སྨན་རྩིས་དྲ་བ། - འབྱུང་རྩིས་ཟླ་ཟེར་གྱི་མཆན་འགྲེལ།

ལེའུ་གཉིས་པ། སྐོར་འགོ་སུམ་ཅུའི་རྩིས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.08.2015
འབྱུང་རྩིས་ཟླ་ཟེར་གྱི་མཆན་འགྲེལ། >>

 

 

ལེའུ་གཉིས་པ། སྐོར་འགོ་སུམ་ཅུའི་རྩིས།

བྱེ་བྲག་སོ་སོའི་སྐོར་འགོ་ལའང་། །སྤྱིར་ཚེ་ཀེག་ནད་དུར་ས་བག་གི་རྩིས་དྲུག་དང་། སྤྱི་རྩིས་དང་རྩིས་ཕྲན་སོགས་མང་པོ་ཡོད་པ་ལས་འདིར། རྒྱ་བོད་སྐོར་འགོ་སུམ་ཅུ་དང་། །ནམ་ཞག་གཏན་གྱི་མྲའ་རྩིས་དང་མཐུན་སྦྱོར་གཉེན་རྩིས། །ལོ་གཅིག་ཁྱུད་འཁོར་རྩིས་སྐེག་དང་འབྱུང་བ་འཁྲུགས་པའི་ནད་རྩིས་དང་། །ཟངས་ཀྱམ་གཤིན་གྱི་རྩིས་དང་དྲུག་གིས་བསྡུས། །

       དང་པོ་གཙུག་ལག་ཀུན་གྱི་བཅུད། །རྒྱ་བོད་སྐོར་འགོ་སུམ་ཅུ་ལ། །རྡེལ་བོར་རྒྱས་འབྲིང་བསྡུས་གསུམ་ལས། །འདིར་ནི་རྒྱས་པ་སྐོར་འགོ་རེར། །རྡེའུ་བརྒྱད་བརྒྱད་ཀུན་དྲིལ་བས། །ཉིས་བརྒྱ་བཞི་བཅུས་གཏན་ལ་དབབ། །ཐོག་མར་རང་རང་རྩིས་གཞི་ནི། །རྒྱ་ཡི་སྐོར་འགོ་བཅོ་ལྔ་ལས། ། 

       དང་པོ་ས་བདག་རྒྱལ་པོའི་རྩིས། །ཤེལ་གྱི་བྱ་ཁྱུང་དཀར་པོ་དང་། །བརྩི་བྱ་ཤིང་ཁམས་པ་ལ་དཔེར་མཚོན་ན་ཤིང་(རང་)གི་བྱི་གླང་སྟེང་ནས་བརྩི། །

གཉིས་པ་དགེ་བའི་བཤེས་གཉེན་ནི། །གངས་ཀྱི་སེང་གེ་དཀར་མོ་དང་། །མེ་(བུ་)སྟག་མེ་ཡོས་ཁ་ནས་བརྩི། །

གསུམ་པ་རིག་འཛིན་སྔགས་འཆང་རྩིས། །སྲིད་པའི་དུག་སྦྲུལ་ནག་པོ་དང་། །ས་(གྲོགས་)ཡི་འབྲུག་སྦྲུལ་ཁ་ནས་བརྩི། །

བཞི་པ་གཤེན་རབ་བོན་གྱི་རྩིས། །བར་སྣང་གཡུ་འབྲུག་སྔོན་མོ་དང་། །ལྕགས་(དགྲ་)རྟ་ལྕགས་ལུག་སྟེང་ནས་བརྩི། །

ལྔ་པ་མི་ཆེན་གཙོ་བོ་རྒན་པ་རྣམས། །ས་ཡི་གླང་ཆེན་རབ་བརྟན་དང་། །ཆུ་(མ་)སྤྲེལ་ཆུ་བྱའི་སྟེང་ནས་བརྩི། །

དྲུག་པ་སྐྱེས་པ་དར་མ་རྣམས། །ནགས་ཀྱི་རྒྱ་སྟག་ཁྲ་བོ་དང་། །ཤིང་(རང་)ཁྱི་ཤིང་ཕག་སྟེང་ནས་བརྩི། །

བདུན་པ་ཟ་མ་བུད་མེད་རྣམས། །ཟངས་ཀྱི་སྲིན་མོ་དམར་མོ་དང་། །མེ་(བུ་)བྱི་མེ་གླང་སྟེང་ནས་བརྩི། །

བརྒྱད་པ་ལ་མོས། གྱེས? ཆུང་ཟེར།  ཁང་ཁྱིམ་ཞིང་སའི་རྩིས། །ལྷ་ཁང་རྒྱ་ཕིབས་ཁྱུང་མགོ་དང་། །ཆུ་(མ་)ཡི་འབྲུག་སྦྲུལ་སྟེང་ནས་བརྩི། །

དགུ་པ་བུ་མོ་ས་གཞི་གླིང་བཟང་ངན། །རྩི་ན་སོ་ནམ་ཁང་ཁྱིམ་སྒོ་ས་དང་། །ཤིང་(རང་)རྟ་ཤིང་ལུག་སྟེང་ནས་བརྩི། །

བཅུ་པ་བྲན་གཡོག་གོ་ཁྲབ་ཟངས་ཐེར་རྩིས། །བྱེད་ན་ཡིད་བཞིན་ནོར་བུ་དང་། །མེ་(བུ་)སྤྲེལ་མེ་བྱའི་སྟེང་ནས་བརྩི། །

བཅུ་གཅིག་རྟ་བྱིས་པ་བསྔོས་བླ་ཤིང་སྲིད་ཚད་རྩིས། །བྱེད་ན་ལྗོན་ཤིང་ཆུ་མིག་དང་། །ས་(གྲོགས་)ཁྱི་ས་ཕག་སྟེང་ནས་བརྩི། །

བཅུ་གཉིས་ཕྱུགས་ཕན་པའི་ལྷ་ཁང་འགོའི། །རྩིས་ནི་ལྷ་བྱ་གོང་མོ་དང་། །ལྕགས་(དགྲ་)ཀྱི་བྱི་གླང་སྟེང་ནས་བརྩི། །

བཅུ་གསུམ་བཟའ་མི་གནོད་འདྲེ་གང་གནོད་རྩིས། །བྱེད་ན་དུར་(གྲོགས་)བྱ་རོག་པོ་དང་། །ཆུ་(མ་)སྟག་ཆུ་ཡོས་སྟེང་ནས་བརྩི། །

བཅུ་བཞི་བག་མའི་འགྲོ་ཕྱོགས་རྒན་རྒོན་སྐྲ་ཡི་རྩིས། །བྱེད་ན་ཤྭ་བ་རྒྱ་བོ་དང་། །ཤིང་(རང་)་གི་འབྲུག་སྦྲུལ་ཁ་ནས་བརྩི། །

བཅོ་ལྔ་ཁང་ཁྱིམ་ནད་པ་ཡུན་ལོན་གྱི། །རྩིས་ནི་ནད་པ་ཡོ་ཉལ་དང་། ཡོ་ཞེས་པ་ནད་མལ་གྱི་མིང་སྟེ་རྩིས་གཞུང་ལས། ནད་པ་ཡོ་ནས་འདོན། ཞེས་འབྱུང་བས་ཤེས་སོ།། །མེ་(བུ་)ཡི་རྟ་ལུག་སྟེང་ནས་བརྩི། ། 

བོད་ཀྱི་སྐོར་འགོ་བཅོ་ལྔ་ལས། །དང་པོ་ལས་ཐབས་བྱིས་པ་གཞོན་ནུ་རྣམས། །གསེར་གྱི་རྡོ་རྗེ་རྩེ་ལྔ་དང་། །ས་(གྲོགས་)ཡི་སྟག་ཡོས་སྟེང་ནས་བརྩི། །

གཉིས་པ་གོ་ཁྲབ་ན་ཆུང་བུ་མོ་རྣམས། །བརྩི་ན་སྨྲ་མཁན་ནེ་ཙོ་དང་། །ལྕགས་(དགྲ་)འབྲུག་ལྕགས་སྦྲུལ་སྟེང་ནས་བརྩི། །

གསུམ་པ་བླ་ཤིང་སྲིད་འཁོར་འབངས༌བྲན་གཡོག་རྩིས། །བྱེད་ན་ཕོ༌བྲང་གླིང་དགུ་སྨེ་བ་དགུ་གླིང་དང་། །ཆུ་(མ་)རྟ་ཆུ་ལུག་སྟེང་ནས་བརྩི། །

བཞི་པ་ལྷ་ཁང་འགོ་རྟ་བོང་དྲེ་འུ་ཡི། །རྩིས་ནི་རྟ་མཆོག་རིན་ཆེན་དང་། །ཤིང་(རང་)གི་བྱ་སྤྲེལ་སྟེང་ནས་བརྩི། །

ལྔ་པ་གནོད་འདྲེ་རྨིག་པ་ཁ་དབྲག་ནི། །བྱང་གི་འབྲོང་བུ་རྭ་སྔོན་དང་། །མེ་(བུ་)ཁྱི་མེ་ཕག་སྟེང་ནས་བརྩི། །

དྲུག་པ་རྒན་རྒོན་བཟའ་མི་མཐུན་སྦྱོར་རྩིས། །བྱེད་ན་གཏེར་གྱི་བུམ་པ་དང་། །ས་(གྲོགས་)ཡི་བྱི་གླང་སྟེང་ནས་བརྩི། །

བདུན་པ་ནད་བག་མ་འགྲོ་ལམ་རྩིས། །བྱེད་ན་རྨ་བྱ་མཇིང་བསྣོལ་དང་། །ལྕགས་(དགྲ་)ཀྱི་སྟག་ཡོས་སྟེང་ནས་བརྩི། །

བརྒྱད་པ་གཤིན་རྩིས་མི་རོ་དམར་པོ་དང་། །ས་(གྲོགས་)སྤྲེལ་ས་བྱའི་སྟེང་ནས་ནི། །རོ༌ཡི་སྲེག་སྒྲུབ་སྟངས་གཅོད་བརྩི། །

དགུ་པ་རོ༌རྩིས་ལོག་མ་ལོག །བརྩི་ན་ཤིང་སྒྲོམ་སྐྱ་བོ་དང་། །ལྕགས་(དགྲ་)ཁྱི་ལྕགས་ཕག་ཁ་ནས་བརྩི། །

བཅུ་པ་དུར་ས་བཟང་ངན་གྱི། །རྩིས་ནི་ཐོད་པ་དགུ་བརྩེགས་དང་། །ཆུ་(མ་)ཡི་བྱི་གླང་སྟེང་ནས་བརྩི། །

བཅུ་གཅིག་གཏོ་ཆོག་དཀར་ནག་ཁྲའི། །རྩིས་ནི་ས་བདག་མགོ་གསུམ་དང་། །ཤིང་(རང་)གི་སྟག་ཡོས་སྟེང་ནས་བརྩི། །

བཅུ་གཉིས་སྐྱེས་པའི་སྲོག་ཕྱྭ་ཡི། །རྩིས་ནི་རྡོ་རྗེ་རྒྱ་གྲམ་དང་། །མེ་(བུ་)ཡི་འབྲུག་སྦྲུལ་སྟེང་ནས་བརྩི། །

བཅུ་གསུམ་བྱིས་པ་ཆུང་ངུའི་ལུས། །རྩིས་ནི་འཁོར་ལོ་རྩིབས་བརྒྱད་དང་། །ལྕགས་(དགྲ་)ཀྱི་བྱ་སྤྲེའི་སྟེང་ནས་བརྩི། །

བཅུ་བཞི་བུད་མེད་དབང་ཐང་རྩིས། །བྱེད་ན་གཡུང་དྲུང་འཁྱིལ་བ་དང་། །ས་(གྲོགས་)ཡི་རྟ་ལུག་སྟེང་ནས་བརྩི། །

བཅོ་ལྔ་པ་ནི་མི་ཆེན་དང་། །ཡོན་ཏན་ཅན་དང་བཟོ་རིགས་པའི། །ཀླུང་རྩིས་པད་མ་འདབ་བརྒྱད་དང་། །ཆུ་(མ་)ཡི་ཁྱི་ཕག་སྟེང་ནས་བརྩི། །

དེ་ལྟར་རྩིས་གཞི་གཏན་ཕབ་ནས། །ད་ནི་རྡེ་འུ་བོར་ཚུལ་བཤད། །བཻ་དཀར་ལས། དེ་ནས་བརྩི་བྱ་ཕོ་ལོ་ཕོའི། །ལོ་ནས་ཐུར་དུ་སྦུབ་བྱ་ཞིང་། །མོ་ལོ་མོ་ནས་གྱེན་དུ་བགྲངས་པའི། །གར་བབས་ལོག་མེན་ལྟ་བུ་སྟེ། །དེ་ཡིས་ཡར་བཞིའི་སྲོག་དང་འཐབ། །མར་བཞིའི་ལུས་དང་ཡང་བཅུ་གཅིག །དབང་ཐང་མར་གྱི་བཅུ་གཅིག་ས། །ཀླུང་རྟའི་འཐབ་དགྲ་གཞན་ཡང་ནི། །ཡར་བདུན་སྲོག་དང་མར་བདུན་ལུས། །བརྩི་བྱའི་སོ་སོར་འཐབ་པ་དང་། །ལོག་མེན་དེ་དང་དབང་ཐང་དང་། །ཀླུང་རྟ་འཐབ་པའི་རྡེལ་བརྒྱད་དེ། །ཁ་དོག་མ་གྲོགས་ས་ཆུ་གཉིས། །ནང་འཕྲད་དཀར་དང་བུ་དགྲ་དང་། །ཤིང་ལྕགས་མེ་གསུམ་ནང་འཕྲད་ནག །དེ་ལྟར་རྡེལ་གྲངས་ཉིས་བརྒྱ་དང་། །བཞི་བཅུ་རྩ་གཅིག་གཏན་འབེབས་ཡིན། ཞེས་གསུངས། རྒྱ་བོད་སྐོར་འགོ་གང་ལ་ཡང་། །བརྩི་བྱའི་ལོ་དང་བསྐོར་མགོའི་ལོ་རྟགས་འདི་ལྟར་བྱས་ན་ནད་པ་ལྟ་བུ་ལ་ལོ་རྗེས་ཀྱང་རྡེལ་དང་འབྲས་བུ་མི་འགྱུར་བ་ཇི་ལྟར། བརྩི་བྱའི་ལོ་དང་སྐོར་འགོ་ཡི། །རང་གི་རྩིས་གཞི་ངོས་བཟུང་བྱ། །དེ་ནས་བརྩི་བྱའི་སྐྱེས་བུ་དེ། །ཕོ་ལོ་མོ་ལོའི་ཁྱད་པར་གྱི། །རྩིས་གཞིའི་ཕོ་ལོ་མོ་ལོ་ཡི། །སྟེང་ནས་ཡར་བཞི་མར་བཞི་བགྲང། །དེ་བཞིན་ཡར་བདུན་མར་བདུན་དང་། །ཡར་དེད་མར་དེད་བཅུ་གཅིག་སྟེ། །ཡར་བགྲངས་གནས་སུ་རྡེལ་དཀར་དང་། །མར་བགྲངས་གནས་སུ་རྡེལ་ནག་རེ། །དེ་མཚན་མའི་རྡེའུ་ཡིན། ལེགས་བོར་ཡར་བཞི་མར་བཞི་ཡི། །སྲོག་ལ་བརྩི་བྱའི་སྐྱེས་བུ་དེའི། །སྲོག་གིས་འཐབ་པའི་རྡེའུ་ རེ། །དེ་བཞིན་ཡར་བདུན་མར་བདུན་གྱི། །ལུས་ལ་ལུས་འཐབ་རྡེའུ་ རེ། །ཡས་མར་བཅུ་གཅིག་དབང་ཐང་ལ། །དབང་ཐང་གིས་འཐབ་རྡེའུ་ རེ། །དེ་བཞིན་རྩ་བའི་ལོ་ཕོ་མོའི། །ཀླུང་རྟ་གཉིས་ལ་སྐྱེས་བུ་ཡི། །ཀླུང་རྟས་འཐབ་པའི་རྡེའུ་ རེ། །བོར་ལ་བཟང་ངན་ཁ་དམར་ནི། །འགྲེལ་པ་འཕྲུལ་གྱི་མིག་ཚགས་ཀྱིས། །ལེགས་པར་གཏན་ལ་དབབ་པར་བྱ། །

འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་ལས༌རྒྱ་བོད་ཀྱི་སྐོར་འགོ་སུམ་ཅུའི་རྩིས་ཀྱི་ལེའུ་སྟེ་གཉིས་པའོ།། །།

མཐའ་མའི་འདོན་ཐེངས་།: 21.08.2015 ཉིན། 12:30 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།