སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་གསུམ་པ། ཐང་གི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 21.12.2022
ཕྱི་མ་རྒྱུད། >> ལེའུ་གསུམ་པ། ཐང་གི་སྡེ་ཚན་བསྟན་པ།



ལེའུ་གསུམ་པ། ཐང་གི་སྡེ་ཚན་བསྟན་པ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །ལག་ལེན་བཅོ་བརྒྱད་ནད་ཀྱི་དཔུང་འཇོམས་པའི། །རྐང་གྲངས་ལག་ཏུ་བླང་ཐབས་ཇི་ལྟར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པས། སྟོན་པས་གསུངས་པ། ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། །གསོ་ཐབས་ལག་ལེན་རྐང་གྲངས་འདི་ལྟ་སྟེ། །ལག་ཏུ་བླང་བའི་གཉེན་པོ་སྨན་དཔྱད་གཉིས། །སྨན་ལ་ཞི་སྦྱང་གཉིས་ཏེ་ཞི་བྱེད་ལ། །ཐང་ཕྱེ་རིལ་བུ་ལྡེ་གུ་སྨན་མར་ལྔ། །སྡེ་ཚན་ལྔ་ཞེས་སྤྱི་རུ་གྲགས་པ་ཡིན། །འོན་ཀྱང་ཐལ་སྨན་ཁཎྜ་སྨན་ཆང་གསུམ། །སྡེ་ཚན་བརྒྱད་ཀྱིས་ཞི་བྱེད་སྦྱོར་བ་བསྟན། །ཞི་བྱེད་ལོག་གནོན་རིན་པོ་ཆེ་དང་དགུ། །གློ་བུར་ཐུག་ཕྲད་སྔོ་སྦྱོར་སྡེ་དང་བཅུ། །དེ་ཡང་སྡེ་ཚན་ལྔ་རུ་མ་འདུས་མེད། །སྦྱོང་བྱེད་ལས་ལྔའི་སྔོན་འགྲོ་སྣུམ་འཆོས་དང༌། །བཤལ་སྐྱུག་སྣ་སྨན་འཇམ་རྩི་ནི་རུ་ཧ། །སྦྱོངས་ཀྱི་ལོག་གནོན་རྩ་ནས་སྦྱང་དང་བདུན། །དཔྱད་ལ་གཏར་བསྲེག་དུགས་ལུམས་བྱུག་པ་ལྔ། །དེ་ཡི་ལོག་གནོན་ཐུར་མའི་དཔྱད་དང་དྲུག །སྤྱི་རུ་སྡོམས་པས་རྒྱས་བཤད་ཉི་ཤུ་གསུམ། །མདོ་རུ་བསྡུས་པའི་ལག་ལེན་བཅོ་བརྒྱད་འདི། །ནད་ཀྱི་དགྲ་དཔུང་འཇོམས་པའི་མཚོན་ཆ་ཡིན། །དེ་རྣམས་ལག་ཏུ་བླང་བའི་རིམ་པ་ནི། །དང་པོ་ཞི་བྱེད་སྨན་གྱི་སྡེ་ཚན་བསྟན། །ཀྱེ་དྲང་སྲོང་ཆེན་པོ་མ་ཡེངས་གུས་པས་ཉོན། །ཐང་སྦྱོར་སྡེ་ཚན་ཚ་སེལ་གྲང་སེལ་གཉིས།།

དེ་ལ་ཚ་བ་སེལ་བའི་སྡེ་ཚན་ནི། །མི་ཐོད་རྙིང་པ་འབྲུག་རུས་ཏིག་ཏ་གསུམ། །སུམ་གཉིས་བསྡུས་གྲང་མགོ་ནད་སེལ་བར་བྱེད། །ལྕགས་ཕྱེ་སྐྱེར་པའི་བར་ཤུན་འབྲས་བུ་གསུམ། །ཁུ་བ་གྲང་བཏང་མིག་ནད་སེལ་བར་བྱེད། །རུ་རྟ་ཨ་རུ་ར་ཡི་ཁུ་བ་ཡིས། །རྣ་བའི་རྣག་ཁྲག་ཟུག་གཟེར་འཇོམས་པར་བྱེད། །སྐྱེར་པ་མཁན་སྐྱ་བསྡུས་པའི་ཁུ་བ་ལ། །དོམ་མཁྲིས་བཏབ་བཏང་སྣ་ཁྲག་འཛག་པ་གཅོད། །ནག་མཚུར་སེང་ཕྲོམ་ཨ་རུའི་གྲང་ཐང་གིས། །མཁུར་བཀང་ཁ་ཡི་ཁྲག་ནད་ཟུག་གཟེར་འཇོམས། །བོང་ང་ཤིང་མངར་སྤང་རྒྱན་དཀར་བསྡུས་ཁུར། །ཅུ་གང་ཀར་སྦྱར་སྐད་འགགས་ཚ་སྐམས་སེལ། །སོ་ཕག་བསྡུས་ཁུར་འུ་སུ་ཀ་ར་བཏབ། །མཁུར་བཀང་ཁ་ལྕེ་གྲེ་བ་སྐམས་པ་སེལ། །ཙན་དན་ཛཱ་ཏི་སྙིང་ཞོ་ཤ་ཡི་ཐང༌། །བསྡུས་གྲང་སྙིང་གི་ཚ་བ་འཇོམས་པར་བྱེད། །སྲོ་ལོ་ཤིང་མངར་རྒྱ་སྐྱེགས་ག་དུར་ཐང༌། །གློ་ཡི་ཁྲག་ཚད་གཟེར་དང་ལུད་པ་སེལ། །བྲག་ཞུན་བ་ལེ་བ་ཤ་ཀ་བསྡུས་ཁུར། །གུར་ཀུམ་དོམ་མཁྲིས་བཏབ་བཏང་མཆིན་ཚད་སེལ། །ལི་ཤི་གསེར་གྱི་མེ་ཏོག་ཨ་རུ་ར། །ཐང་གིས་མཆེར་ཚད་སྦོ་འཁྲོག་སེལ་བར་བྱེད། །ཨ་རུ་ར་དང་རྒྱ་སྐྱེགས་ཞུ་མཁན་བཙོད། །མཁལ་ཚད་གཟེར་ཁྲིད་རྒྱུ་ལོང་སྨད་ཚད་སེལ། །ལོ་བརྒྱད་དྲི་ཆུ་རྒྱ་སྣག་ཕོ་ཚད་སེལ། །སྙ་ལོ་བཙོད་དང་བོང་ང་དཀར་པོའི་ཐང༌། །དུག་ཉུང་བོང་ང་ག་དུར་བ་ལེ་ཀའི། །ཐང་གིས་རྒྱུ་ལོང་སྣོད་ཚད་མ་ལུས་སེལ། །དེ་ལ་ཀ་པེད་འབྲས་བཏབ་ཚད་འཁྲུ་གཅོད། །གཟེ་མ་ལྕམ་པ་སྡིག་སྲིན་ཆུ་འགགས་སེལ། །བ་སྤྲུ་ར་མཉེ་གཟེ་མས་མངལ་ཚད་སེལ། །འབྲས་གསུམ་ཐང་གིས་རིམས་འཁྲུགས་ཚ་བའི་ནད། །གསར་རྙིང་མ་ལུས་སེལ་ཞིང་སྨིན་པར་བྱེད། །མ་ནུ་ཀབྲསྤྱ་ཀ་རི་སླེ་ཏྲེས་དང༌། །སྒ་སྐྱའི་ཐང་གིས་རིམས་ཚད་སྨིན་པར་བྱེད། །བད་ཀན་སྐྱ་སྨུག་སྟོངས་ཚད་ཁྲག་གཟེར་སེལ། །ཏིག་ཏ་སླེ་ཏྲེས་གསེར་གྱི་མེ་ཏོག་དང༌། །བྱི་ཚེར་ཐང་གིས་རིམས་ཚད་ལྕི་ཐིབས་སེལ། །ཏིག་ཏ་ཧོང་ལེན་སྐྱུ་རུ་བ་ཤ་ཀས། །ཁྲག་འཁྲུགས་ཚ་བ་རོལ་གསོད་དྭངས་སྙིགས་འབྱེད། །ཨ་རུ་ལྡུམ་བུ་བོང་ངའི་བསྡུས་ཁུ་ལ། །ཚ་ལ་བཏབ་བཏང་སྦྱར་དུག་ཤ་དུག་སེལ། །མ་ནུ་རུ་རྟ་པུ་ཤེལ་བ་ཤ་ཀ །བསྡུས་གྲང་སྨུག་པོ་རྒྱས་པའི་འཕྲལ་ཟུག་གཅོག །སེང་ལྡེང་ཨ་རུ་ར་དང་ཀྱི་ལྕེ་བ། སྐྱེར་པའི་ཐང་གིས་ཆུ་སེར་ཚ་བ་སྐེམ། །ཏིག་ཏ་ཀྱི་ལྕེ་བོང་ངས་མཁྲིས་ཚད་འཇོམས། །འབྲས་བཀྲུས་ཁུ་བར་པུ་ཤེལ་སྦྲང་རྩི་བཏབ། །ཙེ་གུར་བཏང་བས་སྐྱུགས་པ་གཅོད་པར་བྱེད། བིལ་བ་མོན་ཆ་ར་དང་ད་ཏྲིག་དང༌། །སྐྱེར་པའི་མེ་ཏོག་དར་བར་བཏབ་བྱས་ཏེ། །ཙེ་གུར་བཏང་ན་འཁྲུ་བ་གཅོད་པར་བྱེད། །སོ་མ་ར་ཛ་བོང་ང་དཀར་པོ་ཡི། །བསྡུས་ཐང་དུག་གིས་སྐྱུག་པ་གཅོད་པར་བྱེད། །གུར་ཀུམ་དོམ་མཁྲིས་ཚོས་ཐང་ཁྲག་སྐྱུགས་གཅོད། །སྤྲུ་རྩ་སྐྱེར་པ་མཁན་སྐྱ་རམ་པ་ཚོས། །བསྡུས་ཁུར་གུར་ཀུམ་དོམ་མཁྲིས་མི་མཁྲིས་དང༌། །སྤྲུ་མའི་འབུ་དང་སྲན་མའི་མེ་ཏོག་བཏབ། །ཁྲག་ཤོར་མ་ལུས་ཁོང་དུ་སྦེད་པའི་མཆོག །དབང་པོ་ལག་པ་སླེ་ཏྲེས་ཏིག་ཏ་ཡི། །ཐང་གིས་ཡན་ལག་ཀོ་ལེའི་ཚ་བ་སེལ། །སླེ་ཏྲེས་བྲག་ཞུན་ཨ་རུས་དྲེག་ནད་སེལ། །ཤིང་མངར་ཙན་དན་གླ་རྩི་ག་དུར་བཞིའི། །ཐང་གིས་རྩ་ཡི་ཚད་པ་སེལ་བར་བྱེད། །བ་སྤྲུ་སྐྱེར་པ་སླེ་ཏྲེས་ཨ་རུ་ར། །བསྡུས་ཁུར་གུ་གུལ་དཀར་པོ་ཞོ་གཉིས་བཏབ། །ཤ་མདངས་ཆུ་སེར་པགས་པའི་ནད་ཀུན་སེལ། །ཏིག་ཏ་བྱི་ཚེར་ཛཱ་ཏི་སྐྱུ་རུ་རའི། །ཐང་གིས་མིག་སེར་ཕོ་བའི་ཟུག་གཟེར་འཇོམས། །སེ་འབྲུ་གོ་སྙོད་སྦྲང་བཏབ་དང་ག་འབྱེད། །ཨ་རུའི་ཆིག་ཐང་ཕོ་བའི་མཁྲིས་པ་སེལ། །སྐྱུ་རུའི་ཆིག་ཐང་ཁྲག་ངན་འབྱེད་ཅིང་སྐེམ། །བ་རུའི་ཆིག་ཐང་ཆུ་སེར་ནག་པོ་སྐེམ། །བ་ཤ་ཀ་ཡི་ཆིག་ཐང་ཁྲག་ནད་སེལ། །འུ་སུའི་ཆིག་ཐང་སྨུག་པོ་སྐོམ་དད་སེལ། །ལྕགས་ཁུས་མཆིན་ཚད་མིག་ནད་ཤུ་བ་སེལ། །གླ་སྒང་ག་དུར་སྲོ་ལོ་དཀར་པོ་ཡི། །ཆིག་ཐང་གློ་ཡི་ཚད་པ་མ་ལུས་སེལ། །སེང་ལྡེང་ཆིག་ཐང་ཆུ་སེར་སྐེམ་པར་བྱེད། །སླེ་ཏྲེས་ཆིག་ཐང་རིམས་ནད་མ་སྨིན་འབྱེད། །བཙོད་དང་སྤང་རྒྱན་ཆིག་ཐང་འབྲུམ་ནག་སེལ། །བྲག་ཞུན་ཆིག་ཐང་དྲེག་ནད་ཆུ་འགགས་སེལ། །ཆུ་རུག་ཐང་གིས་རྒྱུས་པའི་ཚད་པ་སེལ། །སྟབ་སེང་ཆིག་ཐང་རུས་པ་གས་པ་སྦྱོར། །ཏིག་ཏའི་ཐང་གིས་བད་ཀན་ཚད་པ་སེལ།།

གྲང་སེལ་བཅའ་སྒ་རྒྱམ་ཚྭ་ཨ་རུ་ར། །ཚན་མོས་དྲོད་ཆུང་གྲང་བ་མ་ལུས་སེལ། །པི་པི་ལིང་བསྣན་སྨན་མ་ཞུ་བ་འཇུ། །སྒ་དང་ཤིང་ཀུན་བསྡུས་པའི་ཁུ་བ་ལ། །ཁ་རུ་ཚྭ་བཏབ་སྙིང་རླུང་སེལ་བར་བྱེད། །སྒྲོན་ཤིང་གླ་སྒང་ཤིང་ཀུན་ཨ་རུ་ར། །རླུང་རིམས་གྲང་རླུང་ཁ་གདོང་གཡོ་བ་སེལ། །སེ་འབྲུ་པི་པི་ལིང་དང་སྒ་བསྡུས་ཁུར། །འབྲས་ཡོས་སྦྲང་རྩི་ཁ་ཚར་བཏབ་པ་ཡིས། །འཁྲུ་དང་སྐྱུག་པ་སྦོ་སྒྲེག་སྐྱིགས་བུ་སེལ། །ད་ལིས་སུག་སྨེལ་སྒ་ཐང་ལྕེ་མཆུ་དཀར། །སྙིང་འདར་མཆིན་རྒུད་མ་ཞུ་ངལ་བ་སེལ། །ཁ་རུ་ཚྭ་དང་ཟི་ར་པི་པི་ལིང༌། །ཤིང་ཚ་ལ་ལ་ཕུད་དང་ཕོ་བ་རིས། །ཐང་གིས་ཁ་ཟས་མི་འཇུ་སྐྱུག་པ་སེལ། །ཤིང་ཚ་ཁ་རུ་ཚྭ་དང་ཚ་བ་གསུམ། །འོ་མར་བཏབ་བཏང་གྲང་སེལ་འཁྲུ་བ་གཅོད། །སུག་སྨེལ་ཟི་ར་དཀར་པོ་པི་པི་ལིང༌། །འོ་མར་བསྡུས་ཐང་གཉིད་མེད་ཡེར་བ་འགུགས། །སྒོག་སྐྱ་སྲང་བཞི་ཆུ་བོ་བརྒྱད་འགྱུར་དུ། །ཆུ་བསྡུས་འོ་མས་རླུང་སྐྲན་རླུང་རིམས་དང༌། །གཟུགས་འཁུམས་ལ་སོགས་རླུང་ནད་མ་ལུས་སེལ། །ཨ་རུ་བསྡུས་ཁུར་དོང་གྲ་བཏབ་བྱས་ནས། །ནང་རེ་བཏང་ན་སྐྲན་མཁྲིས་མིག་སེར་སེལ། །ཐལ་ཚ་ཡ་བཀྵ་ཐང་སྦོས་པ་སེལ། །ཁ་རུ་ཚྭ་ཡི་ཆིག་ཐང་ཕོ་ལོག་འཇོམས། །རྒྱམ་ཚྭའི་ཆིག་ཐང་མ་ཞུ་གསར་པ་འཇུ། །རྒྱ་ཚྭའི་ཆིག་ཐང་དྲི་ཆུ་འགགས་པ་སེལ། །རྡོ་ཐལ་ཆིག་ཐང་ཕོ་བའི་བད་ཀན་བཤིག །སྒ་ཡི་ཆིག་ཐང་དྲོད་སྐྱེད་མ་ཞུ་འཇུ། །སྲད་དཀར་ཆིག་ཐང་མཆེར་ནད་དམུ་རྫིངས་སེལ། །བ་སྤྲུའི་ཆིག་ཐང་སྨད་ཀྱི་གྲང་བ་སེལ། །སོག་ཚིགས་ཆིག་ཐང་ཆང་མ་ཞུ་བ་འཇུ། །སོག་ཡུའི་ཐང་གིས་ཤ་མ་ཞུ་བ་འཇུ། །ནས་བསྡུས་ཐང་གིས་དང་ག་འགགས་པ་འབྱེད། །སྲེ་ལོང་ཐང་གིས་ཐོར་བུའི་རླུང་སྣ་གནོན།།
དེ་སོགས་ཁུ་བའི་སྡེ་ཚན་སྦྱར་བའི་ཐབས། །གྲང་ཐང་ཁུ་བ་ཐོན་པར་སྦང་བ་གཅེས། །བསྡུས་ཐང་ཀུན་ལ་ཁུ་བ་སུམ་གཉིས་བསྡུ། །ཚ་སེལ་གྲང་བཏང་གྲང་སེལ་ཚ་མོར་བཏང༌། །ཚ་གྲང་འདྲེས་པའི་ནད་ལ་དྲོ་འཇམ་བསྟེན། །ཟས་དང་སྤྱོད་ལམ་ནད་དང་མཐུན་པ་གཅེས། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཐང་གི་སྡེ་ཚན་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།


མཐའ་མའི་འདོན་ཐེངས་།: 22.12.2022 ཉིན། 11:10 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།