སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གོ་གཅིག་པ། རོ་ཙ་བར་བྱ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་གོ་གཅིག་པ། རོ་ཙ་བར་བྱ་བ།



ལེའུ་གོ་གཅིག་པ། རོ་ཙ་བར་བྱ་བ། 

དེ་ནས་ཞེས་པ་ནི་སྔ་ཕྱི་མཚམས་སྦྱོར་བ་དང༌། སླར་ཡང་ཞེས་པ་འཕྲོའི་མུ་བསྐྱར་བའི་དོན་ཏེ་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས་ཞེས་ཞེ་ས་དང་བཅས་ཏེ་དམར་ཁྲིད་ལག་ཏུ་ལེན་པའི་མན་ངག་གི་རྒྱུད་འདིའི་རོ་ཙའི་སྐབས་ལ་ཅི་འདྲ་ལྟར་བསླབ་པར་བགྱི་ཞིང༌། རོ་ཙ་ཞེས་པའི་མིང་ངམ་དོན་དེ་གང་ལ་བྱ་བ་ཡིན་དང༌། རོ་ཙའི་ནད་དེ་ནི་ལུས་ཀྱི་དབང་པོ་དང་དོན་སྣོད་གང་ལ་གནས་སོགས་སེམས་ཅན་གྱི་སྲོག་འཚོ་བར་མཛད་པའི་སྨན་པའི་རྒྱལ་པོ་ཆེན་པོས་བཤད་དུ་གསོལ་ཞེས་ཞུས་པ་ལས། སྟོན་པས་བཀའ་སྩལ་བ། ཀྱེ་ཞེས་ཕྱིར་ཡང་བོས་ཏེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ཞེས་ཉན་པར་བསྐུལ་ཏེ་རོ་ཙ་ཞེས་པའི་དོན་ནི་ཡིད་ལ་འདོད་པ་ལྟར་སྤྱོད་པ་དང་བདེ་བ་སྟེར་ནུས་ཤིང༌། ཕ་མེས་ཀྱི་རིགས་བརྒྱུད་དམ་བུ་ཚ་རྣམས་སྤེལ་བར་བྱེད་པ་ཡིན་ཏེ། འདི་ལ་སློབ་དཔོན་དཔའ་བོས། བུད་མེད་ལ་རབ་ཆགས་གྱུར་པ། གང་དང་གང་གིས་འཕེལ་འགྱུར་བ། །དེ་ནི་རོ་ཙ་བྱེད་པ་སྟེ། །ལུས་ཀྱི་སྟོབས་ཀྱང་སྐྱེད་པའི་མཆོག། ཆོས་དང་གྲགས་དང་ཚེ་རིང་དང༌། །འཇིག་རྟེན་གཉིས་ཀའི་བཅུད་ལེན་འགྱུར། །ཞེས་དང༌། དེ་ཡང་གསང་སྔགས་རྣམས་སུ་ཀུན་རྫོབ་རྒྱུའི་ཐིག་ལེ་ལ་དོན་དམ་བྱང་ཆུབ་སེམས་སྟོང་ཞིང་གནས་པས་རྟེན་ཐིག་ལེ་འཕེལ་ན་བརྟེན་པ་བདེ་བ་འཕེལ་ཞིང༌། བདེ་བ་གཟུང་འཛིན་ཆགས་སྡང་དུ་ཞེན་ན་འཁོར་བ་བདེ་བའམ་སྙིང་རྗེ་སྟོང་ཉིད་དང་དབྱེར་མེད་དུ་སྦྱོར་བ་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་སུ་འདོད་པས་བདེ་བ་སྤེལ་བའི་ཐབས་མང་དུ་བསྟན་མོད། འདིར་རོ་ཙ་ནི་ཁམས་ལ་རག་ལས། ཁམས་ནི་ལུས་ཟུངས་ལ་རག་ལས། ལུས་ཟུངས་ནི་རོ་དྲུག་གི་མཚན་ཉིད་ཅན་གྱི་ཟས་སྨན་སོགས་ལ་རག་ལས་པས་རྒྱུ་མཚན་དེའི་ཕྱིར་བཅུད་ལེན་རོ་ཙའི་སྦྱོར་སྡེ་དེའི་དམིགས་ཡུལ་ནི་རིགས་འདོད་པའི་དོན་དུ་བཞག་སྟེ། དཔའ་བོས། གཅིག་པུ་སྐྱོན་ནི་མེད་པ་ཡིས། །ཚངས་པར་སྤྱོད་ལ་བདག་ཡི་རངས། །སྙིང་སྟོབས་ཆུང་ལ་ཉོན་མོངས་པས། །གནོད་པར་གྱུར་པའི་ནད་བུ་ཅན། །ལུས་འདི་ཟད་པ་བསྲུང་བའི་ཕྱིར། །རོ་ཙའི་ཆོ་ག་བརྗོད་པ་ཡིན། །

ཞེས་སོགས་རྒྱ་ཆེར་གསུངས་ལ་གོང་དུ་བཤད་པ་དེ་ལ་ཡང་གཙོ་བོ་དང་ཡན་ལག་གི་དབྱེ་བ་རྣམ་པ་གཉིས་ཡོད་དེ་དེ་ལ་ཡང་ལས་དང་ཉོན་མོངས་པའི་དབང་གིས་ཕོ་དང་མོར་སྣང་བ་གཉིས་ཀྱི་སྐྱེས་པ་ཕོ་ནི་རོ་ཙའི་གཙོ་བོ་ལྟ་བུ་ཡིན་ཏེ། གང་ཞེ་ན་སྐྱེས་པ་དེས་འདོད་པ་སྤྱོད་པར་མ་ནུས་ན་བུད་མེད་བརྒྱས་བསྐོར་ཡང་བདེ་བ་དང་རིགས་བརྒྱུད་སོགས་ཀྱི་དོན་མི་འགྲུབ་ཅིང༌། སྐྱེས་པའི་ཁུ་བ་དེ་སྐྱོན་མེད་པར་འཕེལ་བར་གྱུར་ན་བུད་མེད་གཅིག་གིས་རིགས་བརྒྱུད་སྤེལ་མ་ཐུབ་ཀྱང་བུ་ཚ་འཕེལ་བ་གཞན་ནས་བཙལ་དུ་རུང་བས་དེའི་ཕྱིར་ན་རོ་ཙའི་གཙོ་བོ་ནི་སྐྱེས་པ་ཡིན་ནོ། །

དེའི་ཡན་ལག་ལྟ་བུ་ཟ་མ་བུད་མེད་ཡིན་ཏེ། བུད་མེད་གང་གིས་ཀྱང་ས་བོན་འཛིན་ཞིང་བུ་ཚ་སྤེལ་བའི་གཞིར་འགྱུར་ཙམ་ནུས་ཀྱང་བུ་ཕོ་འོང་བ་དགོས་ཏེ་ཕའི་རབས་སམ་བརྒྱུད་དེ་བུ་མོས་མི་ཟིན་པས་ན་གཙོ་བོར་སྐྱེས་པ་ཁོ་རང་གི་ངོ་བོ་མི་འགྱུར་བས་སྤྱད་ཡུལ་ཀུན་ལ་སྤྱད་བཏུབ་ཀྱང་བུད་མེད་དང་སྐྱེས་པ་དེ་གཉིས་ལས་མི་མཐུན་པའི་དབང་དང༌། བུད་མེད་དེ་བསོད་ནམས་དམན་པ་ལ་བུ་མི་འབྱུང་བས་དེ་ལ་བུད་མེད་གཞན་བཙལ་བའམ། ཡང་ན་མོ་རང་ལ་ནད་བསལ་བའམ་བུ་དཔལ་བསྐྱེད་པ་སོགས་ཀྱི་ཐབས་དང་ཡན་ལག་གཅེས་སོ། །དེ་ཡང་དཔེ་དང་སྦྱར་ན་སྐྱེས་པ་ས་བོན་ལྟ་བུ་དེའི་ཁུ་བ་ལ་སྐྱོན་མེད་པའི་ཡོན་ཏན་དང་ལྡན་པ་ཞིག་མ་བྱུང་ན་ཡན་ལག་བུད་མེད་ཞིང་ས་བཟང་པོ་ཡོད་ཀྱང་བུ་ཚ་མྱུ་གུ་མི་འབྱུང་བ་དང་འདྲ་ཞིང༌། གཙོ་བོ་སྐྱེས་པ་ས་བོན་ལྟ་བུ་ཡོན་ཏན་དང་ལྡན་པ་ཡོད་ཀྱང་བུད་མེད་སྐྱོན་ཅན་ཞིང་ས་ངན་པ་ལྟ་བུ་ལ་ས་བོན་བཏབ་ཀྱང་དོན་མེད་པ་དང་མཚུངས་པས་ཕན་ཚུན་ལྟོས་དགོས་པ་དང༌།

དེ་ཡང་ཁམས་ཀྱི་དྭངས་མ་ལུས་ཟུངས་ཐམས་ཅད་ལ་རྒྱུ་རྐྱེན་གྱི་ཚུལ་དུ་ཁྱབ་པས་དོན་སྣོད་སྤྱི་དེ་ལའང་གནས་མོད་ཀྱང་ལྷག་པར་བསམ་སེའི་ནང་དུ་གནས་པར་བཤད་དེ། སོ་མ་ར་ཛ་ལས། བསམ་སེ་ཞེས་པ་འཛག་སྣོད་དེ། །ཆེ་ཆུང་བྱེད་པ་ལྒང་ལྤགས་འདྲ། །འདོད་པའི་ས་བོན་བྱུང་ན་གང༌། །ཞེས་དང༌། བཤད་རྒྱུད་དུ། བསམ་སེའུ་ནི་ནོར་གྱི་བང་མཛོད་འདྲ། །ཞེས་ཏེ། དེའི་ནང་དུ་ཟས་སྐོམ་སོགས་ཀྱི་དྭངས་མ་ཁྲག་ཤ་ཚིལ་རུས་རྣམས་ཀྱི་བཅུད་ཀྱི་དྭངས་མ་རིམ་གྱིས་ས་བོན་སྐྱེས་པ་ལ་དཀར་པོ། བུད་མེད་ལ་དམར་པོ་ཡིན་ལ་དེ་གཉིས་ཕོའི་དཀར་པོ་ཁ་མར་བལྟས་དམར་པོ་ཡར་བལྟས། མོའི་དཀར་པོ་ཁ་ཡར་བལྟས་དམར་པོ་མར་བལྟས་པའི་རྟེན་བསམ་སེའུ་ཡིན་པར་བསྟན་ཏེ། རྒྱུ་མཚན་དེའི་ཕྱིར་རོ་ཙ་དང་བུ་བསྐྱེད་མི་ནུས་པའི་ནད་ནི་ཕོ་མོ་གཉིས་ཀ་ལ་འབྱུང་བའི་ཐུན་མོང་གི་ནད་དུ་འདོད་པ་དེ་ལས་ཡན་ལག་ལྟ་བུ་བུད་མེད་བཙལ་ཐབས་སོགས་ལེའུ་འོག་མར་བཤད་པ་ལྟར་རྟོགས་དགོས་ཤིང༌།

དེ་ལ་གཙོ་བོ་སྐྱེས་པའི་རོ་ཙ་ལ་སྦྱོར་བ་དང༌། དངོས་གཞི་དང༌། དགོས་ཆེད་དང་རྣམ་པ་གསུམ་ལས་སྦྱོར་བ་ལ་ཡང་གང་ཟག་དང༌། གནས་དང༌། གྲོགས་དང༌། སྔོན་འགྲོ་དང་བཞིའོ། །གང་ཟག་སྐྱེས་བུ་རྟག་ཏུ་འདོད་པའི་ཡུལ་བསྟེན་པས་ཀྱང་བུ་མ་བྱུང་ན་བུད་མེད་ནི་ཡལ་ག་མེད་པའི་ཤིང་དང་མཚུངས་ཏེ་གཅིག་ཏུ་གནས་ཤིང༌། དེ་འགྱེལ་ན་སྐྱེ་རྒྱུན་ཆད་འགྲོ་བ་དང༌། དབང་པོ་ཡུལ་དང་སྦྱོར་བའི་རེག་པ་དང་མཐོང་བ་ལ་སོགས་པའི་ཁོང་ནས་ཉན་བསམ་ལའང་བུ་དང་འདྲ་བ་གང་ཡང་མེད་པས་རྒྱུ་མཚན་དེའི་ཕྱིར་སྐྱེས་བུ་དེས་བུ་དེ་འདོད་པ་ན་རོ་ཙའི་ཐབས་དེ་ལ་འབད་པར་བྱའོ། །གཉིས་པ་འདི་ལ་རྒྱུ་རྐྱེན་སྐབས་རྒྱུ་ནི་ཉོན་མོངས་པ་འདོད་ཆགས་ལས་རྐྱེན་དངོས་སུ་མེད་ཀྱང་གཏོགས་པ་ཙམ་ནི་དེའི་གནས་ཁང་ཉེ་འཁོར་རྫིང་བུ་ཞེས་དགའ་བདེར་སྤྱོད་པའི་ཁུས་རྫིང་ཡིད་འོང་དང་པདྨ་ཞེས་མེ་ཏོག་གི་ར་བས་མཚོན་པ་དང་ནགས་ཚལ་ཞེས་རྩི་ཤིང་ནགས་ཚལ་གྱི་བསིལ་གྲིབ་ཡོད་པར་རྣ་བར་བྱ་སྐད་སྙན་པའི་སྒྲ་དང་གླུ་གཞས་ངག་ཚིག་སོགས་དང་སྐམ་རླན་སྙོམས་པ་ཚ་བསིལ་མཐུན་པས་ཡིད་བདེར་གྱུར་པ་ལས་རོ་ཙ་བར་ནུས་སོ། །གྲོགས་བུད་མེད་དེ་ནི་དར་བབས་ཞེས་ན་རྒས་པ་མ་ཡིན་ཅིང་གཞོན་པ་གྲོང་པའི་ཆོས་ཀྱིས་མ་གོས་པ་མ་ཡིན་པའི་ལོ་བཅུ་དྲུག་ནས་བདུན་ཅུར་བཤད་ཀྱང་འདིར་ཉེར་ལྔ་ཚུན་ལུས་བཞིན་སོགས་མཛེས་སྒེག་སྟེ་སྙིང་སྡུག་ཁྲུས་ཀྱིས་མཚོན་ཡིད་དུ་འོང་བའི་རིགས་དང་རྒྱན་དང་ལྡན་པ་ངག་རང་བཞིན་དང་གླུ་སོགས་སྙན་ལ་ཚིག་འཇམ་པོ་མི་འདོད་པ་མིན་པ་འགྲོ་འདུག་དང་བཞིན་འཛུམ་སོགས་ཡིད་འོང་སྤྱོད་ཚུལ་ཤིས་པ་དགོས་པ་ལ་དེ་ཡང་ཡན་ལག་བརྒྱད་པར། ཡིད་ནི་དགའ་བར་བྱེད་པ་གང་དང་གང༌། །དེ་དང་དེར་ནི་རོ་ཙ་བྱེད་པ་ཡིན། །ཞེས་འབྱུང་བས་སོ། །སྔོན་འགྲོ་ནི་སྣུམ་འཆོས་དང་བཅུད་ལེན་སྐབས་བཤད་པའི་ཁྲུས་ཀྱིས་སྦྱང་བྱས་ལ། ནི་རུ་ཧ་ཕྱི་རྒྱུད་འཇམ་པོ་དང་འཇམ་རྩིར་སླེ་འཇམ་བཅས་ལ་བཏང༌།

དངོས་གཞི་ས་བོན་བསྐམས་པ་གསོ་བ་དང་རླུགས་པ་བཅད་པ་གཉིས་ཀྱི་གསོ་བ་ལ་ཟས་དང་སྤྱོད་ལམ་དང་སྨན་དང་དཔྱད་བཞི་ལས།

ཟས་ནི་ཀ་ར་དང༌། བུ་རམ་དང༌། སྦྲང་རྩི་དང༌། ཚིལ་མེད་ཀྱི་ཤ་ཁུ་དང༌། འོ་མ་དང༌། ཞུན་མར་དང༌། འོ་མའི་སྤྲིས་མ་སོགས་རོ་མངར་ཞིང་མདོག་དཀར་པོས་མཚོན་ཡིད་དུ་འོང་བ་ལ་ལུས་ཀྱི་སྟོབས་འཕེལ་ཞིང་ཉམས་བརྟས་པར་བྱེད་པ་གང་ཡིན་པ་དེ་བསྟེན་པ་དང༌།

སྤྱོད་ལམ་ནི་སྐྱེས་པས་བུད་མེད་ལ་མིག་བལྟས་འོ་བྱེད་པ་མཇིངས་པ་ལ་སོགས་ནས་འཁྱུད་པ་དང་ཡིད་དུ་འོང་བའི་གཏམ་ཞེས་སྐབས་འདིར་འདོད་པ་གཙོ་བོར་གྱུར་པའི་གཏམ་དང་ཕན་ཚུན་འཛུམ་ལ་སོགས་ཉམས་འཆར་གྱི་སྒོ་ནས་འགྲོགས་པར་བྱས་ན་རོ་ཙ་བར་ནུས་སོ། །

དེས་ཀྱང་མ་ནུས་ཚེ་སྨན་གྱི་སྦྱོར་བ་བཤད་པ་ནི་སྤྱིར་བཅུད་ལེན་རོ་ཙའི་གཞུང་རྣམས་སུ་གནམ་དང་ས་གཉིས་ཀྱི་སྲས་ཀྱི་ལྷ་བུ་དང༌། སྲས་མོ་ལྷ་ཀླུ་སྡེ་བརྒྱད་ཀྱི་བུ་མོ་རྣམས་ཕན་ཚུན་ཆགས་པས་ཁམས་གཡོས་ནས་འཐོར་བ་ལ་རོ་ཙའི་སྨན་རྣམས་སུ་གྱུར་ཏེ་ནུས་པ་ཆེ་ཆུང་ལ་རྒྱལ་བློན་དམངས་སོགས་རྣམ་གཞག་མཛད་པ་སོགས་ལས་འདིར་ཤའི་བཅུད་རྣམས་ཀྱིས་རྒྱལ་པོ་ད་བྱིད་དེ། དངོས་ནི། གངས་ལས་བྱུང་བའི་ཀརྐ་ཊ། །གཉའ་མཇུག་ཐུང་ཞིང་ཆུ་ཞེང་གབ། །བཅད་ན་ཚིལ་བུའི་རང་བཞིན་ཅན། །དེ་ནི་ད་བྱིད་སྨུག་པོའོ། །ཞེས་གངས་སྦལ་ཏེ། དེ་ཡང་ཕོ་སྦལ་མཆོད་རྟེན་གྱི་རི་མོ་དང་གསེར་གྱི་སྨིན་མ་ཅན་མཇུག་མའི་རི་མོ་གྱེན་དུ་བསྟན་པ་ལ་ད་བྱིད་སྨུག་པོ་ངོ་བོ་ཕོ་ཡིན་ཀྱང་རྣམ་པ་མོ་སྦལ་ཆ་མཚུངས་པདྨའི་རི་མོ་དང་གཡུའི་སྨིན་མ་ཅན། མཇུག་མའི་རི་མོ་ཐུར་དུ་བསྟན་པ་ནགས་སྦལ་དུ་གྲགས་པ་ལ་ད་བྱིད་སེར་པོ་ཞེས་བྱའོ། །ཕོ་གངས་སྦལ་དེ་ནི་ཀླུང་ཤོད་ཀྱི་ཉ་མོའི་ཐོག་ཏུ་འོངས་པའི་མར་ལམ་གྱི་ཟུངས་བཟང་བ་དེ་བྱུང་ན་ལུས་ཀྱི་སྟོབས་སྐྱེད་ཅིང་ཁུ་བ་འཕེལ་བའི་མཆོག་ཡིན་ཅིང༌། ཕལ་ཆེར་ཡར་ལམ་མ་གཏོགས་མི་ཟིན་ཅིང་དེས་ཀྱང་རུང་བས། དེ་ལ་སྦྱར་ཐབས་སྐྱིན་གོར་གྱི་སྦྱོར་བ་དང༌། ཅོག་ཀྲོང་གི་སྦྱོར་བ་དང༌། དགུ་སྦྱོར་དང༌། བཅུ་གསུམ་པའི་སྦྱོར་བ་དང༌། ལྔ་པའི་སྦྱོར་བ་དང་ལྔའོ། །དེ་ཡང་སྐྱིན་གོར་སྦྱོར་བ་ནི་ར་མཉེ། ཉེ་ཤིང༌། ལྕ་བ། བ་སྤྲུ། གཟེ་མ་སྟེ་རྩ་བ་ལྔ་དང༌། ཨ་བར་སྐྱུར་ཏེ་འབྲས་བུ་གསུམ། གོང་དུ་བཤད་པའི་ད་བྱིད་སྨུག་པོ་རུལ་སུངས་མེད་པ་ཚག་ཤ་སོལ་པའི་ནང་དུ་གླ་རྩི་བྱུགས་བཅུག་པས་ཤའི་ཕྱི་ནག་ཆོམ་ཆོམ་སོང་བ་བསྲེགས་ལ་བཏོན་ནས་དུག་ཕྲལ་བ་དེ་དང་སྔོ་བྲེ་ག་ལུག་ཐུག་གི་འབྲས་བུ་ཆུ་དང་འོ་མ་མར་སོགས་གདུས་པའི་ཁུ་བ་སྨན་མར་དྭངས་སྦྱོར་གྱི་ལག་ལེན་ལྟར་བྱས་ལ་རྒྱ་ཚྭ་དང༌། སུག་སྨེལ་དང༌། བཅའ་སྒ་དང༌། པི་པི་ལིང༌། བུ་རམ་སོགས་སྦྱོར་བ་ནས་ཀྱི་གསེབ་ཏུ་ཟླ་གཅིག་གམ། ཞག་ཉེར་གཅིག་བཞག་ནས་ནུས་པ་བསྐྱེད་པ་དང༌། ཅོག་ཀྲོང་ནི་ར་མཉེ། ཉེ་ཤིང༌། ལྕ་བ། བ་སྤྲུ། གཟེ་མ་སྟེ་རྩ་བ་ལྔའི་སྨན་མར་རྒྱུད་ཕྱི་མ་ལྟར་ལ། ད་བྱིད་སྨུག་པོ་དུག་གོང་ལྟར་བཏོན་པ་དང༌། ཛཱ་ཏི་དང༌། ཏིལ་དཀར་ནགཐང་ཕྲོམ་དཀར་པོའི་འབྲུ་སེར་ཙམ་བརྔོས་པ་རྣམས་ལ་ཁ་ཚར་དུ་བཏབ་ལ་བཏང༌། ཡང་ན་ད་བྱིད་སྨུག་པོ་དུག་བཏོན་པ་དང༌། ཏིལ་དཀར་ནག་དང༌། རྩངས་པའི་ཤ་རྣམས་བྱེའུ་མཆིལ་པ་སྟེ་རྒྱ་མཆིལ་མགོ་དམར་དང་བོད་མཆིལ་གང་རུང་གི་ཁོག་པར་གཞུག་པ་ཁ་བཙེམས་ནས་འབྲིའི་མར་དུ་བཙོས་ལ་སྐམ་པ་དང་ཞིབ་ཏུ་བཏགས་པའི་ཕྱེ་མ་དེ། གོང་གི་མར་ཁུར་བཏབ་ལ་བུ་རམ་དངསྦྱར། དགུ་སྦྱོར་ནི་ད་བྱིད་སྨུག་པོ་དུག་བཏོན་པ་དང༌། ཛཱ་ཏི་དང༌། མི་དང༌། བྱི་ལ་སྲམ་རྣམས་ནི་མཇུག་ཏོ་དང༌། མ་ནིང་ཅོང་ཞི། མུ་ཟི་སེར་པོ་དང༌། ལྕགས་བྲག་ཞུན། ཐང་ཕྲོམ་པ་དཀར་པོའི་འབྲུ་རྣམས་ཁྲལ་ཁྲོལ་ཏེ་ཧྲལ་ཙམ་བརྡུངས་ཏེ། བྱེའུ་མཆིལ་པའི་ཁོག་པར་བླུགས་ལ་དར་སྐུད་ཀྱིས་བཙེམས་པ་མར་གྱི་ནང་དུ་བཙོ་བ་དང༌། མར་ཁུ་དེ་བུ་རམ་དང་སྦྱར་ལ་གོང་གི་ཤ་རྣམས་བསྐམས་པའི་ཕྱེ་མ་བཏབ་པ། ཁྱེའུ་སུས་ཞེས་བརྒྱད་པའི་སྨན་གཏོང་ཚུལ་བཅུའི་སྐབས་བཤད་པ་ལྟར། ནངས་པར་ཐོ་རངས་ཀྱི་ཚེ་ཕོ་བའི་བད་ཀན་བེ་སྣབས་རྣམས་བྱང་ཞིང༌། ཟས་མ་ཟོས་པའི་དྲོད་དང་ལྡན་པ་སྨན་གྱི་མཐུ་རབ་ཏུ་ཆེ་བའི་དུས་ངེས་ཅན་ན། ཁྱེམ་བུ་ཞེས་ཡུལ་སྐད་ལ་ལར་ཁ་ཐུར་ལ་ཟེར་བའི་དོན་ཡིན་ཀྱང༌། ཆེ་ཆུང་སྣ་ཚོགས་པའི་དབང་གིས་མཐེ་བོང་གི་སེན་མོས་བླངས་པ་རེ་རེ་བསྟེན་དགོས་ཏེ། དེ་རྣམས་ཀུན་གྱིས་ལུས་ཀྱི་སྟོབས་མ་ལུས་པ་སྐྱེད་པར་བྱེད་ཅིང༌། མཁལ་མའི་དྲོད་བསྐྱེད་ལ་ས་བོན་ཟད་པ་རྣམས་གསོ། །བཅུ་གསུམ་པ་ལ་ནི་ད་བྱིད་སྨུག་པོ་དང༌། སེར་པོ་ཞེས་ཕོ་མོ་བཤད་མ་ཐག་པ་གཉིས་དང༌། སྲམ་གྱི་ཤ་དང༌། བྲག་གི་རྩངས་པ་སྤྱི་དང་མཆོག་མགོ་གཉིས་ལུས་གཅིག་དང༌། ཁྱིམ་བྱ་ཕོ་མདོག་མཚའ་ལུ་དང༌། ཕུག་རོན་དང༌། བྱེའུ་མཆིལ་པ་དང༌། ནས་ཟན་གྱི་མགོ་དང༌། གཙང་ཉ་ཞེས་ཆུ་ཀླུང་གི་ཉ། ཐང་ཕྲོམ་དཀར་པོའི་འབྲུ། དབང་པོ་ལག་པ་དང༌། ཉེ་ཤིང་བ་འོ་མ་ཅན་དང༌། མ་ནིང་གི་ཅོང་ཞི་རྣམས་བུ་རམ་དང་སྦྱར་བས་ཁུ་བ་ཟད་པ་རྣམས་འཕྲལ་དུ་སྐྱེད་པར་བྱེད་དེ། ནུབ་མོ་རེ་ལ་ཡང་བུད་མེད་ལ་བརྒྱ་རེ་ཙམ་སྤྱོད་ནུས་སོ། །ལྔ་པའི་སྦྱོར་བ་ལ་མ་ནིང་གི་ཅོང་ཞི་ཁ་དོག་དམར་པོ་དེ་བའི་ཞེས་པ་དམར་ཟལ་གྱི་འོ་མས་འདམ་བཏགས་བྱས་པའི་ཕྱེ་མ་དང༌། དབང་པོ་ལག་པ་དང༌། མཆིལ་པའི་མགོ་བོ་དང༌། ཐང་ཕྲོམ་པ་དཀར་པོ་དང༌། གོང་བཤད་ཀྱི་ད་བྱིད་སྨུག་སེར་གཉིས། བུ་རམ་སོགས་སྦྱོར་བ་ཁྱེའུ་སུས་ཞེས་ཐོ་རངས་ཕོ་བའི་བད་ཀན་བེ་སྣབས་བྱང་ཞིང༌། ཟས་མ་ཟོས་པའི་དྲོད་ཆེ་བའི་དུས་ཆང་གིས་དབུལ། གཞན་ཡང་ར་ཐུག་པོའི་འབྲས་བུ་འོ་མར་བཙོས་ཁུ་བ་རང་ཐིམ་བྱས་པ་དང༌། ཀ་ར་དང༌། ཏིལ་དཀར་ནག་རྣམས་བསྲེས་པ་ཟོས་ན་དེ་དང་འདྲ་བའི་ནུས་པ་ཡོད། པི་པི་ལིང་དང༌། སྐྱུ་རུ། ར་ཐུག་འབྲས་འོ་མར་བཙོས་པའི་ཁུ་བར་སྦངས་ཏེ། ཀ་ར་དང༌། སྦྲང་དང༌། མར་སོགས་སྦྱར་བའི་ལྡེ་གུ་ཟོས་པའི་རྗེས་སུ་འོ་མ་བཏུང་བས་ལོ་བརྒྱད་ཅུ་ལོན་པར་གྱུར་པ་ཡིན་ནའང་བུད་མེད་ཀུན་ལ་སྤྱོད་པར་ནུས། ཡང་ན་ཞོའི་སྤྲིས་མ་ཟོས་པའི་རྟིང་ལ་ཀ་ར་དང༌། འབྲས་དཀར་བཙོས་པའི་ཟན་བཅས་པ་ཟོས་ན་ལོ་རྒན་པོར་གྱུར་པ་ཡིན་ཡང་ན་ཚོད་གཞོན་ནུ་ལྟ་བུར་སྤྱོད་ནུས་སོ། །

དཔྱད་དུ་ལུས་ཁྲུས་ལ་འབད་ཅིང་བསྐུ་མཉེ་སྟེ་བྱུག་པ་བྱ་བ་དང༌། ཁུ་བ་རླུགས་པ་ཡིན་ན། འཕེལ་བས་རླུགས་པ་དང༌། ནད་ཀྱིས་རླུགས་པ་དང༌། དུག་གིས་རླུགས་པ་དང༌། གདོན་སོགས་ཀྱིས་བསྐྱེད་ནས་རླུགས་པ་དང་བཞིར་ངེས་དགོས་ཏེ། དེ་ཡང་གོང་བཤད་སོགས་ཀྱིས་ལུས་སྟོབས་རྒྱས་ཤིང་ཁུ་བ་འཕེལ་ནས་བུད་མེད་རྣམས་ལ་རབ་ཏུ་གདུང་བར་གྱུར་ནས་འཛག་ན། དེ་ཉིད་ལ་ཆགས་པ་སྤྱད་པས་ཞི་བར་ནུས་པ་དང༌། ནད་ཀྱི་གྲང་རླུང་གིས་མཁལ་མའི་དྲོད་ཉམས་པས་རྩ་ཁ་མ་ཐུབ་པར་ཁོང་ཆུ་དང་བསྡོངས་ནས་འཛག་ན། ཚིགས་པ་བཅུ་གསུམ་པ་དང་བཅུ་དགུ་པ་ནང་ལོང་ཐད་ཀྱི་གདོང་ངོས་ཆུ་བའི་བར་དེར་བསྲེག་ཅིང༌། བོང་ཤ་དང་སྲམ་ཀྱི་ཤ་བསྲེས་པའི་ད་བྱིད་ཀྱི་སྨན་མར་ཕྱི་རྒྱུད་ལྟར་སྦྱར་བ་དང༌། ཚ་བ་སྒ་པི་ཕོ་བ་རིས། ཙི་ཏྲ་ཀདབྱི་མོང་སོགས་དང་ཚྭ་སྣ་ཚོགས་ཚད་བཅས་པའི་རིལ་བུ་ཆང་གིས་དབུལ་ལོ། །དུག་བྱུང་ནས་ཁམས་འཛག་པ་སོགས་ལ་དུག་ནད་སྐབས་ལྟར་གྱི་ཕྱི་ནང་གསང་རྟགས་ཀྱིས་ངོས་བཟུང་ལ། དེའི་གཉེན་པོ་གོང་གི་དུག་བཅོས་སྐབས་ལྟར་གྱིས་ཞེས་ཤིག་ཐོག་ཏུ་མཛུབ་མོ་བསྣུན་པ་ལྟར་རིག་ལམ་ནས་འཕྲུལ་ཤེས་དགོས་ཀྱང༌། ཕལ་ཆེར་ཐང་ཕྲོམ་པར་སྦྱར་བ་མང་བས་དེའི་གཉེན་པོའི་སྨན་གྱིས་བསད་ཅིང་ལུས་ཟུངས་བསྲུང༌། གདོན་ཡིན་ན་མི་འགྱུར་བའི་རྟགས་སུ་རྨི་ལམ་དུ་བུད་མེད་ལ་ཆགས་པས་ཐིག་ལེ་འདྲེན་པ་རྨི་བར་འགྱུར་བས། དེ་ལ་མོ་ཕྱྭ་བྱས་ནས་གདོན་ངོས་བཟུང་སྟེ་དེ་མཐུན་གྱི་རིམ་གྲོ་དང༌། རྟེན་འབྲེལ་ནི་བ་རའི་འོ་མར་དྲི་ཆེན་སྦྱར་བ་རྐང་མཐིལ་ལ་བྱུག སྔགས་ཀྱིས་གསོ་བ་ལ་ལུག་ཐུག་གི་སོག་པ་གཡས་པའི་བལ་མི་ལག་མ་འགྲིམས་པ་བུ་མོ་མགོ་གཙང་ཞེས་གྲོང་པའི་ཆོས་ཀྱིས་མ་གོས་པས་བཀལ་པའི་ཐིག་གུ་ལ་རྡོ་རྗེའི་མདུད་པ་བདུན་བྱས་ཏེ། ཨོཾ་ཧ་ར་ཧ་ར་བན་དྷ་ནི་བཛྲ་ར་ཎི་ཤུ་ཏྲ་དྷ་རི་ཏི་ཐར་ར་ཏི་སྭཱཧཱ་ཞེས་སྟོང་བཟླས་ལ་བཏབ་སྟེ་རྐེད་པར་བཅིང་བ་དང༌། ས་བོན་ལུག་པ་དེ་རྣམས་བུ་རམ་དང་བསྲེས་པར་སྔགས་གོང་མ་དང༌། ཨོཾ་ཧ་ར་བྷ་དྷ་ནི་ཤུ་ཏྲ་དྷེ་ཤི་ནི་ཐར་སྭཱ་ཧཱ་ཞེས་སྟོང་བཟླས་ཟ་བ་དང༌། ཡང་མོ་གདོན་གྱིས་ཁམས་འཛག་པ་བསྲུང་བ་ནི། མི་ཀླད། ཡུངས་ཀར་སེར་ཙམ་བརྔོས་པ། གུ་གུལ་ནག་པོ། མངལ་ཁྲག་བཞི་ཆ་མཉམ་ཞིབ་པར་བཏགས་པ་སྦྲང་གིས་ཚི་བྱས་ཏེ་སྐུད་པར་བྱུགས་ནས་རྐེད་ལ་བཅིངས་ན་མོ་གདོན་བསྲུང་བར་ངེས། ཕོ་གདོན་བསྲུང་རྫས་ལ་བནྡྷེ་ལ་སོགས་པ་རྒྱལ་རྨིས་ཆེ་བར་བྱུང་ཚེ་མི་གྲིར་ཤི་བའི་རུས་པ་མེར་བསྲེགས་ཞིབ་བཏགས་བུ་རམ་ལ་སོགས་པ་ཚི་ཅན་བཅས་ལྟེ་བ་ལ་མེ་ལོང་ཆུང་བའི་རྒྱ་ཙམ་བྱུགས་ན་རྨི་ལྟས་བཟློག་པ་སོགས་ཀྱི་ཡོན་ཏན་འབྱུང་ངོ༌། །

རོ་ཙའི་དགོས་པ་ནི་ནད་མེད་པ་དང་ལང་ཚོར་ལྡན་པས་བསྟེན་དགོས་པར། སློབ་དཔོན་དཔའ་བོས། ནད་མེད་ལང་ཚོར་གནས་པ་དག །རོ་ཙ་བ་ནི་བསྟེན་བྱེད་པ། །དུས་ཚིགས་ཀུན་ན་ཉིན་རེ་བཞིན། །ཉལ་པོ་བྱས་པ་དགག་པ་མེད། །ཅེས་གསུངས་པ་ལྟར། དུས་ཚིགས་བཤད་རྒྱུད་དུ་བསྟན་པ་རྣམས་སུ་ཉལ་པོ་སྟེ་འཁྲིག་པ་བྱེད་པར་དགག་པ་མིན་པ། ཡན་ལག་བརྒྱད་པ་ལས། བུ་ཚའི་རྒྱུ་ནི་སྐྱེད་བྱེད་ཅིང༌། །འཕྲལ་དུ་ཡང་དག་དགའ་བྱེད་གང༌། །གང་གི་དེ་ལྟར་རབ་སྟོབས་ལྡན། །བུད་མེད་ལ་ནི་ཐོགས་མེད་འགྲོ། །ཞེས་གསུངས་པ་ལྟར། འཕྲལ་དུ་སེམས་ལ་དགའ་བ་དང་བུ་ཚའི་བརྒྱུད་སྐྱེད་ཅིང་ལུས་སྟོབས་དང་ལྡན་པས་བུད་མེད་ཀུན་ལ་ཐོགས་མེད་དུ་འགྲོའོ། །སྙིང་པོ་བསྡུས་པར། དེ་བས་རྫས་ནི་འདི་ལྟ་བུས། །བརྟ་བྱ་བུད་མེད་ལ་འཇུག་བྱ། །རང་གིས་ཤུགས་ཀྱིས་སྐྱེས་པ་དང༌། །བུད་མེད་ཡོན་ཏན་གྱིས་དགའ་སྤྱད། །ཆོས་ཀྱི་དཔག་བསམ་ཤིང་མྱུ་གུ། །དབང་པོ་བདེ་དགུ་ཀུན་བསྟེན་བྱ། །ཡུལ་འདི་ཡིད་དུ་འོང་བ་ལྔ། །འདོད་པ་ལྷ་ཡི་རྔ་ཡིན་ནོ། །ཡིད་འོང་ཡུལ་ནི་རེ་རེས་ཀྱང༌། །ཚིམ་ཞིང་དགའ་བྱེད་མཆོག་ཡིན་ནོ། །བུད་མེད་ལུས་ལ་འདུག་གནས་གང༌། །གནས་པ་དེ་ནི་སྨོས་ཅི་དགོས། །ཞེས་པ་ལྟར། མདོར་ན་འདོད་པའི་ཡོན་ཏན་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་ལ་སོགས་པ་ཀུན་ལ་འདུས་པའམ། རེག་བྱ་ཤས་ཆེར་གྱུར་པའི་བདེ་བའམ། ཆགས་པ་སྤྱད་པའི་དགའ་བ་དེ་ནི་འཇིག་རྟེན་ན་མཆོག་ཏུ་གྲགས་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རོ་ཙ་བར་བྱ་བའི་ལེའུ་སྟེ་དགུ་བཅུ་རྩ་གཅིག་པའོ། །དེ་ལྟར་ལེའུ་གཅིག་ནི་སྐབས་བཅོ་ལྔ་པ་ཡན་ལག་བརྒྱད་པའོ།། །།


མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 5:05 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།