སྨན་རྩིས་དྲ་བ། - རྩ་རྒྱུད།

ལེའུ་གསུམ་པ། གནས་ལུགས་ནད་གཞི།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 09.02.2011
རྩ་རྒྱུད། >> ལེའུ་གསུམ་པ། གནས་ལུགས་ནད་གཞི།




ལེའུ་གསུམ་པ། གནས་ལུགས་ནད་གཞི།

ལེའུ་གཉིས་པ་གསུངས་པའི་དེ་མ་ཐག དེ་ནས་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ཡིན་ཏེ། ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། །ཞེས་ཞེ་ས་དང་བཅས་ཏེ་མཚན་ནས་བོས་ནས་གོང་དུ་གསོ་བ་རིག་པའི་རྒྱུད་སྡེ་རྣམ་བཞི་ལ་བསླབ་དགོས་པར་གསུངས་པ་ལས། ཐོག་མར་རྩ་བའི་རྒྱུད་ལ་བདག་ཅག་རྣམས་ཀྱིས་ཅི་ལྟར་བསླབ་པར་བགྱི་ཞེས་འདྲི་ན་འཚོ་མཛད་སྨན་པའི་རྒྱལ་པོས་གསལ་པོར་བཤད་དུ་གསོལ་ཞེས་གུས་པ་དང་བཅས་ཏེ་ཞུས་པ་ལས། དྲང་སྲོང་ཡིད་ལས་སྐྱེས་ཀྱིས་རྩ་རྒྱུད་ཞུས་པའི་ལན་དུ་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་སྤྲུལ་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་མ་ཡེངས་པར་བྱ་བའི་སླད་དུ་ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ཞེས་བརྡ་སྦྱར་ནས།

རྒྱུད་བཞིའི་དང་པོ་དཔལ་ལྡན་རྩ་བའི་རྒྱུད་གསོ་བ་རིག་པའི་དོན་ཐམས་ཅད་མདོར་བསྡུས་པའི་གནས་འདི་ཉིད་བསྟན་པར་བྱ་སྟེ། དུམ་བུ་དང་པོ་རྩ་བའི་རྒྱུད་ཀྱི་དོན་མ་ལུས་པ་དཔེ་དོན་མྱ་ངན་མེད་པའི་ལྗོན་ཤིང་གི་ཚུལ་དུ་སྦྱར་ཏེ་བཤད་ལ། དེ་ལ་གནས་ལུགས་ནད་བཞིའི་རྩ་བ་མཚོན་བྱེད་དཔེར་ན་མི་ནད་མེད་ཀྱི་བྱ་བའི་རིགས་ཀྱི་སྒྱུ་རྩལ་རིགས་ལུང་དམག་དང་སོ་ནམ་བྱེད་པ་དང་ནད་ཅན་སོགས། ངོས་འཛིན་རྟགས་ཀྱི་རྩ་བ་མཚོན་བྱེད་དཔེར་ན་ལྷ་རྗེས་རྩ་ཆུ་ལྕེ་སོགས་བལྟ་ཞིང་དྲི་བ་བྱེད་པ། གསོ་བྱེད་ཐབས་ཀྱི་རྩ་བ་མཚོན་བྱེད་དཔེར་ན་སྨན་པས་སྨན་ཐང་ཕྱེ་རིལ་བུ་ལྡེ་གུ་སྨན་མར་ཐལ་སྨན་ཁཎྜ་སོགས་བཟོ་བ་ལྟ་བུ་སྟེ་གསུམ།

དེ་ལས་འདྲིལ་བའམ་སྐྱེས་པའི་སྡོང་པོ་དགུ་ནི་ལེའུ་གསུམ་པ་ལ་གནས་ལུགས་ནད་གཞིའི་རྩ་བ་ནས་རྣམ་པར་མ་གྱུར་པ་ལུས་ཀྱི་སྡོང་པོ་མཚོན་བྱེད་དཔེར་ན་ནད་མེད་རིགས་དང༌། རྣམ་པར་གྱུར་པ་ནད་ཀྱི་སྡོང་པོ་མཚོན་བྱེད་དཔེར་ན་ནད་པ་གཉིས་གོང་བཞིན། བཞི་པར་ངོས་འཛིན་རྟགས་ཀྱི་རྩ་བ་ནས་མཚོན་བྱེད་དཔེར་ན་ནད་པའི་ཆུ་དང་ལྕེར་བལྟ་བ་དེ་བཞིན་རྩར་རེག་པ་དྲི་བ་གསུམ་གྱི་སྡོང་པོ་གསུམ། ལྔ་པར་གསོ་བྱེད་ཐབས་ཀྱི་རྩ་བ་ལས་སྐྱེས་པའི་འཚོ་བ་ཟས་ཀྱི་སྡོང་པོ་མཚོན་བྱེད་དཔེར་ན་ཤ་མར་ཆང་སོགས་ཟས་ཟ་ཚུལ། བྱ་བ་སྤྱོད་ལམ་གྱི་སྡོང་པོ་མཚོན་བྱེད་དཔེར་ན་སྙོམས་པ་མི་ཞིག་སྟོད་གྲིབ་མ་སྨད་ཉི་མར་སྡོད་པ་དང་འགྲོ་བ། སྦྱོར་བ་སྨན་གྱི་སྡོང་པོ་མཚོན་བྱེད་དཔེར་ན་སྨན་གཏོང་བ། ཆ་བྱད་དཔྱད་ཀྱི་སྡོང་པོ་མཚོན་བྱེད་དཔེར་ན་ལུས་ལ་ཡུལ་ཐིག་རྒྱབ་ནས་བལྟ་བ་སྟེ་བཞི་དེ་སྡོང་པོ་དགུ།

དེ་ལས་གྱེས་པའི་ཡལ་ག་ནི། རྣམ་པར་མ་གྱུར་པ་ལུས་ཀྱི་སྡོང་པོ་ལས། ནད་ཀྱི་ཡལ་ག་མཚོན་བྱེད་དཔེར་ན་དཔྱི་དང་གསང་བར་རླུང་ཡོད་པ་དེ་བཞིན་ལུས་ཀྱི་བར་མཆིན་པར་མཁྲིས་པ་ཡོད་པ། ཀླད་པར་བད་ཀན་ཡོད་ཚུལ། ལུས་ཟུངས་ཀྱི་ཡལ་ག་མཚོན་བྱེད་དཔེར་ན་མིའི་ཕོ་བར་དྭངས་སྙིགས་ཕྱེ་བ། དྲི་མའི་ཡལ་ག་མཚོན་བྱེད་དཔེར་ན་བཤང་གཅི་རྔུལ་དོན་པ་སྟེ་གསུམ། རྣམ་འགྱུར་ནད་ཀྱི་སྡོང་པོ་ལས་རྒྱུའི་ཡལ་ག་དུག་གསུམ་མཚོན་བྱེད་དཔེར་ན་བྱ་སྦྲུལ་ཕག་དང༌། རྐྱེན་མཚོན་བྱེད་དཔེར་ན་ཆང་གིས་བཟི་ནས་གཡང་ལ་ལྕེབས་པར་དུས་མ་གཏོགས་ཚང་བ། འཇུག་སྒོའི་ཡལ་ག་མཚོན་བྱེད་དཔེར་ན་ཕོ་བའི་མཁྲིས་པ་ལྟ་བུ་རྒྱས་ནས་ལུས་ཁྱབ་པ། གནས་མཚོན་བྱེད་དཔེར་ན་སྟོད་དཀར་བར་སེར་སྨད་སྔོ་བར་གནས་ཚུལ། ལམ་མཚོན་བྱེད་དཔེར་ན་རུས་པ་རྣ་བ་བ་སྤུ་ལོང་སྙིང་དང་སྲོག་རྩ་རྣམས་སྔོན་པོ། ཁྲག་རྔུལ་མིག་མཆིན་མཁྲིས་སེར་པོ། ཕོ་བ་དྭངས་མ་ཁུ་བ་གཅི་བཤང་སྣ་གློ་བ་རྣམས་དཀར་པོ། ལྡང་དུས་མཚོན་བྱེད་དཔེར་ན་ནད་པ་རྒད་བུ་སྔོན་པོ། དར་མ་སེར་པོ་བྱིས་པ་དཀར་པོ། འབྲས་བུ་སྲོག་གཅོད་ཀྱི་ནད་དགུ་མཚོན་པ་དཔེར་ན་མི་དབུགས་ཆད་ནས་ཤི་བ། ལྡོག་རྒྱུ་ལ་མཚོན་བྱེད་དཔེར་ན་རླུང་མཁྲིས་བད་ཀན་གསུམ་སྟོད་སྨད་བར་གནས་ཚུལ། མདོ་དོན་ཚ་གྲང་མཚོན་པ་དཔེར་ན་མེ་དང་ཆུས་དགུ་སྟེ་ཡལ་ག་ལེའུ་གསུམ་པ་ལ་བཅུ་གཉིས་སོ། །ལེའུ་བཞི་པར་བལྟ་བའི་སྡོང་པོ་ལས་སྐྱེས་མཐོང་བ་ལྕེའི་ཡལ་ག་མཚོན་བྱེད་དཔེར་ན་སྨན་པས་ལྕེར་བལྟ་བ། ཆུའི་ཡལ་ག་མཚོན་བྱེད་དཔེར་ན་སྨན་པས་ཆུར་བལྟ་བ། རེག་པ་རྩའི་སྡོང་པོ་ལས་སྐྱེས་པ་རླུང་རྩ་སྔོན་པོ་ཀྱལ་སྟོང་གི་ཚུལ། མཁྲིས་རྩ་མཚོན་བྱེད་དཔེར་ན་རྩ་སེར་མགྱོགས་ཤིང་སྦོམ་འཕར་ཚུལ། བད་ཀན་གྱི་རྩའི་ཡལ་ག་མཚོན་བྱེད་དཔེར་ན་རྩ་དཀར་པོ་དལ་འཕར་གྱིས་གསུམ། ཐོས་པ་སྒྲའམ་ངག་གི་དྲི་བའི་སྡོང་པོ་ལས་སྐྱེས་ནས་རླུང་གི་དྲི་བ་མཚོན་བྱེད་དཔེར་ན་ནད་པ་སྔོན་པོ་གཡལ་འདར་བྱ་རྨྱང་གྲང་ཤུམ་བྱེད་ཚུལ། མཁྲིས་པའི་དྲི་བ་མཚོན་བྱེད་དཔེར་ན་ནད་པ་སེར་པོ་མགོར་ལག་རེག་པ། བད་ཀན་དྲི་བའི་ཡལ་ག་ནད་པ་དཀར་པོ་ཞིག་སྐྱུག་པ་བྱེད་པ་གསུམ་སྟེ་ལེའུ་བཞི་པར་བརྒྱད། ལེའུ་ལྔ་པར་ཟས་ཀྱི་སྡོང་པོ་ལས་རླུང་ཟས་ཀྱི་ཡལ་ག་མཚོན་བྱེད་དཔེར་ན། རྟ་བོང་འཕྱི་བ་ལོ་ཤ་ཤ་ཆེན་འབྲུ་མར་ལོ་མར་བུ་རམ་སྒོག་སྐྱ་བཙོང་ནག རླུང་སྐོམ་གྱི་ཡལ་ག་མཚོན་བྱེད་དཔེར་ན་འོ་མ་ལྕ་བ་ར་མཉེའི་ཟན་ཆང་བུར་ཆང་རུས་ཆང༌། མཁྲིས་ཟས་ཀྱི་ཡལ་ག་མཚོན་བྱེད་དཔེར་ན་བ་རའི་མར་རི་དྭགས་ཀྱི་ཤ་ར་ཤ་སྐོམ་པོ་སྟེ་རྟོལ་གྱི་ཤ་ནས་གསར་པའི་ཆག་ཚེ། སྐྱབས་ཁུར་གྱི་ཚོད་མ། མཁྲིས་སྐོམ་གྱི་ཡལ་ག་མཚོན་བྱེད་དཔེར་ན་བ་རའི་ཞོ་དར་ཆབ་ཚ་ཆུ་བསིལ་བསྐོལ་གྲང༌། བད་ཟས་ཀྱི་ཡལ་ག་མཚོན་བྱེད་དཔེར་ན་ལུག་འབྲོང་གཅན་གཟན་ཉ་རྣམས་ཀྱི་ཤ་སྐམ་སྦྲང་སྐམ་སའི་འབྲུའི་ཟན་དྲོན། བད་སྐོམ་གྱི་ཡལ་ག་མཚོན་བྱེད་དཔེར་ན་འབྲིའི་ཞོ་དར་གར་ཆང་ཆུ་བསྐོལ། བྱ་བ་སྤྱོད་ལམ་གྱི་སྡོང་པོ་ལས་སྐྱེས། རླུང་སྤྱོད་ཀྱི་ཡལ་གར་དྲོ་ས་ཉི་མར་སྡོད་པ། མཁྲིས་སྤྱོད་ཀྱི་ཡལ་གར་ཆུ་འགྲམ་ཤིང་གྲིབ་བསིལ་སར་སྡོད་པ། བད་ཀན་སྤྱོད་ལམ་གྱི་ཡལ་ག་མཚོན་བྱེད་དཔེར་ན་ཉི་མར་རྐང་པ་འཆགས་པ་སྟེ་གསུམ། སྦྱོར་བ་སྨན་གྱི་སྡོང་པོ་ནས། རླུང་སྨན་རོའི་ཡལ་ག རླུང་སྨན་ནུས་པའི་ཡལ་ག མཁྲིས་སྨན་རོའི་ཡལ་ག མཁྲིས་སྨན་ནུས་པའི་ཡལ་ག བད་སྨན་རོའི་ཡལ་ག བད་སྨན་ནུས་པའི་ཡལ་ག ཁུ་བ་མཚོན་བྱེད་དཔེར་ན་སྣོད་དུ་ཁུ་བ་མི་འདྲ་བ་གསུམ་བླུགས་པ། སྨན་མར་གྱི་ཡལ་ག་མཚོན་བྱེད་དཔེར་ན་སྨན་མར་བཟོ་བ། ཐང་གི་ཡལ་ག་ཐང་བརྡུང་ཚུལ། ཕྱེ་མའི་ཡལ་ག་ཕྱེ་མར་འཐག་པ། རིལ་བུའི་ཡལ་ག་རིལ་བུ་བསྒྲིལ་བ་ཚགས་བྱེད་པ། ཏྲེས་སམ་གྱི་ཡལ་ག་ཐལ་སྨན་བཟོ་ཚུལ། རླུང་འཇམ་རྩིའི་ཡལ་ག་མགོ་མཇུག་ལྡོག་སྨན་གྲོད་པ་ནས་རྐུབ་ལ་ལྡུགས་པ། མཁྲིས་བཤལ་གྱི་ཡལ་ག་ཕིགས་པའི་ཚུལ་དྲི་མ་གཏོང་བ། བད་ཀན་སྐྱུགས་ཀྱི་ཡལ་ག་སྐྱུག་ཚུལ། རླུང་དཔྱད་ཀྱི་ཡལ་ག་བསྐུ་མཉེ་དང་ཧོར་གྱི་མེ་བཙའ་བྱེད་ཚུལ། མཁྲིས་དཔྱད་ཀྱི་ཡལ་ག་ཆུ་རྦ་བཟེད་རྔུལ་དབྱུང་བ་དང་གཏར་ག་བརྡེག་པ། བད་ཀན་གྱི་དཔྱད་ཀྱི་ཡལ་ག་མཚོན་བྱེད་དཔེར་ན་དུགས་དང་མེ་བཙའ་བྱེད་པ་སྟེ་ལེའུ་ལྔ་པར་ཡལ་ག་ཉེར་བདུན་ཏེ་ཁྱོན་རྩ་བ་ལས་གྱེས་པའི་ཡལ་ག་བཞི་བཅུ་རྩ་བདུན་ཏེ།

ཡལ་ག་དེ་ལས་ལོ་འདབ་ཉིས་བརྒྱ་ཉི་ཤུ་རྩ་བཞིར་རྒྱས་པ་ཡིན་ཏེ། དེ་དག་ཀུན་གྱི་སྙིང་པོ་གྲུབ་པ་དོན་དུ་གསལ་བའི་མེ་ཏོག་གཉིས་དང་འབྲས་བུ་གསུམ་དེ་ལྔ་རུ་སྨིན་པའི་ཚུལ་འདི་དག་རྩ་བའི་རྒྱུད་ཀྱི་སྡོམ་ཚིག་ཏུ་བཤད་ཅིང་བསྡུས་པའོ།།

དེ་ཉིད་རྒྱས་པར་བཀྲོལ་ན་འདི་ལྟ་བུ་ཡིན་ཏེ། ནད་དང་ལུས་ཟུངས་དང་དྲི་མ་རྣམ་པ་གསུམ་པོ་རང་རང་གི་གནས་དང་ལྡང་ཚད་ལས་རྣམ་པར་མ་གྱུར་པ་ལུས་གནས་པར་བྱེད་པ་མི་ན་བའི་ལུས་ཀྱི་སྡོང་པོ་དང༌། དེ་གསུམ་པོ་འཕེལ་ཟད་འཁྲུགས་པས་རང་རང་གི་རང་བཞིན་ལས་གཞན་དུ་རྣམ་པར་གྱུར་པ་ལས་རིམ་པ་བཞིན་དུ་ལུས་དེ་ཉིད་ནི་གནས་པ་དང་འཇོམས་པར་བྱེད་པ་ཡིན་པས་ན་བའི་ལུས་ཀྱི་སྡོང་པོ་དང་གཉིས་སོ།།

གོང་གི་ནང་ནས་དང་པོ་ནད་ཅེས་པ་ནི་རྣམ་པར་མ་གྱུར་པའི་རླུང་དང་མཁྲིས་པ་དང་བད་ཀན་གསུམ་གྱི་བདག་ཉིད་ཅན་དེ་ལ་དབྱེ་བ་ནང་གསེས་བཅོ་ལྔ་སྟེ། ནད་ཀྱི་ཡལ་ག་ལས་གྱེས་པ་རླུང་སྲོག་འཛིན་གྱི་རླུང་འདི་གནས་སའི་དགག་སྒྲུབ་བཤད་རྒྱུད་དུ་བགྱིས་པ་ལྟར་སྤྱི་བོར་གནས་པའི་ལོ་མ། གྱེན་རྒྱུ་བྲང་ལ་གནས་པའི་ལོ་མ། ཁྱབ་བྱེད་སྙིང་ལ་གནས་པའི་ལོ་མ། མེ་མཉམ་ཕོ་བར་གནས་པའི་ལོ་མ། ཐུར་སེལ་གཞང་ཞེས་འཕོངས་ལ་གནས་པའི་ལོ་མ་སྟེ་རླུང་ལ་ལྔ། མཁྲིས་པ་འཇུ་བྱེད་ཕོ་བའི་ཟས་ཞུ་མ་ཞུའི་བར་ན་གནས་པའི་ལོ་མ། མདངས་སྒྱུར་མཆིན་པར་གནས་པའི་ལོ་མ། སྒྲུབ་བྱེད་སྙིང་ལ་གནས་པའི་ལོ་མ། མཐོང་བྱེད་མིག་ལ་གནས་པའི་ལོ་མ། མདོག་གསལ་པགས་པར་གནས་པའི་ལོ་མ་སྟེ་མཁྲིས་པར་ལྔ། བད་ཀན་རྟེན་བྱེད་བྲང་ན་གནས་པའི་ལོ་མ། མྱག་བྱེད་ཕོ་བའི་མ་ཞུ་བར་གནས་པའི་ལོ་མ། མྱོང་བྱེད་ལྕེར་གནས་པའི་ལོ་མ། ཚིམ་བྱེད་མགོར་གནས་པའི་ལོ་མ། འབྱོར་བྱེད་ཚིགས་མིག་ལ་གནས་པའི་ལོ་མ་སྟེ་བད་ཀན་ལྔ་བཅས་ནད་ཀྱི་ལོ་མ་བཅོ་ལྔའོ། །ཟུངས་ཀྱི་ཡལ་ག་ལས་སྐྱེས་པའི་ལོ་མ་བདུན་ནི། མཚོན་བྱེད་ཕོ་བའི་མེ་དྲོད་ཀྱིས་ཕྱེ་བས་དྭངས་མའི་ལོ་མ། དེའི་དྭངས་མ་ཁྲག་གི་ལོ་མ་ཁྲག་རང༌། དེ་ནས་རིམ་བཞིན་ཤའི་ལོ་མ་ཤ་རང༌། ཚིལ་ལོ་མ་རང༌། རུས་ལོ་མ་རང༌། རྐང་ལོ་མ་རང༌། ཁུ་བ་དཀར་དམར་གཅིག་གི་ལོ་མས་རང་སྟེ་ལུས་ཟུངས་ཀྱི་ལོ་མ་བདུན་ཡིན་ནོ། །དྲི་མའི་ཡལ་ག་ལས་སྐྱེས་ལོ་མ་གསུམ་ནི། བཤང་བ་གཏོང་ཚུལ་གྱི་ལོ་མ། གཅིན་གཏོང་ཚུལ་གྱི་ལོ་མ། རྔུལ་འདོན་ཚུལ་གྱི་ལོ་མ་སྟེ་གསུམ་མོ།།

དེ་ལྟར་ལོ་མའི་རྣམ་གྲངས་ཉི་ཤུ་རྩ་ལྔ་པོ་དེ་ཀུན་ཀྱང་ཁ་ཟས་ཀྱི་རོ་དང་ནུས་པ་དང་སྤྱོད་ལམ་དང་རྣམ་གྲངས་གསུམ་པོ་དམན་ལྷག་ལོག་པ་དང་བྲལ་བས་ལོ་མ་ཉེར་ལྔ་པོ་དེ་དག་ཐམས་ཅད་རང་རང་གི་ལྡང་ཚད་བཞིན་ཆ་མཉམ་པར་གནས་པར་བྱེད་ལ། དེ་རྣམས་མཉམ་པས་ལུས་ཀྱི་སྟོབས་དང་གཟི་མདངས་ཚེ་རྣམས་འཕེལ་བར་འགྱུར་ཞིང༌། དེ་ལས་ལྡོག་པས་ཟས་སྤྱོད་དམན་ལྷག་ལོག་པས་ལོ་མ་ཉེར་ལྔ་པོ་དེ་འགའ་ཞིག་འཕེལ་འགའ་ཞིག་ཟད་པ་དང་ཕན་ཚུན་འཁྲུགས་པར་གྱུར་པས་ལུས་དང་ཚེ་ལ་གནོད་པར་འགྱུར་བ་ཡིན་ནོ།།

རྣམ་པར་གྱུར་པ་ནད་ཀྱི་སྡོང་པོའི་རྒྱུའི་ཡལ་ག་ལས། རྣམ་གྱུར་གྱི་ནད་དེ་དག་ནི་སྐྱེད་པར་བྱེད་པའི་རང་གི་རྒྱུ་ནི་གསུམ་ཡོད་དེ། དེ་ལ་ལྷན་ཅིག་སྐྱེད་པའི་རྐྱེན་བཞི་ཡིས་གྲོགས་བྱས་ཏེ་བསླང་བའི་འཇུག་པའི་སྒོ་རྣམ་པ་དྲུག་ཏུ་ཞུགས་ཤིང༌། དེ་ནས་ནི་ལུས་ཀྱི་སྟོད་དང་སྨད་དང་བར་གསུམ་དུ་གནས་སོ་སོར་བཅས་ཤིང་སླར་ཡང་རྒྱུ་བར་བྱེད་པའི་ལམ་ནི་བཅོ་ལྔ་རུ་རྒྱུ་བར་བྱེད་ལ། དེ་ཡང་ན་སོ་ཡུལ་དང་དུས་ཀྱི་རིམ་པ་གསུམ་གསུམ་སྟེ་དགུ་རུ་འཕེལ་བར་བྱེད་ཅིང་དེའི་འབྲས་བུ་ལ་སྲོག་གཅོད་པའི་ནད་རྣམ་པ་དགུར་སྨིན་པར་གྱུར་ཏེ། དེ་དག་ཀྱང་ལྡོག་པའི་རྒྱུ་ནི་བཅུ་དང་གཉིས་སུ་ལོག་ནས་སྲོག་གཅོད་པར་འགྱུར་རོ། །བཤད་ཚུལ་དེ་དག་ཀྱང་ཅུང་ཟད་རྒྱས་པའི་དབང་གིས་ཡིན་ལ། མདོ་དོན་དུ་བསྡུ་བའམ་དྲིལ་བས་ན་ནད་དེ་དག་ཐམས་ཅད་ཚ་གྲང་གཉིས་སུ་འདུས་པ་ཡིན་ནོ། །དེ་ལྟར་ནད་ཀྱི་རྒྱུ་སོགས་དྲུག་ཅུ་རྩ་གསུམ་ཕལ་ཆེར་གསོ་བར་བྱེད་བྱའི་ནད་ཡིན་ལ། རྣམ་པར་མ་གྱུར་པའི་ནད་ནི་གསོ་བར་བྱ་བ་མ་ཡིན་ནོ།།

རྣམ་གྱུར་གྱི་ནད་དེ་ལ་འདོད་པའི་ཡོན་ཏན་རྣམས་ལ་ཆགས་པ་མཚོན་བྱེད་དཔེར་ན་འཁྲིག་པ་སྤྱོད་པ་འདོད་ཆགས་ཀྱི་ལོ་མ། ངར་འཛིན་པའི་བློས་གཞན་ལ་ཞེ་སྡང་བའམ་ང་རྒྱལ་གྱིས་འཐབ་པ་ལྟ་བུ་ཞེ་སྡང་གི་ལོ་མ། ཤེས་བྱའི་གནས་ལ་བླང་དོར་མི་ཤེས་པའི་གཏི་མུག་པས་གཉིད་ཆོག་པ་ལྟ་བུ་གཏི་མུག་གི་ལོ་མ་གསུམ་པོ་སྟེ། རླུང་མཁྲིས་བད་ཀན་རིམ་པར་བསྐྱེད་པའི་རྒྱུ་དེ་རྒྱུའི་ཡལ་གའི་ལོ་མ་གསུམ། རྐྱེན་གྱི་ཡལ་ག་ལས་སྐྱེས་པའི་ལོ་མ་ནི་རྒྱུ་གསུམ་པོ་དེ་ལ་དུས་དམན་ལྷག་ལོག་པ་མཚོན་བྱེད་དཔེར་ན་དགུན་གཅེར་བུར་བསྡད་པའི་དུས་ལོ་མ། གདོན་གློ་བུར་བས་གནོད་པའི་གདོན་ལས་མཚོན་བྱེད་དཔེར་ན་བདུད་དང་རྒྱལ་པོས་འཚེ་བ། ཟས་མི་མཁས་པའི་ལོ་མ་ཉི་མར་ཤ་ཆང་ཟ་བ་དང་སྤྱོད་ལམ་སོས་ཀ་ལྤགས་གོས་གྱོན་ཉི་མར་སྡོད་པ། དམན་ལྷག་ལོག་པའི་ལོ་མ་བཞིས་བསྐྱེད་པའི་རྐྱེན་བྱས་པའི་རྒྱུ་གསུམ་པོ་དེ་དག་རང་རང་གི་རང་བཞིན་ལས་འཕེལ་བ་དང་ཟད་པ་དང་འཁྲུགས་པ་རྣམས་སུ་གྱུར་ནས་ནི་ཞེས་རྐྱེན་གྱི་ཡལ་ག་ལས་སྐྱེས་པའི་ལོ་མ་བཞིའོ། །འཇུག་སྒོའི་ཡལ་ག་ལས་སྐྱེས་པའི་ལོ་མ་དྲུག་ནི། རྐྱེན་བཞི་པོས་བསླང་བའི་ནད་དེ་རིམ་བཞིན་དུ་ལྤགས་ལ་ཁྱབ་པར་གྲམས་ཤིང་གནས་པའི་ལོ་མ། ཤ་ལ་རྒྱས་པར་བྱེད་པའི་ལོ་མ་དང༌། རྩ་རུ་རྒྱུ་ཞིང་ཞེས་རྩར་རྒྱུ་བའི་ལོ་མ་དང༌། རུས་ལ་ཞེན་པའི་ལོ་མ་དང༌། སྙིང་གློ་མཆིན་མཆེར་མཁལ་མ་སོགས་དོན་རྣམས་ལ་འབབ་ཅིང་གནས་པའི་ལོ་མ། ཕོ་བ་རྒྱུ་མ་ལོང་མཁྲིས་བསམ་སེ་ལྒང་པ་སོགས་སྣོད་དྲུག་ལ་ལྷུང་བར་གྱུར་པའི་ལོ་མ་དེ་རྣམས་འཇུག་སྒོའི་ཡལ་ག་ལས་སྐྱེས་པའི་ལོ་མ་དྲུག་གོ །གནས་ཀྱི་ཡལ་ག་ལས་སྐྱེས་པའི་ལོ་མ་ནི། བད་ཀན་ནི་གཏི་མུག་དང་རྗེས་མཐུན་ཀླད་པ་ལ་བརྟེན་སྟོད་ན་གནས་པའི་ལོ་མ། མཁྲིས་པ་ནི་ཞེ་སྡང་དང་རྗེས་མཐུན་སྲོག་རྩ་དང་མཆིན་དྲི་ལ་བརྟེན་བར་ན་གནས་པའི་ལོ་མ། རླུང་ནི་འདོད་ཆགས་དང་རྗེས་མཐུན་གསང་བའམ་དཔྱི་རྐེད་ལ་བརྟེན་པས་སྨད་ན་གནས་པའི་ལོ་མ། གནས་ཀྱི་ཡལ་ག་ལས་སྐྱེས་པའི་ལོ་མ་གསུམ་མོ། །རྒྱུ་ལམ་གྱི་ཡལ་ག་ལས་སྐྱེས་པའི་ལོ་མ་བཅོ་ལྔ་ནི། །རླུང་ལ་ལུས་ཟུངས་སམ་དྭངས་མ་རྣམས་ཀྱི་ནང་ནས་རུས་པའི་ལོ་མ། དབང་པོ་རྣམས་ཀྱི་ནང་ནས་རྣ་བའི་ལོ་མ། དྲི་མ་འམ་སྙིགས་མ་རྣམས་ཀྱི་ནང་ནས་བ་སྤུ་འམ་རེག་བྱའི་ལོ་མ། དོན་རྣམས་ཀྱི་ནང་ནས་སྙིང་དང་ཞར་བྱུང་སྲོག་རྩའི་ལོ་མ། སྣོད་རྣམས་ཀྱི་ནང་ནས་ལོང་གི་ལོ་མས་རྣམ་པ་ལྔ་པོ་ནི་རླུང་གི་ལོ་མ་ལྔ། དེ་བཞིན་དུ་མཁྲིས་པར་ལུས་ཟུངས་ཁྲག་གི་ལོ་མ། དྲི་མ་རྔུལ་གྱི་ལོ་མ། དབང་པོ་མིག་གི་ལོ་མ་དང༌། དོན་མཆིན་པའི་ལོ་མ། སྣོད་མཁྲིས་པ་དང་རྒྱུ་མའི་ལོ་མ་དང་ལྔ་པོ་མཁྲིས་པའི་རྒྱུ་ལམ་གྱི་ལོ་མ། དེ་བཞིན་ལུས་ཟུངས་དྭངས་མ་ཤ་ཚིལ་རྐང་ཁུ་བའི་ལོ་མ་དྲི་མ་བཤང་གཅིའི་ལོ་མ་དང༌། དབང་པོ་སྣ་ལྕེའི་ལོ་མ། དོན་གློ་མཆེར། སྣོད་ཕོ་བ་མཁལ་མའི་ལོ་མ། སྣོད་ལྒང་པའི་ལོ་མ་རྣམས་ལྔ་པོ་བད་ཀན་གྱི་ལོ་མའོ། །དེ་ལྟར་ལུས་ཟུངས་དྲི་མ་དབང་པོ་དོན་སྣོད་རྣམས་སོ་སོར་ཕྱེ་བའི་ལྔ་ཚན་གསུམ་པོ་རླུང་དང་མཁྲིས་པ་བད་ཀན་རྒྱུ་བའི་ལམ་དུ་བཤད་པའོ། །ལྡང་དུས་ཀྱི་ཡལ་ག་ལས་སྐྱེས་པའི་ལོ་མ་དགུ་ནི་ལུས་སྟོབས་ཉམས་པས་རྒས་པར་གྱུར་པ་ན་རླུང་གི་ངོ་བོ་ཉིད་འཕེལ་བ་རླུང་གི་མི་ཡིན་པའི་ལོ་མ། དར་མ་ནི་འབྱུང་བའི་སྟོབས་ཐམས་ཅད་འཕེལ་བས་ཁེངས་པ་ནི་དར་མ་དེ་གཞན་ལ་ཁྲོ་བ་ཤས་ཆེར་འབྱུང་བས་མཁྲིས་པ་འཕེལ་བའི་དུས་སུ་མཁྲིས་པའི་མི་ཡིན་པའི་ལོ་མ། བྱིས་པ་གཞོན་ནུ་མའི་ནུ་ཞོ་སོགས་ཀྱི་ཁ་ཟས་དང་ཀུན་ཏུ་ཉལ་བ་སོགས་ཀྱིས་བད་ཀན་འཕེལ་བས་བད་ཀན་གྱི་མི་ཡིན་པའི་ལོ་མ་ཞེས་པ་སྟེ་རང་རང་གི་དུས་རང་རང་གི་ནད་བྱུང་ན་ན་སོས་གཉན་ཞེས་ནང་གསེས་ན་སོའི་ལོ་མ་གསུམ། ཡུལ་ནི་ངད་ཅན་དེ་བསིལ་བུའི་ངད་ལྡང་བ་ལ་རེག་བྱ་གྲང་བ་བསྐྱེད་པའི་གནས་ནི་རླུང་འཕེལ་བའི་ཡུལ་ཡིན་ཏེ་དེའི་ལོ་མ། སྐམ་ས་སྟེ་རླན་གཤེར་མེད་ཅིང་རེག་བྱ་ཚ་གདུང་ཆེ་བའི་གནས་ནི་མཁྲིས་པ་འཕེལ་བའི་ཡུལ་ཡིན་ཏེ་དེའི་ལོ་མ། རླན་ཅན་དང་སྣུམ་བག་དང་ལྡན་པའི་གནས་ནི་བད་ཀན་འཕེལ་བའི་ཡུལ་དུ་བཤད་པའི་ལོ་མ་ཡིན་ཏེ་ཡུལ་གྱི་གསུམ་དུས་རླུང་ནད་ཕལ་ཆེར་ནམ་ཟླ་དབྱར་དུས་དང་ཉིན་ཞག་གཅིག་གི་དགོང་དང་ཐོ་རངས་ཀྱི་དུས་སུ་འཕེལ་ཞིང་ལྡང་བའི་ལོ་མ། མཁྲིས་པ་ནི་སྟོན་གྱི་དུས་དང་ཉིན་གུང་མཚན་གུང་ལ་འཕེལ་ཞིང་ལྡང་བའི་ལོ་མ། བད་ཀན་ནི་དཔྱིད་དུས་དང་སྲོད་དང་སྔ་དྲོའི་དུས་འཕེལ་ཞིང་ལྡང་བའི་ལོ་མ་གསུམ་སྟེ་ཁྱོན་དྲིལ་ལྡང་དུས་ཀྱི་ཡལ་ག་ལས་སྐྱེས་པའི་ལོ་མ་དགུའོ། །འབྲས་བུའི་ཡལ་ག་ལས་སྐྱེས་པའི་ལོ་མ་དགུ་ནི་རང་གི་ཁམས་འཚོ་བའི་རྒྱུ་ཚེའི་འཕེན་པ་དང་སྔོན་ལས་ཀྱི་ལྷག་མ་བསོད་ནམས་ཀྱི་མཐུ་གསུམ་པོ་གང་རུང་ཟད་པའི་མི་དེ་ནི་ངེས་པར་འཆི་བའི་ལོ་མ། དེ་བཞིན་དུ་ཚ་གྲང་གཉིས་ཀ་དུས་གཅིག་ཏུ་འདོམ་པས་གཉེན་པོ་མི་ལེན་པ་ནི་འདུ་བ་གཤེད་དུ་བབས་པའི་ལོ་མ་དང༌། ནད་ཚ་གྲང་གང་ཡིན་ལ་དེ་གའི་གྲོགས་ཀྱི་ཟས་སྤྱོད་སྨན་དཔྱད་བསྟེན་པ་ནི་སྦྱོར་བ་མཚུངས་པ་ཞེས་པའི་ལོ་མ་དང༌། གཉན་པའི་གནད་རྣམས་སུ་མཚོན་ཕོག་པ་ནི་གནད་དུ་བབས་པའི་ལོ་མ་དང༌། དུས་འདས་ཞེས་པ་གསལ་བྱེད་ཀྱི་སྒྲ་དེ་ཚ་གྲང་གཉིས་ཀའི་ཁྱབ་བྱེད་ཀྱི་རླུང་གི་ནད་བཅོས་པའི་སྲོག་གི་རྟེན་དེ་དབུ་མའི་རླུང་གི་རྒྱུན་ཆད་པའི་ལོ་མ་དང༌། ཚ་བའི་ནད་བཅོས་པའི་དུས་ལས་འདས་པས་ཚ་བ་ལ་འདས་པའི་ལོ་མ། གྲང་ནད་ཀྱང་དུས་ལས་ཡོལ་བས་གྲང་བ་གཏིང་མཁར་བའི་ལོ་མ། དེ་ལྟ་བུའི་ནད་དུས་ལས་འདས་པ་མ་ཡིན་ཡང་ལུས་ཟུངས་ཀྱིས་སྨན་དཔྱད་མི་ཐུབ་པའི་ལོ་མ། འབྱུང་པོའི་གདོན་མ་རུངས་པས་རྣམ་པར་འཚེ་བས་བླ་ཚེ་ཕྲོགས་པའི་ལོ་མ་རྣམས་ནི་རྣམ་པར་གྱུར་པ་ནད་ཀྱི་འབྲས་བུ་སྲོག་གཅོད་པ་འབའ་ཞིག་གི་ནད་དགུ་ཞེས་སུ་བྱ་བར་བཤད་པ་ཡིན་ཞེས་ཏེ་འབྲས་བུའི་ཡལ་ག་ལས་སྐྱེས་པའི་ལོ་མ་དགུའོ། །ལྡོག་རྒྱུའི་ཡལ་ག་ལས་སྐྱེས་པའི་ལོ་མ་བཅུ་གཉིས་ནི། རླུང་དང་མཁྲིས་པ་བད་ཀན་གསུམ་པོ་ལ་ཞི་ནས་ལྡོག་པ་དང་མ་ཞི་བར་ལྡོག་པ་གཉིས་གཉིས་ཏེ་བཞི་རུ་ལྡོག་པས་ལྡོག་རྒྱུའི་ཡལ་ག་བཅུ་གཉིས་ནི། རླུང་ཞི་མཁྲིས་པར་ལྡོག་པའི་ལོ་མ། བད་ཀན་དུ་ལྡོག་པའི་ལོ་མ། རླུང་མ་ཞི་མཁྲིས་པར་ལྡོག་པའི་ལོ་མ། བད་ཀན་དུ་ལྡོག་པའི་ལོ་མ། མཁྲིས་པ་ཞི་ནས་རླུང་དུ་ལྡོག་པའི་ལོ་མ། བད་ཀན་དུ་ལྡོག་པའི་ལོ་མ། མཁྲིས་པ་མ་ཞི་བར་རླུང་དུ་ལྡོག་པའི་ལོ་མ། བད་ཀན་དུ་ལྡོག་པའི་ལོ་མ། བད་ཀན་ཞི་ནས་རླུང་དུ་ལྡོག་པའི་ལོ་མ། མཁྲིས་པར་ལྡོག་པའི་ལོ་མ། བད་ཀན་མ་ཞི་བར་རླུང་དུ་ལྡོག་པའི་ལོ་མ། མཁྲིས་པར་ལྡོག་པའི་ལོ་མ། ལྡོག་རྒྱུའི་ཡལ་ག་ལས་སྐྱེས་པའི་ལོ་མ་བཅུ་གཉིས་སོ། །མདོ་དོན་གྱི་ཡལ་ག་ལས་སྐྱེས་པའི་ལོ་མ་ནི། དེ་ལྟར་གྱི་ནད་སོགས་ཐམས་ཅད་དོན་བསྒྲིལ་ན་གཉིས་སུ་འདུས་པ་ཡིན་ཏེ། རླུང་དང་བད་ཀན་ནི་རང་བཞིན་གྱི་གྲང་བས་ཆུ་ལྟ་བུ་ཡིན་ཏེ་བསིལ་བར་མཚུངས་པའི་ལོ་མ་དང༌། ཁྲག་དང་མཁྲིས་པ་ནི་རང་བཞིན་གྱི་ཚ་བས་མེ་ལྟ་བུར་འདོད་དེ་ཚ་བར་མཚུངས་པའི་ལོ་མ། དེ་གཉིས་ལ་འཕྲལ་མ་འདུས་པའི་སྲིན་དང་ཆུ་སེར་ནི་རང་གི་ངོ་བོ་ཚ་གྲང་གང་ཡིན་དང་རྐྱེན་ནམ་གྲོགས་གང་དང་བསྡོངས་པ་དེའི་རྗེས་འབྲང་གཤིས་འཕྲལ་ཚ་གྲང་ཐུན་མོང་བར་གནས་སོ།།

དེ་ལྟར་རྣམ་པར་མ་གྱུར་པའི་ལུས་ཀྱི་སྡོང་པོ་ལ་ཡལ་ག་གསུམ་དང་ལོ་མ་ཉེར་ལྔ། རྣམ་པར་གྱུར་པ་ནད་ཀྱི་སྡོང་པོ་ལ་ཡལ་ག་དགུ། ལོ་མ་རྒྱུ་གསུམ། རྐྱེན་བཞི། འཇུག་སྒོ་དྲུག གནས་གསུམ། ལམ་བཅོ་ལྔ། འཕེལ་དུས་དགུ། འབྲས་བུ་དགུ། ལྡོག་རྒྱུ་བཅུ་གཉིས། མདོ་དོན་གཉིས་ཏེ་རེ་གསུམ། གཉིས་ཀ་བསྡོམས་པའི་ལོ་མའི་རྣམ་གྲངས་བརྒྱད་ཅུ་རྩ་བརྒྱད་ཡོད་ཀྱི། འདིས་ནི་གང་གི་དོན་གསོ་བ་ལུས་དང་ནི། གང་གསོ་བ་ནད་གཞིའི་རྣམ་པར་མ་ལུས་པ་ཤེས་ཤིང་ཁོང་དུ་ཆུད་པར་འགྱུར་བས་ན་ནན་དུ་གྱིས་ཤིག་ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་དུམ་བུ་དང་པོ་རྩ་བའི་རྒྱུད་ཀྱི་གནས་ལུགས་ནད་གཞིའི་ལེའུ་བཤད་པ་སྟེ་གསུམ་པའོ།། །།


 

མཐའ་མའི་འདོན་ཐེངས་།: 05.09.2023 ཉིན། 9:27 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།