ། །ཞེས་སོ། །སེར་ག་ལ། རྐང་པ་ལག་པ་གས་པ་དང༌། །མི་ཟད་ན་ཞིང་གཡའ་བབ་ཆུང༌། །རྐང་ལག་ཞིག་པ་ཞེས་བྱའོ། །ཞེས་སོ། །བད་མཁྲིས་ལས་གྱུར་དྲུག་ལས་ཤུ་བ་ལ། །ཐོར་བུ་དམར་པོས་ཁྱབ་པ་དང༌། །པགས་པ་ཟར་མའི་མེ་ཏོག་འདྲ། །ཟླུམ་པོར་བྱུང་བ་ཤུ་བ་ཡིན། །ཞེས་སོ། །རྨ་ཁ་བརྒྱ་ཞེས་ཀྱང༌། །རྩ་བ་སྦོམ་ཞིང་རྩ་བཅས་ནས། །དམར་ཞིང་སྨུག་ལ་རྨ་ཁ་མང༌། །རྣགས་ཤིང་འབྲུ་མང་རྨ་ཁ་བརྒྱ། །པད་དཀར་ལ། ཐ་མ་དམར་ཞིང་དབུས་ན་དཀར། །རྩུབ་ཅིང་ཆུ་སེར་ཁྲག་མང་བ། །ཕལ་ཆེར་ཉུང་རྡོལ་པད་དཀར་ཡིན། །ཞེས་སོ། །འབྲུམ་བུ་ལ། པགས་པ་སྲབ་པའི་འབྲས་བུ་དཀར། །དམར་བས་གང་བ་འབྲུམ་བུ་ཡིན། །ཞེས་སོ། །གཡན་པ་ལ། གཡན་པ་ནང་ནི་གཡའ་བ་དང༌། །འདྲུལ་ཞིང་ལྷག་པར་ན་བ་དང༌། འབྲུམ་བུ་ཕྲ་མོ་མང་པོ་ནི། །ཕལ་ཆེར་རྐུབ་ལག་གྲུ་མོར་འབྱུང༌། །ཞེས་སོ། །པགས་མྱགས་ལ། ཐུར་བུ་བཅའ་ཞིང་རེག་མི་བཟོད། །གཡའ་ཞིང་དྲོ་ཚེ་ན་དང་བཅས། །དམར་བ་པགས་པ་མྱགས་པ་ཡིན། །ཞེས་སོ། །འདུས་འགྱུར་འོལ་མོ་སེ་འདྲ་ལ། །འོལ་མོ་སེ་ནི་རབ་ཚ་ནང༌། །སྟོད་ནི་དམར་ཞིང་ནག་པ་ནི། །འོལ་མོ་སེ་ཡི་འབྲས་བུ་འདྲ། །ཞེས་དང༌། གཞན་ཡང༌། །མཛེ་ཡི་མཚན་མ་ཀུན་དང་ལྡན། །ངེས་པར་ཁ་དོག་དུ་མར་གྱུར། །ཞེས་སོ། །འདི་དག་ནི་སྙིང་པོ་བསྡུས་པ་ལས་བཏུས་པ་སྟེ་རྒྱས་པར་འདོད་ན་དེར་བལྟ་བར་བྱ་ཞིང༌། ནད་འདི་འོག་ནས་མ་ཚོར་བར་འོག་ནས་རྐུན་བུར་འཇུག་པའི་ཕྱིར་ནད་རྟགས་མི་གསལ་ཞིང་འཁྲུལ་སོ་མང་བས་ལེགས་པར་བརྟག་པ་གཅེས་པས་ཕྱི་ནང་གསང་རྟགས་གསུམ་གྱིས་ངེས་པར་གཏན་ལ་ཕོབ་ཅིག་ཅེས་གདམས་སོ། །དེ་ནས་ནོར་བའི་འཕྲང་ནི་ཉྭ་རྩ་རླུང་གདོན་གཉིས་ཀ་འཕྲིག་པར་མཚུངས་པས་དེ་བཞིན་ནོར་ར་རེ་སྟེ་ནོར་ལ་ཁད་དམ་ནོར་ཉེན་ཆེ་བས་འཕྲང་བསལ་བ་ནི་མི་ནོར་ཏེ། ཉ་འཕྲིག་ནི་ཉ་ཡོད་པར་འོང༌། རྩ་འཕྲིག་ནི་སྙིང་རྩ་ཡོད་པར་འོང༌། རླུང་འཕྲིག་ནི་ལུས་ཁྱབ་པར་འོང༌། འདི་གསུམ་ནི་ནད་གཞན་ལ་འོང༌། གདོན་འཕྲིག་ནི་ཞུགས་པ་དང་གཉན་སར་འོང་བའོ། །དེ་བཞིན་དུ་ཤ་འབུར་ནི་ཤུ་བར་རུལ་འགྲོ། སྲིན་འབུར་ནི་རང་ཞིར་འགྲོའམ་རྣག་ཏུ་འགྲོ་སྔགས་སྨན་གྱི་ནུས་པ་ཡིན། གཏིང་འབུར་ཞེས་རུས་འབུར་ནི་རུས་ལ་འབྱར་ནས་ཆེར་སྐྱེ་སྟེ་རྒྱས་པ་ཡིན་པས་ནོར་ར་རེ། ཤ་སྒང་ནི་ཉལ་ལེ་ཉོལ་ལེ་འོང་ཁ་རླངས་ཡིན། ཉྭ་སྒང་ནི་མདོག་དམར་ན་ཚ་མེད་སྤྲུལ་པ་ཡིན། ཆུ་སྒང་ནི་ཆུ་བུར་འོང་སྟེ་མེ་ཏོག་ཡིན་པས་ནོར་ར་རེ། ཤ་རོ་བར་དུ་འོང་ལོ་གསུམ་ལོན་པ་དང་པགས་རོ་དང་སྐྱི་རོ་ཕྱི་རུ་འབྱུང་ལོ་གཉིས་ལོན། རུས་རོ་གཏིང་སྐྱེས་ཡིན་ལོ་བཞི་ལོན། རོ་ཞེས་པ་ཚོར་བ་མེད་པའི་དོན་རྣམས་ནོར་ར་རེ། ཁ་ཡོ་བ་དང་མིག་སླེ་བ་ཁད་ཀྱིས་བྱུང་ན་སྐམ་མཛེ། གློ་བུར་དུ་བྱུང་ན་རློན་མཛེ་རྣམས་ནོར་ར་རེ། ཡང་ན་ཁ་ཡོ་མིག་སླེ་ཁད་ཀྱིས་བྱུང་ན་ཞེན་ཆེ་བས་གསོ་དཀའ། གློ་བུར་དུ་བྱུང་ན་ཡས་འདོད་དེ་གསོ་སླའོ། །ནད་ཀྱི་སྡུག་བསྔལ་ནི་ཟུག་རྔུ་དང་བཅས་ཡེངས་མེད་དུ་ན་བ་དང༌། ཁམས་འདུས་ནི་ཡང་ན་མི་ཚོར་བ་དང༌། གདོན་ནི་ཁྲོ་ཚིག་སྙིང་མི་དགའ་བ་གསུམ་ནོར་ར་རེ། ཀྱལ་ཀ་ནི་རྩེད་མོ་ལྟ་བུ་སྟེ་སྙིང་མི་དགའ་རྟགས་རྣམས་རེས་འོང་རེས་མི་འོང་བདེ་ལ་མ་ཚོར་བ་ལྟར་བྱ། རེ་འདོད་ནི་ཟ་འདོད་དེ་གློ་བུར་དུ་ཁ་ཡོ་མིག་སླེ་འོང་བས་ཡས་བྱིན། རྣམ་སྨིན་ནི་ལས་འབྲས་སྨིན་པས་མི་ལྡོག་ཅིང་འཆི་ལྟས་འོང་བས་ཚོགས་གསོག་སོགས་དགེ་ལ་བསྐུལ་དེ་བསྔོ་བ་ནི་ཁྲོ་དང་འདྲེས་པས་ཁོང་ཁྲོ་སྐྱེས་ནས་བསད་འདོད་དེ་གློ་བུར་ཡིན་ལ་ཟིན་ཀྱང་སྔགས་སྨན་གཉིས་ཀ་བྱ་དགོས་ཤིང་འདི་དག་རྣམས་ཀྱི་འཕྲང་ལ་མ་ཤོར་བའི་ནད་ངོས་བཟུང་བའང་གཅེས་སོ། །དེ་ལྟར་བཤད་པའི་ནད་དེ་རྣམས་ནི་ཟས་སྐོམ་ཟ་འཕྲོ་དང་སྤྱོད་ལམ་འདྲེས་པ། གནས་མལ་གོས་ལ་སོགས་ཀྱིས་ཁོངས་ནས་མཐུན་འཇུག་འདྲེས་པ་ཐམས་ཅད་བསྡུས་ཏེ། མདོར་ན་དྲི་དང་རེག་པ་ལ་སོགས་པ་ལས་འགོ་ཕྱིར་བསྲུང་བ་གཅེས་པ་དང༌། རབ་སྟོང་ཉིད་དང་བདག་གཞན་མཉམ་བརྗེའི་བྱང་སེམས། འབྲིང་ཡི་དམ་གྱི་བསྐྱེད་རིམ། ཐ་མ་རྫས་སྔགས་ཀྱིས་ཀྱང་བསྲུང་དགོས་ཏེ་བརྒྱད་པའི་སྙིང་པོ་བསྡུས་པར། ནད་རྣམས་ཕལ་ཆེར་ཟས་དང་ནི། མལ་གཅིག་རེག་སོགས་ལ་བརྟེན་པས། །ཐམས་ཅད་འགོ་སྟེ་མིག་ནད་དང༌། །མཛེ་ནི་ལྷག་པར་འགོ་བ་ཡིན། །ཞེས་འབྱུང་ངོ༌། །

གཉིས་པ་རྟགས་དེ་དག་ཐམས་ཅད་ཀྱང་མདོ་དོན་བསྒྲིལ་ནས་བཅོས་མི་ཐུབ་པར་སྤང་བ་དང༌། བཅོས་ཐུབ་པ་ལ་ཡང་སོས་ཙམ་པ། གསོ་དཀའ་བ་གསོ་སླ་བ་བླང་བྱ་སྟེ་དེ་བཞི་ལས་ཕན་དུ་འགྲོ་ས་མེད་པས་མུའམ། མཐའ་བཞིའི་སྒོ་ནས་བརྟག་པ་ནི། མཁར་བརྒྱད་རྩེ་ནས་བཅོམ་ཞེས་པ་ལ་བཞེད་པ་མང་ཡང་ངོ་བོ་སྤྱི་གཙུག སྨིན་དབྲག སྣ་རྩེ། ཡ་རྐན། སྙིང་གལྟེ་བ། མཚན་མ། རྐང་མཐིལ་བརྒྱད་ལ་ཤ་རོ་བྱུང་བ་དང༌། སྙིང་པོ་བཞི་ལ་ཞུགས་པ་ནི། ཡན་ལག་གི་མཐེ་བོའི་རྩ་བ་བཞི་ལ་ཤ་རོ་བྱུང་བ་དང༌། རྩེ་མོ་གསུམ་ལ་ཟིན་པ་ནི། ལུས་ཀྱི་རྩེ་མོ་ཀླད་པར་ཟིན་པས་སྤུའམ་སྐྲ་བྱི་བ། སྣའི་རྩེ་མོར་ཟིན་པས་སྣ་ཞོམ་པ། ཡན་ལག་གི་རྩེ་མོ་སོར་མོར་ཟིན་པ་མཛུབ་མོ་བྱི་མཇུག་ཏུ་སོང་བ་གསུམ་ཡིན་ནམ་བསམ་གཞན་ཁུངས་མ་རྙེད་པ་དང༌། མཚན་ལ་ལར་སྣ་རྩེ་མཚན་མའི་རྩེ་ལ་ཤ་རོ་བྱུང་བ་ཞེས་ཀྱང་འབྱུང་ངོ༌། །ཚིགས་ཆེན་མཁར་ནས་ཕབ་པ་ནི། སྒལ་ཚིགས་དང་ཡན་ལག་གི་ཚིགས་ཆེན་བཅུ་གཉིས་ལ་ཞུགས་པའམ། བསྡུ་ན་དཔུང་པ་གྲུ་མོ་གཉན་གོང་རྣམས་སུ་ཤ་རོ་བྱུང་བའོ། །དུག་བཞི་ལུས་ལ་རྒྱས་པ་ནི། ས་ཆུ་མེ་རླུང་སྟེ་འབྱུང་བཞིའི་དུག་ལུས་ལ་རྒྱས་པ་སྟེ་སྔ་མ་གཉིས་གསོ་བ་ཙམ། མེ་རླུང་དཀའ། ཆུ་རླུང་སླ་བ་དང༌། མདངས་གསུམ་ཡལ་བ་ནི། མིག་མདངས་ཡལ་ཏེ་གཟི་འདྲ། བྱད་མདངས་ཡལ་སྟེ་གློ་བ་འདྲ། སོ་མདངས་ཡལ་ཏེ་དུང་འདྲ་བ་དང༌། སྤུ་གསུམ་བྱི་བ་ནི་སྐྲ་སྨིན་མ་བ་སྤུ་གསུམ་བྱི་བའོ། །ཆུ་གསུམ་བོ་བ་ནི། ཁ་ཆུ་མིག་ཆུ་སྣ་ཆུ་གསུམ་མི་ཐུབ་པ་དང༌། རྒྱ་མཚོ་དྲི་ཆུའི་རླངས་གློ་བར་རྒྱས་ན་ན་ཕྲེང་ཞིག་ནས་སྙི་འདོལ་སོང་ན་མི་ཐུབ། སྙིང་ལ་རྒྱས་ན་ལྕེ་བཙོད་འདྲ་བ་དང་ནག་པོར་སོང་བ་དང༌། འབྲུམ་པ་གཟེར་འདྲ་བ་འབྱུང་བའོ། །མཆིན་པར་རྒྱས་ན། མིག་ཞུ་ནས་སྔོ་སླེང་བ་དང་དམར་ལོག་པ་འོང༌། མཆེར་པར་རྒྱས་ན་མཆུས་ཕལ་ཁ་ཆུ་མི་ཐུབ། མཁལ་མར་རྒྱས་ན་རྣ་བ་འོན་ཁུ་བ་ལུག་པ་དེ་རྣམས་ནི་གོང་བཤད་ཀྱི་ཀླུའི་རྒྱལ་པོ་དོན་ལ་བབས་པའོ། །མཐིལ་བཞིའི་རླངས་པ་ཡལ་བ་ནི་རྐང་ལག་གི་མཐིལ་ཁ་སྤྲད་ནས་བསྡད་པས་རྔུལ་མེད་ན་ཤ་རོ་ཡོད་ཅིང་རླངས་པ་མེད་པ་དང༌། ས་བདག་གི་སྨེ་བ་ཆགས་པ་ནི། ཤ་རོ་ལུས་ལ་སླེབ་པས་རྨ་ཁྲོན་པ་ལྟ་བུར་ཁ་ཆུང་གཏིང་རིང་ངམ། རུས་པའི་ཐོག་ནས་ཐོར་སྨྱོན་གཟེར་བཏབ་པ་ལྟ་བུ་དང༌། ཤ་རོ་ཁྲག་མེད་འབྱུང་བ་དེ་རྣམས་ནི་གསོ་རུ་མི་རུང་བའམ་གསོ་མི་ནུས་པས་སྤང་བར་བྱའོ། །འདི་ལ་སྙིང་པོ་བསྡུས་པར། ནད་ཀུན་རྒྱས་པ་ལས་བྱུང་དང༌། །གང་ཡང་འཆི་ལྟས་བཤད་པ་དང༌། །རུས་རྐང་ཁུ་ཆུ་ལ་གནས་སྤང༌། །ཞེས་དང༌། རིག་བྱེད་པའི་ལུགས་ལ། ཐོག་མ་ཁོ་ནར་ནད་བརྟགས་ལ། །དེ་ནས་གསོ་བ་བརྩམ་བྱ་སྟེ། །གཞན་དུ་རང་དོན་ཉམས་པ་དང༌། །གྲགས་པ་ཉམས་པ་ཉིད་ཐོབ་འགྱུར། །ཞེས་བཤད་མོད། སངས་རྒྱས་པའི་ལུགས་ལ་ནི་སེམས་ཅན་སྡུག་བསྔལ་ཅན་བསམ་པ་དང་སྦྱོར་བས་སྤང་བའི་སྐབས་མེད་དེ། སྨན་དང་སྨན་པ་ཉིད་དང་ནི། །དེ་ཡི་ནད་གཡོག་བྱེད་པར་ཤོག། ཅེས་དང༌། ནད་པ་དང་ནི་ཆོས་སྨྲ་དང༌། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པ་ཡིན། །ཞེས་སོ། །དེས་ན་བཅོས་ཀྱིས་ལུས་ལ་མ་ཕན་ཀྱང་ཆོས་ཀྱིས་སེམས་ལ་ཕན་པར་བྱ་ཞིང༌། རྟགས་དེ་དག་ལ་རེ་གཉིས་ཙམ་གསོ་སླ་བའི་རྟགས་དང་འདྲེས་པ་ནི་གསོ་བ་བརྩམ་དགོས་ཤིང་གསོས་པའང་སྲིད་པས་བརྒྱད་པར། ཚིལ་ལ་གནས་པ་འཚོ་བ་ཙམ་མོ་ཞེས་འབྱུང་ངོ༌། །རྒྱལ་པོའི་ཕོ་བྲང་བཏབ་པ་ལྟར་མི་བདེ་བར་བཟུང་ནས་བསྡད་པ་ཀུན་དུ་ཁྱབ་ཅིང་ནད་གཞི་ཆེ་བར་གྱུར་པ་ལ་སྔོན་ལས་ཀྱི་འབྲས་བུ་སྨིན་པའི་རྟགས་མེད་ན་དེ་ནི་གསོ་བ་དཀའ་བ་ཡིན་ཀྱང་ཐབས་མང་ཡུན་བསྲིང་དགོས་པ་སྟེ། ཟླ་ཟེར་ལས། མཁྲིས་འདྲེས་ཤ་ཁྲག་གནས་གསོ་དཀའ། །ཞེས་འབྱུང་ངོ༌། །དམངས་ནི་གྲོང་ཁ་ཡན་པ་ལ་ཕྱོགས་མང་པོར་བཏབ་ཀྱང་འཕོ་བ་སླ་བ་ལྟར་ན་ལུགས་རྟོག་པ་སྣ་ཚོགས་གྲངས་མང་ཞིང་འགུལ་འཕྲིག་སོགས་བྱེད་པ་ཡང་གོང་གི་སྤང་བའི་སྐབས་དེ་རྣམས་ལས་གོ་བཟློག་པ་གསོ་བ་སླ་སྟེ། ཡན་ལག་བརྒྱད་པར། རླུང་དང་བད་ཀན་ལས་གྱུར་དང༌། པགས་གནས་ནད་ཅིག་གྱུར་གསོ་སླ། །ཞེས་འབྱུང་བ་ལྟར།

ལྔ་པ་བཅོས་པའི་ཐབས་ལ་རྣམ་པ་གསུམ་ཡོད་དེ་གནོད་པ་བསྲུང་བ་དང༌། ཞུགས་པ་དབྱུང་བ་དང་ཐ་མ་ནད་ཀྱིས་ལུམས་པའི་དུས་སུ་ཚེ་བསྲིང་བ་དང་གསུམ་ལས། དང་པོ་གནོད་པ་འགོ་རྩོམ་པའི་དུས་སུ་བསྲུང་བ་ནི། ཡིད་དུ་མ་རུངས་པའི་གདུག་པ་ཅན་དེ་འདུལ་བར་མཛད་ཅིང་འགྲོ་བའི་མགོན་ནམ་སྐྱབས་སུ་གྱུར་པ་མཐུ་སྟོབས་ཀྱི་བདག་པོ་ཕྱག་ན་རྡོ་རྗེ་ཉིད་ཡིན་ཏེ། དེ་ཡང་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་གང་ལ་གང་འདུལ་སྟོན་པ་ལ་མཁྱེན་པའི་ཆ་ཤས་དང་ལྡན་པ་འཇམ་དབྱངས། བརྩེ་བའི་ཆ་ཤས་དང་ལྡན་པ་སྤྱན་རས་གཟིགས། ནུས་པའི་ཆ་ཤས་དང་ལྡན་པ་ཕྱག་རྡོར་དུ་གསུངས་ལ། ཁྱད་པར་ཀླུ་གདོན་ཐམས་ཅད་ཀྱི་གཉེན་པོ་ཕྱག་ན་རྡོ་རྗེ་ཡིན་པས་དེའི་རིགས་གང་མོས་རང་གི་ཡི་དམ་དུ་བཟུང་སྟེ་སྐུ་བསྒོམ་ཞིང་སྙིང་པོའི་སྔགས་བཟླས་པས་ཀླུའི་དུག་རྣམས་སེལ་ལོ། །ས་རྡོ་མཱུ་ལ་ཞེས་སོགས་ལ་འཁྱོག་བཤད་ནི་རིན་པོ་ཆེ་ནས་ངོས་འཛིན་པ་གསེར་རྡོ་སོགས་ཇི་སྙེད་དང༌། ལྡེ་གུའི་སྦྱོར་བ་ལྕགས་ཕྱེ་ཞེས་པའི་སྦྱོར་བར་སའི་ཐ་སྙད་ཕྱེ་མའི་སྦྱོར་བ་ཅོང་ཞི་ཞེས་པའི་སྦྱོར་བར་རྡོའི་ཐ་སྙད་མཱུ་ལ་རིལ་བུའི་སྦྱོར་བ་བྱ་ཁྱུང་ལྔ་བདུད་རྩི་རིལ་བུ་རྣམས་ལ་བཞེད་པའང་མཆིས་རུང༌། ངོ་བོ་ནི་ས་མུ་ཟི་སེར་པོ། རྡོ་མ་ནིང་ཅོང་ཞི། མཱུ་ལ་རྩ་བ་སྟེ་ར་མོ་ཤག བདུད་རྩི་དགེ་སློང་རྣམ་དག་གམ་སྐྱེས་བུ་ཁྱད་ཅན་གྱི་དྲི་ཆེན་ལ་བཅུད་ལེན་རྒས་པ་གསོ་སྐབས་བཤད་པ་ལྟར་བགྱིས་པས་ཆུ་སེར་མི་སྐྱེ་ཞིང་གདོན་རིགས་རྣམས་ཐུབ་པར་འགྱུར་རོ། །

བར་དུ་ཞུགས་པའི་དུས་སུ་དབྱུང་བར་བྱ་བ་ནི། སྔོན་འགྲོ་རྒྱུ་རྐྱེན་གཉིས་ཀའི་གཞི་ཆུ་སེར་སྦྱང་བ་དང༌། དངོས་གཞི་གདུག་པ་ཅན་གྱི་དུག་ནད་གཞོམ་པ་དང༌། རྗེས་གཅོད་ཀོ་ལེའི་ནད་ཀྱི་གདོན་ཐབས་དང༌། གང་དགོས་རྟེན་འབྲེལ་མདངས་སྟོབས་གདབ་པ་དང༌། ནད་ཐོན་མ་ཐོན་བཏང་རན་བཟུང་ཚོད་སོགས་བསྟན།

དང་པོ་ནད་ཀྱི་རྒྱུ་དང་གདོན་གྱི་རྐྱེན་གཉིས་ཀའི་གཞི་ཆུ་སེར་ལྟོ་དང་རྩ་ནས་སྦྱང་བ་ནི་ཁྲུས་དང་བསྐུ་མཉེ་སོགས་སྔོན་འགྲོ་སྦྱོང་སྤྱི་དང་འདྲ་ཞིང༌། བའི་ཆུར་དུར་བྱིད། ལྕུམ་རྩ། འབྲས་བུ་ཨ་བར་སྐྱུར་གསུམ། སྔོན་བུ་རྣམས་གདུས་ཁུར་ཆུ་སེར་གྱི་སྨན་སྤོས་ཐལ་སོ་གསུམ་དང༌། གུ་གུལ། བྱི་ཏང་ག་རྣམས་བཏབ་ལ་རྒྱུན་སྦྱོང་བྱ། ཡང་ན་ལྟོ་སྲའི་བཀྲུ་སྨན་ནི་འབྲས་བུ་ཨ་བར་སྐྱུར་གསུམ་དང༌། ཚ་བ་སྒ་པི་ཕོ་དབྱི་འདི་སྐབས་ལྕེ་ཚ་དང་ལྔ་དུར་བྱིད། དན་ད། དོང་གྲ། བྱ་ཀྲྀ་སྟེ་ཀཎྜ་ཀ་རི་དང༌། ཧོང་ལེན། ཤུ་དགབོང་ང༌། ཙི་ཏྲ་ཀ གནྡྷ་པ་ཏྲ་རྣམས་ཞོ་དོ་རེ། ཤྲཱི་ཁཎྜ་ཞོ་བརྒྱད་རྣམས་བཏགས་པའི་ལྡེ་གུ་སྨན་མར་དུ་བསྐོལ་ལ་ལྟོ་སྲའི་བཀྲུ་སྨན་ཞེས་བྱ་བ་འདི་སྦྱར་དགོས་ཏེ། ཡན་ལག་བརྒྱད་པར། མཛེ་ཅན་ཀུན་ལ་ཐོག་མར་ནི། །སྣུམ་བླུགས་པས་ནི་གསོ་བར་བྱ། །ཞེས་དང་ཡང་མཐུན་པར་འགྱུར་རོ། །དེ་རྗེས་རྩ་ནས་སྦྱང་བ་སྤྱི་སྨན་ནི་རྒྱུད་ཕྱི་མའི་རྩ་སྦྱོང་ལྟར་ལ་རྗེ་ཟུར་མཁར་བ་མཉམ་ཉིད་རྡོ་རྗེས་མན་ངག་དུ་མའི་གསང་གཏམ་དུ་བྱང་ནག་སྨན་གྱི་མཆོག་ཏུ་གསུངས་པ་ལྟར་སྦྱར་ལ་ཆུ་སེར་སྨན་སྤོས་སོ་ཐལ་གསུམ་དང༌། གུ་གུལ་དང་གླ་རྩི་ལྔ་པོ་གདོན་དང་ཆུ་སེར་སྦྱང་ཕྱིར་མདེ་ཁ་བསྒྱུར་ཞེས་པ་གདོན་ལ་གུ་གུལ། གླ་རྩི། ཨར་ནག བྱིན་རླབས་རྫས་སོགས་དང༌། ཆུ་སེར་ལ་ཆུ་སེར་སྨན་སྤོས་སོ་ཐལ་གསུམ་བསྣན་པའམ། ཡང་ན་གུ་གུལ་གླ་རྩི་གདོན་ལ་བསྒྱུར་བ་དང༌། གློ་སྙིང༌། མཆིན་མཆེར་མཁལ་མ། ཤ་རུས་རྩ་རྣམས་གང་ལ་བབས་པའི་ནད་དེ་རང་གི་སྟེང་ཁྲིད་པའི་ནང་ཡན་ཞེས་ནུས་པ་ཐོག་ཏུ་ཁྲིད་པ་ནི་ཕྱི་ནས་དགྲ་རྐུན་འོང་བར་ནང་མིས་སྣ་ཁྲིད་པར་ནང་ཡན་ཟེར་ལ། དེ་བསད་དགོས་པ་ནི། གློ་ལ་ཅུ་གང་སྦལ་རྒྱབ། སྙིང་ལ་ཛཱ་ཏི་གངས་ཐིགས། མཆིན་པར་གུར་ཀུམ་མཉྫི་ར། མཆེར་པར་ཀ་ཀོ་ལ་དང་པ་ཏོ་ལ་ཞེས་རྒྱ་ཁུར། མཁལ་མར་སུག་སྨེལ་གསེར་བྱེ། ཤ་ལ་འབྲི་ཏ་ས་འཛིན། རུས་ལ་སེང་ལྡེང༌། རྩ་ལ་ལྕམ་པ་རྣམས་སྦྱར་ཏེ་བཏང་ཐབས་དང༌། ལྕག་དང་ལོག་གནོན་དང༌། རྗེས་གཅོད་རྣམས་རྒྱུད་ཕྱི་མའི་སྦྱོང་བྱེད་ལས་ལྔའི་མདོ་རུ་བཤད་པ་བཞིན་ཤེས་པར་བྱ་ཞིང༌། ར་བ་བཞི་ནི་ཟླ་བ་ར་འབྲིང་ཐ་ཆུང་གི་ཐ་སྙད་དུ་བྱས་ཏེ་དབྱར་དགུན་སྟོན་དཔྱིད་ཀྱི་ར་བ་བཞི་སྟེ་དབྱར་ར་ས་གདགུན་ར་སྨིན་དྲུག། སྟོན་ར་གྲོ་བཞིན། དཔྱིད་ར་རྟའི་ཟླ་བ་བཞི་ལ་ལན་རེ་སྦྱང་བ་གཅེས་ཏེ་ནད་ཀྱི་རྒྱུ་གདོན་རྐྱེན་གྱིས་བརྟེན་ཆུ་སེར་སོགས་བུ་གའི་མི་གཙང་བ་མེད་ན་འབྲས་བུ་མཛེ་ནད་ག་ལ་འབྱིན་པར་ནུས་ཞེས་ཡུས་དང་བཅས་ཏེ་བཤད་པའོ། །

གཉིས་པ་གདུག་པའི་དུག་ནད་དེ་གཞོམ་པ་ལ་ཟས་དང༌། སྤྱོད་ལམ་དང༌། སྨན་དང༌། དཔྱད་དང་རྣམ་པ་བཞིའི་དང་པོ་ཁ་ཟས་དཀར་དང་མངར་གྱི་རྣམ་པས་སྲིན་བསྐྱེད་པ་དང༌། རུལ་པས་མི་འཇུ་བ། སྐྱུར་བས་ཆུ་སེར་བསྐྱེད་པ། ཚྭས་ཁྲག་བསྐྱེད་པ་དང༌། སྔོ་ཚོད་ཀྱིས་རྩ་སྒོ་འགག་པ། ཉ་ཕག་གི་ཤ་དང་བྲ་བོ་རྣམས་འཇིག་ཟས་ཡིན་ཏེ་ལུས་འཕྲལ་དུ་མ་རུང་བར་བྱེད་པས་སྤང་བ་དང༌། འབྲུ་རྙིང་ཞེས་སྐམ་པའི་འབྲུ་ལོ་ལོན་པ། ཤ་གསར་པ་དང༌། ཤ་སྐམ་ཡིབ་བཏབ་པའི་ཕྱེ་ཐུག་དང༌། ཆབ་ཚ་ཞེས་ཇ་འཇམ་སྡོར་ཆུང་དང༌། སིངས་པོ་བརྡ་བྲོ་བ་སྟེ་ཆང་གི་ཞད་ཡོད་ཙམ་དང་ཆུ་གྲང་སོགས་བསྟེན། སྤྱོད་ལམ་ཆགས་པ་སྤྱོད་པ། དྲག་ཤུལ་གྱི་ལས། ཉིན་མོའི་གཉིད། མི་གཙང་བ་གྲིབ་བཙོག་དང༌། གཉན་པའི་ས་ཕྱོགས་སུ་ཐུབ་ཚོད་སྤྱོད་རྩིང་བྱེད་པ་ཀུན་ལ་འཛེམ། སྨན་སྦྱོར་ལ་ཐང་དང༌། ཕྱེ་མ་དང༌། རིལ་བུ་དང༌། ལྡེ་གུ་དང༌། སྨན་མར་ལྔ་ཡོད་པ་ལས་དང་པོ་ཐང་སྦྱོར་ནི་སེང་ལྡེང་ནིམ་པ། སླེ་ཏྲེས། པ་ཏོ་ལ་སྟེ་རྒྱ་ཁུར། བྱི་ཚེར་ལྔ་པོ་སྦྱར་བས་ཆུ་སེར་རྣམས་རང་སར་སྐེམ་པ་དང༌། སེང་ལྡེང་ཆིག་རྐྱང་གི་ཐང་བཏང་ན་མཛེའི་ནད་འཇོམས་པའི་མཆོག་ཏུ་འགྱུར་རོ། །ཕྱེ་མ་ལ་ཅོང་ཞི། སྦལ་རྒྱབ། ཆིག་ཐུབ་དཀར་སྨུག་གཉིས། བེ་སྣབས་དང་གྲུ་བཞི། རྡོ་རྒྱུས། མཉྫི་ར། གསེར་རྡོ། དངུལ་རྡོ། ཟངས་རྡོ། ལྕགས་རྡོ་དང༌། ཚ་ལ། མཚལ། བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུག ཆུ་སེར་སྨན་སྤོས་ཐལ་སོ་གསུམ། འབྲས་བུ་ཨ་བར་སྐྱུར་གསུམ། གུ་གུལ། གླ་རྩི། མུ་ཟི་སེར་པོ། ཙི་ཏྲ་ཀ གསེར་གྱི་མེ་ཏོག་མ་ནུ་པ་ཏྲ་དང༌། རུ་རྟ་དང༌། སེང་ལྡེང༌། ཀ་ར་རྣམས་སྦྱར་བས་ཆུ་སེར་སྐེམ་པ་དང༌། ཀྱི་ལྕེ་དཀར་པོ། མིང་ཅན་སེར་ནག་གཉིས། བྲག་སྤོས་པ། གླ་རྩི། གུ་གུལ། རུ་རྟ། སེང་ལྡེང་དང༌། སྤོས་དཀར་ཀ་ར་རྣམས་སྦྱར་བ་དྲི་ཆུས་དབུལ་ཞིང༌། གྲང་ཤས་ཆེ་ན་ཨ་རུ་ར་དང་བཙན་དུག་གཉིས་བསྣན་པས་ཀླུ་གཉན་ས་བདག་སོགས་ཀྱི་དུག་ནད་འཇོམས་པའི་མཆོག་གོ། གསུམ་པ་རིལ་བུའི་སྦྱོར་སྡེ་ལ་བྱ་ཁྱུང་རྣམ་པ་ལྔའི་རིལ་བུ་དང་རིན་པོ་ཆེའི་རིལ་བུ་གཉིས་ཡོད་པ་ལས་དང་པོ་བྱ་ཁྱུང་རྣམ་པ་ལྔ་སྦྱར་བའི་ཐབས་སམ་རྒྱུ་མཚན་ནི། སྔོན་རྒྱལ་པོ་སིངྒ་བ་ལའི་ཡུལ་དུ་ཀླུ་གཉན་ས་བདག་གི་ནད་གདོན་སྣ་ཚོགས་བྱུང་བ་ལ་དེའི་གཉེན་པོ་ཡེ་ཤེས་ཀྱི་ཁྱུང་ལྔ་བྱུང་སྟེ། དེ་མཐོང་ཐོས་དྲན་རེག་ཐམས་ཅད་ནད་གདོན་ལས་གྲོལ་ལོ། །རིང་ཞིག་ནས་ཁྱུང་དེ་མྱ་ངན་ལས་འདའ་བར་བརྩམས་པ་ན་མི་རྣམས་ཀྱིས་ཀྱེ་ནམ་མཁའ་ལྡིང་ཁྱེད་འདས་ན་བདག་གིས་ཇི་ལྟར་བྱ་ཞེས་སྨྲས་པ་ལས། ཁྱུང་དེས་ང་འདས་ནས་ལུས་འདི་རིལ་བུར་དྲིལ་ནས་བསྟེན་ན་ནད་གདོན་ལས་གྲོལ་བར་འགྱུར་རོ། །དེ་ཡང་ཟད་ན་མི་རུང་བས་བདག་གིས་རྫས་ལ་བྱིན་གྱིས་བརླབ་པར་བྱའོ་ཞེས་ཨ་རུ་ར་ཤ་རུ་བྱིན་གྱིས་བརླབས། དེ་བཞིན་དུ་རུ་རྟ་རུས་པར། ཤུ་དག་རྒྱུས་པར། སྨན་ཆེན་སྙིང་དུ། གླ་རྩི་ཁྲག་ཏུ་བྱིན་གྱིས་བརླབས་པ་ལས་དེང་སང་བྱ་ཁྱུང་རྣམ་ལྔ་ཞེས་གྲགས་པ་དེ་ཡང༌། ཤ་རུས་རྒྱུས་པ་སྙིང་ཁྲག་བྱ་ཁྱུང་ལྔ། །ཞེས་པ་རིམ་པས་ཨ་རུ་ར་ནག་ཆུང་ཞོ་བཞི། རུ་རྟ་ཞོ་གཅིགཤུ་དག་ནག་པོ་ཞོ་གང་གི་སུམ་གཉིས། བོང་ང་ནག་པོ་ཞོ་ཕྱེད་དང༌། གླ་རྩི་འབྲུམ་པ་ཅན་ཞོ་གང་གི་སུམ་ཆ་གཅིག་རྣམས་སྦྱར། སྨན་བོང་ཆེ་བར་སྦྱར་ཀྱང་འདི་བཞིན་བསྐྱེད་ལུགས་བྱེད་དགོས་ཤིང༌། ཨ་རུ་བཙན་དུག་རིམ་པས་ཞེས་པ་ཐོག་མར་ཨ་རུ་ར་འཐག དེ་ནས་རུ་རྟ། དེ་ནས་ཤུ་དགདེ་ནས་བཙན་དུགདེ་ནས་གླ་རྩི་རྣམས་རིམ་པས་ཞིབ་པར་སོ་སོར་བཏགས། དེ་ནས་གླ་རྩི་བཞག་སྟེ་གཞན་རྣམས་བསྲེས་ལ་སྐམ་ཐགས་འཐེམས་པར་བྱས་ལ་ལོ་བརྒྱད་དྲི་ཆུས་ཆུ་འཐགས་ཉིན་གསུམ་བྱ། བྱང་པའི་ཚད་ནི་གནག་ལ་འོད་འཚེར་བ་འོང་དེ་དུས་གླ་རྩིས་རིལ་བུ་བྱེད་ལ་ཁད་དུ་ཆུར་སྦྱངས་ཏེ་རིལ་བུ་བསྒྲིལ་ནས་བཏང་དགོས་ཀྱང་དེ་སྟེང་གི་ཝཾ་དང་ནག་པོ་ཚནྡེ་ཞེས་དྲོད་སྨན་པི་པི་ལིང་ཚ་གྲང་མདེ་ཁ་བསྒྱུར་བ་ནི་ཚ་ཤས་ཆེ་ན་གི་ཝཾ། གྲང་ཤས་ཆེ་ན་དྲོད་སྨན་བསྟེན་པ་དང༌། ཚ་གྲང་གང་ལའང་གུ་གུལ་ནག་པོ་ནི་གདོན་གྱི་གཉེན་པོར་གཅེས་པས་ནམ་ཡང་དགོས་ཤིང༌། རིལ་བུའི་མཚན་ཉིད་ནི། དུག་གིས་གཙོ་བྱས་སྲན་མ་ཆུང་ཤོས་ཙམ། །ཞེས་པ་ལྟར་བྱ་ཞིང༌། དེ་ལ་མདོག་བཞི་སོགས་ཀྱི་སྐོར་རྒྱས་པ་ཕྱི་མ་རྒྱུད་ཀྱི་སྐབས་བཤད་དོ། །ཡིག་འབྲུ་ལྔས་དབང་བསྐུར་ཞིང་ཏིང་ངེ་འཛིན་དང་ལྡན་པས་ཟ་བ་ནི། རང་ཡི་དམ་ཕྱག་རྡོར་དུ་བསྒོམ་པའི་ཀླད་པ་དུང་ཁང་གི་གཞལ་ཡས་སུ་པདྨ་དཀར་པོ་འདབ་མ་བཞི་པ་ཐུར་དུ་སྦུབ་པའི་དབུས་སུ་ཨོཾ། མདུན་དུ་ཨཱཿགཡས་སུ་ཧྲིའཿརྒྱབ་ཏུ་ཁ། གཡོན་དུ་ཧཱུཾ། འདི་རྣམས་དཀར་ཕྲོམ་མེ་མགོ་ཐུར་དུ་བསྟན་པར་བསམས་ལ་ཡིག་འབྲུ་ལྔ་པོ་བརྒྱ་རྩ་བཟླས་ཡིག་འབྲུ་འོད་དུ་ཞུ་བདུད་རྩིར་གྱུར་པ་རིལ་བུ་ལ་ཕོག་པས་རིལ་བུ་རྣམས་འོད་དུ་ཞུ་བདུད་རྩིར་གྱུར་པར་བསམས། དེ་ཟོས་པས་ལུས་བདུད་རྩིས་གང་ནས་ནད་གདོན་དག་པར་བསམས་ཞེས་མཆན་དུ་བྱུང་ལ་སྤྱི་དང་སྦྱར་ན་དབུས་སུ་རྣམ་སྣང་གི་ས་བོན་ཨོཾ། མདུན་དུ་རྡོར་སེམས་ཀྱི་ས་བོན་ཧཱུཾ། གཡས་སུ་རིན་འབྱུང་གི་ས་བོན་ཏྲཱཾ། རྒྱབ་ཏུ་སྣང་མཐའི་ས་བོན་ཧྲིའཿགཡོན་དུ་དོན་གྲུབ་ཀྱི་ས་བོན་ཨ་རྣམས་བསྒོམ་ཞིང་བཟླས་ན་ལེགས་ཏེ་དུག་ལྔ་དགའབྱུང་ལྔའི་ནད་ཞི། གདོན་ལྔ་ཐུལ། སྐུ་ལྔ་ཡེ་ཤེས་གྲུབ་པའི་དོན་གྱིས་སོ། །དེ་ལྟར་བྱས་ལ་ཚེས་གཅིག་ནས་བཅུའི་བར་དུ་རིལ་བུ་རེ་རེ་བྱས་པ་ནུབ་མོ་སུམ་ཡར་ཞེས་ས་སྲོས་ནམ་ཕྱེད་ཐོ་རངས་བསྟེན། བཅུ་ནས་ཉི་ཤུའི་བར་རིལ་བུ་གཉིས་གཉིས་དུས་སུམ་ཡར་གོང་ལྟར་བསྟེན། ཉི་ཤུ་ནས་སུམ་ཅུའི་བར་དུ་རིལ་བུ་གསུམ་གསུམ་དུས་ནུབ་མོ་སུམ་ཡར་ཞེས་བཤད་མ་ཐག་པ་ལྟར་བཏང་ཞིང་དེ་ལྟར་ཞུགས་པའི་དུས་ནས་བཟུང་ལོའི་བར་དུ་བསྟེན་པར་བྱ་ཞིང༌། ལོ་གཅིག་ཙམ་བསྟེན་ཀྱང་དེ་ལ་བདེ་སྐྱེད་མེད་ན་ཤ་གཉིས་ཕྲི་བ་ནི་ཨ་རུ་ར་ཞོ་བཞི་ཡོད་པ་ཞོ་དོར་ཕྲི་སྟེ་ཕྱེད་འཆག་བྱས་ལ་ལོ་དུས་བར་བསྟེན་པས་མཛེ་རིགས་བཅོ་བརྒྱད་སེལ་ཞིང་ཀླུའི་དུག་ནད་མ་ལུས་པ་གཏན་ནས་འཇོམས་སོ། །རིན་ཆེན་སྦྱོར་བ་ལ་དངུལ་ཆུ་དུག་ཕྲལ་བ་སྟར་བུ་ཞོ་ཕྱེད་ཀྱིས་བཤིག་པ་དང༌། མུ་ཟི། སེང་ལྡེང་ཁཎྜ། བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུགཆུ་སེར་སྨན་སྤོས་ཐལ་སོ་གསུམ། གུ་གུལ་རྣམས་ཐུན་རེ། དེ་དག་བྱ་ཁྱུང་རིལ་བུ་སྦྱར་ལ་བཏང༌། །ཞེས་པས་སྦྱར་ཚུལ་འདི་ལེགས་ཤིང་ཀླུའི་གདོན་འཇོམས་པ་དང༌། ཆུ་སེར་རྣམས་རྩད་ནས་སྐེམ་མོ། །ཁྱད་པར་ཅན་དུ་དངུལ་ཆུ་སྟར་བུས་བཤིག་པ་ཞོ་གང༌། མུ་མེན་ཞོ་ལྔ། གསེར་ཞོ་གང་གི་ཐལ་བ། ཐང་མ་སྒྲོན་ཤིང༌། དེ་བ་དཱ་རུ་ཞེས་ངོ་བོ་མོ་ནད་དུ་བཤད་པ་ལྟར་དང༌། མ་བྱུང་ན་ཉག་རོང་ཙན་དན། ཨ་རུ་ར། གུ་གུལ་དཀར་ནགགླ་རྩི། སོ་མ་རཱ་ཛ་དང་ཐལ་ཀ་རྡོ་རྗེ་གཉིས་སྤྱི་འཇོམས་དང༌། བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུག། ཙན་དན་དཀར་པོ། གི་ཝཾ་གྲུབ་ཐོབ་ཀྱི་དྲི་ཆེན་རྣམས་ཞོ་རེ་རེ་སྦྱར་བ་རིལ་བུར་དྲིལ་བ་གཅིག་གཉིས་གསུམ་དུ་རིལ་བུ་རིམ་པས་ཆ་བསྐྱེད་ལ་བཏང་ན་འདིས་ལས་ཀྱི་རྣམ་པར་སྨིན་པ་ཡིན་སྲིད་ཀྱང་ཚེ་འདིའི་མཛེ་ནད་ཀྱི་དབང་དུ་མི་འགྲོ་བར་ངེས་པར་བཤོལ་ཐེབས་པར་འགྱུར་བས་གཏང་ཐབས་ལོག་གནོན་སོགས་ཕྱི་རྒྱུད་རིན་ཆེན་སྦྱོར་སྡེའི་སྐབས་སུ་ལྟོས་ཤིག་ཅེས་པ་དེ་ནི་རིན་ཆེན་གྲང་སྦྱོར་ལྟར་རོ། །བཞི་པ་ལྡེ་གུའི་སྦྱོར་བ་ལ་ལྕགས་ཕྱེ། ཙི་ཏྲ་ཀ སྐྱུ་རུ་ར། བྱི་ཏང་ག་དང༌། པི་པི་ལིང་རྣམས་སྦྲང་དང་སྦྱར་བའི་ལྡེ་གུས་མཛེའི་ནད་ཆེར་རྒྱས་པ་འཇོམས། སེང་ལྡེང༌། ལྕ་བ། ར་མཉེ་བཅས་པ་ཆ་མཉམ་པའི་ཁཎྜ་སྦྲང་དང་སྦྱར་བར་བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུག བྱི་ཏང་ག ཆུ་སེར་སྨན་སྤོས་ཐལ་སོ་གསུམ་དྲོད་སྨན་པི་པི་ལིང༌། ཙི་ཏྲ་ཀ་རྣམས་ཁ་ཚར་དུ་བཏབ་པའི་ལྡེ་གུ་བཏང་བས་མཛེ་ནད་འཇོམས། ཡང་ན་མུ་ཟི། ཨ་རུ། སྦྲང་རྩི། མར་རྣམས་སྦྱར་བ་ཆ་མཉམ་སྟེ་ཞོ་ཙམ་དུ་བསྐོལ་བ་ལྕགས་བྱང་མ་ལ་བྱུགས་ཏེ་ཞག་གསུམ་ཙམ་བཞག་ནས་གཡའ་བསྒོས་པའི་ལྡེ་གུས་མཛེ་ནད་འཇོམས་པར་འགྱུར་རོ། །ལྔ་པ་སྨན་མར་ལ། ཡན་ལག་བརྒྱད་པར། སེང་ལྡེང་ནིམ་པ་བ་ཤ་ཀ། དུག་མོ་ཉུང་དང་འབྲས་བུ་གསུམ། །བྱི་ཏང་ག་དང་སླེ་ཏྲེས་དང༌། །པ་ཏོ་ལ་དང་བ་གཅིན་སྦྱར། །ཕྱི་དང་ནང་ནས་བཏང་གྱུར་ན། སྲིན་བུ་ལས་གྱུར་མཛེ་ནད་འཇོམས། །ཞེས་པ་ལྟར་ཕྱི་རྒྱུད་སྨན་མར་དུ་བཤད་པའི་སེང་ལྡེང་དགུ་བདུན་དང༌། ཏིག་ཏའི་སྨན་མར་ཆེ་འབྲིང་གང་འོས་སྤྲད་བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུག ཆུ་སེར་སྨན་སྤོས་ཐལ་སོ་གསུམ་ཁ་ཚར་དུ་བཏབ་པས་ཆུ་སེར་སྐེམས་ཤིང་ལུས་ཀྱི་སྟོབས་རྒྱས་པར་བྱེད། དཔྱད་དུ་དང་པོར་ནད་གདོན་གང་དུ་ཞུགས་པའི་རྩ་དེ་གཏར་ལ་རླངས་པ་དབྱུང་ཞིང་ཁྱད་པར་དཔྲལ་རྩ། ཆུ་སེར་གདོང་རྩ་བཅས་གཏར།

གསུམ་པ་ཀོ་ལེ་ཞེས་ཁོལ་བུར་ན་བའི་ནད་ཀྱི་གདོན་ཐབས་ནི། གདོང་ལ་ལུད་ན་བྱང་པ། རྒྱ་ཚྭ་དང༌། དུར་བྱིད། སྲུབ་ཀ སྤྲུ་མ་ནག་པོ། གཟེ་མ་དང༌། ཅུ་གང་རྣམས་ཆང་དང་སྦྱར་བ་དྲོད་ཕབ་ལ་མནན་པ་དེ་ལངས་ནས་གདོང་པ་ལ་བྱུགས་པས་གདོང་བཤལ་ཆུ་སེར་འདོན། ཆུ་སེར་འབབ་ཐག་ཆོད་ནས་ལུག་སུག་ཐལ་བ་མར་དཀར་དང་སྦྱར་བ་བྱུག ཀོ་ལེར་སྦྲིད་བེམ་བེམ་བྱུང་ན་དེ་ཐད་བཙུགས་ལ་རྔབས་རྭས་ཆུ་སེར་དྲངས། ཡང་ན་དྲི་ཆུས་དག་པར་བཀྲུས་ལ་བྱང་པ་དང༌། དུར་བྱིད། རྒྱ་ཚྭ། སྔོའི་ཚ་བ་ལྕེ་དབྱི་སྲུབ་གསུམ་རྣམས་ཆང་དང་སྦྱར་བ་གོང་ལྟར་མནན་ལ་བྱུགས་ཏེ་ཉི་མས་བསྲེག ཡང་ན་སྔགས་ཀྱིས་ཆུ་སེར་དྲངས་བར་བྱ་བ་ནི། རང་བྱ་ཁྱུང་ཟངས་ཀྱི་མཆུ་སྡེར་ཅན་དུ་བསྒོམས་ལ་སྔགས། ཨོཾ་ཁྲིག་ཤེལ་ཕུག་ཤེལ་ཏྲལ་ཏྲལ་མན་ཐིས་ཐིས་ཐ་ཐིབས་ཛཾ་ལ་ཐིས་ཐིབས་ལོང་ལོང་ནི་ལོང་ཧུབ་ལོང་མི་ལྤགས་རིམ་དགུ་ཧྲོལ་མི་ཁྲག་མངར་མོ་དྲོངས་ཤིག་ཅེས་སྨྲ་བ་བཅད་དེ་ཁྲི་ཚོ་ལྔ་བཟླས་ལ་ཆུ་སེར་གང་ཡོད་རྣམས་ནས་འཇིབ་བོ། །ཤ་རོ་རྣམས་གཙགས་ཀྱིས་དྲལ་ལ་ཟ། སྨན་ནི། དངུལ་ཐལ། ཤིང་ཚེར་མ་ཅན་ཐམས་ཅད་ཀྱི་ཐལ་བ་དང༌། སྨྱུག་རྩེ། སེ་བའི་རྩེའི་ཐལ་བ་ལ་དུར་བྱིད། རྒྱ་ཚྭ། ཤུ་དགརུ་རྟ། ཡུང་བ་རྣམས་ཀྱི་རེང་བུ་གཞུག སྐྱོན་རྣམས་དང་བྲལ་ནས་རྨ་ལ་འཚོ་སྨན་དུ་ཚ་ལ། དོམ་མཁྲིས། གུར་ཀུམ་བཅས་སྐམ་རྩིར་གདབ་པ་དང༌། སྨིན་མ་བྱི་ན་ཕག་པའི་ཚིལ། ཟེར་མོའི་ཁྲག ཚྭ་དང༌། ལྡོང་རོས། བ་བླ། ཕག་པའི་རྐང་མར་དང༌། ཁམ་བུའི་ཚི་གུ་རྣམས་དང་སྦྲང་སྦྱར་བ་བྱུགས་པས་འཚོ། མཚུལ་པ་འགགས་ན་ཕྱི་རྒྱུད་ལྟར་གྱི་སྣ་སྦྱོང་ཡང་ནས་ཡང་དུ་བཏང་ཞིང་གྲེ་བ་འགགས་ན་ཐོང་རྩ་གཏར་བ་དང་དེའི་གཉེན་པོར་འགྲོ་བའི་སྨན་དཀར་མོ་གསུམ་ཐང་སྟེ་ཤིང་མངར། སྤང་རྒྱན་ཞེས་པ་དང༌། ལི་ཤི་དྲུག་པ་སོགས་སྦྱར་བ་བསྟེན་ནོ། །

བཞི་པ་རྟེན་འབྲེལ་གྱི་སྒོ་ནས་མདངས་སྟོབས་བསྐྱེད་པ་དང་གདབ་པ་ནི། མི་ཁྱི་ར་རྟ་མངལ་ཁྲག་བཅས་ལྔ། སྦལ་སྦྲུལ་གྱི་ཤ་གཉིས། མི་དང་རི་དྭགས་ཆེ་བའི་སྡེར་བཤད་པའི་རྒྱའི་ཚིལ་གཉིས། གླ་རྩི། ཤུ་དག ཤིང་ཀུན། མུ་ཟི། སྒོག་སྐྱ། སྤྲུ་རྩ་སྟེ་དྲི་ཅན་དྲུག་དང་བཙན་དུག་རྣམས་ཙན་དན་མར་ཁུ་ཞེས་ཤུག་པ་ཙན་དན་སྣུམ་ཅན་དེ་གཞོགས་ལ་སྐམས། སྐབས་སུ་མར་ནག་བྲན་པ་རྫ་མ་ཞིག་གི་ཞབས་ལ་བུག་པ་ཕུག། དེའི་ནང་དུ་ཙན་དན་བླུགས། བཟེད་རྫ་འོག་ཏུ་ཡོད་པར་བྱས། རྫ་གཉིས་ཁ་བཅད། རྫ་སྟོང་པའི་མཐའ་སྐོར་དུ་མེ་དལ་བུས་བཏང་བས་འོག་ཏུ་འཛགས་པའི་མར་ཁུ་དེ་དང་སྦྱར་ལ་བྱུག་དགོས་ཀྱང་ནང་དུ་སྨན་ནུས་པ་མ་ཐོན་བར་དུ་ཕྱིའི་བྱུག་པ་སྤང་དགོས་པ་རིག་པས་དཔྱོད་ཅིང༌། སྦལ་སྦྲུལ་གྱི་ཤ་གཉིས། ནག་པོ་གུ་གུལ། གླ་རྩི། ཤུ་དག་གསུམ་དང༌། གསེབ་སྔོ་ནག་གི་རྟ་བོན་པོ། དྲི་མུ་ཟི་ལྡོང་རོས་སྤྲུ་ནག་གི་རྩ་གསུམ། གཞོབ་གླང་ནག་པོའི་རྭ་རྟ་རྨིགརྨ་བྱའི་མདོངས་གསུམ་རྣམས་ཀྱི་དུ་བས་བདུག་པར་བྱ་ཞིང༌། བདུད་རྩི་རིལ་བུ་ནི་གྲུབ་པ་ཐོབ་པའི་བདུད་རྩི་གཡམ་པའི་སྟེང་དུ་བྱུགས་ལ་ཉིན་གཅིག་སྐམ་པར་བྱ། དེ་གུ་གུལ་དང༌། དྲི་ཆུས་འདམ་ཐགས་བྱས་པའི་རིལ་བུ་གྲིབ་སྐམས་བྱས་པ་ཉིན་མོ་སུམ་ཡར་ཞེས་ལན་གསུམ་དུ་བཏང་བས་གདོན་འཇོམས་ཤིང་བྱ་ཁྱུང་གི་ནུས་པ་བསྐྱེད་དོ། །འདིའི་ལག་ལེན་རྒྱས་པར་སྤྲོ་ན་བདུད་རྩི་མར་ཁུའི་རྒྱུད་དུའང་བལྟའོ། །དྲི་ཆུའི་རྟེན་འབྲེལ་ནི་ཕུལ་དགུ་ཤོང་བའི་རྫ་མར་སུམ་ཆའི་མཚམས་སུ་ཐེམ་བུ་གཅིག་བཙུགས། འོག་ཏུ་ཐེམ་བུ་གཅིག་བཙུག་ལ་བྱིས་པ་ལོ་བརྒྱད་པའམ་དགེ་སློང་གཙང་མ་སྔགས་པ་ཚད་ལྡན་གང་རུང་གི་དྲི་ཆུས་བཀང་སྔ་དྲོ་གཅིག་བཞག་པའི་ཐེམ་བུ་གོང་མ་ཕྱིར་ཕོ། བར་མ་ཨ་རུ་ར་ཐུན་གཅིག་བཏབ་སྐོམ་དུ་བཏང་སྙིགས་མ་ཕོ། དེ་ལྟར་མ་འགྲུབ་ན་རང་གི་དྲི་ཆུ་བར་པ་བཏུངས་པས་སྨན་འཇུ་ཞིང་གདོན་ནད་སེལ་ལོ། །དང་ག་འགགས་ན་ཕྱི་རྒྱུད་ལྟར་སེ་འབྲུ་བཞི་པ་དང་བདུན་པ་ནི་སྦྱོར་སྡེ་དངོས་སུ་མ་བཤད་ཀྱང་སེ་འབྲུ་ལྔ་པའི་སྟེང་གསེར་གྱི་མེ་ཏོག་དང་དུག་མོ་ཉུང་བསྣན་པར་བཞེད་པའང་ཡོད་ཀྱང་སེ་འབྲུ་ཁ་རུ་ཚྭ་དང་ཚ་བ་གསུམ་རྒྱ་ཚྭ་དྲུག་ཅེས་པའི་སྟེང་གུར་ཀུམ་བསྣན་པ་གང་འཐད་སྦྱར་བ་དང༌། དེ་རྣམས་ཀྱང་ཁྱད་པར་ཅན་དུ་བྱ་ཁྱུང་ལྔ་པ་ཟ་དུས་སུ་བསྟེན་ནོ། །

ཐ་མ་བཏང་རན་བཟུང་ཚད་བསྟན་པ་ལའང་དང་པོ་བར་དང་ཐ་མ་གསུམ། དོན་བསྡུ་བཅས་བཞི་ནི་འདི་ལྟ་སྟེ། དང་པོ་སྨན་གྱི་སྦྱོར་བ་དེ་རྣམས་བསྟེན་པས་ཇེ་བདེ་ཇེ་བདེ་ལ་སོང་ན་ནད་ཞེན་ཆུང་བ་ཡིན་ཞིང༌། ནད་དེ་ཀུན་ནས་སློང་ཐུབ་ན་གདོན་ཞེན་འབྲིང་པོ་ཡིན་ཞིང༌། ཕན་གནོད་ཅི་ཡང་མེད་ན་གཏིང་དུ་ཞེན་ཆེ་བ་ཡིན་པས། ཞེན་ཆུང་ན་ལོ་གཅིགའབྲིང་ལ་ལོ་གཉིས། ཆེ་ན་ལོ་གསུམ་གྱི་བར་དུ་གསོ་བ་བསྒྲིམ་དགོས་ཤིང༌། །དེ་ཡང་བར་དུ་མང་དུ་བསྟེན་པས་མ་བདེ་བ་དང༌། ཉུང་དུ་བསྟེན་པས་མ་བདེ་ན་གང་མ་བདེ་བ་དེ་ལས་གོ་ལྡོག་ལ་བསྟེན་ནོ། །ནད་འགོ་ཆོགས་པའི་རྟགས་ནི་སྙིང་རྩ་ཡང་སེང་བ་དང༌། ལུས་ཡང་ཞིང་ཁམས་དྭངས་ལ་དང་ག་བདེ་བ་དང༌། སྣ་ཁྲག་འཛགས་པ་དང༌། དྲི་ཆུ་ཁྲག་ཏུ་དོན་འོང་ཞིང་ཞུགས་པར་ཆུ་སེར་འདུས་ཤིང་རྣག་ཁྲག་ཏུ་འཛག་པ་དང༌། གློག་ཤུ་བུད་དང་རྟགས་རྣམས་ཁད་ཀྱིས་ཞེས་རིམ་གྱིས་ནུབ་ཅིང་རྨི་ལམ་དུ་ལུས་ལས་སྲོག་ཆགས་འཐོན་པ་དང༌། ཁྲུས་བྱས་པ་དང༌། བཤལ་བྱུང་བ། སྣ་ཁྲག་ཟགས་པ་སོགས་རྨི་བ་དང༌། སྔར་གནོད་པའི་རྨི་ལྟས་སྲོག་ཆགས་ཆུ་ཤིང་སོགས་ནུབ་པ་དང༌། ཆུ་དང་སྦལ་ལྕོང་སྐམས་ཤིང་དེ་རྣམས་མེར་བསྲེགས་རླུང་ལ་འཕྱར་བ་དང༌། ལུས་ལ་མེ་འབར་ཞིང་ཉི་མ་ཤར་བ་འབྱུང་བ་དང༌། མིག་རྩ་འགྱུར་བ་རྣམས་མིག་གི་ལྷ་མི་བདུད་བཙན་རང་སར་སངས་ཤིང་ཁུགས་པ་དང༌། གནོད་རྟགས་ཀྱི་མིག་རྩ་རྣམས་རྩེ་མོ་ཆད་པ་དང་རྩ་བ་བཏུལ་བ་གང་བྱུང་རྣམས་གདུག་པ་ཀླུའི་གདོན་དང་བྲལ་བའི་རྟགས་ཡིན་ནོ། །དེ་ལ་སོགས་པའི་རྟགས་རྣམས་མཐོང་ན་ཞག་བཅུ་ལ་རིལ་བུ་རེ་རེ་དབྲི་ཞིང་ཕྲི་བས་མི་བདེ་ན་བསྣོན་བདེ་ན་འབྲིད་ཤེས་པར་བྱ་ཞིང་བསྣན་པས་བདེ་ན་ནད་མ་ཐོན་པས་ད་དུང་ཡུན་བསྲིང༌། ཕྲི་བས་བདེ་ན་ནད་ཀྱི་རྩད་ཐོན་པ་ཡིན་པས་རྗེས་གཅོད་ལོ་དུས་བར་དུ་རིལ་བུ་མ་བརྗེད་པ་རྒྱུན་པར་ནམ་ཕྱེད་རེ་རེ་བསྟེན་དགོས་ཏེ་དེས་ནད་མི་ལྡོག་ཅིང་ཕྱི་རྗེས་ཆོད་པར་བྱེད་པ་ཡིན་ལ།

འོན་ཀྱང་ནད་འདི་ཉིད་ནི་ལུས་ཟུངས་ཀྱང་ནད་དུ་འགྱུར་བའི་ཕྱིར་ཐོན་པར་དཀའ་བས་ན་བརྩོན་པས་དར་དྲག་ཅིང་ངང་གིས་སྙུགས་བསྲིང་བ་ཤིན་ཏུ་གཅེས་སོ། །དེ་ཡང་སྤྱིར་ན་ཞེས་པ་མདོ་ལས། འཇིག་རྟེན་འདི་དག་ནི་ལས་ལས་སྐྱེས་པ་ལས་ཀྱི་བགོ་སྐལ་ལ་སྤྱོད་པའོ་ཞེས་པས་ཐམས་ཅད་ལས་ཡིན་པར་བསྟན་ལ། ཁྱད་པར་དུ་ནད་འདི་ནི་སྔོན་གྱི་ལས་ངན་སྤྱད་པའི་འབྲས་བུ་ཁོ་ན་ཡིན་ཞིང་ཚེ་འདིའི་ཉེས་པ་ལས་བྱུང་བ་དང་བཅོས་པས་བདེ་བར་སྣང་བ་ཀུན་ཡང་ལས་ཀྱི་རྗེས་སུ་འབྲངས་པར་ངེས་པས་རྣམ་སྨིན་སྦྱང་བ་དང་ཚོགས་བསག་ལ་འབད་དགོས་ཏེ། དེ་ལ་ཡུལ་ལ་ལྟོས་ན་མི་འཇིགས་པ་སྦྱིན་པ་དང༌། གནོད་བྱེད་ལ་ལྟོས་ན་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ལྷན་ཅིག་པ་བྱ་རི་དྭགས་སོགས་ལ་གནོད་པ་མེད་པའི་རི་རྒྱ། ནོར་སོགས་ལ་གནོད་པ་མེད་པ་ཀླུངས་རྒྱ། མགྲོན་པོ་སོགས་ལ་གནོད་པ་མེད་པ་ལམ་རྒྱ་སྡོམས་པ་དང༌། ལམ་འཕྲང་གི་མི་བདེ་བ་བསལ་བ་དང༌། ཉེའུ་འདོན་ཏེ་ཉ་ཆུང་ཆུ་བསྐམས་ནས་འཆི་བ་ལ་ཐུག་པ་ལས་བཏོན་ཏེ་ཆུ་ཡོད་སར་སྐྱེལ་བའམ་ཡང་ན་དེ་ཉིད་དུ་ཆུ་ཡོད་པར་བྱེད་པ་དང༌། ཆབ་སྟེ་ཆུ་གཏོར་གཏོང་བ་སོགས་སྤྱི་འགྲོ་དང༌། ཚོགས་གསོག་ཅེས་པ་སངས་རྒྱས་ཀྱི་ཀུན་རྫོབ་གཟུགས་སྐུ་ནི་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལས་འབྱུང་བས་སྐྱེད་འབྲས་ཡིན་ལ། དོན་དམ་ཆོས་སྐུ་ནི་བྲལ་འབྲས་སམ་ཡེ་ཤེས་ཀྱི་ཉོན་མོངས་སྦྱངས་པའི་འབྲས་བུ་ཡིན། དེས་ན་སངས་རྒྱས་ནི་རྒྱུ་དགེ་བ་མང་པོ་ཚོགས་པ་ལས་དེ་མཐུན་གྱི་ཚོགས་བསག མི་དགེ་བ་མང་པོ་སྦྱངས་པ་ལས་འབྱུང་བས་སྒྲིབ་པ་མཐའ་དག་སྦྱངས། དེ་ཡང་རང་བཞིན་སྟོང་པར་ཤེས་བཞིན་དུ་རྣམ་པ་དགེ་བ་ལ་འབད། དགེ་ལས་འབད་བཞིན་དུ་ངོ་བོ་སྟོང་པ་རོ་སྙོམས་པ། རྒྱུ་ཚོགས་གཉིས་ཟུང་འཇུག་གམ་བསགས་སྦྱངས་ཟུག་འཇུག་ལས་འབྲས་བུ་སྐུ་གཉིས་ཟུང་འཇུག་འོང་བ་ཡིན་ནོ། །དེ་ཡང་ཞིང་དང་བསམ་པ་དངོས་པོ་གསུམ་ལས། ཞིང་ནི་གང་ལ་ཕུལ་ན་དོན་ཆེ་བ་དགེ་འདུན་ཞེས་སྨོས་པས་སོ་སྐྱེ་བརྒྱ་པས་ཕྱི་རོལ་པའི་དྲང་སྲོང་གཅིག་ལ་ཕུལ་བ་བསོད་ནམས་ཆེ། དྲང་སྲོང་བརྒྱ་པས་དགེ་བསྙེན་གཅིག་ལ་ཕུལ་བ་བསོད་ནམས་ཆེ། དེ་བརྒྱ་པས་དགེ་ཚུལ་གཅིག་ལ་ཕུལ་བ་བསོད་ནམས་ཆེ། དེ་བརྒྱ་པས་དགེ་སློང་གཅིག་ལ་ཕུལ་བ་བསོད་ནམས་ཆེ། ཡེ་ཤེས་སྤྱན་དང་ལྡན་པ་ལ་ནི་དཔག་ཏུ་མེད་ཅིང༌། དགེ་སློང་བཞི་ཡན་ཆད་ནི་སྡེ་རུ་ལོངས་པས་དགེ་སློང་གི་དགེ་འདུན་ཞེས་པས་དེས་ན་མ་མཐའ་འཁོར་དགེ་སློང་བཞི་གྲ་ལ་དྲོ་འདྲེན་པ་དང༌། སངས་རྒྱས་ཀྱི་བཀའ་ནི་སྟོན་པ་དངོས་ཏེ་ཉེས་པ་ཐམས་ཅད་རྩད་ནས་འབྱིན་ཅིང་ལེགས་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་ཀློག་པའམ་བསྒྲག་པ་དོན་གཅིག་པ་རྣམས་ནི། སྡིག་པ་ཞེས་འཇིགས་པའི་སྡིག་པ་ཡིན་པ་དེ་དང༌། འདོད་དོན་ལས་སྒྲིབ་པ་སྒྲིབ་པ་དེ་གཉིས་སྤྱང་བའི་ཕྱིར་རོ། །ཡང༌། སྡིག་སྒྲིབ་སྦྱང་ཕྱིར་སེམས་བསྐྱེད་བསྒོམ། །ཞེས་སྦྱར་ཡང་རུང་སྟེ། སྤྱོད་འཇུག་ལས་ཀྱང༌། སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །དེ་ནི་རྫོགས་པའི་བྱང་ཆུབ་སེམས་མིན་པ། །དགེ་གཞན་གང་གིས་ཟིལ་གྱིས་ནོན་པར་འགྱུར། །ཞེས་པས་སོ། །དེ་ཡང་སེམས་བསྐྱེད་ལ་གཉིས། སྨོན་པ་སེམས་བསྐྱེད་དང་འཇུག་པ་སེམས་བསྐྱེད་གཉིས་ཀྱི་དང་པོ་ནི་ཁམས་གསུམ་ཞེས་འདོད་ཁམས། གཟུགས་ཁམས། གཟུགས་མེད་ཁམས་གསུམ་སྟེ། འདོད་ཁམས་ནི་འདོད་སྲེད་ཅན་དམྱལ་བ། ཡི་དྭགས། དུད་འགྲོ། མི། རྒྱལ་ཆེན་རིགས་བཞི། སུམ་ཅུ་རྩ་གསུམ་འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་མན་གྱི་འགྲོ་བ་ཐམས་ཅད་དོ། །གཟུགས་ཁམས་ནི་གཟུགས་ཀྱི་ཁམས་ཙམ་དང་ལྡན་པ་བསམ་གཏན་གྱི་ལྷ། ཚངས་ཆུང་ནས་འོག་མིན་པའི་བར་རྣམས་སོ། །གཟུགས་མེད་ཁམས་ནི་གཟུགས་མངོན་གྱུར་པ་མེད་པ་ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད། རྣམ་ཤེས་མཐའ་ཡས་སྐྱེ་མཆེད། ཅི་ཡང་མེད་སྐྱེ་མཆེད། འདུ་ཤེས་མེད་མིན་སྐྱེ་མཆེད་བཞི་སྟེ་སྲིད་རྩེ་ཞེས་སོ། །མདོར་ན་འདི་དག་དང་འཇིག་རྟེན་གྱི་ཁམས་གཞན་དུ་ཡོད་པའི་སེམས་ཅན་ཐམས་ཅད་ཕ་དང་མར་མ་གྱུར་པ་མེད་པས་ཏེ། བདག་ཐོག་མ་མེད་པ་ནས་བྱུང་བས་ཀྱང་ཕ་མར་ངེས། གནས་འདིར་ལུས་འདི་མ་བླངས་བྱ་བ་མེད་པས་ཀྱང་ཕ་མར་ངེས། ཐམས་ཅད་ཕ་མར་བརྟེན་པ་མང་བས་ཀྱང་ཕ་མར་ངེས་པ་ཡིན། དེ་དག་ཕ་མར་གྱུར་པའི་དུས་སུ་ལུས་བསྐྱེད་པ་གནོད་པ་བསལ་བ། འཇིག་རྟེན་བསྟེན་པ་བརྩེ་བས་བསྐྱངས་པ་ཤ་སྟག་ཡིན་པས་དྲིན་འཁོར་ཐབས་མེད་པ་ཡིན་ཡང་བདག་གིས་དེ་དག་ལ་ཕན་འདོགས་པ་ལྟ་ཞོག་གནོད་པ་ཁོ་ན་བསྐྱལ་བས་དེའི་ལན་ཚུར་ཆགས་པ་བདག་ལྟ་བུས་སྦྱང་བའི་དོན་དུ་སྤྱིར་སེམས་ཅན་ཐམས་ཅད་དང༌། སྒོས་གདོན་རིགས་མཐའ་དག་དང༌། ཡང་སྒོས་གནོད་བྱེད་ཀྱི་ཀླུ་གདོན་དེས་གཙོ་བྱས་པ་ཐམས་ཅད་དངོས་འཛིན་གྱི་ཉོན་མོངས་པས་སྨྱོ། གཞན་ལ་གནོད་བྱེད་འཁྱལ་པར་གྱུར་པ་འདི་དག་བདེ་བ་དང་ལྡན་པར་བྱའོ་སྙམ་པའི་བྱམས་པ། འདི་དག་སྡུག་བསྔལ་གྱི་འབྲས་བུ་ལ་ལོངས་སྤྱོད་ད་དུང་རྒྱུ་བསགས་པ་ལ་སྙིང་རྗེ། འདི་རྣམས་ལ་ཕན་གདགས་པ་ལ་བདག་ལ་ནི་སྟོབས་མ་མཆིས་པས་འདི་དག་གི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་སྙམ་དུ་སྙིང་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི་ལྡོག་པའི་བསམ་པ་ཡིན་ལ། བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ་སངས་རྒྱས་ཀྱི་ཡོན་ཏན་ཕྲིན་ལས་མཐའ་དག་གི་དངོས་རྒྱུའོ། །གཉིས་པ་ནི་ལུས་ངག་ཅེས་པ་དེ་ཡང་སྔོན་ཆད་རང་དོན་ཁོ་ན་བྱས་པས་འཁོར་བར་འཁྱམས་སྡུག་བསྔལ་མྱོང་རྒྱུན་དེས་ཚོགས་པས་དེ་ནི་ལུས་ངག་ཡིད་གསུམ་དང་ལོངས་སྤྱོད། དུས་གསུམ་དུ་བསགས་པའི་དགེ་རྩ་ཐམས་ཅད་སེམས་ཅན་རྣམས་ལ་བྱིན་ཞིང་བློས་ལིང་གིས་བཏང་ནས་གཞན་དོན་ཁོ་ན་བྱ་བ་སྟེ་ཕ་རོལ་ཏུ་ཕྱིན་པ་གཅིག་ལའང་ཕར་ཕྱིན་ཐམས་ཅད་གདུས་པར་ལྟའོ། །དེ་དག་ནི་སེམས་བསྐྱེད་པ་སྨོན་པ་དང་སྦྱིན་བློས་བཏང་བ་འཇུག་པ་སྟེ་སྨོན་འཇུག་ཟུང་འཇུག་གོ། ངེས་དོན་དུ་ལུས་སེམས་དང༌། བདག་གཞན་ནད་གདོན་ལ་སོགས་པ་འཁོར་འདས་ཀྱི་སྡུག་བསྔལ་བའི་ངོ་བོ་ཐམས་ཅད་རང་བཞིན་ཞེས་པ་བློ་ཡུལ་ལམ་འཛིན་སྟངས་རང་རང་གི་ངོ་བོའམ་རང་གི་རང་བཞིན་ཏེ་དེ་ནི་བཟང་ངན་ཡོད་མེད་སོགས་གང་དུའང་མ་གྲུབ་ཅིང་གྲུབ་པ་མེད་མོད། ཐ་སྙད་ཙམ་དུ་རང་བཞིན་མ་གྲུབ་པའམ་རང་བཞིན་གྲུབ་པ་མེད་པ་བཤད་པའི་གཞིར་ཞོག། དེ་ཡང་ལུས་འདི་སྒྱུ་མ་རྨི་ལམ་ལྟར་སྣང་དུས་ནས་རང་བཞིན་གྱིས་མ་གྲུབ། སྣང་ཙམ་དུ་འདོད་ནའང་ལུས་སོ་སོར་གསིལ། དེ་ཡང་རྡུལ་ཕྲན་དུ་གསིལ། རྡུལ་ཕྲན་ཡང་ཕྱོགས་དྲུག་གི་ཆ་ཤས་ཕྱེ་ན་ལུས་མི་འགྲུབ་སྟེ། སྤྱོད་འཇུག་ཏུ། དེ་བཞིན་སོར་མོའི་ཚིགས་ཡིན་ཕྱིར། །ལག་པའང་གང་ཞིག་ཡིན་པར་འགྱུར། །དེ་ཡང་ཚིགས་ཀྱི་ཚོགས་ཡིན་ཕྱིར། །ཚིགས་ཀྱང་རང་གི་ཆ་ཕྱེ་བས། །ཆ་ཡང་རྡུལ་དུ་ཕྱེ་བ་སྟེ། རྡུལ་དབང་ཕྱོགས་ཆའི་དབྱེ་བ་ཡིས། །ཕྱོགས་དབྱེ་ཆ་ཤས་དང་བྲལ་ཞིང༌། །མཁའ་བཞིན་དེ་ན་རྡུལ་ཡང་མེད། །དེ་ནི་རྨི་ལམ་ལྟ་བུ་ཡི། །གཟུགས་ལ་སྤྱོད་ལྡན་སུ་ཞིག་ཆགས། །གང་ཚེ་དེ་ལྟར་ལུས་མེད་པ། །དེ་ཚེ་སྐྱེས་གང་བུད་མེད་གང༌། །ཞེས་དང༌། སེམས་ཀྱང་རང་བཞིན་མ་གྲུབ་སྟེ་དངོས་པོ་དང་མཚན་མར་མ་གྲུབ་པས་ཡོད་མེད་སོགས་དང་བྲལ་ལོ། །རིག་རིག་གསལ་གསལ་ཡུལ་ཡུལ་ལྟར་སྣང་བ་འདི་སེམས་ཡིན་ནམ་སྙམ་ན་དེ་ཡང་དཔྱད་པའི་ཚེ་གང་དུའང་མ་གྲུབ་ཀྱང་སེམས་ཡོད་དེ་ཡུལ་ཡུལ་ཅན་དུ་གྲུབ་བོ་ཞེ་ན་ཤེས་བྱ་ཡུལ་དང་སེམས་ཤེས་པ་སྔ་ཕྱིའམ་ལྷན་ཅིག་ཏུ་གྲུབ་དགོས་ཏེ། དེ་དག་དགག་པ་ནི་སྤྱོད་འཇུག་ལས། ཤེས་བྱ་ལས་སྔར་ཤེས་ཡོད་ན། །དེ་ནི་ཅི་ལ་དམིགས་ནས་བསྐྱེད། །ཤེས་དང་ཤེས་བྱ་ལྷན་ཅིག་ན། །དེ་ཡང་ཅི་ལ་དམིགས་ནས་སྐྱེ། །འོན་ཏེ་ཤེས་བྱ་རྗེས་སུ་ཡོད། །དེ་ཚེ་ཤེས་པ་གང་ལ་སྐྱེ། །ཞེས་སོགས་མང་ངོ༌། །དེ་ལྟར་རྟེན་ལུས་སེམས་མ་གྲུབ་ན། །དེ་ལ་བརྟེན་པའི་ནད་དང་གདོན་ཀྱང་མི་འགྲུབ་སྟེ། ཟུག་རྔུའི་ཚེའང་རྟགས་དང་ངོ་བོ་དང་བྲལ་ལོ། །གདོན་ཡང་རང་བཞིན་མ་གྲུབ་སྟེ། གདོན་རང་གི་ལུས་ནི་སྣང་དུས་ནས་སྟོང༌། སེམས་ནི་སྐད་ཅིག་ཆ་མེད་དོ། །གདོན་མ་གྲུབ་པས་དེའི་གནོད་པའང་མི་འགྲུབ་སྟེ་ནམ་མཁའི་པདྨ་བཞིན་ནོ། །དེས་ན་ལུས་སེམས་ནད་གདོན་ཐམས་ཅད་གདོད་མ་ནས་རང་བཞིན་མ་གྲུབ་པའི་ཕྱིར། དེ་གཞལ་བྱེད་ཀྱི་བདག་ཀྱང་གང་དུའང་མེད་ཅིང་མི་དམིགས་ཏེ། རྒྱལ་པོ་ཤར་པ་ལ་གདམས་པའི་མདོ་ལས། ལུས་ནི་བདག་མ་ཡིན་ཏེ་ཤ་དང་རུས། །འབྱུང་ཆེན་འདུས་པ་ཕྱི་རོལ་རྩིག་པ་འདྲ། །མིང་ནི་བདག་མ་ཡིན་པ་བཏགས་པ་ཙམ། །སེམས་ཀྱང་བདག་མ་ཡིན་པ་དངོས་མེད་ཅེས། །སྟོང་པ་ནི་སྣོད་ཆུས་སྟོང་པ་ལྟ་བུ་ཉི་ཚེ་བའི་སྟོང་པ་དང༌། ཡོད་པ་བཀག་པའི་སྟོང་པ་ཕྱོགས་གཅིག་སྟོང་པ་དང༌། སྟོང་པ་ཕྱང་ཆད་མུ་སྟེགས་ཆད་ལྟ་བུའི་སྟོང་པ་མ་ཡིན་ཏེ། དེ་ཐམས་ཅད་བློ་ལས་མ་འདས་སོ། །སྟོང་པའི་དོན་ལ་རྒྱུན་དུ་བལྟ་བའི་བསྒོམ་པ་ནི། སྟོང་མཁན་གྱི་བདག་མ་གྲུབ། སྟོང་བྱའི་དངོས་པོ་མ་གྲུབ། སྟོང་བྱེད་ཀྱི་གཉེན་པོ་མ་གྲུབ། སྟོང་བྱེད་ཀྱི་གཉེན་པོས་མ་གྲུབ་པས་མཐར་འཛིན་ཐམས་ཅད་ལས་འདས་པ་དེ་ཉིད་རྟེན་ཅིང་འབྲེལ་འབྱུང་གི་ངོ་བོར་གནས་ཤིང་རྣམ་པར་སྣང་བ་སྟེ། དབུ་མ་རྩ་ཤེར། གང་གི་རྟེན་ཅིང་འབྲེལ་པར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་ཅིང་རྟག་མེད་པ། །འོང་བ་མེད་ཅིང་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །ཞེས་སོ། །དེ་ལྟར་ཆོས་ཐམས་ཅད་དངོས་པོར་མ་སྐྱེས། དངོས་མེད་དུ་མ་འགགས་པ་སྟེ་གཤིས་སྟོང་པའི་གནད་ཀྱི་གདངས་ཅིར་ཡང་སྣང་བའམ་འཆར་བས་དགེ་བའི་ཆོས་ཐམས་ཅད་ལྷུན་གྲུབ། གདངས་ཅིར་ཡང་འཆར་བའམ་སྣང་བའི་གནད་ཀྱི་གཤིས་ཅིར་ཡང་མ་གྲུབ་པ་དེ་གཉིས་སུ་མེད་གཉིས་སུ་བྱར་མེད། སོ་སོ་མ་ཡིན་ཐ་མི་དད་པའོ། །དེ་ལྟར་སྨོན་འཇུག་ནི་ཀུན་རྫོབ་སེམས་བསྐྱེད། བློའི་སྤྲོས་པ་མཐའ་དག་ཞི་བ་ནི་དོན་དམ་སེམས་བསྐྱེད། དེ་གཉིས་དབྱེར་མེད་པར་ཡིན་ལ་ཡིན་བཞིན་དུ་ཉམས་སུ་བླངས་པས་སྲིད་ཞི་གཉིས་ལ་མི་གནས་པའི་སངས་རྒྱས་འགྲུབ་བོ། །འདི་དག་ནི་གཞུང་གི་སྡོད་ཚུལ་དང་བསྟུན་ཕར་ཕྱིན་ཐེག་པ་ལྟར་བཤད་པ་ཡིན་ནོ། །

ཐ་མ་མཛེས་ལུམས་པའི་དུས་སུ་འཕྲལ་བདེ་བའི་ཕྱིར་ཕྱི་རྒྱུད་ལྟར་གྱི་རྩ་ལྟོའི་སྦྱོང་དང་ཆུ་སེར་གདོང་རྩ་དང་གང་རྒྱས་པའི་རྩ་ལ་གཏར་བ་གཙོ་ཆེ་བར་གསུངས་ཀྱང་ལུས་ཟུངས་དང་ཡང་སྦྱར་དགོས་ཏེ། ཡན་ལག་བརྒྱད་པར། མཛེ་ཅན་ནད་ལ་ལན་མང་སྦྱངས་གྱུར་ན། །དེ་ཡི་སྲོག་བསྲུང་ལན་མང་འབད་བྱ་སྟེ། །ནད་ནི་ལྟག་པར་ཕྱུངས་པས་ཉམ་ཆུང་ལ། །རླུང་ལྡང་མྱུར་དུ་གསོད་པར་བྱེད་པར་འགྱུར། །ཟླ་བ་ཕྱེད་ཅིང་སྐྱུག་སྨན་བཏང་བ་དང༌། །ཟླ་བ་རེ་རེ་ནས་ནི་བཀྲུ་སྨན་བཏང༌། །མགོ་བོ་སྦྱང་བ་ཞག་ནི་གསུམ་གསུམ་ནས། །ཟླ་བ་དྲུག་དྲུག་ནས་ནི་གཏར་ག་བྱ། །ཞེས་གསུངས་པའི་ཕྱིར་རོ། །ཟས་སྤྱོད་ནི་གནོད་པ་སྤང་ཞིང་རིལ་བུ་སྨན་མར་སོགས་གོང་དུ་བཤད་པ་ལྟར་བསྟེན་དགོས་ཏེ། དེས་ནད་ཁ་བྲིད་ནས་ཚེ་རིང་བར་འགྱུར་ཞིང་ཚེ་རིང་བའི་དགོས་པ་ནི་གོང་དུ་བསྟན་པ་དེ་དག་ཉམས་སུ་བླང་ཡུན་རིང་བས་ཕྱི་མ་བདེ་བ་ཐོབ་བོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་གདུག་པ་ཀླུའི་གདོན་ནད་གསོ་བའི་ལེའུ་སྟེ་བརྒྱད་ཅུ་རྩ་གཅིག་པའོ། །དེ་ལྟར་ལེའུ་ལྔ་ནི་ནད་གདོན་གསོ་བ་སྐབས་བཅུ་གཅིག་དང༌། དེ་ལྟར་གྱི་ལེའུ་ལྔ་སྐབས་གཅིག་ནི་གདོན་ནད་གསོ་བ་སྟེ་ཡན་ལག་བཞི་པའོ།། །།


མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 4:41 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།