སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གྱ་གཅིག་པ། གདུག་པ་ཀླུའི་གདོན་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 09.02.2011
མན་ངག་རྒྱུད། >> ལེའུ་གྱ་གཅིག་པ། གདུག་པ་ཀླུའི་གདོན་ནད་གསོ་བ།



ལེའུ་གྱ་གཅིག་པ། གདུག་པ་ཀླུའི་གདོན་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག ལན་ཅིག་ལྔ་བརྒྱ་ཐ་མའི་དུས་ཚོད་དུ། །བསྐལ་པའི་ཆ་ཉམས་འབྱུང་བའི་བཅུད་ཤོར་བས། །མི་རྣམས་ཟ་ཐང་བྲི་ནས་དབུལ་པོར་འགྱུར། །ས་གཉན་རློག་ནས་སྤང་ཐ་ཞིང་དུ་འདྲུ། །ཆུ་གཉན་དཀྲུགས་ནས་ནེའུ་གསིང་རྫིང་དུ་བསྐྱིལ། །ཤིང་གཉན་གཅོད་ཅིང་རྡོ་གཉན་རྩ་བ་འདེགས། །མི་གཙང་འཐབ་གཞོབ་བཤན་དམར་འཇོལ་ཉོག་སྤྱོད། །བན་བོན་ནུས་པ་སྒྲུབ་པའི་ལོང་མེད་ནས། །གཉན་ས་དཀྲུགས་པས་དགྲ་རྣམས་ཐུལ་ལ་རེ། །དེ་ཚེ་ཀླུ་གཉན་ས་བདག་ལྷ་སྲིན་འཁྲུགས། །རེག་མཐོང་ཁ་རླངས་བསམ་པའི་དུག་འཕྲོས་པས།  །ཙི་ཏི་ཛྭ་ལ་འབར་བའི་བསྐལ་པ་དར། །མཐོང་བས་སྐྱུག་བྲོ་བསམས་པས་སྐྱི་འཇིགས་ཤིང་། །ཐོས་ན་ཡ་ང་རང་རོ་རང་གིས་མཐོང༌། །ཚེ་འདིའི་གཉེན་འདུན་ཀུན་དང་གསོན་འབྲལ་བྱེད།  །དེ་འདྲའི་ནད་ཀྱི་གསོ་ཐབས་ངས་བསྟན་གྱིས། །དྲང་སྲོང་ཆེན་པོ་མ་ཡེངས་གུས་པས་ཉོན།  །འདི་ལ་རྒྱུ་རྐྱེན་མཚན་ཉིད་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་ལྔ་རུ་ཤེས་པར་བྱ།།

རྒྱུ་ནི་ལུས་ལ་གནས་པའི་ཆུ་སེར་ལ། །དེ་རྐྱེན་སྔོན་གྱི་ལས་ཀྱི་རྣམ་སྨིན་པ། །འཕྲལ་དུ་གདོན་དང་ཕོག་ཐུག་བྱུང་བ་འམ། །ཟས་སྤྱོད་དབང་གིས་འདུ་བ་འཁྲུགས་གྱུར་པས། །ཆུ་སེར་ནག་པོ་ལུས་ལ་རྒྱས་པ་ཡིན།།

མཚན་ཉིད་ཤ་ལྤགས་རུས་ཚིགས་རྩ་ཁྲག་དོན། །ཆུ་སེར་བསྲུལ་བས་ལུས་ཀུན་མ་རུངས་བྱེད། །མི་བཟོད་གསོ་དཀའ་མཛེ་ཡི་ནད་དུ་བཤད།།

དབྱེ་བ་གནས་དང་རིགས་ཀྱིས་བཅོ་བརྒྱད་འགྱུར། །ཞུགས་ཚུལ་གནས་ཀྱིས་དབྱེ་ན་སྐྱི་ལྤགས་རྩི། །མདོག་སྟོབས་ཤ་ཚིལ་ཆུ་བ་རྩ་དང་ཁྲག །ཆུ་སེར་རུས་ཚིགས་ལྷ་བ་ཀླད་རྐང་ཁུ། །དོན་ལ་ཞུགས་པས་དབྱེ་བ་བཅུ་དང་བརྒྱད། །རིགས་ཀྱིས་དབྱེ་བ་རྐྱང་པ་ལྡན་འདུས་བདུན། །ཐོད་འདྲ་ཟླུམ་པོ་གླང་ཤུ་ཨུ་དུམ་ཝར། །རི་ཤའི་ལྕེ་དང་ལྤགས་མཛེ་གཅིག་པུ་དང༌། །འབྲུམ་ཕྲན་ཤ་བཀྲ་འབྲས་བྱེར་སེར་ག་དང༌། །ཤུ་བ་ཁ་བརྒྱ་པདྨ་དཀར་པོ་དང༌། །འབྲུམ་བུ་གཡན་པ་པགས་པ་མྱགས་པ་དང༌། །འོལ་སེ་འདྲ་དང་སུམ་ཅུ་རྩ་དྲུག་གོ།

བརྟག་ཐབས་དང་པོ་ནད་ངོས་བཟུང་བ་དང༌། །གསོ་ཚེ་སྤང་བླང་མུ་བཞིར་བརྟག་པའོ། །ངོས་བཟུང་རྟགས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་ཕྱི་ནང་གསང་བ་གསུམ་གྱིས་བརྟག །ཕྱི་ལ་མངོན་ཚུལ་རྨི་ལམ་བརྟག་པ་དང༌། །མཚན་ཉིད་ལུས་ངག་ཡིད་ལ་བརྟག་པའོ། །རྨི་ལམ་ཆུ་དང་ཤིང་དང་ནིའུ་གསིང་དང་། །སྦལ་ལྕོང་ཉ་སྦྲུལ་འབུ་སྦྲང་སྡིག་སྡོམ་སོགས། །ལུས་ལ་འབྱར་དང་གསེབ་ན་འདུག་པ་དང༌།  །གཡག་མཛོ་གཅན་གཟན་རྣམས་ཀྱིས་དེད་པ་དང༌། །མི་ཤོང་སྒོ་འཕྲང་འཛུལ་དང་གཡང་ལ་ལྷུང༌། །ཉི་ནུབ་ས་སྲོས་སེར་བ་བབས་པ་དང༌། །མདའ་དང་སྒོ་ང་ལྷ་ཁང་ལྡེར་བཟོ་འགུལ། །བུད་མེད་དག་གིས་ལུས་ཟུངས་འབྱིན་པ་རྨི། །ལྷས་ཚོར་དུས་ཏེ་གདོན་གྱིས་འདེབས་པའི་རྟགས། །ལུས་ལ་བརྟག་པ་བཞིན་ལ་འགྱུར་ལྡོག་བྱེད། །བཀྲག་ཕྲོགས་པ་འམ་ཡང་ན་སྐྱེས་པ་དང༌། །དོན་མེད་ཁྲག་སྐྱེ་སྣ་ཁྲག་འཛག་པ་དང༌། །པགས་པ་རེས་འགས་རེས་རྩུབ་ཚ་འམ་གྲང༌། །གཡའ་ཞིང་ཕྲུག་འདོད་ཤུ་ཐོར་ཆུ་བུར་འོང༌། །འགུལ་འཕྲིག་ཕོ་མཆིན་མི་བདེ་རུས་རྐང་ན། །ལྤགས་ཚིགས་བསྣད་པའི་རྨ་རྣམས་ཡུན་རིང་གནས། །ངག་ལ་བརྟག་པ་འགྱུར་ལྡོག་མང་བ་སྟེ། །ཡིད་ལ་བརྟག་པ་སྙིང་འཆུ་མི་དགའ་འཕྱོ། །ཁྲོ་ཚིག་འགྲོ་འདོད་གོང་རྟགས་གསང་བར་ཐུབ། །རང་ཚོར་དུས་ཡིན་གདོན་གྱིས་ཐེབས་པར་ངེས། །ནང་གི་བརྟག་པ་རྣམ་རྟོག་ཅི་འདྲ་ཡང༌། །བཞིན་ཉིད་མེ་ལོང་འདྲ་སྟེ་བཀྲུས་ལ་བརྟག །མེ་ཏོག་ཡོད་སར་ཆུ་མི་འཆགས་པར་སྐམ། །སྐྱ་སྨུག་དམར་སོགས་ཤ་མདོག་འགྱུར་བ་ལ། །ཤ་ལྤགས་བཏེག་ནས་མཐེ་བོས་མནན་རྗེས་འོང༌། །སྣ་གོང་མཁུར་ཚོས་སྨིན་དབྲག་རྣམས་སུ་མང༌། །མེ་ཏོག་སྐམས་ན་དུས་ལས་འདས་ཞེས་བྱ།  །གསལ་བར་སྟོན་པ་དབང་པོ་མིག་ཡིན་ཏེ། །མི་གནོད་པ་ཡི་རྩ་དང་གནོད་པའི་རྩ། །གདོན་རིགས་འཇུག་ཚུལ་ལུས་ཀྱི་ཞུགས་ས་དང༌། །ཐུབ་དང་མི་ཐུབ་ལོ་གྲངས་བརྟག་པར་བྱ། །གསང་བ་སྨན་གྱི་སྒོ་ནས་བརྟག་པ་སྟེ། །མུ་ཟི་གུ་གུལ་ཤུ་དག་གླ་རྩི་བཞི། །སྲུབ་ཀ་ལོ་མར་མཉམ་ལ་རས་སུ་ཕུར། །དྲི་ཆུར་སྦངས་ལ་ཞག་གསུམ་སྐོམ་དུ་བཏང༌། །དྲི་ཆུ་ཁྲག་དང་ཆུ་སེར་སྣ་ཚོགས་དང༌། །རང་གི་མདོག་ལས་གནོད་དང་མི་གནོད་བརྟག །བྱེ་བྲག་བརྟག་པ་དུག་དང་གདོན་རིགས་དང༌། །ཞུགས་ཚུལ་བབས་ས་ཉེས་པའི་རིགས་ཀྱིས་བརྟག །དང་པོ་དུག་གི་སྒོ་ནས་བརྟག་པ་ནི། །ལྕི་འཐིབས་ས་དུག་ཡང་ཞིང་གཡོ་བ་རླུང༌། །ཚ་སྲེག་མེ་དུག་གྲང་ཞིང་བསིལ་བ་ཆུ། །གདོན་རིགས་དབྱེ་བ་རྩ་བ་ཡན་ལག་གཉིས། །ཡན་ལག་ཐེ་བྲང་འགོང་པོ་སྐྱི་ལ་འབབ། །དམ་སྲི་པགས་པ་ས་བདག་ཤ་ལ་འཛིན། །གཉན་རྩ་བ་སུ་རིགས་དྲུག་ཆུ་རྒྱུས་འཛིན། །རྩ་གདོན་རྒྱལ་རིགས་ཡིད་དུག་གཙུག་ནས་འཇུག །རྗེ་རིགས་མཐོང་བའི་དུག་སྟེ་རྩ་ནས་འཇུག །བྲམ་ཟེ་ཁ་རླངས་དུག་སྟེ་ལག་པ་གཡོན། །དམངས་རིགས་རེག་དུག་རྐང་པ་གཡས་ནས་འཇུག །གདོལ་པ་མཆེ་བའི་དུག་ཅན་རྐང་པ་གཡོན། །མཇུག་ཏུ་ཀླུ་ཡི་རྒྱལ་པོ་དོན་ལ་འབབ། །འཇུག་ཚུལ་རྣམ་པ་ལྔ་ཡི་སྒོ་ནས་འཇུག །ཀུ་རེ་ཀྱལ་ཀའི་ཚུལ་དུ་ཞུགས་པ་དང༌། །ལོངས་སྤྱོད་རེ་འདོད་ཚུལ་གྱིས་ཞུགས་པ་དང༌། །མི་གཙང་མནོལ་གྱི་སྒོ་ནས་ཞུགས་པ་དང༌། །དོ་སྡོ་བསད་པའི་སེམས་ཀྱིས་ཞུགས་པ་དང༌། །ལས་ཀྱི་རྣམ་སྨིན་ཚུལ་དུ་ཞུགས་པར་བརྟག །བབས་ས་གནས་ཀྱི་སྒོ་ནས་བརྟག་པ་ནི། །སྐྱི་དང་པགས་པ་རྩི་དང་མདོག་ལ་ཞུགས། །སྟོབས་དང་ཤ་ཚིལ་ཆུ་བ་རྩ་དང་ཁྲག །ཆུ་སེར་རུས་ཚིགས་ལྷ་བ་ཀླད་པར་ཞུགས།  །རྐང་དང་ཁུ་བ་དོན་ལ་ཞུགས་པར་བརྟག །དོན་ནི་སྙིང་དང་གློ་བ་མཆིན་པ་དང༌། །མཆེར་པ་མཁལ་མར་ཞུགས་པ་བརྟག་པར་བྱ། །མདོར་བསྡུས་བཅུ་གསུམ་གནད་ལ་ངོ་ཡིས་བཟུང༌།  །ཉེས་པའི་སྒོ་ནས་མཛེ་རིགས་བཅོ་བརྒྱད་བརྟག །རླུང་མཛེ་ཐོད་འདྲ་མཁྲིས་མཛེ་ཨུ་དུ་ཝར།  །བད་ཀན་ལས་གྱུར་ཟླུམ་པོ་གླང་ཤུ་གཉིས། །རླུང་དང་མཁྲིས་པར་ལྡན་པ་རི་ཤའི་ལྕེ། །བད་རླུང་ལས་གྱུར་ལྤགས་མཛེ་གཅིག་པུ་དང༌། །འབྲུམ་ཕྲན་ཤ་བཀྲ་འབྲས་བྱེར་སེར་ག་དྲུག །བད་མཁྲིས་ལས་གྱུར་ཤུ་བ་རྨ་ཁ་བརྒྱ། །པད་དཀར་འབྲུམ་བུ་གཡན་པ་ལྤགས་མྱགས་དྲུག །འདུས་པ་ལས་གྱུར་འོལ་མོ་སེ་འདྲའོ། །ནད་འདི་འོག་ནས་རྐུན་བུར་འཇུག་པའི་ཕྱིར། །མི་གསལ་འཁྲུལ་སོ་མང་བས་བརྟག་པ་གཅེས། །ཕྱི་ནང་གསང་རྟགས་གསུམ་གྱིས་གཏན་ལ་ཕོབ། །ཉྭ་རྩ་རླུང་གདོན་འཕྲིག་པར་ནོ་ར་རེ། །ཤ་འབུར་སྲིན་འབུར་གཏིང་འབུར་ནོ་ར་རེ། །ཤ་སྒང་ཉྭ་སྒང་ཆུ་སྒང་ནོ་ར་རེ། །ཤ་ལྤགས་སྐྱི་རོ་རུས་རོ་ནོ་ར་རེ། །ཁ་ཡོ་མིག་སླེ་སྐམ་རློན་ནོ་ར་རེ། །ནད་དང་ཁམས་འདུས་གདོན་གསུམ་ནོ་ར་རེ། །ཀྱལ་ཀ་རེ་འདོད་རྣམ་སྨིན་དོ་སྡོ་བ།  །འདི་དག་འཕྲང་ལ་མ་ཤོར་ངོས་བཟུང་གཅེས། །ཟས་སྐོམ་སྤྱོད་ལམ་གནས་མལ་གོས་ལ་སོགས།  །དྲི་དང་རེག་པས་འགོས་ཕྱིར་བསྲུང་བ་གཅེས། །གཉིས་པ་སྤང་བླང་མུ་བཞིར་བརྟག་པ་ནི།  །མཁར་བརྒྱད་རྩེ་ནས་བཅོམ་པ་དང༌། །སྙིང་པོ་བཞི་ལ་ཞུགས་པ་དང༌། །རྩེ་མོ་གསུམ་ལ་ཟིན་པ་དང༌། །ཚིགས་ཆེན་མཁར་ནས་ཕབ་པ་དང༌། །དུག་བཞི་ལུས་ལ་རྒྱས་པ་དང༌། །མདངས་གསུམ་ཡལ་དང་སྤུ་གསུམ་བྱི། །ཆུ་གསུམ་བོ་དང་རྒྱ་མཚོ་རླབས། །གློ་སྙིང་མཆིན་མཆེར་མཁལ་མར་རྒྱས། །མཐིལ་བཞིའི་རླངས་པ་ཡལ་བ་དང༌། །ས་བདག་རྨེ་བ་ཆགས་པ་རྣམས།  །གསོ་རུ་མི་རུང་སྤང་བར་བྱ། །དེ་འདྲེས་པ་ནི་གསོ་བ་ཙམ། །རྒྱལ་པོའི་ཕོ་བྲང་བཏབ་པ་ལ༌།  འབྲས་བུ་སྨིན་པའི་རྟགས་མེད་ན། །དེ་ནི་གསོ་བ་དཀའ་བ་ཡིན། །དམངས་ནི་གྲོང་ཁ་ཡན་པ་ལ། །རྟོག་པ་སྣ་ཚོགས་གྲངས་མང་ཡང༌། །གོང་ལས་བཟློག་པ་གསོ་བ་སླ།། 

ལྔ་པ་བཅོས་པའི་ཐབས་ལ་རྣམ་པ་གསུམ། །གནོད་པ་བསྲུང་ཞིང་ཞུགས་པ་དབྱུང་བ་དང༌། །ཐ་མ་ལུམས་པའི་དུས་སུ་ཚེ་བསྲིང་བའོ། །དང་པོ་གནོད་པའི་དུས་སུ་བསྲུང་བ་ནི། །མ་རུངས་གདུག་པ་འདུལ་མཛད་འགྲོ་བའི་མགོན། །མཐུ་སྟོབས་བདག་པོ་ཕྱག་ན་རྡོ་རྗེ་ཡི། །སྙིང་པོ་བཟླས་པས་ཀླུ་ཡི་དུག་རྣམས་སེལ། །ས་རྡོ་མཱུ་ལ་བདུད་རྩིའི་བཅུད་ལེན་གྱིས། །ཆུ་སེར་མི་སྐྱེ་གདོན་རྣམས་ཐུབ་པར་འགྱུར། །བར་དུ་ཞུགས་པའི་དུས་སུ་དབྱུང་བ་ནི། །སྔོན་འགྲོ་རྒྱུ་རྐྱེན་ཆུ་སེར་སྦྱང་བ་དང༌། །དངོས་གཞི་གདུག་པའི་དུག་ནད་གཞོམ་པ་དང༌། །རྗེས་གཅོད་ཀོ་ལེ་ནད་ཀྱི་གདོན་ཐབས་དང༌། །གང་དགོས་རྟེན་འབྲེལ་མདངས་སྟོབས་གདབ་པ་དང༌། །ནད་ཐོན་མ་ཐོན་བཏང་རན་བཟུང་ཚད་བསྟན། །དང་པོ་ནད་ཀྱི་རྒྱུ་དང་གདོན་གྱི་རྐྱེན། །ཆུ་སེར་ལྟོ་དང་རྩ་ནས་སྦྱང་པ་ནི། །ཁྲུས་དང་སྐུ་མཉེ་སྔོན་འགྲོ་སྤྱི་དང་འདྲ། །བ་ཆུར་དུར་བྱིད་ལྕུམ་རྩ་འབྲས་བུ་གསུམ། །སྔོན་བུ་བསྡུས་ཁུར་ཆུ་སེར་སྨན་གསུམ་དང༌། །གུ་གུལ་བྱི་ཏང་ག་བཏབ་རྒྱུན་སྦྱོངས་བྱ། །ཡང་ན་འབྲས་བུ་གསུམ་དང་ཚ་བ་ལྔ། །དུར་བྱིད་དནྡ་དོང་ག་བྱ་ཀྲྀ་དང༌། །ཧོང་ལེན་ཤུ་དག་བོང་ང་ཙི་ཏྲ་ཀ །པ་ཏྲ་ཤྲཱི་ཁཎྜ་བཏགས་ལྡེ་གུ། །མར་དུ་བསྐོལ་ལ་ལྟོ་སྲའི་བཀྲུ་སྨན་སྦྱར། །དེ་རྗེས་རྩ་ནས་སྦྱང་བ་སྤྱི་སྨན་ལ། །ཆུ་སེར་སྨན་གསུམ་གུ་གུལ་གླ་རྩི་ལྔ། །གདོན་དང་ཆུ་སེར་སྦྱང་ཕྱིར་མདེ་ཁ་བསྒྱུར། །གློ་སྙིང་མཆིན་མཆེར་མཁལ་མ་ཤ་རུས་རྩ། །གང་བབས་ནད་སྟེང་ཁྲིད་པའི་ནང་ཡན་སྦྱར། །བཏང་ཐབས་ལྕག་དང་ལོག་གནོན་རྗེས་གཅོད་རྣམས།  །སྦྱོང་བྱེད་ལས་ལྔའི་མདོ་རུ་ཤེས་པར་བྱ། །ར་བ་བཞི་ལ་ལན་རེ་སྦྱང་བ་གཅེས། །རྒྱུ་རྐྱེན་མེད་ན་འབྲས་བུ་ག་ལ་འབྱིན། །གཉིས་པ་གདུག་པའི་དུག་ནད་གཞོམ་པ་ལ། །ཟས་དང་སྤྱོད་ལམ་སྨན་དཔྱད་རྣམ་པ་བཞི།  ཁ་ཟས་དཀར་དང་མངར་གྱི་རྣམ་པ་དང༌། །རུལ་སྐྱུར་ཚྭ་དང་སྔོ་ཚོད་འཇིག་ཟས་སྤང༌། །འབྲུ་རྙིང་གསར་ཤ་སྐམ་ཡིབ་ཕྱེ་ཐུག་དང༌། །ཆབ་ཚ་སིངས་པོ་བརྡ་བྲོ་ཆུ་གྲང་བསྟེན། །སྤྱོད་ལམ་ཆགས་པ་དྲག་ཤུལ་ཉིན་མོའི་གཉིད། །མི་གཙང་གཉན་པའི་ཐུབ་ཆོད་ཀུན་ལ་འཛེམ། །སྨན་སྦྱོར་ཐང་ཕྱེ་རིལ་བུ་ལྡེ་གུ་དང༌། །སྨན་མར་ལྔ་ལས་དང་པོ་ཐང་སྦྱོར་ནི། །སེང་ལྡེང་ནིམ་པ་སླེ་ཏྲེས་པ་ཏོ་ལ། །བྱི་ཚེར་ལྔ་ཡིས་ཆུ་སེར་རང་སར་སྐེམ། །སེང་ལྡེང་ཆིག་ཐང་མཛེ་ནད་འཇོམས་པའི་མཆོག །ཕྱེ་མ་ཅོང་ཞི་སྦལ་རྒྱབ་ཆིག་ཐུབ་གཉིས། །བེ་སྣབས་གྲུ་བཞི་རྡོ་རྒྱུས་མཉྫི་ར། །གསེར་དངུལ་ཟངས་ལྕགས་རྡོ་དང་ཚ་ལ་མཚལ། །བཟང་དྲུག་ཆུ་སེར་སྨན་གསུམ་འབྲས་བུ་གསུམ། །གུ་གུལ་གླ་རྩི་མུ་ཟི་ཙི་ཏྲ་ཀ །གསེར་གྱི་མེ་ཏོག་མ་ནུ་རུ་རྟ་དང༌། །སེང་ལྡེང་ཀ་ར་སྦྱར་བས་ཆུ་སེར་སྐེམ། །ཀྱི་ལྕེ་མིང་ཅན་སེར་ནག་བྲག་སྤོས་པ། །གླ་རྩི་གུ་གུལ་རུ་རྟ་སེང་ལྡེང་དང༌། །སྤོས་དཀར་ཀ་ར་སྦྱར་བ་དྲི་ཆུས་དབུལ། །གྲང་ཤས་ཆེ་ན་ཨ་རུ་བཙན་དུག་བསྣན། །ཀླུ་གཉན་ས་བདག་དུག་ནད་འཇོམས་པའི་མཆོག །རིལ་བུའི་སྦྱོར་སྡེ་བྱ་ཁྱུང་རིན་པོ་ཆེ། །དང་པོ་བྱ་ཁྱུང་རྣམ་ལྔ་སྦྱར་བ་ནི། །ཤ་རུས་རྒྱུས་པ་སྙིང་ཁྲག་བྱ་ཁྱུང་ལྔ། །བཞི་གཅིག་སུམ་གཉིས་ཕྱེད་དང་སུམ་ཆ་སྦྱར། །ཨ་རུ་བཙན་དུག་རིམ་པས་ཞིབ་པར་བཏགས། །དེ་ནས་བསྲེས་ལ་སྐམ་འཐགས་འཐེམས་པར་བྱ། །ལོ་བརྒྱད་དྲི་ཆུས་ཆུ་ཐགས་ཉིན་གསུམ་བྱ། །བྱང་བའི་ཚད་ནི་གནག་ལ་འཚེར་བར་འོང་། །གླ་རྩི་རིལ་བུ་བྱེད་ཁད་ཆུར་སྦྱངས་བཏང༌། །གི་ཝཾ་ནག་པོ་ཚན་དེ་ཚ་གྲང་བསྒྱུར།  །གུ་གུལ་ནག་པོ་གདོན་གྱི་གཉེན་པོར་གཅེས། །འབྲུ་ལྔས་དབང་བསྐུར་ཏིང་འཛིན་ལྡན་པས་ཟ། །ཚེས་བཅུའི་བར་དུ་རེ་རེ་ཉི་ཤུ་གཉིས། །སུམ་ཅུ་གསུམ་གསུམ་ནུབ་མོ་སུམ་ཡར་བཏང་།  །ཞུགས་པའི་དུས་ནས་ལོ་རུ་བསྟེན་པར་བྱ། །དེ་ལ་བདེ་སྐྱེད་མེད་ན་ཤ་གཉིས་ཕྲི། །ལོ་དུས་བསྟེན་པས་མཛེ་རིགས་བཅོ་བརྒྱད་སེལ། །ཀླུ་ཡི་དུག་ནད་མ་ལུས་གཏན་ནས་འཇོམས། །རིན་ཆེན་སྦྱོར་བ་དངུལ་ཆུ་དུག་ཕྲལ་དང༌། །མུ་ཟི་སེང་ལྡེང་ཁཎྜ་བཟང་པོ་དྲུག །ཆུ་སེར་སྨན་གསུམ་གུ་གུལ་བྱ་ཁྱུང་སྦྱར། །ཀླུ་ཡི་གདོན་འཇོམས་ཆུ་སེར་རྩད་ནས་སྐེམ། །ཁྱད་པར་དངུལ་ཆུ་སྟར་བུ་མུ་མེན་གསེར། །སྒྲོན་ཤིང་དེ་བ་དཱ་རུ་ཨ་རུ་ར། །གུ་གུལ་དཀར་ནག་གླ་རྩི་སོ་མ་ར། །ཐལ་ཀ་རྡོ་རྗེ་དག་དང་བཟང་པོ་དྲུག །ཙན་དན་དཀར་པོ་གི་ཝཾ་དྲི་ཆེན་རྣམས། །རིལ་བུ་གཅིག་གཉིས་གསུམ་དུ་བསྐྱེད་ལ་བཏང༌། །འདི་ཡིས་ལས་ཀྱི་རྣམ་སྨིན་ཡིན་སྲིད་ཀྱང༌། །ཚེ་འདིའི་མཛེ་ནད་ངེས་པར་ཤོལ་ཐེབས་འགྱུར། །བཏང་ཐབས་ལོག་གནོན་རིན་ཆེན་སྦྱར་སྡེ་ལྟོས། །ལྡེ་གུའི་སྦྱོར་བ་ལྕགས་ཕྱེ་ཙི་ཏྲ་ཀ །སྐྱུ་རུ་བྱི་ཏང་ག་དང་པི་པི་ལིང༌། །སྦྲང་སྦྱར་ལྡེ་གུས་མཛེ་ནད་རྒྱས་པ་འཇོམས། །སེང་ལྡེང་ལྕ་བ་ར་མཉེ་ཆ་མཉམ་པའི། །ཁཎྜ་སྦྲང་སྦྱར་བཟང་དྲུག་བྱི་ཏང་ག །ཆུ་སེར་སྨན་གསུམ་དྲོད་སྨན་ཙི་ཏྲ་ཀ །ཁ་ཚར་བཏབ་པའི་ལྡེ་གུས་མཛེ་ནད་འཛོམས། །མུ་ཟི་ཨ་རུ་སྦྲང་སྦྱར་ཆ་མཉམ་སྟེ། །ལྕགས་གཡའ་བསྒོས་པའི་ལྡེ་གུས་མཛེ་ནད་འཇོམས། །སྨན་མར་སེང་ལྡེང་ཏིག་ཏ་ཆེ་འབྲིང་སྦྲང༌། །བཟང་དྲུག་ཆུ་སེར་སྨན་གསུམ་ཁ་ཚར་བཏབ། །ཆུ་སེར་སྐེམ་ཞིང་ལུས་སྟོབས་རྒྱས་པར་བྱེད། །དཔྱད་དུ་གང་ཞུགས་རྩ་གཏར་རླངས་པ་དབྱུང༌། །ཁྱད་པར་དཔྲལ་རྩ་ཆུ་སེར་གདོང་རྩ་གཏར། །གསུམ་པ་ཀོ་ལེ་ནད་ཀྱི་གདོན་ཐབས་ནི། །གདོང་ལ་ལུད་ན་བྱང་པ་རྒྱ་ཚྭ་དང་། །དུར་བྱིད་སྲུབ་ཀ་སྤྲུ་མ་གཟེ་མ་དང༌། །ཅུ་གང་ཆང་དང་སྦྱར་བ་དྲོད་ཕབ་མནན། །ལངས་ནས་བྱུགས་པས་གདོང་བཤལ་ཆུ་སེར་འདོན། །ཐག་ཆོད་ལུག་སུག་ཐལ་བ་མར་དཀར་བྱུག །ཀོ་ལེར་སྦྲིད་བེམ་བཙགས་ལ་རྔབས་རྭས་དྲང༌། །ཡང་ན་དྲི་ཆུས་བཀྲུས་ལ་བྱང་པ་དང་། །དུར་བྱིད་རྒྱ་ཚྭ་སྔོ་ཡི་ཚ་བ་གསུམ། །གོང་ལྟར་མནན་ལ་བྱུགས་ཏེ་ཉི་མས་བསྲེག །ཡང་ན་སྔགས་ཀྱིས་ཆུ་སེར་དྲང་བར་བྱ། །ཤ་རོ་གཙགས་ཀྱིས་དྲལ་ལ་ཟ་སྨན་གཞུག །སྐྱོན་དང་བྲལ་ནས་རྨ་ལ་འཚོ་སྨན་གདབ། །སྨིན་མ་བྱི་ན་ཕག་ཚིལ་ཟེར་མོའི་ཁྲག །ཚྭ་དང་ལྡོང་རོས་བ་བླ་རྐང་མར་དང༌། །ཁམ་བུའི་རྩི་དང་སྦྲང་སྦྱར་བྱུགས་པས་འཚོ། །མཚུལ་པ་འགགས་ན་སྣ་སྦྱོངས་ཡང་ཡང་བཏང༌། །གྲེ་བ་འགགས་ན་གཏར་དང་དེ་སྨན་སྦྱར། །བཞི་པ་རྟེན་འབྲེལ་མདངས་སྟོབས་གདབ་པ་ནི། །(མི་ཁྱི་ར་རྟ་མངལ་)ཁྲག་ལྔ་(སྦལ་སྦྲུལ་གྱི་)ཤ་གཉིས་(མི་དང་རྒྱའི་)ཚིལ་གཉིས་(གླ་རྩི་ཤུ་དག་ཤིང་ཀུན་མུ་ཟི་སྒོག་སྐྱ་སྤྲུ་རྩ་སྟེ་)དྲི་ཅན་དྲུག །བཙན་དུག་ཙན་དན་མར་ཁུ་སྦྱར་ལ་བྱུག །ཤ་གཉིས་ནག་པོ་གསུམ་དང་རྟ་བོན་པོ། །དྲི་གསུམ་གཞོབ་གསུམ་དུ་བས་བདུག་པར་བྱ། །བདུད་རྩི་རིལ་བུ་ཉིན་མོ་གསུམ་ཡར་བཏང་། །དྲི་ཆུའི་རྟེན་འབྲེལ་སྨན་འཇུ་གདོན་ནད་སེལ། །དང་ག་འགགས་ན་སེ་འབྲུ་བཞི་བདུན་སྦྱར། །དེ་ཡང་ཁྱད་པར་བྱ་ཁྱུང་ཟ་དུས་བསྟེན། །ཐ་མ་བཏང་རན་བཟུང་ཚད་བསྟན་པ་ནི། །དང་པོ་སྨན་གྱི་སྦྱོར་བ་བསྟེན་པ་ཡིས། །ཇེ་བདེ་སོང་ན་ནད་ཞེན་ཆུང་བ་ཡིན། །ནད་ཀུན་སློངས་ན་གདོན་ཞེན་འབྲིང་པོ་ཡིན། །ཕན་གནོད་མེད་ན་གཏིང་ཞེན་ཆེ་བ་ཡིན། །ལོ་གཅིག་ལོ་གཉིས་གསུམ་གྱི་བར་དུ་སྒྲིམ། །བར་དུ་མང་བསྟེན་བདེ་དང་ཉུང་བསྟེན་བདེ། །གང་མ་བདེ་བ་དེ་ལས་བཟློག་ལ་བསྟེན། །ནད་འགོ་ཆོགས་རྟགས་སྙིང་རྩ་སེང་བ་དང༌། །ལུས་ཡང་ཁམས་དྭངས་དང་ག་བདེ་བ་དང༌། །སྣ་ཁྲག་འཛག་དང་དྲི་ཆུ་ཁྲག་ཏུ་དོན། །ཞུགས་སར་ཆུ་སེར་འདུས་ཤིང་རྣག་ཁྲག་འཛག །གློག་ཤུ་བུད་དང་རྟགས་རྣམས་ཁད་ཀྱིས་ནུབ། །རྨི་ལམ་ལུས་ལས་སྲོག་ཆགས་འཐོན་པ་དང༌། །ཁྲུས་བྱས་བཤལ་བྱུང་སྣ་ཁྲག་ཟགས་པ་རྨི། །གནོད་པའི་རྨི་ལྟས་ནུབ་དང་སྐམ་བསྲེགས་འཕྱར། །ལུས་ལ་མེ་འབར་ཉི་མ་ཤར་བ་འབྱུང༌། །མིག་རྩ་སངས་ཁུགས་ཆད་བཏུལ་གང་བྱུང་རྣམས། །གདུག་པ་ཀླུ་ཡི་གདོན་དང་བྲལ་བའི་རྟགས། །དེ་རྟགས་མཐོང་ན་རིལ་བུ་རེ་རེ་དབྲི། །ཕྲི་བས་མི་བདེ་སྣོན་འབྲིད་ཤེས་པར་བྱ། །བསྣན་པས་བདེ་ན་མ་ཐོན་ད་དུང་བསྲིང༌། །ཕྲི་བས་བདེ་ན་ནད་ཀྱི་རྩད་ཐོན་པས། །ལོ་དུས་བར་དུ་མ་བརྗེད་རྒྱུན་པར་བསྟེན། །དེ་ཡིས་མི་ལྡོག་ཕྱི་རྗེས་ཆོད་པ་ཡིན། །ལུས་ཟུངས་ནད་དུ་གྱུར་ཕྱིར་ཐོན་དཀའ་བས། །བརྩོན་པས་དར་དྲག་ངང་གིས་སྙུགས་བསྲིང་གཅེས། །སྤྱིར་ན་ནད་འདི་སྔོན་གྱི་ལས་ངན་ཏེ། །རྒྱ་དང་ལམ་འཕྲང་བསལ་དང་ཉེའུ་འདོན་དང༌། །ཆབ་གཏོར་ཚོགས་འཁོར་དགེ་སློང་བཞི་གྲྭ་དང༌། །བཀའ་བཀླག་སྡིག་སྒྲིབ་སྦྱང་ཞིང་སེམས་བསྐྱེད་བསྒོམ། །ཁམས་གསུམ་སེམས་ཅན་ཐམས་ཅད་ཕ་མ་ཡིན། །ཕ་མའི་ལན་ཆགས་བུ་ཡིས་སྦྱང་དོན་དུ། །སྤྱི་དང་སྒོས་དང་ཡང་སྒོས་སེམས་བསྐྱེད་ལ། །ལུས་ངག་ཡིད་དང་ལོངས་སྤྱོད་སྦྱིན་བློས་བཏང༌། །ལུས་སེམས་ནད་གདོན་རང་བཞིན་མ་གྲུབ་ཕྱིར། །བདག་མེད་སྟོང་པའི་དོན་ལ་རྒྱུན་དུ་བལྟ། །ཐ་མ་ལུམས་དུས་སྦྱོངས་དང་གཏར་བ་གཙོ། །གནོད་པ་སྤང་ཞིང་རིལ་བུ་སྨན་མར་བསྟེན། །དེ་ཡིས་ནད་ཁ་བྲི་ནས་ཚེ་རིང་འགྱུར། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གདུག་པ་ཀླུའི་གདོན་ནད་གསོ་བའི་ལེའུ་སྟེ་བརྒྱད་ཅུ་རྩ་གཅིག་པའོ།། །།


 

 

མཐའ་མའི་འདོན་ཐེངས་།: 21.12.2022 ཉིན། 10:19 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།