སྨན་རྩིས་དྲ་བ། - རྩ་རྒྱུད།

ལེའུ་གསུམ་པ། གནས་ལུགས་ནད་གཞི་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 21.08.2011
རྩ་རྒྱུད། >> ལེའུ་གསུམ་པ། གནས་ལུགས་ནད་གཞི་བསྟན་པ།

གཉིས་པ་རྩ་རྒྱུད་དངོས་བཤད་པ་ལ་གསུམ། རྩ་རྒྱུད་ཞུ་བ། དེའི་ལན། རྫོགས་ཚིག་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཞེས་ཞུས་པ་ལས་ཞེས་པའི་བར་གྱིས་བསྟན་ཏེ། གོང་དུ། རོ་ཙ་ལས་གཉིས་རྒྱུད་གསུམ་སྤྱི་ཁྱབ་ཡིན། ཞེས་པའི་ཚིག་འདི་ཉིད་གསུངས་པའི་རྗེས་ཐོག་དེ་མ་ཐག་དེ་ནས་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལ་འདི་སྐད་ཅེས་ཞུས་སོ་ཞེས་པ་ཡིན་ཏེ། ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། ཞེས་ཞེ་ས་དང་བཅས་ཏེ་མཚན་ནས་བོས་ནས་གོང་དུ་གསོ་བ་རིག་པའི་རྒྱུད་སྡེ་རྣམ་བཞི་ལ་བསླབ་དགོས་པར་གསུངས་པ་ལས། ཐོག་མར་རྩ་བའི་རྒྱུད་ལ་བདག་ཅག་རྣམས་ཀྱིས་ཅི་ལྟར་བསླབ་པར་བགྱི་ཞེས་འདྲི་ན་འཚོ་མཛད་སྨན་པའི་རྒྱལ་པོས་གསལ་པོར་བཤད་དུ་གསོལ། ཞེས་གུས་པ་དང་བཅས་ཏེ་ཞུས་པ་ལས་ཞེས་བྱ་བའི་དོན་ཏོ། །

གཉིས་པ་དེའི་ལན་ལ་གཉིས་ཏེ། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ནི། ཐུགས་ཀྱི་ཞེས་པ་ནས་སྡོམས་སུ་བཤད་ཅེས་པའི་བར་གྱིས་བསྟན་ཏེ། དྲང་སྲོང་ཡིད་ལས་སྐྱེས་ཀྱིས་རྩ་རྒྱུད་ཞུས་པའི་ལན་དུ་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་སྤྲུལ་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་མ་ཡེངས་པར་བྱ་བའི་སླད་དུ་ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ཞེས་བརྡ་སྦྱར་ནས་རྒྱུད་བཞིའི་དང་པོ་དཔལ་ལྡན་རྩ་བའི་རྒྱུད་གསོ་བ་རིག་པའི་དོན་ཐམས་ཅད་མདོར་བསྡུས་པའི་གནས་འདི་ཉིད་བསྟན་པར་བྱ་སྟེ། དུམ་བུ་དང་པོ་དཔལ་ལྡན་རྩ་བའི་རྒྱུད་འདིའི་དོན་མ་ལུས་པ་ཧྲིལ་གྱིས་དྲིལ་ན་མྱ་ངན་མེད་པའི་ལྗོན་ཤིང་གི་ཚུལ་དུ་གནས་པ་སྟེ། དེ་ཡང་རྩ་བ་གསུམ། དེ་ལས་དྲིལ་བའི་སྡོང་པོ་དགུ། དེ་ལས་གྱེས་པའི་ཡལ་ག་བཞི་བཅུ་རྩ་བདུན་དུ་འབྱུང་སྟེ། དེ་ལས་ལོ་འདབ་ཉིས་བརྒྱ་དང་ཉི་ཤུ་རྩ་བཞིར་གྱེས་པ་ཡིན་ལ། དེ་དག་ཀུན་གྱི་སྙིང་པོའི་གྲུབ་དོན་དུ་གསལ་བའི་མེ་ཏོག་གཉིས་དང༌། འབྲས་བུ་གསུམ་སྟེ་ལྔ་རུ་སྨིན་པའི་ཚུལ་དེ་དག་རྩ་བའི་རྒྱུད་འདི་ཉིད་ཀྱི་སྡོམ་ཚིག་ཏུ་བདག་རིག་པའི་ཡེ་ཤེས་ཀྱིས་བཤད་ཅིང་བསྡུས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །

གཉིས་པ་རྒྱས་པར་བཤད་པ་ལ་བཞི། རྣམ་པར་མ་གྱུར་བ་ལུས་ཀྱི་སྡོང་པོ། རྣམ་པར་གྱུར་པ་ནད་ཀྱི་སྡོང་པོ། མཇུག་བསྡུ་བ། ལེའུའི་མཚན་བསྟན་པའོ། །དང་པོ་ལ་བཞི། ནད་ཀྱི་ཡལ་ག ལུས་ཟུངས་ཀྱི་ཡལ་ག དྲི་མའི་ཡལ་ག དེའི་དོན་བསྡུ་བའོ། །དང་པོ་ནི། ནད་ནི་ཞེས་པ་ནས་བཅོ་ལྔའོ་ཞེས་པའི་བར་གྱིས་བསྟན་ཏེ། གོང་དུ་ནད་དང་ལུས་ཟུངས་དྲི་མ་གསུམ་དུ་བཤད་པའི་ནང་ནས་དང་པོ་ནད་ཅེས་པ་ནི་རྣམ་པར་མ་གྱུར་པའི་རླུང་དང་མཁྲིས་པ་དང་བད་ཀན་གསུམ་གྱི་བདག་ཉིད་ཅན་དེ་ལ་ནང་གསེས་ཀྱིས་དབྱེ་བས་ལོ་མ་བཅོ་ལྔ་སྟེ། སྲོག་འཛིན། གྱེན་རྒྱུ། ཁྱབ་བྱེད། མེ་མཉམ། ཐུར་སེལ་ཏེ་རླུང་ལྔ། འཇུ་བྱེད། མདངས་བསྒྱུར། སྒྲུབ་བྱེད། མཐོང་བྱེད། མདོག་གསལ་ཏེ་མཁྲིས་པ་ལྔ། རྟེན་བྱེད། མྱག་བྱེད། མྱོང་བྱེད། ཚིམ་བྱེད། འབྱོར་བྱེད་དེ་བད་ཀན་ལྔ་དང་བཅས་པས་ཡོངས་དྲིལ་བཅོ་ལྔ་ནི་ནད་ཀྱི་ལོ་མའོ། །

གཉིས་པ་ལུས་ཟུངས་ཀྱི་ཡལ་ག་ལ་ལོ་མ་བདུན་ནི། དྭངས་མ་ཞེས་པ་ནས་བདུན་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། ཟས་ཀྱི་དྭངས་མ་འམ་ཐོག་མའི་དྭངས་མ་དང༌། དེའི་དྭངས་མ་ཁྲག་དང༌། དེའི་དྭངས་མ་ཤ་དང༌། དེའི་དྭངས་མ་ཚིལ་དང༌། དེའི་དྭངས་མ་རུས་པ་དང༌། དེའི་དྭངས་མ་རྐང་མར་དང༌། དེའི་དྭངས་མ་ཁུ་བ་དཀར་དམར་ཏེ་ལུས་ཟུངས་ཀྱི་ལོ་མ་བདུན་ནོ། །གསུམ་པ་དྲི་མའི་ཡལ་ག་ལ་ལོ་མ་གསུམ་ནི། དྲི་མ་ཞེས་སོགས་ཏེ་དྲི་མའི་ཡལ་ག་ལ་ལོ་མ་བཤང་བ་དང༌། གཅི་བ་དང༌། རྡུལ་ཏེ་གསུམ་མོ། །བཞི་པ་དེའི་དོན་བསྡུ་བ་ནི། དེ་ལྟར་ཞེས་པ་ནས་འགྱུར་བ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་བཤད་མ་ཐག་པའི་ལོ་མའི་རྣམ་གྲངས་ཉི་ཤུ་རྩ་ལྔ་པོ་དེ་དག་ཀུན་ཀྱང་ཁ་ཟས་ཀྱི་རོ་དང༌། ནུས་པ་དང༌། གཞན་སྤྱོད་ལམ་དང་རྣམ་གྲངས་གསུམ་པོ་དམན་ལྷག་ལོག་པ་དང་བྲལ་བས་ལོ་མ་ཉེར་ལྔ་པོ་དེ་དག་ཐམས་ཅད་རང་རང་གི་ལྡང་ཚད་བཞིན་ཆ་མཉམ་པར་གནས་པར་བྱེད་ལ། དེ་ལྟར་མཉམ་པར་གནས་པས་ལུས་ཀྱི་སྟོབས་དང་གཟི་མདངས་དང་ཚེ་རྣམས་འཕེལ་བར་འགྱུར་ཞིང༌། གལ་ཏེ་དེ་ལས་ལྡོག་པ་སྟེ་ཟས་སྤྱོད་དམན་ལྷག་ལོག་པས་ན་ལོ་མ་ཉེར་ལྔ་པོ་དེའི་འགའ་ཞིག་འཕེལ་བ་དང༌། འགའ་ཞིག་ཟད་པ་དང༌། ཕན་ཚུན་འཁྲུགས་པར་གྱུར་པས་ལུས་དང་ཚེ་ལ་གནོད་པར་འགྱུར་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །

གཉིས་པ་རྣམ་པར་གྱུར་པ་ནད་ཀྱི་སྡོང་པོ་བཤད་པ་ལ་གཉིས། །མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ནད་ནི་ཞེས་པ་ནས་གསོ་བྱའི་ནད་ཅེས་པའི་བར་གྱིས་བསྟན་ཏེ། རྣམ་པར་གྱུར་པའི་ནད་དེ་དག་སྐྱེད་པར་བྱེད་པའི་རང་གི་རྒྱུ་ནི་གསུམ་ཡོད་ལ། རྒྱུ་དེ་ལ་ལྷན་ཅིག་བྱེད་པའི་རྐྱེན་བཞིས་གྲོགས་བྱས་ཏེ་བསླང་བའི་ནད་དེ་འཇུག་པའི་སྒོ་རྣམ་པ་དྲུག་ཏུ་ཞུགས་ཤིང༌། དེ་ནས་ནི་ལུས་ཀྱི་སྟོད་དང་སྨད་དང་བར་གསུམ་དུ་གནས་སོ་སོར་བཅས་ནས། སླར་ཡང་རྒྱུ་བར་བྱེད་པའི་ལམ་ནི་བཅོ་ལྔ་རུ་རྒྱུ་བར་བྱེད་ལ། དེའང་ན་སོ་དང་ཡུལ་དང་དུས་ཀྱི་རིམ་པ་གསུམ་གསུམ་སྟེ་དགུ་རུ་འཕེལ་བར་བྱེད་ཅིང་དེའི་འབྲས་བུ་ལ་སྲོག་གཅོད་པར་བྱེད་པའི་ནད་རྣམ་པ་དགུར་སྨིན་པར་གྱུར་ཏེ། དེ་དག་ཀྱང་ལྡོག་པའི་རྒྱུ་ནི་བཅུ་དང་གཉིས་སུ་ལོག་ནས་སྲོག་གཅོད་པར་འགྱུར་རོ། བཤད་ཚུལ་དེ་དག་ཅུང་ཟད་རྒྱས་པའི་དབང་གིས་ཡིན་ལ། མདོ་དོན་དུ་ཧྲིལ་གྱིས་དྲིལ་ན་ནད་དེ་དག་ཐམས་ཅད་ཚ་གྲང་གཉིས་སུ་འདུས་པ་ཡིན་ནོ། །དེ་ལྟར་བཤད་མ་ཐག་པའི་ནད་ཀྱི་རྒྱུ་ལ་སོགས་པའི་དྲུག་ཅུ་རྩ་གསུམ་པོ་དེ་དག་ཕལ་ཆེར་སྨན་པས་གསོ་བར་བྱེད་པའི་ནད་ཡིན་གྱི། རྣམ་པར་མ་གྱུར་པའི་ནད་ནི་གསོ་བར་བྱ་བ་མ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །

གཉིས་པ་རྒྱས་པར་བཤད་པ་ལ་ཡལ་ག་དགུ་སྟེ། རྐྱེན། འཇུག་སྒོ། གནས། ལམ། འཕེལ་དུས། འབྲས་བུ། ལྡོག་རྒྱུ། མདོ་དོན་གྱི་ཡལ་གའོ། །དང་པོ་ལོ་མ་ནི། དེ་ལ་ཞེས་པ་ནས་རྒྱུ་ཞེས་པའི་བར་གྱིས་བསྟན་ཏེ། རྣམ་པར་གྱུར་པའི་ནད་དེ་ལ་འདོད་པའི་ཡོན་ཏན་རྣམས་ལ་ཆགས་པ་དང༌། ངར་འཛིན་པའི་བློས་གཞན་ལ་ཞེ་ནས་སྡང་བ་དང༌། ཤེས་བྱའི་གནས་ལ་བླང་དོར་མི་ཤེས་པས་གཏི་མུག་པའི་བསམ་པ་གསུམ་པོ་ནི་རླུང་དང་མཁྲིས་པ་དང་བད་ཀན་རྣམས་རིམ་པས་བསྐྱེད་པའི་རྒྱུ་སྟེ་ལོ་མ་གསུམ་མོ། །གཉིས་པ་རྐྱེན་གྱི་ལོ་མ་ནི། དེ་ལ་ཞེས་པ་ནས་གྱུར་ནས་ནི་ཞེས་པའི་བར་གྱིས་བསྟན་ཏེ། རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱིས་བསྐྱེད་པའི་ནད་རླུང་མཁྲིས་བད་ཀན་གསུམ་པོ་དེ་ལ་དུས་དམན་ལྷག་ལོག་པ་དང༌། གདོན་གློ་བུར་བ་དང༌། ཟས་དང་སྤྱོད་ལམ་དམན་ལྷག་ལོག་པ་བཞིས་ལྷན་ཅིག་ཏུ་བསྐྱེད་པའི་རྐྱེན་བྱས་པས་རླུང་མཁྲིས་བད་ཀན་དེ་དག་རང་རང་གི་རང་བཞིན་ལས་འགྱུར་ནས་འཕེལ་བ་དང་ཟད་པ་དང་འཁྲུགས་པ་རྣམས་སུ་གྱུར་ནས་ནི་ཞེས་པ་ལོ་མ་བཞིའོ། །གསུམ་པ་འཇུག་སྒོའི་ལོ་མ་ནི། པགས་ལ་ཞེས་པ་ནས་ལྷུང་བར་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། རྐྱེན་བཞི་པོ་གང་རུང་གིས་བསླང་བའི་ནད་དེ་ནི་འཇུག་པའི་སྒོ་རྣམ་པ་དྲུག་སྟེ། རིམ་པ་བཞིན་དུ་པགས་ལ་གྲམ་ཞིང་ཤ་ལ་རྒྱས་པར་བྱེད་པ་དང༌། རྩ་རྣམས་སུ་རྒྱུ་ཞིང་རུས་པ་ཀུན་ལ་ཞེན་པར་འགྱུར་བ་དང༌། དོན་རྣམས་ལ་འབབ་ཅིང་སྣོད་ཀུན་ཏུ་ལྷུང་བར་འགྱུར་ཏེ་ལོ་མ་དྲུག་གོ། །བཞི་པ་གནས་ཀྱི་ལོ་མ་ནི། བད་ཀན་ཞེས་པ་ནས་སྨད་ན་གནས་ཞེས་པའི་བར་གྱིས་བསྟན་ཏེ། བད་ཀན་ནི་རང་གི་རྒྱུ་གཏི་མུག་དང་རྗེས་སུ་མཐུན་པར་ཀླད་པ་ལ་བརྟེན་ནས་སྟོད་ལ་གནས་ཤིང༌། དེ་བཞིན་དུ་མཁྲིས་པ་ཡང་རང་གི་རྒྱུ་ཞེ་སྡང་དང་རྗེས་སུ་མཐུན་པར་སྲོག་རྩ་དང་མཆིན་མཁྲིས་ལ་བརྟེན་ནས་བར་ན་གནས་ལ། རླུང་ནི་རང་གི་རྒྱུ་འདོད་ཆགས་དང་རྗེས་སུ་མཐུན་པར་གསང་བའམ་དཔྱི་དང་རྐེད་པ་ལ་བརྟེན་པས་སྨད་ན་གནས་པ་ཡིན་པས་ལོ་མ་གསུམ་མོ། །ལྔ་པ་རྒྱུ་ལམ་ལ་དགག་གཞག་གཉིས་ལས། དང་པོ་ནི། ཁ་(ཆེར་རྗེ་སོགས་)ཅིག་རུས་པ་རྣ་བ་རེག་བྱ་སྙིང་སྲོག་ལོང༌། །ཞེས་པའི་རེག་བྱ་ནི་གཅི་བ་ལ་ངོས་འཛིན་པ་དང༌། ཁ་ཅིག (བྲང་ཏི་)པགས་པའི་སྐྱི་ལ་འདོད་པ་དང༌། ཁ་ཅིག་(བདག་ཆེན་སོགས་)  ཐུར་སེལ་གྱི་རྒྱུ་ལམ་ལ་འདོད་པ་རྣམས་ནི་དོན་མེད་པའི་གནས་སུ་འཁྱམས་པ་ཡིན་ཏེ། དེ་རྣམས་ནི་རེག་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །ཁྱད་པར་འདོད་པ་ཕྱི་མས་ནི་དྲི་མ་ལ་བཤང་གཅི་རྔུལ་གསུམ་ལས་མེད་པར་བཟུང་བས་ནོངས་སོ། །འོ་ན་གཞུང་གི་དོན་ཇི་ལྟ་བུ་ཞེ་ན། རླུང་ལྡང་བའི་ཚེ་བ་སྤུའི་བུ་ག་བྱེ་ནས་གྱེན་དུ་ལངས་པས་རེག་བྱ་རྩུབ་པར་འབྱུང་བས་ན་རེག་བྱ་ཞེས་སྨོས་པ་ཡིན་ཀྱི། དོན་ལ་དྲི་མའམ་སྙིགས་མ་རྣམས་ཀྱི་ནང་ནས་བ་སྤུར་རྒྱུ་བ་ལ་དགོངས་པ་སྟེ། བྱ་བའི་མིང་བྱེད་པ་ལ་བཏགས་པའོ། །བ་སྤུ་སྙིགས་མ་ཡིན་པའང་བཤད་རྒྱུད་ལས། དེ་རྣམས་སྙིགས་མ་ཕོ་བའི་བད་ཀན་དང༌། །སྣོད་མཁྲིས་བུ་གའི་དྲི་མ་ཞག་དང་ནི། །སོ་སེན་བ་སྤུ་བཤང་སྣུམ་མངལ་འཛིན་ཡིན། །ཞེས་གསུངས་ཤིང༌། སྙིགས་མ་དང་དྲི་མ་གཅིག་པར་ཡང་དེ་ཉིད་ལས། །དྲི་མ་བཤང་གཅི་རྡུལ་ལ་སོགས་པའང་ཡིན། །ཞེས་པའི་སོགས་ཁོངས་ནས་དྲི་མ་གཞན་འབྱུང་བའི་ཕྱིར་རོ། །ཡང་འདིས་ལྷག་མ་ལུས་ཟུངས་ཀྱི་ནང་ནས་དྭངས་མ་ཤ་ཚིལ་ཁུ་བ་དང༌། དོན་མཁལ་མ་དང༌། སྣོད་ལྒང་བ་རྣམས་ལ་རླུང་མཁྲིས་བད་ཀན་གསུམ་ག་ཐུན་མོང་དུ་རྒྱུའོ་ཞེས་དང༌། བད་ཀན་གྱི་ཐུན་མོང་མ་ཡིན་པའི་ལམ་ལྔ་བཅད་པའི་ལྷག་མ་རྣམས་ལ་ཉེས་གསུམ་སྤྱི་ཁྱབ་ཏུ་རྒྱུ་དགོས་པ་ཡིན་ཞེས་ཟེར། འདི་ཡང་ཚིག་ཙམ་ལ་ཞེན་པས་འཁྲུལ་པ་ཡིན་ཏེ། དེ་ལྟར་ན་རླུང་གི་སྐབས་སུ་སྲོག་པ་རྩ་དང༌། མཁྲིས་པའི་སྐབས་སུ་སྣོད་ཀྱི་མཁྲིས་པའམ་རྒྱུ་མ་གང་རུང་ཞིག་ལྷག་པའི་ཉེས་པ་ཇི་ལྟར་བཟློག །དེ་མ་ཡིན་ན་ལྷག་མ་དེ་རྣམས་ཀྱང་བད་ཀན་གྱི་རྒྱུ་ལམ་དུ་ཁས་ལེན་དགོས་ཏེ་བཤད་རྒྱུད་དུ། དེ་ཡང་རླུང་ནི་རུས་པ་ལ་གནས་ཏེ། །མཁྲིས་པ་ཁྲག་དང་རྔུལ་ལ་གནས་པ་ཡིན། །བད་ཀན་ལྷག་མ་རྣམས་ལ་གནས་པའོ། །ཞེས་པའི་རིགས་པས་སོ། །འོ་ན་གྲངས་བཅོ་ལྔ་ཇི་ལྟར་སྒྲིག་སྙམ་ན། དེ་ནི་གཉིས་པ་རང་ལུགས་ཀྱི་སྒོ་ནས་བཤད་པར་བྱ་སྟེ། དེ་ཡང་རུས་པ་ཞེས་པ་ནས་ལམ་དུ་བཤད་ཅེས་པའི་བར་གྱིས་བསྟན་ཏེ། ལུས་ཟུངས་སམ་དྭངས་མ་རྣམས་ཀྱི་ནང་ནས་རུས་པ། དབང་པོ་རྣམས་ཀྱི་ནང་ནས་རྣ་བ། དྲི་མའམ་སྙིགས་མ་རྣམས་ཀྱི་ནང་ནས་བ་སྤུ་འམ་རེག་བྱ། དོན་རྣམས་ཀྱི་ནང་ནས་སྙིང་དང་ཞར་བྱུང་དུ་སྲོག་པ་རྩ། སྣོད་རྣམས་ཀྱི་ནང་ནས་ལོང་སྟེ་རྣམ་པ་ལྔ་པོ་ནི་རླུང་གི་ལམ་གྱི་ལོ་མའོ། །དེ་བཞིན་དུ་ལུས་ཟུངས་ཁྲག་དང༌། དྲི་མ་རྔུལ་དང༌། དབང་པོ་མིག་དང༌། དོན་མཆིན་པ་དང༌། སྣོད་མཁྲིས་པ་དང་རྒྱུ་མ་སྟེ་ལྔ་པོ་ནི་མཁྲིས་པའི་ལམ་གྱི་ལོ་མའོ། །ལུས་ཟུངས་དྭངས་མ་ཤ་ཚིལ་རྐང་ཁུ། དྲི་མ་བཤང་གཅི། དབང་པོ་སྣ་ལྕེ། དོན་གློ་མཆེར་མཁལ་མ། སྣོད་ཕོ་བ་དང་ལྒང་པ་སྟེ་ལྔ་པོ་བད་ཀན་གྱི་ལམ་གྱི་ལོ་མའོ། །དེ་ལྟར་ལུས་ཟུངས་དང༌། དྲི་མ་དང༌། དབང་པོ་དང༌། དོན་དང༌། སྣོད་རྣམས་སོ་སོར་ཕྱེ་བའི་ལྔ་ཚན་གསུམ་པོ་ཉིད་རིམ་པ་བཞིན་དུ་རླུང་དང་མཁྲིས་པ་དང་བད་ཀན་རྣམས་རྒྱུ་བའི་ལམ་དུ་བཤད་པ་ཡིན་ཞེས་པ་སྟེ་རྒྱུ་ལམ་གྱི་ལོ་མ་བཅོ་ལྔའོ། །

དྲུག་པ་འཕེལ་དུས་ལ་གསུམ་སྟེ། ན་ཚོད་དང་། ཡུལ་དང༌། དུས་ཀྱི་ལོ་མའོ། །དང་པོ་ནི། རྒས་པ་ཞེས་པ་ནས་གཉན་ཞེས་པའི་བར་གྱིས་བསྟན་ཏེ། ས་ཆུའི་སྟོབས་ཤ་ཁྲག་གི་རང་བཞིན་རིམ་གྱིས་ཉམས་པས་རྒས་པར་གྱུར་པ་ན་རླུང་ངོ་བོ་ཉིད་ཀྱིས་འཕེལ་བ་ནི་རླུང་གི་མི་ཡིན་པས་འདི་དུས་རླུང་ལ་བརྟེན་པའི་ནད་བྱུང་ན་ན་སོས་གཉན་པ་དང༌། དར་མ་ནི་འབྱུང་བའི་སྟོབས་ཐམས་ཅད་འཕེལ་བས་ཁེངས་པ་ནི་དར་མ་ཡིན་ལ། དེ་ཉིད་གཞན་ལ་ཁྲོ་བ་ཤས་ཆེར་འབྱུང་བས་མཁྲིས་པ་འཕེལ་བའི་དུས་སུ་མཁྲིས་པའི་མི་ཡིན་པས་འདི་དུས་མཁྲིས་པ་ལ་བརྟེན་པའི་ནད་བྱུང་ན་ན་སོས་གཉན་པ་དང༌། བྱིས་པ་ནི་གཞོན་ནུ་སྟེ་མའི་ནུ་ཞོ་སོགས་ཀྱི་ཁ་ཟས་དང་ཀུན་ཏུ་ཉལ་བ་སོགས་ཀྱིས་བད་ཀན་འཕེལ་བའི་དུས་ཡིན་པས་བད་ཀན་གྱི་མི་ཡིན་ཞེས་པ་སྟེ་འདི་འདུས་བད་ཀན་ལ་བརྟེན་པའི་ནད་བྱུང་ན་ན་སོས་གཉན་པ་ཡིན་ཞེས་བྱ་བའི་ཏོན་ཏེ་ལོ་མ་གསུམ་མོ། །གཉིས་པ་ཡུལ་གྱི་ལོ་མ་ནི། ངད་ཅན་ཞེས་པ་ནས་བཤད་ཅེས་པའི་བར་གྱིས་བསྟན་ཏེ། ངད་ཅན་དེ་བསེར་བུའི་ངད་དང་ལྡན་པས་རེག་བྱ་གྲང་བ་བསྐྱེད་པའི་གནས་ནི་རླུང་འཕེལ་པའི་ཡུལ་ཡིན་ཏེ། སྐམ་ས་སྟེ་རླན་གཤེར་མེད་ཅིང་རེག་བྱ་ཚ་གདུང་ཆེ་བའི་གནས་ནི་མཁྲིས་པ་འཕེལ་བའི་ཡུལ་ཡིན་ལ། དེ་ལས་བཟློག་པ་རླན་ཅན་དང་སྣུམ་བག་དང་ལྡན་པའི་གནས་ནི་བད་ཀན་འཕེལ་བའི་ཡུལ་ཡིན་ཏེ་ལོ་མ་གསུམ་མོ། །གསུམ་པ་དུས་ཀྱི་ལོ་མ་ནི། རླུང་ནད་ཅེས་པ་ནས་སྔ་དྲོ་ལྡང་ཞེས་པའི་བར་གྱིས་བསྟན་ཏེ། རླུང་གི་ནད་ཕལ་ཆེར་ནི་ནམ་ཟླ་དུས་བཞིའི་དབྱར་གྱི་དུས་དང༌། ཉིན་ཞག་གཅིག་གི་དགོངས་དང་ཐོ་རངས་ཀྱི་དུས་སུ་འཕེལ་ཞིང་ལྡང་ལ། མཁྲིས་པའི་ནད་ཕལ་ཆེར་ནི་སྟོན་གྱི་དུས་དང་ཉིན་གུང་དང་མཚན་གུང་ལ་འཕེལ་ཞིང་ལྡང་བ་དང༌། བད་ཀན་གྱི་ནད་ཕལ་ཆེར་ནི་དཔྱིད་ཀྱི་དུས་དང་སྲོད་དང་སྔ་དྲོའི་དུས་སུ་འཕེལ་ཞིང་ལྡང་བས་ཏེ་ལོ་མ་གསུམ་དང་བཅས་པས་ཡོངས་དྲིལ་འཕེལ་དུས་ཀྱི་ལོ་འདབ་དགུའོ། །

བདུན་པ་འབྲས་བུའི་ཡལ་ག་ལ་ལོ་མ་དགུ་ནི། འཚོ་བ་ཞེས་པ་ནས་ཞེས་སུ་བཤད་ཅེས་པའི་བར་གྱིས་བསྟན་ཏེ། རང་རང་གི་ཁམས་འཚོ་བའི་རྒྱུ་ཚེའི་འཕེན་པ་དང༌། སྔོན་ནས་བསགས་པའི་ལས་ཀྱི་ལྷག་མ་བསོད་ནམས་ཀྱི་མཐུ་གསུམ་པོ་གང་རུང་ཟད་པའི་མི་དེ་ནི་ངེས་པར་འཆི་ལ། དེ་བཞིན་དུ་ནད་ཚ་གྲང་གཉིས་ཀ་དུས་གཅིག་ཏུ་འདོམས་པས་གཉེན་པོ་མི་ལེན་པ་ནི་ནང་གི་འདུ་བ་གཤེད་དུ་བབས་པ་ཞེས་བྱ་བ་དང༌། ཚ་བའི་ནད་ལ་ཟས་སྤྱོད་སྨན་དཔྱད་ཀྱང་ཚ་བའི་རང་བཞིན་ཅན་བརྟེན་པ་ནི་སྦྱོར་བ་མཚུངས་པ་ཞེས་བྱ་བ་དང༌། ཤིན་ཏུ་གཉན་པའི་གནད་རྣམས་སུ་མཚོན་ཕོག་པ་ན་གནད་དུ་བབས་པ་ཞེས་བྱ་བ་དང༌། དུས་འདས་ཞེས་པ་གསལ་བྱེད་ཀྱི་སྒྲ་སྟེ། ཚ་གྲང་གཉིས་ཀའི་ཁྱབ་བྱེད་རླུང་གི་ནད་བཅོས་པའི་དུས་ལས་འདས་པའི་སྲོག་གི་རྟེན་དེ་དབུ་མའི་རླུང་གི་རྒྱུན་ཆད་པ་དང༌། ཚ་བའི་ནད་བཅོས་པའི་དུས་ལས་འདས་པས་ཚ་བ་ལ་འདས་པ་དང༌། གྲང་བའི་ནད་ལ་ཡང་བཅོས་པའི་དུས་ལས་འདས་པས་གྲང་བ་གཏིང་དུ་འཁར་བ་དང༌། དེ་ལྟ་བུའི་ནད་དུས་ལ་འདས་པ་མ་ཡིན་ཡང་ནད་པའི་ལུས་ཟུངས་ཀྱིས་སྨན་དཔྱད་མི་ཐུབ་པ་དང༌། འབྱུང་པོའི་གདོན་མ་རུངས་པས་རྣམ་པར་འཚེ་བས་བླ་ཚེ་སྲོག་དབུགས་འཕྲོགས་པ་རྣམས་ནི་རྣམ་པར་གྱུར་པ་ནད་ཀྱི་འབྲས་བུ་སྲོག་གཅོད་པ་འབའ་ཞིག་གི་ནད་དགུ་ཞེས་བྱ་བར་བཤད་པ་ཡིན་ཞེས་པ་སྟེ་ལོ་མ་དགུའོ། །

བརྒྱད་པ་ལྡོག་རྒྱུའི་ལོ་མ་ནི། རླུང་ཞེས་པ་ནས་བཅུ་གཉིས་སོ་ཞེས་པའི་བར་གྱིས་བསྟན་ཏེ། རླུང་དང་མཁྲིས་པ་དང་བད་ཀན་གསུམ་པོ་ལ་ཞི་ནས་ལྡོག་པ་དང་མ་ཞི་བར་ལྡོག་པ་གཉིས་ཏེ་བཞི་བཞི་རུ་ལྡོག་པས་ལྡོག་རྒྱུའི་ལོ་མ་བཅུ་གཉིས་སོ། །དགུ་པ་མདོ་དོན་གྱི་ལོ་མ་ནི། རླུང་དང་ཞེས་པ་ནས་ཐུན་མོང་གི་གནས་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་བཤད་པའི་ནད་ཐམས་ཅད་དང༌། གཞན་ཡང་རྣམ་གྲངས་ཇི་སྙེད་པ་གསུངས་པ་ཐམས་ཅད་མདོ་དོན་དུ་ཧྲིལ་གྱིས་དྲིལ་ན་རྣམ་པ་གཉིས་སུ་འདུས་པ་ཡིན་ཏེ། རླུང་དང་བད་ཀན་ནི་རང་བཞིན་གྱིས་གྲང་བས་ཆུ་ལྟ་བུ་ཡིན་ཏེ་བསིལ་བར་མཚུངས་པའི་ཕྱིར་དང༌། ཁྲག་དང་མཁྲིས་པ་ནི་རང་བཞིན་གྱིས་ཚ་བས་མེ་ལྟ་བུར་འདོད་དེ་ཚ་བར་མཚུངས་ལ། དེར་མ་འདུས་པའི་སྲིན་དང་ཆུ་སེར་ནི་རང་གི་ངོ་བོ་ཚ་གྲང་གང་ཡང་མ་ཡིན་ཞིང་རྐྱེན་ནམ་གྲོགས་གང་དང་བསྡོངས་པ་དེའི་རྗེས་སུ་འབྲང་བས་ནི་ཚ་གྲང་ཐུན་མོང་བར་གནས་པ་ཡིན་ཏེ་ལོ་མ་གཉིས་སོ།།

གསུམ་པ་མཇུག་བསྡུ་བ་ནི། དེ་ལྟར་ཞེས་པ་ནས་གསུངས་སོ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་རྣམ་པར་མ་གྱུར་པའི་ལུས་ལ་ལོ་མ་ཉེར་ལྔ། རྣམ་པར་གྱུར་པའི་ལུས་ལ་རྒྱུ་གསུམ། རྐྱེན་བཞི། འཇུག་སྒོ་དྲུག །གནས་གསུམ། ལམ་བཅོ་ལྔ། འཕེལ་དུས་དགུ། འབྲས་བུ་དགུ། ལྡོག་རྒྱུ་བཅུ་གཉིས། མདོ་དོན་གཉིས་ཏེ་དྲུག་ཅུ་རེ་གསུམ། གཉིས་ཀ་བསྡོམས་པས་ལོ་མའི་རྣམ་གྲངས་བརྒྱད་ཅུ་རྩ་བརྒྱད་ཡོད་ཀྱི། འདིས་ནི་གང་གི་དོན་དུ་གསོ་བ་ལུས་དང་ནི། གང་གསོ་བ་ནད་གཞིའི་རྣམ་པ་མ་ལུས་པ་ཤེས་ཤིང་ཁོང་དུ་ཆུད་པར་འགྱུར་བས་ནན་ཏན་དུ་གྱིས་ཤིག་ཅེས་གསུངས་སོ་ཞེས་བྱ་བའི་དོན་ཏོ། །བཞི་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་དུམ་བུ་དང་པོ་རྩ་བའི་རྒྱུད་ཀྱི་གནས་ལུགས་ནད་གཞིའི་ལེའུ་བཤད་པ་སྟེ་གསུམ་པའོ་ཞེས་བྱ་བའི་དོན་ཏོ།། །།

 

མཐའ་མའི་འདོན་ཐེངས་།: 22.08.2011 ཉིན། 10:01 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།