སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གསུམ་པ། མཁྲིས་པའི་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.11.2023
མན་ངག་རྒྱུད། >> ལེའུ་གསུམ་པ། མཁྲིས་པའི་ནད་བཅོས་པ།



ལེའུ་གསུམ་པ། མཁྲིས་པའི་ནད་བཅོས་པ། 

དེ་ཡང་རླུང་ནད་གསོ་བའི་ལེའུ་གསུངས་ཚར་བའི་རྗེས་ཐོག་དེ་མ་ཐག་པ་དེ་ནས་བྱ་བ་གཞན་གྱིས་བར་མ་ཆོད་པར་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་འཁོར་དང་བཅས་པ་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག མཁྲིས་པའི་ནད་ལ་རྒྱུ་དང༌། དེའི་རྐྱེན་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་པའི་ཐབས་དང་རྗེས་བཅད་བཤད་པ་སྟེ་རྣམ་པ་དྲུག་གིས་བསྟན་ཏེ།

རྒྱུ་ནི་མ་རིག་པའི་དབང་གིས་གཞན་ལ་ཞེ་སྡང་བར་བྱེད་པ་དེ་ལས་ལུས་ཀྱི་གནས་ཐམས་ཅད་སྣུམ་རྩུབ་རྣོ་ཚའི་མཚན་ཉིད་བདུན་ལྡན་ཐ་མལ་དུ་གནས་ཤིང༌། །ནད་གཞི་སྣོད་ཀྱི་མཁྲིས་པ་དེ་ཉིད་རྣམ་པ་མཆིན་པའི་འདབས་ལ་གནས་པ་དེ་ལ་སློང་བའི་རྐྱེན་ནི། གནད་དུ་མཚོན་བསྣུན་པ་སོགས་ལུས་ཟུངས་འགྲམས་པ་དང༌། ཟས་སྐོམ་རོ་ཚ་བ་དང༌། སྐྱུར་བ་དང༌། ལན་ཚྭ་བ་སོགས་སྣུམ་ཞིང་ཚ་བའི་ཟས་ཟོས་པ་དང༌། གཞན་ཡང་མི་འཕྲོད་པ་ཟོས་དྲགས་པས་མ་ཞུ་བ་དང་རྒྱུད་ལ་ཞེ་སྡང་དྲག་པོ་སྐྱེས་པ་དང༌། མི་གཙང་བའི་གྲིབ་ཕོག་པ་དང༌། ལྷ་བསྣོལ་ཞེས་འགོ་བའམ་སྐྱོབ་པའི་ལྷ་དང་བྲལ་ཞིང་འཁུ་བ་དང༌། འདྲེ་གཡོས་པ་བགེགས་སམ་འདྲེ་རིགས་སྟོང་ཕྲག་བརྒྱད་ཅུ་དང༌། ཁྱད་པར་མ་མོས་ནད་སྐྱེད་པའི་ཆོ་འཕྲུལ་གཡོས་པ་དང༌། ཡང་ན་ལྷ་རིགས་མི་གཅིག་པ་བསྣོལ་བའམ་འཐབ་པ་དང༌། འདྲེ་ཡང་འཁྲུགས་པའམ་གཡོས་པས་མཁྲིས་པའི་ནད་དུ་གྱུར་ཏོ། །དེ་ལས་གསོ་དཀའ་བའི་མཁྲིས་པའི་ནད་རིགས་བཅུ་གསུམ། གནས་ནད་བཅུ་དགུ། ནང་ཚེགས་ཀྱི་ནད་བཅོ་ལྔ་སྟེ་བཞི་བཅུ་ཞེ་བདུན་དུ་འགྱུར་བ་ཡིན་ནོ།།

དེ་ཡང་བཤད་མ་ཐག་པའི་མཁྲིས་ནད་དེ་ལ་དབྱེ་བ་བསྟན་པ་ལའང་སྤྱི་དང་བྱེ་བྲག་སྟེ་རྣམ་པ་གཉིས་ཡོད་དོ།།

མཁྲིས་ནད་སྤྱིའི་དབྱེ་བ་བཤད་པ་དེ་ལའང་རིགས་དང་གནས་ཀྱི་དབྱེ་བ་བཤད་པ་སྟེ་རྣམ་པ་གཉིས་ཡོད་དེ། དང་པོ་མཁྲིས་ནད་རིགས་ཀྱི་སྒོ་ནས་དབྱེ་བ་བཤད་པ་ན་དེ་ལའང་རྣམ་པ་བཞི་ཡོད་པ་ཡིན་ཏེ། རང་གི་མཚན་ཉིད་གཙོ་བོར་བྱས་པ་རིགས་ལ་མཚན་ཉིད་བདུན་ལྡན་ནད་གཞིའི་མཁྲིས་པ་ཚད་ལས་མ་གཡོས་པ་དེ་ལ་ཐང་རྒྱུག་ཐང་ཞེས་བྱ་སྟེ་ཚོང་དུས་ཀྱི་ཐང་རྒན་ལྟར་གནས་པ་ཡིན་ལ། མཚན་ཉིད་བདུན་པོ་དེ་རྣམ་པར་འཕེལ་བ་ཚད་ལས་ལྷགས་པ་ལ་ཚ་བའི་མཁྲིས་ཚད་ཅེས་བྱ་སྟེ་དེ་ཉིད་ཚད་དམ་ཐང་ལས་ལྷགས་པ་དང༌། མེ་དྲོད་མཁྲིས་པ་ཞེས་པ་གཙོ་བོར་འཇུ་བྱེད་དང་དེའི་ཆ་ཤས་དྲོད་རྣམས་ཏེ། ཇི་སྐད་དུ། མེ་དྲོད་ཅེས་པ་འཇུ་བའི་གཞི་ཡིན་ཏེ། །འཇུ་བར་བྱེད་པའི་མཁྲིས་པ་དེ་ལ་བཤད། །ནད་དང་ལུས་ཟུངས་དྲི་མ་ཀུན་གྱི་དྲོད། །ཅེས་གསུངས་པ་དེ་གཞན་གྱིས་རྐྱེན་ནས་གནས་འགྱུར་བ་དང༌། མཆིན་འདབས་སྣོད་ཀྱི་མཁྲིས་པ་ཁ་ལུད་དེ་ཁ་ཤོར་བ་དང༌། ནད་གཞི་མེ་དྲོད་སྣོད་མཁྲིས་གསུམ་ཐུན་མོང་དུ་རྐྱེན་གྱིས་འཕེལ་ཏེ་མཁྲིས་པ་དེ་ཉིད་རྩ་རུ་རྒྱུག་པ་དང་རྣམ་པ་བཞི་རུ་ཤེས་པར་བྱའོ། །དང་པོ་རྐྱེན་དུས་གདོན་ཟས་སྤྱོད་བཞིས་བསྐྱེད་པའི་མཁྲིས་པ་འཕེལ་བ་དེ་ཉིད་ཡིན་ལ། དེ་ཡང་འོག་ཏུ་ཚད་པ་གསོ་བའི་སྐབས་སུ་རྒྱས་པར་སྟོན་རྒྱུ་ལྟར་རྟོགས་པར་བྱེད་དགོས་ཤིང༌། གཉིས་པ་རླུང་དང་མ་ཞུ་བ་དང་བད་ཀན་དང་ཁྲག་ལ་སོགས་པ་རྣམས་འཇུ་བྱེད་ཀྱི་མཁྲིས་པའི་ཡུལ་དུ་ཞུགས་པའི་མཐུས་མཁྲིས་པའི་གོ་ཕྲོགས་ནས་ཕྱི་རུ་བྱེར་བར་བྱེད་པའོ། །གསུམ་པ་སྣོད་མཁྲིས་དེ་ཉིད་ཕོ་བ་དང་མཆིན་པའི་སྐྲན་སོགས་ཀྱིས་མཁྲིས་པ་བཅར་བའམ། ཡང་ན་སྣོད་ཀྱི་མཁྲིས་པ་རང་ལ་སྐྲན་ཞུགས་པའི་རྐྱེན་གྱིས་སྣོད་ཀྱི་མཁྲིས་པ་དེ་ཉིད་རང་དབང་མེད་པར་ཕྱི་རུ་ཁ་ལུད་དམ། ཡང་ན་འགྲམས་སམ་རླུང་གིས་སྣོད་མཁྲིས་ཀྱི་ཁ་ཤོར་བའོ། །བཞི་པ་སྣོད་མཁྲིས་སམ་འཇུ་བྱེད་ཀྱི་མཁྲིས་པ་གང་ཡང་རུང་བ་དེ་ཉིད་ལ་འགྲམས་པའམ་འཁྲུགས་སམ་རིམས་ནད་ཀྱི་རྐྱེན་གྱིས་བསྐྱེད་པའི་མཁྲིས་པ་འཕེལ་བའམ། ཡང་ན་ཟས་དང་སྤྱོད་ལམ་གྱི་རྐྱེན་གྱིས་མཁྲིས་པ་འཕེལ་ཏེ། རྩར་ལུད་པས་ཤ་མདོག་སེར་བ་དང་མིག་སྤྲིན་སེར་བའི་ནད་དེ་རྣམ་པ་གཉིས་སུ་འགྱུར་བའོ། །བཤད་མ་ཐག་པའི་མཁྲིས་ནད་རིགས་ཀྱི་དབྱེ་བ་བཤད་པ་དེ་ལ་ནད་གཞིའི་མཁྲིས་པ་ཐང་ལ་ལྷགས་པ་ཚད་པ་གསོ་སྐབས་སུ་སྟོན་པས་འདིར་མི་འདྲེན། མེ་དྲོད་མཁྲིས་པ་རླུང་དང་མ་ཞུ་བ་དང་བད་ཀན་ཁྲག་གི་གནས་སུ་གྱུར་པས་ཕྱིར་བྱེར་བ་བཞི། སྣོད་ཀྱི་མཁྲིས་པ་ལ་ཕོ་སྐྲན་མཆིན་སྐྲན་མཁྲིས་པ་རང་ལ་སྐྲན་ཞུགས་པས་ཁ་ལུད་པ་གསུམ། འགྲམས་དང་རླུང་གི་ཁ་ཤོར་བ་གཅིག ཐུན་མོང་མཁྲིས་པ་ལ་འགྲམས་འཁྲུགས་རིམས་གསུམ་གྱིས་རྩར་རྒྱུག་པ་སྟེ་གསུམ། རང་བཞིན་ཟས་སྤྱོད་རྐྱེན་གྱིས་རྩར་ལུད་པའི་ཤ་སེར་མིག་སེར་གཉིས་ཏེ་ལྔ་དྲིལ་བས་མཁྲིས་ནད་བཅུ་གསུམ་དུ་བཤད་པ་ནི་རིགས་ཀྱི་དབྱེ་བར་ཤེས་པར་འདོད་དོ། །མདོར་ཧྲིལ་གྱིས་བསྡུས་ན་བཤད་མ་ཐག་པའི་མཁྲིས་ནད་དེ་རྣམས་ཀྱང་ཐོག་མ་རྐྱེན་གྱི་མཁྲིས་པ་དང༌། ཐ་མ་སྣོད་མཁྲིས་ཀྱི་ནད་ལྔ་ནི་རང་རྒྱུད་ཚ་བ་ཁོ་ནའི་ནད་དང༌། བར་མ་མཁྲིས་ནད་བྱེར་བའི་ནད་བཞི་དང༌། ཁ་ལུད་ཁ་ཤོར་བཞི་སྟེ་གཉིས་པོ་ནི། གཞན་དབང་དང་ལྡན་པའི་ནད་ཡིན་པར་བཤད་པ་ཡིན་ནོ།།

མཁྲིས་ནད་ཞུགས་པའི་གནས་ཀྱི་སྒོ་ནས་གཙོ་བོར་བྱས་པའི་དབྱེ་ན་པགས་ལ་གྲམས་པ་དང༌། ཤ་ལ་རྒྱས་པ་དང༌། རྩ་རུ་རྒྱུ་བ་དང༌། རུས་ལ་ཞེན་པ་དང༌། དོན་ལ་བབས་པ་དང༌། སྣོད་དུ་ལྷུང་བ་དང༌། དབང་པོ་སྒོ་ལྔ་ལ་མེ་ཏོག་ཤར་བར་བཤད་པའོ། །དེ་ཡང་རེ་རེ་ནས་ཁ་ཕྲལ་ནས་བཤད་ན། དོན་ནི་གློ་བ་དང༌། སྙིང་དང༌། མཆིན་པ་དང༌། མཆེར་པ་དང༌། མཁལ་མར་གནས་པ་ལྔ། སྣོད་ནི་ཕོ་བ་དང༌། ལོང་དང༌། རྒྱུ་མ་དང༌། ལྒང་པ་དང༌། མངལ་དུ་ལྷུང་བ་ལྔ། དབང་པོ་ནི་མགོ་བོ་དང༌། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་ལ་མེ་ཏོག་ཤར་བ་ལྔའོ། དེ་ལྟར་ཀུན་དྲིལ་བས་བཅུ་དགུ་ནི་གནས་ཀྱི་དབྱེ་བ་བཤད་པར་འདོད་དོ།།

མཁྲིས་ནད་བྱེ་བྲག་གི་དབྱེ་བ་ནི་འཇུ་བྱེད་དང༌། སྒྲུབ་བྱེད་དང༌། མདངས་སྒྱུར་དང༌། མཐོང་བྱེད་དང༌། མདོག་གསལ་དང་རྣམ་པ་ལྔར་གྱུར་པའོ། །དེ་ལྔ་པོ་རླུང་དང་འདྲེས་པ་ལྔ། བད་ཀན་དང་འདྲེས་པ་ལྔ་སྟེ་འདྲེས་པས་ནད་རྣམ་པ་བཅུ་རུ་བཤད་ཅིང༌། རྐྱང་འདྲེས་གཉིས་ཀ་དྲིལ་བས་བཅོ་ལྔར་འགྱུར་རོ། །བཤད་མ་ཐག་པའི་མཁྲིས་ནད་དེ་ཀུན་ཀྱང་མདོར་ཧྲིལ་གྱིས་དྲིལ་ཏེ་བསྡུས་ནས་བཤད་ན་ཚ་བ་དང་གྲང་བ་གཉིས་སུ་འདུས་ཤིང༌། དེ་ཡང་ཁྲག་དང་མཁྲིས་པ་འཕེལ་བ་ལ་ཚ་བ་ཞེས་བྱ་ཞིང༌། སྟེ་ཞེས་པ་འོག་མ་འདྲེན་ཚིག་སྨོས་ན་མ་ཞུ་བ་དང་བད་ཀན་དང་རླུང་གསུམ་གྱི་ཡུལ་ཕྲོགས་པ་ནི་གྲང་བ་ཡིན་པར་བཤད་པའོ།།

སྔར་བཤད་པའི་མཁྲིས་པའི་ནད་དེའི་རྟགས་བཤད་པ་ལའང་སྤྱིའི་རྟགས་བཤད་པ་དང་བྱེ་བྲག་གི་རྟགས་བཤད་པ་སྟེ་རྣམ་པ་གཉིས་སུ་ཡོད་པ་ལས། མཁྲིས་ནད་སྤྱིའི་བརྟག་པ་ནི་མིག་གི་ཤ་སྤྲིན་དང་བཞིན་ཏེ་གདོང་པའི་མདངས་དང་པགས་མདོག་སྤྱི་དང༌། ཁྱད་པར་དུ་ལག་མཐིལ་དང་མུར་གོང་དང་ལྕེ་འོག་རྣམས་དང༌། ཆུ་མདོག་ལྷག་པར་སེར་བ་དང༌། ལྟོ་བ་ཆེ་ཞིང་མཁྲིས་པ་འཁྲུ་བ་དང༌། ཡང་ན་སྐྱུག་ཅིང་ལུས་སྤྱི་ལ་ཟ་འཕྲུག་བྱེད་པ་རྣམས་ནི་སྤྱི་ཁྱབ་ཀྱི་དབང་དུ་བྱས་པའི་རྟགས་སོ། །དེ་ཡང་ཚ་གྲང་གཉིས་ཀྱི་ཟླས་ཕྱེ་བའི་མཁྲིས་པ་ཚ་བ་ནི་སྔར་བཤད་ཀྱི་རྟགས་དེ་རྣམས་ཀྱི་སྟེང་དུ་སྐོམ་དད་ལྷག་པར་ཆེ་བ་དང༌། ལག་པའི་ལྟ་རྩ་གྲིམས་ཤིང་ཆུའི་རླངས་པ་ཆེ་བ་དང༌། དེ་ཡང་ཀུ་ཡ་མཐུག་པ་དང༌། ཁ་ཟས་ཟོས་མ་ཟོས་ལ་མ་ལྟོས་པར་ཁ་ལ་རོ་ཁ་བ་བྲོ་ཞིང་ལུས་ཀྱི་ཤ་དྲོད་ཚ་བ་དང༌། ནུབ་གཉིད་ལྷག་པར་དུ་ཆུང་ཞིང་བཤང་བའི་མདོག་སེར་བ་དང༌། ཤ་དང་ཆང་དང་མར་རྙིང་དང་བུ་རམ་སོགས་མདོར་ན་ཁ་ཟས་དྲོད་བག་ཅན་གནོད་པ་རྣམས་ནི་མཁྲིས་པ་ཚ་བའི་རྟགས་སུ་ཤེས་པར་བྱའོ། །དེ་ཡང་མཁྲིས་པ་གྲང་བའི་ནད་སྔར་བཤད་པ་དེ་ལས་གོ་ལོག་པ་སྟེ། ཕོ་བའི་མེ་དྲོད་ལྷག་པར་དུ་ཆུང་བས་འཇུ་བྱེད་ཀྱི་སྟོབས་ཤིན་ཏུ་ཆུང་ལ་བཤང་བའི་མདོག་དཀར་བ་འབྱུང་བ་རྣམས་ནི་མཁྲིས་པ་གྲང་བའི་རྟགས་སུ་བཤད་པ་ཡིན་ནོ།།

བྱེ་བྲག་ཏུ་ཚ་བ་ལ་སློང་རྒྱུ་མཚན་ཉིད་སོགས་ལ་བརྟག་པའི་སྒོ་ནས་བརྟག་པ་དང་ཕན་གནོད་གོམས་པས་བརྟག་དགོས་ཏེ། མེ་དྲོད་མཁྲིས་པ་དེ་ཉིད་རླུང་གི་གནས་སུ་གྱུར་ན་ཁོང་པ་སྦོ་ཞིང་འཁྲོག་པ་དང༌། རྟུག་པ་སྟེ་དྲི་མ་སྐམ་པ་དང་གཡལ་མང་དུ་འབྱུང་ཞིང་ཤ་ཆང་བུ་རམ་ལ་སོགས་དྲོད་ཆེ་ལ་བཅུད་པའི་ཟས་ཟོས་པའི་རྗེས་སུ་བདེ་བར་མངོན་པ་དང༌། མ་ཞུ་བ་དང་བད་ཀན་སོགས་ནད་གང་དང་གང་གི་གནས་སུ་གྱུར་པའི་རྟགས་སུ་འང་ལུས་ལྕི་ཞིང་གཉིད་ལྷག་པར་ཆེ་བ་དང༌། སྒྱིད་པ་སྐྱུར་ཞིང་ས་གཅིག་ཏུ་འདུག་སྙིང་འདོད་པ་དང༌། ཟས་དང་སྐོམ་དང་སྤྱོད་ལམ་རྣམས་བསིལ་བ་གནོད་ཅིང་དྲོ་ན་བདེ་བ་དང༌། ཁྱད་པར་མི་འགྱུར་བའི་རྟགས་སུའང་དྲི་མ་སྐྱ་བོ་ལ་གསོབ་པ་འབྱུང་བ་ཡིན། ཁྲག་གི་གནས་སུ་གྱུར་ན་བད་ཀན་སྨུག་པོའི་རྒྱུ་བྱས་ཏེ། དེ་ལྟར་གྱུར་རྟགས་སུ་དྲི་མ་དེ་ཉིད་ཁ་དོག་ནག་ལ་སྨུག་པ་དེ་ཡང་སྐམ་ལ་ཤ་རིལ་དང་འདྲ་བར་འབྱུང་ངོ༌། །མཆིན་པའི་སྟེང་དུ་སྐྲན་ནམ་ཁྲག་གིས་མཆིན་པ་རྒྱས་པ་དེའི་དབང་གིས་སྣོད་མཁྲིས་པའི་ཡུལ་ཕྲོགས་ན་མཆིན་པའི་ཡུལ་དུ་ལག་པས་མྱངས་པ་སྟེ་རེག་ནས་མནན་ན་དངོས་སུ་སྲ་སྒང་གི་འོང་བ་གསལ་པོར་ཤེས་ཤིང༌། ཕོ་བའི་སྐྲན་གྱིས་སྣོད་མཁྲིས་པའི་ཡུལ་ཕྲོགས་པ་ན་ཁ་ཟས་དང་སྐོམ་ལ་འཁྲེན་པ་སྟེ་འདོད་ཀྱང་ཟོས་ན་སྐྱུག་ཅིང༌། མཁྲིས་པའི་སྟེང་དུ་ལག་པ་ལྟ་བུས་མནན་ན་སྲ་ཞིང་དེ་ཡང་ཤེད་ཆེར་མནན་པར་གྱུར་དུས་ན་ཟུག་མི་བཟོད་པ་དང་མཁྲིས་པ་རང་ལ་སྐྲན་ཞུགས་རྟགས་སུ་ལུས་ཤེད་ཆུང་ཞིང་ལུས་ཀྱི་ཤ་མདོག་སེར་བ་དང་ཟ་འཕྲུག་བྱེད་ཅིང་དང་ག་འགགས་པ་སོགས་འབྱུང་བ་དེ་ལ་ཕྱི་རྒྱུད་ལྟར་གྱི་བཤལ་དང་མཁྲིས་རྩའི་རིགས་གཏར་བ་ལ་སོགས་པ་ཆོ་ག་སྣ་ཚོགས་ཀྱི་སྒོ་ནས་གསོ་བའི་ཐབས་ལ་འབད་ཀྱང་ནད་མི་ཐོན་ཞིང་བཅོས་སྐྱེད་མེད་ན་ནད་པ་དེ་ཉིད་འཆི་བདག་གི་ཁ་རུ་ཚུད་པ་དང་འདྲ་བ་ཡིན་ནོ། །སྣོད་མཁྲིས་དེ་ཉིད་སྐྱོན་གང་གིས་ཀྱང་མ་བསླད་པར་ཁ་ཤོར་བ་ནི་ལུས་ཀྱི་ཤེད་ཀྱང་མེད་པ་ལྟ་བུའི་ངང་ནས་མཁྲིས་པ་འཁྲུ་བ་དང་སྐྱུག་པར་བྱེད་པ་དེའོ། །ཐུན་མོང་གི་མཁྲིས་པ་དེ་ཉིད་རྐྱེན་གྱིས་བསླད་པའི་འགྲམས་སམ་ཡང་ན་འཁྲུགས་ཚད་མཁྲིས་པར་བབས་པ་དང༌། ཡང་ན་རིམས་ཀྱི་ནད་མཁྲིས་པར་བབས་པའི་རྩར་རྒྱུག་པ་གསུམ་པོ་དེའི་བརྟག་ཐབས་དང་བཅོས་ཐབས་སོགས་གང་ལ་གང་དགོས་པ་རྣམས་འགྲམས་འཁྲུགས་རིམས་གསུམ་པོ་སོ་སོ་རང་རང་གི་ལེའུར་འོག་ནས་འབྱུང་བ་ལྟར་བལྟ་བར་བྱའོ། །གཞན་གྱིས་མ་བསླད་པར་རང་བཞིན་དུ་ཟས་དང་སྤྱོད་ལམ་གཉིས་ཀྱི་རྐྱེན་གྱིས་བསྐྱེད་པས་མཁྲིས་པ་འཕེལ་བའི་ནད་རྩར་རྒྱུག་པ་དེ་དག་ལའང་ཤ་སེར་དང་མིག་སེར་རྣམ་པ་གཉིས་སུ་བཤད་པ་ལས། རང་བཞིན་ཟས་སྤྱོད་ཀྱི་རྐྱེན་གྱིས་འཕེལ་བའི་རྩ་རྒྱུག་གི་མཁྲིས་པ་ཤ་སེར་ཞེས་པ་དེའི་རྟགས་ལའང་ལུས་ཀྱི་ཤེད་ཆུང་ཞིང་ཉིན་གཉིད་མི་ཐུབ་པ་དང༌། ལུས་ལྕི་ཞིང་ཞོ་དང་དར་བ་དང་ཆུ་སོགས་མདོར་ན་བཏུང་བའི་བྱེ་བྲག་གང་ཡང་རོ་ཁ་བར་བྲོ་བ་དང༌། ཤའི་མདོག་ཀྱང་གསེར་དང་འདྲ་ཞིང་རྫས་ཀྱི་བྱེ་བྲག་དཀར་པོའི་རིགས་ཐམས་ཅད་སེར་པོར་མཐོང་བ་དང༌། སྔ་དྲོ་དང་བསིལ་ཕེབས་པའི་དུས་སུ་བདེ་ལ་ཉིན་གུང་གི་དུས་ན་བའོ། །རྩར་རྒྱུག་གི་མཁྲིས་པ་མིག་སེར་ཞེས་བྱ་བའི་རྟགས་ནི་མིག་སྤྲིན་དང་སེན་མོ་གཉིས་ཀྱི་མདོག་སེར་ལ་ལུས་རྔུལ་ཞིང་ཉམ་ཆུང་བ་དང༌། ཁོང་པ་ཚ་ལ་མིག་གི་རུས་པ་ན་བ་དང༌། ཁ་ཟས་གང་ཡང་ཡི་གར་མི་འོང་ཞིང་སྐོམ་དད་ཆེ་ལ་སྐྱུག་པ་སྙམ་བྱེད་པ་དང༌། ཁྱད་པར་དུ་མིག་སྔར་ཁ་དོག་སྔོ་དམར་མཐོང་བ་རྣམས་སོ། །གོང་དུ་བཤད་པའི་མཁྲིས་ནད་དེ་ཀུན་ཀྱང་ཡུན་རིང་དུ་ལོན་ནས་རྒྱས་པ་དང༌། དེ་ཉིད་དུས་འདས་ནས་སྨིན་པའི་དུས་ཀྱི་ནད་ལ་ཀྵ་ཡ་ནག་པོར་གྱུར་ནས་དེ་རྟགས་སུ་ཟ་འཕྲུག་བྱེད་ཅིང་པགས་པའི་མདོག་སྔོ་ལ་ནག་པའི་དུས་སུ་སྐྲ་དང་སྨིན་མ་རྣམས་བྱི་ཞིང་ལུས་ལ་ཤེད་མེད་ལ་ཤ་སྐམ་པ་དང༌། སེན་མོ་ལ་ནག་ཐིག་ཆགས་པ་འདི་དུས་སུ་མཁྲིས་པས་ཤ་དང་རུས་པ་སོགས་ཐམས་ཅད་ལ་ཁྱབ་ཅིང་གཤིན་རྗེའི་ཞགས་པ་དང་འདྲ་བས་ཟིན་པས་འཚོ་བར་མི་འགྱུར་བའི་དོན་གྱིས་ན། འདི་ལྟ་བུའི་ནད་དེ་ལ་བཅོས་ཐབས་མི་བརྩམ་ཞིང་དཀར་པོ་དགེ་བའི་ཚོགས་གསོག་པ་ལ་བསྐུལ་བར་བྱའོ།།

དེ་ལྟར་སྔར་བཤད་པའི་མཁྲིས་པ་ཕལ་ཆེ་བ་པགས་ལ་གྲམས་པར་གྱུར་ན་ཟ་འཕྲུག་བྱེད་ཅིང༌། ཤ་ལ་རྒྱས་པར་གྱུར་ན་ཤུ་བ་དང་ཐོར་པ་འབྱུང་ཞིང༌། དེ་ཉིད་ཀྱང་མི་ནོར་བའི་རྟགས་སུ་འཕྲུགས་ཤིང་བྲད་ན་ཆུ་སེར་དང་ཁྲག་དང་མཁྲིས་པ་བཅས་འཛག་པ་དང༌། རྩ་རུ་རྒྱུ་བ་ན་དེའི་རྟགས་སུ་ཚིགས་གཞི་དང༌། ཡན་ལག་གི་ཉྭ་བཞི་དང༌། མཆན་ཁུང་སོགས་དྲོ་ས་རྣམས་ཟ་ཞིང༌། དེ་ཉིད་ཀྱང་རྒྱས་པར་གྱུར་ནས་ལུས་ཀུན་ཟ་བ་དང༌། དེ་དུས་རྩ་མིག་སྟེ་རྩའི་སྦུབས་རྣམས་མཁྲིས་པས་གང་ཕྱིར་པགས་མདོག་དང་མིག་སྤྲིན་རྣམས་སེར་བ་དང༌། མཁྲིས་རྩའི་རིགས་གཏར་ན་ཁྲག་ཡེ་མེད་པར་མཁྲིས་པ་ཟང་མར་ཏེ་མཁྲིས་པ་རྐྱང་པར་འོང་ངོ༌། །མཁྲིས་པ་རུས་ལ་ཞེན་པར་གྱུར་ན་ཚིགས་པ་ཐམས་ཅད་ན་བ་དང༌། དེའི་ནང་ནས་ཀྱང་ཁོལ་བུ་ཁོལ་བུར་ན་ཞིང་ལུས་ཀྱི་ཤ་སྐམ་པ་དང་ཚིགས་ཀྱི་ཐོག་རྣམས་སྐྲངས་པའོ། །སྙིང་ལ་མཁྲིས་པ་ཞུགས་ན་གློ་སྙིང་སོགས་རོ་སྟོད་མི་བདེ་བར་ན་བ་དང༌། དེ་ཉིད་ཀྱང་མི་འགྱུར་བའི་རྟགས་སུ་ལྕེ་མདོག་སེར་ལ་མཚན་ཉིད་ཆུང་ཞིང་ཁྱད་པར་དུའང་སྙིང་ལ་བཟའ་བཏུང་སོགས་གྲང་མོ་འདོད་པ་འབྱུང་ངོ༌། །གློ་བ་ལ་མཁྲིས་པ་ཞུགས་ན་སྣབས་དང་ལུད་པའི་མདོག་རྣམས་སེར་པོར་འོང༌། མཆིན་པར་མཁྲིས་པ་ཞུགས་ན་ཤ་མདོག་སྔོ་ཞིང་གནས་ངེས་པ་ཅན་མཆིན་སྟེང་ན་ཞིང་མགོ་ན་བ་དང་ཁྱད་པར་དུ་འབྲེལ་སྦྱོར་གྱི་དབང་གིས་མིག་སྐམ་ཞིང་ཚ་བ་དང་མཆིལ་མ་བསྐ་ལ་འདྲིལ་བ་འབྱུང་ངོ༌། །མཆེར་པར་མཁྲིས་པ་ཞུགས་ན་ལྕེའི་མདོག་སྔོ་ཁྲ་འམ་ཡང་ན་སེར་ཁྲར་འབྱུང་ཞིང་ཁྲག་རླན་འཁྲུ་བ་དང་ཁོང་སྦོ་ཞིང་རྫིང་ལ་མཆེར་གནས་ཀྱི་དབང་གིས་རྐང་པ་གཡོན་སྐྲངས་ཤིང་ལྷུ་ཚིགས་ཞེས་པ་ཡན་ལག་གི་ཚིགས་ཀྱི་བར་ལ་ལྷུ་ཞེས་བྱ་བ་དེ་རྣམས་ན་བའོ། །མཁལ་མར་མཁྲིས་པ་ཞུགས་ན་དེའི་རྟགས་སུ་རྐང་པ་ལྕི་ལ་སྦྲིད་ཅིང་མཁལ་རྐེད་ན་ཞིང་རྣ་བའི་རྒྱབ་པགས་མདོག་སེར་པོར་འགྲོ་བའོ། །ཕོ་བར་མཁྲིས་པ་ཞུགས་ན་མཁྲིས་པ་འཁྲུ་བའམ་ཡང་ན་སྐྱུགས་པར་བྱེད་ཅིང༌། ལོང་དང་རྒྱུ་མར་མཁྲིས་པ་ཞུགས་ནའང་མཁྲིས་པ་འཁྲུ་ཞིང་ལྒང་པར་ཞུགས་ན་ཆུ་ཁ་སྲི་བའམ་ཡང་ན་སྙི་བ་འབྱུང་ངོ༌། །མངལ་དུ་མཁྲིས་པ་ཞུགས་ན་མཁྲིས་པ་འཛག་གམ་ཡང་ན་སྐྲན་དུ་འདྲིལ་བའོ། །མགོ་བོ་ལ་མཁྲིས་པ་ཞུགས་ན་མཚོག་མ་དང་ཀླད་པ་གཉིས་ན་ཞིང༌། ཁྱད་པར་ཉི་མ་ཕོག་པ་དང་ཞོ་འཐུངས་པའི་རྐྱེན་སོགས་ཀྱིས་སྟོན་གྱི་དུས་སོགས་སུ་ལྡང་བ་ཡིན་ནོ། །མིག་ལ་མཁྲིས་པ་ཞུགས་ན་མིག་གི་མདོག་སེར་ལ་ཚ་ཞིང་མཆི་མ་མང་དུ་འབྱུང་ངོ༌། །རྣ་བར་མཁྲིས་པ་ཞུགས་ན་ཟུག་གཟེར་ཆེ་ཞིང་རྣ་བ་ཚ་ལ་ཁྱད་པར་དུ་རྣ་བའི་ནང་ནས་ཆུ་སེར་འཛག་པར་བྱེད་དོ། །སྣར་མཁྲིས་པ་ཞུགས་ན་སྣབས་ཀྱི་མདོག་སེར་ལ་མཚུལ་པ་འགགས་པ་དང༌། ལྕེ་ལ་མཁྲིས་པ་ཞུགས་ན་ལྕེའི་མདོག་སེར་བ་དང་རོ་གང་ཟོས་ཀུན་ཁ་བ་འབྱུང་ཞིང༌། དེ་ཀུན་ལ་མིག་དང་ཆུའི་མདོག་སེར་པོ་འདུག་ན་མཁྲིས་པར་བརྟག་གོ།

བརྟག་པ་དེ་རྣམས་ལས་བྱེ་བྲག་གི་རྟགས་དེ་ལ་མཁྲིས་པ་ལྔ་ལས། འཇུ་བྱེད་ཅེས་བྱ་བའི་མཁྲིས་པ་དེ་ནི་ནད་དུ་གྱུར་པའི་ཚེ་ན། ལྕེའི་མདོག་སེར་བ་དང་སྐོམ་དད་ཆེ་བ་དང་ཁ་ཟས་མི་འཇུ་ཞིང་དང་ག་འགགས་པར་འགྱུར་བའོ། །མཁྲིས་པ་མདངས་བསྒྱུར་ནད་དུ་གྱུར་ན་ཆུ་སེར་གྱིས་ཕོ་བ་ལྟེམ་སྟེ་གང་བ་ལུས་པོ་ལྕི་ལ་ལུས་ཤེད་ཉམ་ཆུང་བ་ཡིན་ནོ། །མཁྲིས་པ་སྒྲུབ་བྱེད་ནད་དུ་གྱུར་ན་སྙིང་སྤྱུགས་ཏེ་སྙིང་ཕྱོགས་ཕྱོགས་སུ་གཅུས་པའི་ཉམས་ཅན་ལ་བྱ་ཞིང་དབུགས་རྒོད་སྐོམ་དད་ཆེ་བ་དང༌། དང་ག་མི་བདེ་ཞིང་ལུས་འདར་བ་དང་གློ་སྙིང་ལ་ན་ཟུག་ཚ་ཙེག་བྱེད། མཐོང་བྱེད་ནད་དུ་གྱུར་ན་མགོ་བོ་ན་ཞིང་ཆང་འཐུངས་པའི་དུས་ན་གཟེར་བ་དང༌། མིག་གི་ཤ་སྤྲིན་སེར་ལ་མིག་གིས་ཉེ་བའི་དངོས་པོ་རྣམས་མཐོང་ཞིང་ས་ཐག་རིང་བའི་དངོས་པོ་རྣམས་མི་མཐོང་བ་དང༌། མཁྲིས་པ་མདོག་གསལ་ནད་དུ་གྱུར་ན་ལུས་ཀྱི་ཤ་དྲོད་ཆེ་ལ་ཤ་དང་པགས་མདོག་སྔོ་ནག་འབྱུང་ཞིང་ན་ཟུག་ཚ་ལ་རེག་བྱ་རྩུབ་པའོ། །བཤད་མ་ཐག་པའི་མཁྲིས་ནད་རྐྱང་པ་དེ་རྣམས་ལ་རླུང་ནད་དང་བད་ཀན་གྱི་ནད་གང་ལ་གང་འདྲེས་པ་དེའི་རྟགས་དེ་དང་དེ་རྣམས་སྟོན་ནོ།།

མཁྲིས་ནད་བཅོས་པར་བྱ་བའི་ཐབས་བཤད་པ་དེ་ལའང༌། སྤྱིའི་གསོ་ཐབས་དང་བྱེ་བྲག་གི་གསོ་ཐབས་ཏེ་རྣམ་པ་གཉིས་ཡོད་དོ། །སྤྱིར་བཅོས་ཐབས་བསྟན་པ་དེ་ལ་མཁྲིས་པའི་ནད་ལའང་གྲོགས་ཀྱི་དབྱེ་བས་ཚ་བ་དང་གྲང་བ་གཉིས་སུ་བསྡུས་ནས་བསྟན་པའོ།།

མཁྲིས་ནད་ཚ་བ་སྤྱིར་བཅོས་པའི་གཉེན་པོ་དེ་ལའང་སྨན་དང༌། དཔྱད་དང༌། ཟས་དང༌། སྤྱོད་ལམ་སྟེ་རྣམ་པ་བཞིའི་སྒོ་ནས་བཅོས་པར་བྱ་དགོས་པའོ། །མཁྲིས་པའི་ནད་ཚ་བའི་སྨན་དུ་ནི་རྒྱ་གར་ཏིག་ཏ་དང༌། གསེར་གྱི་མེ་ཏོག་དང༌། ཀྱི་ལྕེ་དཀར་པོ་དང༌། བ་ཤ་ཀ་དང༌། བོང་ང་དཀར་པོ་རྣམས་བསྐོལ་བའི་ཁུ་བ་གྲང་ཐང་དུ་བྱས་པ་ཐུན་ཚད་ཕོ་བའི་མེ་དྲོད་དང་སྦྱར་ལ་ཁོང་དུ་གཏང་བར་བྱའོ། །དེ་ཡང་ནད་པ་དེའི་དྲོད་ཆུང་ཞིང་མེ་དྲོད་ཀྱིས་འཇུ་བར་དཀའ་ན་དྲོད་སྨན་ཏེ་པི་པི་ལིང་བསྣན་ལ་བཏང་ཞིང༌། དེའི་འོག་ཏུ་གསེར་གྱི་མེ་ཏོག་ཏིག་ཏ་གསུམ་ཞེས་པ་ལ། ཟླ་ཟེར་སོགས་པ་འགར། ནིམ་པ་ལ་རིགས་ཆེ་འབྲིང་ཆུང་དུ་ཕྱེ་བ་ལ་ཏིག་ཏ་གསུམ་དུ་བཞེད། གཞན་ཡང་བོད་དུ་མཁས་པ་སྔོན་མ་རྣམས་བཞེད་ཚུལ་མི་འདྲ་བ་ཇི་སྙེད་ཅིག་འདུག་ནའང་རྒྱ་ཏིག་དང་བོད་ཀྱི་ཟངས་ཏིག་ལྕགས་ཏིག་གཉིས་བཅས་གསུམ་འཐད་པ་དང༌། བོང་ང་དཀར་པོ་དང༌། རུ་རྟ་དང༌། པར་པ་ཏ་དང༌། རྩ་མཁྲིས་དང༌། ཧོང་ལེན་དང༌། སྐྱེར་པའི་བར་ཤུན་དང་བཅས་པ་རྟ་ཀ་ར་དང་སྦྱར་བའི་ཕྱེ་མ་ཆུས་ཕུལ་ནས་བཏང་ན་མཁྲིས་པ་ཚ་བའི་ནད་མ་ལུས་པར་འཇོམས་སོ། །དེ་ལྟར་སྨན་གྱི་ནད་རྩེ་གཞིལ་ལ་དེ་རྗེས་ནད་ཕྱིར་འདྲེན་ཐབས་བསྟན་པ་ལ་རུ་ཐུང་དང༌། མཁྲིས་པ་གཤའ་རིངས་དང༌། སྣོད་ཀ་གསུམ་མཁྲིས་ནད་གང་ལ་གང་བབས་ལ་གཏར་བར་བྱའོ། །བཤད་མ་ཐག་པ་དེས་མཁྲིས་ནད་མ་ཞི་བར་གྱུར་ན་བསྡུ་བ་དང༌། སྦྱང་བ་དང༌། ཞི་བ་དང་གསུམ་གང་བབས་སྐབས་དང་སྦྱར་བའི་སྒོ་ནས་བཅོས་དགོས་ཤིང༌། དེས་ཀྱང་མ་ཞི་བར་གྱུར་ན་བསྡུ་བའི་སྒོ་ནས་བཅོས་དགོས་པའི་དང་པོ་ནི་བྲག་ཞུན་དང༌། ནིམ་པ་དང༌། བ་ཤ་ཀ་དང༌། སྤ་མའི་འབྲུ་ཡིན་པ་མིང་ལ་ཧ་ལུ་ཤ་ཞེས་བྱ་བ་དེ་དང་རྒྱ་གར་ཏིག་ཏ་དང༌། ཨ་བ་དང༌། རྒུན་འབྲུམ་དང༌། ལྕུམ་རྩ་དང༌། ཤིང་མངར་དང༌། སྐྱེར་པའི་བར་ཤུན་དང་བཅས་པ་རྟ་ཀ་ར་དང་སྦྱར་བ་དེ་ཉིད་གསེར་གྱི་མེ་ཏོག་ཁྲམ་ཁྲུམ་བརྡུངས་པ་བ་ཆུར་སྦངས་པའི་ཁུ་བས་དབུལ་ཞིང་བཏང་ངོ༌། །སྡུད་སྨན་དེ་ལྟར་དུ་བཏང་བས་ནད་འདུས་པའི་རྟགས་ནི་མིག་སྤྲིན་དང་ཆུ་དང་བཞིན་མདངས་ཏེ་མདོག་སྔར་བས་དཀར་བ་དང༌། དེ་ཡང་སྐོམ་སྙེག་པ་སྟེ་སྐོམ་འདོད་ཅིང་དང་ག་འགགས་ན་སྦྱང་བར་བྱ་དགོས་ཏེ། ཁྲོན་བུ་དང་ཚ་ལ་དང་གསེར་གྱི་མེ་ཏོག་གསུམ་གྱི་ཕྱེ་མ་ལོ་བརྒྱད་དྲི་ཆུ་དང་སྦྱར་ལ་བཏང་བ་བ་ཆུར་གསེར་གྱི་མེ་ཏོག་སྦངས་པའི་ལྕག་གིས་བསྐུལ་ལ་ནད་མ་འབྱོངས་ཀྱི་བར་དུ་དེ་ལྟར་གཏང་བར་བྱ་ཞིང་ནད་བྱང་བ་དང་འབྲས་ཀྱི་ཐུག་པ་སླ་མོས་རྗེས་གཅོད་ཅིང༌། དེ་རྗེས་ཟས་སྐོམ་བསིལ་བ་ཁོ་ན་གཅེས་སོ། །དེ་ལྟར་སྦྱངས་ནས་རྗེས་ལ་ནད་ཀྱི་ལྷག་རོལ་དུ་བསད་པའི་ཕྱིར་དུ་གསེར་གྱི་མེ་ཏོག་དང་སྤྱི་བཞུར་གཉིས་རྟ་ཀ་ར་དང་སྦྱར་བ་བ་འོས་ཕུལ་ལ་བསྟེན་ཅིང༌། དེ་རྗེས་རྒྱ་ཏིག ཟངས་ཏིག ལྕགས་ཏིག་སྟེ་ཏིག་ཏ་གསུམ་དང༌། གསེར་གྱི་མེ་ཏོག ལྕགས་ཕྱེ། བོང་ང་དཀར་པོ། སྐྲ་བཟང་དང༌། བྱི་ཏང་ག་དང་བཅས་པ་རྟ་ཀ་ར་དང་སྦྱར་བའི་ཕྱེ་མ་གངས་ཆུས་ཕུལ་ལ་དུས་གསུམ་ཡར་དུ་བཏང་བའི་དེ་རྗེས་ལ་ཚ་བའི་ལྷག་མ་ལུས་སྲིད་པར་གྱུར་ན། དེ་ཡང་ཁྲག་དང་མཁྲིས་པ་ཤས་ཆེ་ན་ཕྱི་རྒྱུད་ཕྱེ་མའི་ལེའུ་ནས་གསུངས་པའི་ག་བུར་གྱི་སྦྱོར་བ་ཉི་ཤུ་རྩ་ལྔ་པ་སྦྱར་རོ། །རླུང་ཤས་ཆེ་ན་ཏིག་ཏའི་སྨན་མར་ཕྱི་རྒྱུད་སྨན་མར་གྱི་ལེའུར་གསུངས་པ་བཞིན་བཏང་བ་ཤིས་སོ། །མཁྲིས་ནད་ཚ་བ་སྤྱིའི་ཁ་ཟས་སུ་བ་ལང་རྗུད་པ་དང་རྟོལ་གྱི་ཤ་གང་རིགས། རི་དྭགས་སོགས་ཀྱི་ཤ་གསར་པ་དང༌། བ་དང་ར་ལས་བྱུང་བའི་མར་གསར་དང་ཁུར་མང་དང་འབྲས་དང་ནས་སྔོན་ཏེ་གཙང་ཤོད་ཀྱི་ནས་སྔོན་མོ་དེའི་ཟན་དང༌། བཏུང་བ་གངས་ལས་བྱུང་བའི་ཆུ་དང་བ་དང་རའི་ཞོ་དང་དར་བ་དང་ཆབ་ཚ་སྟེ་ཚྭ་སོགས་སྡོར་མེད་པའི་ཇ་སླ་མོ་སོགས་མདོར་ན་བསིལ་ལ་ཡང་བའི་ཟས་སྐོམ་གྱི་རིགས་རྣམས་གཏང་བར་བྱ་ཞིང༌། མཁྲིས་ནད་ཚ་བའི་སྤྱོད་ལམ་ནི། ཤོག་ཤིང་སྟག་མ་འབྲུ་མར་སོགས་ཀྱི་མེ་ཕལ་ཆེར་དང༌། སྟོན་དང་དཔྱིད་སོགས་ཀྱི་དུས་ཉི་མ་མི་བསྟེན་ཞིང༌། ཁྱད་པར་དུ་ཞེ་སྡང་དྲག་པོ་དང༌། གཞན་ཡང་དྲག་ཤུལ་ཅན་གྱི་ལས་རྣམས་སྤང་བར་བྱ་ཞིང༌། ནད་པ་རང་གི་ཡིད་དུ་འོང་བའི་གྲོགས་དང་སྙན་པའི་གཏམ་ཚིག་དང་བསིལ་བའི་ས་ལ་གནས་ཤིང་ཁྱད་པར་དུའང་དལ་བར་འདུག་ཅིང་བཤད་རྒྱུད་ནས་ཇི་ལྟར་གསུངས་པའི་གངས་ཞུ་བ་ལས་བྱུང་ཞིང་ཤུགས་དྲག་བརྡབས་པའི་ཆུ་ལ་སོགས་པས་ལུས་ཀུན་ལ་ཁྲུས་བྱ་བ་དང༌། ཁྱད་པར་དུའང་མགོ་བཀྲུ་ཞིང་རས་ལ་སོགས་པའི་གོས་གསར་པ་དྲི་མ་མེད་པ་བགོ་བར་བྱའོ།།

མཁྲིས་པའི་ནད་ཚ་གྲང་གཉིས་ཀྱི་ཟླས་ཕྱེ་བའི་གྲང་མཁྲིས་སྤྱིར་བཅོས་པའི་སྨན་ལ་ནི་སེ་འབྲུ་དང༌། ཤིང་ཚ་དང༌། སྐྱུ་རུ་ར་དང༌། ནིམ་པ་དང༌། སྟར་བུ་དང༌། ཕག་པའི་རིལ་མ་མེ་ལ་ནུས་ལྡན་དུ་བསྲེགས་པའི་ཐལ་བ་དང་བཅས་པ་རྟ་བུར་དཀར་དང་སྦྱར་བ་ཆུ་བསྐོལ་གྱིས་དབུལ་ལ་བཏང་ངོ༌། །བཤད་མ་ཐག་པའི་སྤྱི་བཅོས་དེས་ཀྱང་མ་ཞི་ན་ཆ་མཉམ་བཞི་པ་ཞེས་པ་ལག་ལེན་རིན་ཆེན་གཏེར་སྤུངས་དང༌། ཕྱི་རྒྱུད་ཐང་ལེར་གསུངས་པ་སྒོ་མཐུན་པའི་བཅའ་སྒ་དང་རྒྱམ་ཚྭ་དང༌། ཨ་རུ་ར་དང༌། པི་པི་ལིང་སྟེ་བཞི་པའི་སྟེང་དུ་རྒྱ་གར་གྱི་ཏིག་ཏ་བསྣན་ལ་རྟ་ཀ་ར་དང་སྦྱར་བ་ཆུ་བསྐོལ་གྱིས་དབུལ་ལ་བཏང་བས་དེ་ཡིས་མཁྲིས་པ་དང་བད་ཀན་སྡུད་པ་དང་འདྲུལ་ཞེས་པ་རུལ་བའམ་བརླན་ཏེ་ཞུ་བར་བྱེད་པའི་དོན་ཡིན་ནོ། །བཤད་མ་ཐག་པའི་སྨན་གྱིས་བསྡུས་ལ། དེ་ནས་སྦྱང་བ་ནི་གསེར་གྱི་ཕུད་བུ་ཉེར་གཅིག་དང་རི་ཤོ་བ་ཐུན་གཉིས་དང་རྒྱམ་ཚྭ་ཕྲན་ཙམ་སྟེ་ཞོ་གང་གི་བཞི་ཆ་དང༌། པི་པི་ལིང་ཐུན་གཉིས་དང་དུར་བྱིད་ཐུན་གཉིས་རྣམས་ཞིབ་པར་བཏགས་པའི་རིལ་བུ་འོ་མ་དང་སྦྱར་བ་བཏང་ན་ནད་ཀུན་གྱེན་དུ་འདྲེན་ནོ། །ཡང་ན་རྒྱམ་ཚྭ་དང་ཨ་རུ་ར་མཆུ་སྙུང་དང་ལྕུམ་རྩ་དང་ཟངས་རྩི་བ་དང་པི་པི་ལིང་དང་གསེར་གྱི་མེ་ཏོག་རྣམས་ཀྱི་ཐང་གི་རྒྱུན་སྦྱོངས་བཏང་ལ། དེའི་རྗེས་ལ་ལུག་ཤ་དང་ཟན་དྲོན་གྱི་ཟས་དང་ཆང་འཇམ་བསྲོས་པ་སྐོམ་དུ་བསྟེན་པའི་སྒོ་ནས་དྲོད་ཀྱིས་བཅད་པ་གཅེས་པ་ཡིན་ནོ། །དེ་ལྟར་གོང་དུ་སྦྱོང་བཤད་མ་ཐག་པ་དེའི་འོག་ཏུ་ནད་ལྷག་རོལ་དུ་བསད་པའི་སྨན་ནི་སེ་འབྲུ་དང་སྒ་སྐྱ་དང་པི་པི་ལིང་དང༌། རྒྱ་གར་ཏིག་ཏ་དང༌། གསེར་གྱི་མེ་ཏོག་དང་དུག་མོ་ཉུང་དང་མ་ནུ་པུཥྐར་རྣམས་རྟ་ཀ་ར་དང་སྦྱར་བ་ཆུ་བསྐོལ་གྱིས་དབུལ་ནས་བཏང་ལ་དེ་ནས་རྗེས་གཅོད་ནད་རྣམས་མལ་དུ་འཇུག་པར་བྱེད་དགོས་སོ། །དེ་ལྟར་ཞི་སྦྱང་གི་སྒོ་ནས་བཅོས་ཀྱང་གསོ་བར་དཀའ་ན་ཚིགས་པ་བརྒྱད་པ་དང་དགུ་པ་དང་བཅུ་གཉིས་པ་དང་ལོང་ཐེར་ཏེ་ལྟེ་བའི་གཡས་གཡོན་དུ་ཚོན་རེ་གཞལ་བའི་ས་རྣམས་མེས་བསྲེག གྲང་མཁྲིས་ཅན་གྱིས་བླང་བར་འོས་པའི་ཁ་ཟས་ནི་བ་དང་ར་དང་མཛོ་རྣམས་ཀྱི་མར་གསར་པ་དང༌། ལུག་ཤ་གསར་པ་དང༌། ཉ་ཤ་དང༌། ཤ་རྙིང་སྐམ་པོ་དང༌། ཟན་དྲོན་མོ་དང༌། སྒོག་སྐྱའི་ཚ་མིག་སྟེ་དོན་དུ་སྒོག་སྐྱ་ལས་བྱས་པའི་ཚོད་མ་དང༌། གཞན་ཡང་ཟས་སྐོམ་གསར་འཇམ་གྱི་རིགས་བསྟེན་པར་བྱ་དགོས། སྤྱོད་ལམ་གྱི་རིམ་པ་ནི་ས་རླན་ཅན་གྱི་སྟེང་དུ་འདུག་པས་ལུས་གྲང་བ་དང༌། རླུང་ངམ་བསེར་བུས་གྲང་བ་སོགས་སྤངས་ཤིང༌། བླང་བར་བྱ་བ་ནི་ས་སྐམ་སར་ལུས་མི་རྔུལ་ཙམ་དུ་བཅག་པར་བྱའོ།།

དེ་ཡང་མཁྲིས་ནད་སྤྱིའི་བཅོས་ཐབས་བསྟན་ཟིན་པའི་རྗེས་དེ་མ་ཐག་པ་དེ་ནས་བྱེ་བྲག་རང་རང་སོ་སོའི་བཅོས་ཐབས་བཤད་པ་དེ་ལའང་མཁྲིས་པ་ཐང་ལ་ལྷགས་པའི་བཅོས་ཐབས་ནི་འོག་ཏུ་ཚ་བ་སྤྱི་བཅོས་ཀྱི་ལེའུ་བཅུ་གཉིས་པར་བསྟན་པ་ལྟར་རྟོགས་པར་བྱ་དགོས་ཤིང་འདིར་ནི་མཁྲིས་པ་དེ་ཉིད་རླུང་གི་གནས་སུ་གྱུར་ན་ལུག་ཤ་དང་མར་གསར་དང་ཆང་ལ་སོགས་དྲོད་བཅུད་ཀྱི་ཟས་བསྟེན་ཞིང༌། སྨན་ནི་སེ་འབྲུ་དང༌། པི་པི་ལིང་དང༌། ཏིག་ཏ་སྟེ་བྱུང་ན་རྒྱ་ཏིག་དེ་མིན་སུམ་ཅུ་ཏིག་དང༌། ཤིང་ཀུན་དང༌། བཅའ་སྒ་དང༌། ཁ་རུ་ཚྭ་དང༌། ཨ་རུ་ར་དང་བཅས་པ་རྟ་བུ་རམ་དང་སྦྱར་བ་ཆུ་བསྐོལ་གྱིས་དབུལ་ཞིང༌། མར་གསར་ལ་ཨ་བར་སྐྱུར་ཏེ་འབྲས་བུ་གསུམ། རུ་རྟ་རྒྱམ་ཚྭ་སྒ་སྐྱ་རྣམས་བཏབ་པའི་འཇམ་རྩིའི་ཆོ་ག་ཕྱི་རྒྱུད་ནས་འབྱུང་བ་ལྟར་བྱས་ནས་བཏང་ན་བདུད་རྩི་ལྟ་བུར་བསྔགས་ཤིང༌། དེ་རྗེས་དཔྱད་དུ་ཚིགས་པ་དང་པོ་དང་དགུ་པ་མེས་བསྲོའོ། །མཁྲིས་པ་དེ་ཉིད་མ་ཞུ་བད་ཀན་སོགས་གང་གི་གནས་སུ་ཞུགས་པར་གྱུར་ཀྱང་རུང་སྨན་དུ་ཕྱི་རྒྱུད་ཕྱེ་མའི་ལེའུ་ནས་བྱུང་བའི་སེ་འབྲུ་བཞི་པའམ། ཡང་ན་རྒོད་མ་ཁའི་ཕྱེ་མའི་སྦྱོར་བ་བཏང་བས་ཁ་ཟས་མ་ཞུ་བ་རྣམས་འཇུ་ཞིང་ཕོ་བའི་མེ་དྲོད་ལྷག་པར་དུ་སྐྱེད་པར་བྱེད་ཅིང༌། དེའི་རྗེས་ལ་གོང་དུ་གྲང་མཁྲིས་བཅོས་པའི་སྐབས་སུ་བཤད་པའི་སྐྱུགས་བཤལ་གཉིས་གང་ལ་གང་འཚམ་གོང་བཞིན་བསྟེན་པར་བྱ་ཞིང༌། དེ་ལྟར་བྱས་པའི་འོག་ཏུ་ཏིག་ཏ་རྒྱ་ཏིག་དང་གསེར་གྱི་མེ་ཏོག་དང༌། རྒྱམ་ཚྭ་རྣམས་གོང་དུ་བཤད་པའི་སེ་འབྲུ་བཞི་པའམ་རྒོད་མ་ཁའི་སྟེང་ལ་བསྣན་པས་ནད་ཀྱི་ལྷག་གདོན་པར་བྱའོ། །དེ་རྗེས་དཔྱད་དུ་ཚིགས་པ་གསུམ་པ་དང༌། བཅུ་གསུམ་པ་དང༌། མེ་མཉམ་གསང་དང༌། ལྷེན་གསང་རྣམས་མེས་བསྲེག་གོ། །མཁྲིས་པ་ཁྲག་གི་གནས་སུ་གྱུར་ན་བད་ཀན་སྨུག་པོ་ལྟར་བཅོས་དགོས་པ་སྨུག་པོའི་ལེའུར་གསལ་བ་ལྟར་དང༌། དེའི་རྗེས་ལ་དཔྱད་དུ་ཚིགས་པ་བརྒྱད་པ་དང་དགུ་པ་མེ་ཡིས་མནན་པ་གཅེས་སོ། །མདོར་ན་ནད་གང་དང་གང་གི་གནས་སུ་ཞུགས་པའི་ནད་དེ་ཉིད་བཅོས་པར་བྱ་བའི་མཐུ་ཡིས་ནད་གཞན་རྣམས་རང་གནས་སུ་གནས་ཤིང་མཁྲིས་པ་དེ་ཉིད་ཀྱང་རང་སོར་གྱུར་ནས་བཅོས་མི་དགོས་པ་ཡིན་ནོ། །དེ་ལྟར་མ་བཅོས་ན་རྒྱུ་གནས་འགྱུར་གྱི་ནད་དེ་ཉིད་མ་བསལ་བར་འབྲས་བུ་མཁྲིས་ནད་བཅོས་ཀྱང་ནད་ཁེགས་པར་མི་སྲིད་དོ། །མཆིན་པ་རྒྱས་སམ་ཡང་ན་མཆིན་ཁྲག་ཁ་ལུད་ན་སྨན་དུ་ཅུ་གང་བརྒྱད་པ་ཕྱེ་མའི་ལེའུར་གསུངས་པ་བཞིན་སྦྱར་ཏེ་བཏང༌། དེའི་རྗེས་ལ་རུ་ཐུང་ངམ་ཡང་ན་སྣོད་ཀའམ་ཡང་ན་མཁྲིས་རྩ་གཤའ་རིངས་མང་དུ་གཏར་ནས་ཁྲག་གི་སྟོབས་དབྲི་བར་བྱ་ཞིང༌། དེའི་འོག་ཏུ་རྒྱུད་ཕྱི་མའི་ལྟོ་བཤལ་གྱི་སྨན་སྟེང་གུར་ཀུམ་བ་ཤ་ཀ་བྲག་ཞུན་གསུམ་བསྣན་པས་སྦྱངས་ཤིང་ཏེ་ཞེས་པ་འོག་མ་འདྲེན་ཚིག་སྨོས་ནས་ཚིགས་པ་བརྒྱད་པ་དང་དགུ་པ་མེས་བསྲེགས་ལ་རྗེས་བཅད་པར་བྱ་བ་དང༌། སྐྲན་གྱི་ཁ་ལུད་པ་ལ་འགྲོན་བུ་ལྔ་བསྲེགས་པའི་ཐལ་བ་དང་མདའ་རྒྱུས་ཏེ་འགའ་ཞིག་ཐལ་ཏྲེས་སུ་བཞེད་པ་དང༌། བླ་རྟ་ལྟར་ན་ཤོལ་པོ་ཁོ་ན་ལ་བཞེད་ཅིང༌། ཟུར་མཁར་བློ་གྲོས་རྒྱལ་པོ་འོལ་མོ་སེར་བཞེད་པ། དེའི་རྗེས་འཇུག་འབྲུ་དང་རྩ་བ་བཞེད་ཚུལ་མི་མཐུན་པ་མང་ཡང་བྱང་ལུགས་ལ་དམར་རུ་མགོ་ནག་ཏུ་བཞེད་པ་འཐད་པར་སེམས་པ་དེ་དང་ཤུ་དག་ནག་པོ་དང་སྤྱང་ཚེར་དང་རྒྱམ་ཚྭ་དང་བཅས་པ་ཕྱི་རྒྱུད་ཐལ་སྨན་ལེའུར་གསུངས་པའི་བར་པའི་སྟེང་དུ་བསྣན་ལ་སྦྱར་བའི་རིལ་བུས་སྐྲན་རྣམས་བཤིག་ལ་སྦྱང་བར་བྱ་ཞིང་གལ་ཏེ་མ་ཕིག་ན་ཕྱི་རྒྱུད་ལྟར་བྱ་བ་དང༌། དཔྱད་དུ་རུ་ཐུང་དང་མཁྲིས་པ་གཤའ་རིངས་གཉིས་ལ་ཅུང་ཟད་རེ་གཏར་བར་བྱ་བ་དང༌། དེ་རྗེས་ལ་ལྷེན་གསང་དང་ཚིགས་པ་དགུ་པ་ཁ་གསུམ་སྟེ་དབུས་དང་གཡས་གཡོན་དུ་ཚོན་རེ་བཅལ་བ་དེ་གསུམ་བསྲེག་གོ། །མཁྲིས་སྐྲན་གསར་པ་ལ་མི་དང་ཕག་པ་གཉིས་ཀྱི་བྲུན་མེ་ལ་ནུས་ལྡན་དུ་བསྲེགས་པའི་ཐལ་བ་ལ་ཀ་ར་དང་ཕྱི་རྒྱུད་ཕྱེ་མ་ནས་འབྱུང་བའི་དོང་གྲ་བསྣན་པའི་སེ་འབྲུ་ལྔ་པ་དང་སྦྱར་ལ་ཆུ་བསྐོལ་གྱིས་དབུལ་ལ་བཏང་ཞིང༌། སྐབས་སྐབས་སུ་ཏིག་ཏ་བརྒྱད་པ་ཕྱི་རྒྱུད་ནས་འབྱུང་བ་ལྟར་སྦྱར་ཞིང་རུ་ཐུང་དང་མཁྲིས་རྩ་ཕྲན་བུ་གཉིས་ལ་ཅུང་ཟད་གཏར་ལ་དེ་འོག་རྗེས་དཔྱད་དུ་ཚིགས་པ་བརྒྱད་པ་དང་དགུ་པ་དང་བཅུ་གཉིས་པ་དང༌། ཕོ་གསང་རྣམས་མེས་བསྲེག་གོ། །མཁྲིས་པ་ཤ་སེར་གྱི་སྨན་དུ་ནི་རྒྱ་གར་ཏིག་ཏ་དང་དུག་མོ་ཉུང་དང༌། གསེར་གྱི་མེ་ཏོག་དང༌། ཧོང་ལེན་དང༌། བ་ཤ་ཀ་དང༌། བོང་ང་དཀར་པོ་དང༌། བ་ལེ་ཀ་རྣམས་ཀྱི་ཐང་བཏང་ལ་དེ་རྗེས་རྩེ་ཆུང་དང་དྲུག་འགོ་དང་གཤའ་རིངས་གསུམ་ག་ལ་གཏར་བར་བྱ་ཞིང༌། རྗེས་སུ་ཏིག་ཏ་དང་དུག་མོ་ཉུང་དང་ཀྱི་ལྕེ་དཀར་པོ་དང་དུར་བྱིད་རྣམས་ཀྱིས་བཤལ་བྱ་ཞིང་ཕྱི་རྗེས་སྐོམ་ཤ་དང་རི་དྭགས་ཀྱི་ཤ་ལ་སོགས་པ་བསིལ་ཤས་ཆེ་བས་བཅད་དོ། །ཕྱི་རྒྱུད་ནས་འབྱུང་བའི་གུར་ཀུམ་མཆོག་བདུན་ཞེས་པ་སྦྱར་ལ་བཏང་ཞིང༌། སྐོམ་དུ་ཞོ་ལངས་པ་སྤྲིས་མ་དོར་དཀྲུགས་ཏེ་བྱིན་པར་བྱའོ། །མཁྲིས་པ་མིག་སེར་ལ་ཕན་པའི་སྨན་ནི་རྒྱ་གར་ཏིག་ཏའི་གྲང་ཐང་བཏང་རྗེས་འབྲས་བུ་གསུམ་དང༌། དུར་བྱིད་དོང་ག་ལྕུམ་རྩ་ཀྱི་ལྕེ་དཀར་པོ་རྒུན་འབྲུམ་ཧོང་ལེན་བོང་ང་དཀར་པོ་དང་སླེ་ཏྲེས་ཐང་གིས་མཁྲིས་ཚད་འོར་དུ་སྒྱུར་བར་བྱེད་ཅིང་མཆིན་མཁྲིས་འདོམས་རྩ་དང་རྩེ་ཆུང་མཁྲིས་པ་གཤའ་རིངས་གཏར་བ་དང༌། སླེ་ཏྲེས་དང་ཏིག་ཏ་སྟེ་རྒྱ་ཏིག་དང༌། སྒ་སྐྱ་དང༌། ཨ་རུ་ར་དང༌། ཧོང་ལེན། དུག་མོ་ཉུང་དང་བཅས་པ་རྣམས་ཀ་ར་དང་སྦྱར་ཏེ་བཏང་བ་དང༌། ག་བུར་དང༌། ཅུ་གང་དང༌། གུར་ཀུམ་དང༌། ཙནྡན་དང༌། བ་ཤ་ཀ་དང༌། ཧོང་ལེན་དང༌། པདྨ་གེ་སར་དང་བདུན་པོ་རྟ་ཀ་ར་དང་སྦྱར་བ་བཏང་བར་བྱའོ། །མཁྲིས་པ་ཤ་དང་པགས་པ་གཉིས་ཀ་ལ་རྒྱས་པ་ལའང༌། གཞན་ཡང་ཁ་ལུད་ལ་སོགས་པའི་ནད་གང་དང་གང་དུ་བྱེར་བ་ཡིན་ཡང་རུང་སྟེ་དེ་ལ་ཕན་པའི་སྨན་ནི་རྒྱ་སྤོས་དང༌། སྤང་སྤོས་དང༌། བྲག་སྤོས་དང༌། ཨ་རུ་ར་དང༌། ཤུག་པ་དང༌། ལྕ་བ་དང༌། ཏང་ཀུན་དང༌། བ་ལུ་དང༌། ཤུ་དག་ནག་པོ་དང༌། རུ་རྟ་རྣམས་བ་ཆུར་སྦྱར་བ་བཏང་བའམ། ཡང་ན་སྔོན་བུ་དང་སྲུབ་ཀ་བཅས་པ་ཞོ་དང་སྦྱར་བ་བྱུག་ཅིང༌། དེས་ཀྱང་མ་སོས་ན་ཟོ་མར་ཞེས་ཟོ་ལག་ལྡེབས་ལ་ཆགས་པ་དེ་དང་སྒོག་སྐྱ་དང་ལན་ཚྭ་གསུམ་པོ་སྦྱར་བ་དེ་ལུས་ཆུ་དྲོན་གྱིས་བཀྲུས་པའི་རྗེས་སུ་བྱུགས་ལ་ཉི་མར་བསྲེག་གོ། །སེན་མོས་བྲད་པའི་ཚེ་ན་མཁྲིས་པ་ཟང་མར་ཐོན་ནས་འོང་བ་ལ་ཤུག་ཚེར་དང༌། སྤ་མ་དང༌། སྲན་མ་ནག་པོའི་ལོ་མ་དང་གསུམ་ལན་ཚྭ་དང་སྦྱར་བ་བྱུགས་ལ་ཉི་མར་བསྲེགས་རྗེས་སེན་མོས་བྲད་ཅིང་བཞར་བ་ཡང་ཡང་དུ་འབད་དེ་བསྐྱར་བས་ཆུ་སེར་རྩད་ནས་འདོན་ནོ། །དེས་ཀྱང་མ་སེལ་ན་དུར་བྱིད་དང་སྔོན་བུ་དང་ཨ་རུ་ར་མཆུ་སྙུང་གསུམ་བསྡུས་པའི་དྭངས་མ་ལ་ཆུ་སེར་སྨན་ཏེ་ཐལ་ཀ་རྡོ་རྗེ་དང་སོ་མ་ར་ཛ་དང་སྤོས་དཀར་གསུམ་བཏབ་པའི་རྒྱུན་སྦྱོངས་བྱས་ལ་བཏང་ཞིང༌། དཔྱད་དུ་མཆིན་རྩ་རུ་ཐུང་དང༌། མཆེར་རྩ་རྟ་མཐུར་དང་ཆུ་སེར་གཤའ་རིངས་དང་གདོང་རྩ་མཁྲིས་རྩ་གཤའ་རིངས་རྣམས་མང་དུ་གཏར་ཞིང༌། ཆུ་ལུམས་བྱས་རྗེས་སེང་ལྡེང་གི་སྨན་མར་ཕྱི་རྒྱུད་ལྟར་སྦྱར་ལ་བཏང་ན་མཆོག་ཏུ་ཕན་ནོ། །རྩར་མཁྲིས་པ་ཞུགས་ན་རྒྱ་གར་ཏིག་ཏ་དང་དུག་ཉུང་དང་བ་ལེ་ཀ་དང་བ་ཤ་ཀ་དང་ཀྱི་ལྕེ་དཀར་པོ་དང་གསེར་གྱི་མེ་ཏོག་དང་འོམ་བུ་དང་ཏིག་ཏ་སྟེ་འདི་སྐབས་སུམ་ཅུ་ཏིག་བཅས་པའི་ཐང་བཏང་ཞིང་མཁྲིས་རྩ་གཤའ་རིངས་མང་དུ་གཏར་རོ། །དེ་འོག་ཏུ་རྒྱུད་ཕྱི་མ་ལྟར་བཤལ་གྱིས་སྦྱངས་ལ་དེ་རྗེས་ག་བུར་ཉི་ཤུ་རྩ་ལྔ་སྦྱར་བར་བྱའོ། །རུས་པ་ལ་མཁྲིས་པ་ཞེན་ན་རྒྱ་ཏིག་ཟངས་ཏིག་ལྕགས་ཏིག་སྟེ་ཏིག་ཏ་གསུམ་དང་ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་དང༌། ཁྲོན་བུ་དང༌། ལྕུམ་རྩ་དང༌། སྟབ་སེང་དང་བཅས་པ་རྣམས་བསྡུས་པའི་རྒྱུན་སྦྱོང་བཏང་ཞིང༌། ག་བུར་ཉི་ཤུ་རྩ་ལྔ་པ་ལ་མཁྲིས་སྨན་ཁ་བསྒྱུར་བྱ་ཞེས་པར། བྱ་པ་བདག་པོ་བཀྲ་ཤིས་རྣམ་རྒྱལ་ལྟར་ན་བྲག་ཞུན་དོམ་མཁྲིས་ཚལ་དཀར་སྦྱར་ཞེས་གསུངས་འདུག་ཅིང༌། དེ་སྟེང་རྒྱ་ཏིག་གསེར་གྱི་མེ་ཏོག་སེ་བའི་མེ་ཏོག་རྣམས་བསྣན་ནོ། །ཁ་ཟས་བ་ལང་དང་རི་དྭགས་ཀྱི་ཤ་ལ་སོགས་པ་མདོར་ན་བསིལ་བ་ཁོ་ན་བསྟེན་པར་བྱ་ཞིང༌། ཕྱི་རྒྱུད་ལུམས་ལེར་གསུངས་པ་ལྟར་གྱི་ཆུ་ལུམས་མཆོག་ཏུ་བསྔགས་སོ། །ཤ་ཁྲག་རྒྱུས་པ་རྣམས་སྐམས་པར་གྱུར་ན་དེ་གསོ་བའི་ཕྱིར་དུ་ག་བུར་དང༌། ཙནྡན་དཀར་དམར་གཉིས་དང༌། པདྨ་གེ་སར་དང༌། ནཱ་ག་གེ་སར་དང༌། ནཱ་ག་པུཥྤ་སྟེ་གེ་སར་གསུམ་དང་ཨུཏྤལ་བཅས་པ་རྣམས་བ་དམར་མོའི་མར་དང་ཀ་ར་དང་སྦྲང་རྩི་དང་བཅས་པར་བྱས་པའི་ལྡེ་གུ་བཏང་བ་དང༌། མདོར་ན་མཁྲིས་པའི་ནད་ཕྱིར་བྱེར་བ་ཀུན་ཆུ་སེར་གྱི་ནད་ལྟ་བུར་བཅོས་དགོས་སོ། །དོན་སྙིང་སོགས་ལྔར་མཁྲིས་པ་ཞུགས་བའི་སྤྱི་སྨན་དུ་ནི་གོང་དུ་བཤད་པའི་རྒྱ་ཏིག་དང་ལྕགས་ཏིག་ཟངས་ཏིག་གསུམ་མམ་ཡང་ན་བྱ་པ་བཀྲ་ཤིས་རྣམ་རྒྱལ་པའི་ལུགས་ལས་བྱུང་བ་ལྟར་གྱི་སུམ་ཅུ་ཏིག་དང་ལྕགས་ཏིག་དང་ཟངས་ཏིག་སྟེ་ཏིག་ཏ་གསུམ་དང་གསེར་གྱི་མེ་ཏོག་དང༌། དུག་ཉུང་དང༌། རྒུན་འབྲུམ་དང་ཀྱི་ལྕེ་དཀར་པོ་དང་བོང་ང་དཀར་པོ་བཅས་པའི་སྟེང་ཁ་བསྒྱུར་སྙིང་ལ་ཛཱ་ཏི་དང་རུ་རྟ་དང་ཨ་ག་རུ་རྣམས་དང༌། གློ་ལ་ཤིང་མངར་དང་ཅུ་གང་དང་ཨ་ཀྲོང་རྣམས་བསྣན་ཞིང༌། མཆིན་པར་བྲག་ཞུན་དང་གུར་ཀུམ་དང་བ་ཤ་ཀ མཆེར་པར་རུ་རྟ་དང་སེ་འབྲུ་དང་པི་པི་ལིང༌། མཁལ་མར་ཤུག་ཚེར་དང་སུག་སྨེལ་དང༌། བཙོད་ཚོས་འབྲི་མོག་སྟེ་དམར་པོ་གསུམ་དང་བཅས་པ་རྣམས་རྟ་ཀ་ར་དང་སྦྱར་ལ་བཏང་ཞིང་རང་རང་གི་རྩ་སྙིང་ལ་སྣོད་ཀ གློ་བར་དྲུག་འགོ། མཆིན་པར་རུ་ཐུང་གཡས་མཆེར་པར་སྲིན་ལག་རྒྱབ་རྩ་མཁལ་མར་བྱིན་གཞུག་རྣམས་ལ་གཏར་བ་དང༌། ཚ་བ་ཆོམས་ནས་དོན་རང་རང་གི་ཚིགས་གསང་ལྔ་པ་གློ་བ། བདུན་པ་སྙིང༌། དགུ་པ་མཆིན་པ། བཅུ་གཅིག་པ་མཆེར་པ། བཅུ་གཉིས་པ་མཁལ་མ་རྣམས་མེ་ཡིས་བསྡམ་མོ། །སྣོད་ཕོ་བ་སོགས་ལ་མཁྲིས་པ་ལྷུངས་པ་གང་ལ་ཡང་བཤལ་གྱི་རིགས་ལས་ལྷག་པ་མེད་དོ། །མགོ་ལ་མཁྲིས་པ་ཁ་ལུད་ན་ཏིག་ཏ་ཤས་ཆེ་བའི་རྒྱུན་སྦྱོང་གོང་བཞིན་བཤལ་དང་གཡའ་ཀྱི་མ་ཤས་ཆེར་གྱི་སྐྱུགས་བཏང་ཞིང་དཔྲལ་རྩ་ལ་གཏར་བ་དང༌། ཏིག་ཏ་བརྒྱད་པའི་ཕྱེ་མས་ཆུ་ལྕག་བརྡེག་ཅིང༌། སྤྱི་བོ་མཚོག་མ་ལྟག་པ་སྟེ་སྡུད་སྒོ་གསུམ་ལ་མེ་བཙའ་བྱ་བ་དང༌། ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་གྱི་སྨན་མར་རྣམས་ཀྱིས་བཅོས་པར་བྱའོ། །མིག་ལ་མཁྲིས་པ་ཞུགས་པ་ལ་དཔྲལ་རྩ་གཏར་ཞིང་སྐྱེར་པའི་ཁཎྜ་བྱུག་གོ། །རྣ་བར་མཁྲིས་པ་ཞུགས་ན་རུ་རྟ་དང་སྲན་མའི་མེ་ཏོག་དང་གསེར་གྱི་མེ་ཏོག་དང་ཨ་བར་རྣམས་ཀྱི་ཁུ་བ་བླུགས་པར་བྱའོ། །སྣ་ལ་མཁྲིས་པ་ཞུགས་ན་སྣ་སྦྱོངས་ཕྱི་རྒྱུད་ཀྱི་སྦྱོར་བ་དྲུག་པ་བཏང་རྗེས་གུར་ཀུམ་ཞུན་མར་དང་སྦྱར་བ་བླུགས་སོ། །ལྕེ་ལ་མཁྲིས་པ་ཞུགས་ན་ལྕེ་འོག་གི་སྒབ་རྩ་གཏར་བ་དང༌། དེ་རྗེས་ཤིང་མངར་དང་རྒུན་འབྲུམ་དང་ཀ་ར་སོགས་མདོར་ན་སྨན་རོ་མངར་བའི་ཁུ་བས་དགང་བར་བྱའོ།།

བཅོས་ཐབས་སྔར་བཤད་པ་དེ་རྣམས་ལས་ཁྱད་པར་དུ་བྱ་བའི་བཅོས་ནི་མཁྲིས་པ་འཇུ་བྱེད་རྣམ་པར་གྱུར་པའི་ཚེ་ན་རྒྱུད་ཕྱི་མའི་རྒྱམ་ཚྭ་གསུམ་པའི་ཐང་བཏང་རྗེས་གསེར་གྱི་ཕུད་བུའི་སྐྱུགས་ཀྱིས་དྲང་བ་དང༌། མཁྲིས་པ་མདངས་བསྒྱུར་རྣམ་པར་གྱུར་ན་ཕྱི་རྒྱུད་ལྟོ་བཤལ་གྱི་སྟེང་རྒྱ་ཏིག་གསེར་མེ་དུག་ཉུང་རྣམས་བསྣན་པའི་བཤལ་གྱིས་སྦྱངས་རྗེས་རྒོད་མ་ཁའི་ཕྱེ་མ་ལ་ཁ་ཚར་དུ་རྒྱ་གར་ཏིག་ཏ་བསྣན་ལ་བཏང་ཞིང་མཁྲིས་རྩ་གཤའ་རིངས་མང་དུ་གཏར་བ་དང༌། མཁྲིས་པ་སྒྲུབ་བྱེད་རྣམ་པར་གྱུར་ན་ཨ་ག་རུ་དང་ཛཱ་ཏི་གུར་ཀུམ་རྒྱ་ཏིག་ཨ་རུ་ར་ནཱ་ག་གེ་སར་དང་དྲུག་པོ་རྣམས་ཀ་ར་དང་སྦྱར་བ་བཏང་ལ་དཔྱད་དུ་རྩེ་ཆུང་བསྣོལ་ལ་དེ་རིང་གཡས་དང་སང་གཡོན་བསྣོལ་བར་འབྲི་གུང་པའི་མཆན་བུར་སྣང་ཡང་ཁོ་བོ་ནི་གཞོགས་གཡས་གཟེར་ན་རྩེ་ཆུང་གཡོན་དེ་བཞིན་གཡོན་གཟེར་ན་རྩེ་ཆུང་གཡས་བསྣོལ་ལོ། །མཁྲིས་པའི་རྩ་གཤའ་རིངས་གཏར་ཞིང་སྙིང་གར་ཆུ་ལྕག་བརྡེག་གོ། །མཁྲིས་པ་མཐོང་བྱེད་རྣམ་པར་གྱུར་པའི་ནད་ལ་རྒྱ་གར་ཏིག་ཏ་གསེར་མེ་བ་ལེ་ཀ་བོང་ང་དཀར་པོ་མ་ནུ་པ་ཏྲ་པི་པི་ལིང་ཨ་རུ་ར་རྣམས་མར་གསར་དང་སྦྲང་རྩི་ལ་སྦྱར་བའི་ལྡེ་གུ་སྦྱར་བར་བྱ་ཞིང་གསེར་མདུང་དང་དངུལ་མདུང་གཏར་ལ་དེ་རྗེས་ཆུ་ལྕག་མང་དུ་བརྡེག་གོ། །མཁྲིས་པ་མདོག་གསལ་རྣམ་པར་གྱུར་པའི་ནད་ལ་ཙནྡན་དཀར་པོ་གུར་ཀུམ་གཉིས་ཆུར་སྦྱང་བས་བྱུག་ཅིང་གསེར་གྱི་མེ་ཏོག་ཙནྡན་དཀར་པོ་སོ་མ་ར་ཛ་དང་ར་གསུམ་སྟེ་ཨ་རུ་བ་རུ་སྐྱུ་རུ་རྣམས་ཀ་ར་སྦྱར་བ་བཏང་དེ་རྗེས་བསིལ་ཆུས་བྲན་ལ་མཁྲིས་རྩ་ཕྲན་བུ་གཏར་བར་བྱའོ། །བད་ཀན་དང་རླུང་སོགས་ནད་གང་དང་འདྲེས་ན་དེ་ཡི་གཉེན་པོ་བསྟེན་པ་ཤེས་སོ། །སྤྱིར་ན་མཁྲིས་ནད་འདི་ཉིད་གདོན་ཆེ་བས་དེ་ལ་གདོན་བཅོས་པ་སྔོན་དུ་འགྲོ་དགོས་པ་ལས། དེ་ཡང་སྤྱིར་མདོས་ལ་རིགས་མང་ཡང་འདིར་བྱེ་བྲག་མ་མོ་ཡོངས་ཀྱི་གཙོ་མོར་བཞུགས་པའི་དཔལ་ལྡན་ལྷ་མོའི་སྐུ་རུ་བཞེངས་པའི་བསྟན་མདོས་དང༌། མཚོ་བདག་མཚོ་སྨན་རྒྱལ་མོ་ལ་མཆོད་པའི་སྒོ་ནས་ནོར་རྫས་སུ་བསྔོ་བ་སྒྲུབ་རྫས་མདོས་དང་བཅས་པ་མཚོ་ལ་དབུལ་ཞིང་གཏོང་བ་དང༌། མ་མོ་བྱང་སྨན་ཆེན་མོ་ལ་རིན་ཆེན་བཙོ་སྦྱངས་ཀྱི་གསེར་ལས་གྲུབ་པ་གཞལ་ཡས་ཁང་དུ་ཤེས་པའི་མདོས་དང་མཆོད་པ་དང་གཟུ་དཔང་རྣམས་གསེར་སྐྱེམས་དང་ཆོ་ག་ཉིན་ལྟར་བཞིན་མདོས་ཞལ་གསོས་ཏེ་སྒྲོན་པ་སོགས་དང༌། གཞན་ཡང་དཔལ་ལྡན་ལྷ་མོའི་བསྐང་མདོས་དང་མ་མོའི་ཁྲག་མདོས། བསྟན་མ་བཅུ་གཉིས་ཀྱི་མདོས། དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱི་ཟོར་མདོས་དང༌། མ་མོ་གླིང་བཞིའི་མདོས་དང༌། མཚོ་སྨན་དགུ་མདོས་དང༌། ཀླུ་མོའི་བྱང་མདོས་ལ་སོགས་མོ་རིགས་ཀྱི་མདོས་སུམ་བརྒྱ་དྲུག་ཅུ་དང༌། གཞན་ཡང་ཀུན་བརྟགས་གདོན་གྱི་ནད་བཞི་བརྒྱ་རྩ་བཞི་ལ་སོ་སོར་ཚིམ་པར་འདོད་པའི་མདོས་རྣམས་བསྔགས་སོ། །རྒྱས་པར་སྤྲོ་ན་འདིའི་ཆ་ལག་ཏུ་ཁོ་བོས་ལོགས་སུ་བྲི་བར་བྱའོ།།

མཁྲིས་པའི་ནད་རྣམས་དེ་ལྟར་ཚུལ་བཞིན་དུ་བཅོས་ནས་ཐ་མ་མི་ལྡོག་པའི་ཕྱིར་དུ་ཕྱི་རྗེས་བཅད་པར་བྱ་བའི་ཐབས་ནི། དེ་ཡང་ནད་ལྷག་ཅུང་ཟད་ལུས་ཀྱང་སླར་མཁྲིས་པའི་མེ་དྲོད་ལོག་པར་འགྱུར་བས་མཁྲིས་བཤལ་གོང་དུ་གསལ་བ་ལྟར་གྱིས་ཕྱི་རྗེས་བཅད་ལ་དེ་རྗེས་རྩ་ཁ་བསྡམ་པའི་ཕྱིར་དུ་མི་དང་དོམ་དང་ཉ་གསུམ་གྱི་མཁྲིས་པ་ཐུན་གསུམ་ལ་གུར་ཀུམ་ཀ་ར་སྦྱར་ལ་བའི་འོ་མས་ཕུལ་ལ་བཏང་ངོ༌། །དེའི་རྗེས་ལ་ཀ་ར་དང་སྤྱི་བཞུར་དང་གསེར་གྱི་མེ་ཏོག་རྣམས་བ་དམར་ཟལ་གྱི་འོ་མས་ཕུལ་ལ་བཏང་བས་ཕྱིར་མི་ལྡོག་ཅིང༌། དཔྱད་དུ་ཚིགས་པ་བཅུ་གསུམ་པ་དང་བཅུ་དགུ་པ་གཉིས་ཀྱི་ཁ་གསུམ་མེ་ཡིས་བསྲེག་གོ། །ནད་པ་དེ་ཉིད་ཟུངས་ངན་ཞིང་རླུང་ཤས་ཆེ་ན་ཕྱི་རྒྱུད་ནས་འབྱུང་བ་ལྟར་གྱི་ཏིག་ཏའི་སྨན་མར་སྦྱར་བ་བཏང་ཞིང་ལོ་གཅིག་གི་བར་ལ་མཁྲིས་པར་གནོད་པའི་ཟས་དང་སྤྱོད་ལམ་རྣམས་གཟབ་པས་བརྟན་པར་འགྱུར་བ་ཡིན་ནོ་ཞེས་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གསུམ་པ་མན་ངག་རྒྱུད་ཀྱི་ཉེས་གསུམ་གྱི་ནང་ཚན་མཁྲིས་པའི་ནད་བཅོས་པའི་ལེའུ་སྟེ་གསུམ་པའོ།། །།



 

མཐའ་མའི་འདོན་ཐེངས་།: 24.11.2023 ཉིན། 10:24 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།