སྨན་རྩིས་དྲ་བ། - རྩ་རྒྱུད།

ལེའུ་གཉིས་པ། གླེང་སློང་རྣམ་གྲངས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 21.08.2011
རྩ་རྒྱུད། >> ལེའུ་གཉིས་པ། གླེང་སློང་རྣམ་གྲངས་བསྟན་པ།

གཉིས་པ་བར་དུ་དགེ་བ་གཞུང་གི་དོན་བཤད་པ་ལ་བཞི་སྟེ། རྩ་རྒྱུད། བཤད་རྒྱུད། མན་ངག་རྒྱུད། ཕྱི་མ་རྒྱུད་བཤད་པའོ། །དང་པོ་ལ་གཉིས། གླེང་བསླང་བ་དང༌། རྩ་རྒྱུད་དངོས་བཤད་པའོ། །དང་པོ་ལ་གསུམ། གླེང་བསླང་བའི་གཞི། ལན་དངོས། ལེའུའི་མཚན་བསྟན་པའོ། །དང་པོ་ལ་གཉིས། གསུང་བ་པོའི་སྟོན་པ་བཤད་པ་དང༌། ཞུ་བ་པོའི་དྲང་སྲོང་བཤད་པའོ། །དང་པོ་ལ་གཉིས། སྟོན་པས་སྤྲུལ་པ་དང༌། དེས་གསུངས་པའི་ཚུལ་ལོ། །

དང་པོ་ནི། དེའི་ཚེ་དེའི་དུས་ན་ཞེས་པ་ནས་འདི་སྐད་ཅེས་མདུན་བསུའོ་ཞེས་པའི་བར་གྱིས་སྟོན་ཏེ། དྲང་སྲོང་གི་གནས་སྨན་གྱི་གྲོང་ཁྱེར་ལྷ་ན་སྡུག་གི་དབུས་ཀྱི་གཞལ་མེད་ཁང་ཆེན་པོར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་ལ་བསྐལ་བཟང་གི་སངས་རྒྱས་བཞི་པ་ཤཱཀྱ་ཐུབ་པ་དེ་ཉིད་སྨན་པའི་རྒྱལ་པོའི་སྐུའི་བཀོད་པ་ཅི་འདྲ་བ་དེ་འདྲ་བར་བཞེངས་པ་དེའི་ཚེ་ལྷ་དང་དྲང་སྲོང་དང་ཕྱི་པ་དང་ནང་པའི་འཁོར་དཔག་ཏུ་མེད་པ་རང་བཞིན་གྱིས་འདུས་པ་དེའི་དུས་ན་སྟོན་པ་བཅོམ་ལྡན་འདས་འཚོ་མཛད་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་དེས་འཁོར་རྣམས་ཀྱི་དབང་པོ་དང་བསམ་པ་དང་བག་ལ་ཉལ་མཐའ་དག་སྒྲིབ་ཐོགས་མེད་པར་མངོན་སུམ་དུ་མཁྱེན་པ་ལས་གསོ་བ་རིག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པར་དགོངས་ནས་དེ་མ་ཐག་ཏུ་ནད་བཞི་བརྒྱ་རྩ་བཞི་ཞི་བར་བྱེད་པའི་སྨན་གྱི་རྒྱལ་པོ་ཞེས་བྱའི་ཏིང་ངེ་འཛིན་ཁྱད་པར་བ་ཞིག་ལ་སྙོམས་པར་ཞུགས་སོ། །དེའི་ལྟ་བུའི་ནང་དུ་ཡང་དག་པར་འཇོག་པ་ལ་སྙོམས་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་མཚན་དཔལ་གྱི་བེའུ་ལས་ཐུགས་རྗེའི་འོད་ཟེར་ཁ་དོག་བརྒྱ་སྟོང་དུ་མ་སྟེ་གྲངས་མེད་པ་ཞིག་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུ་པོ་དེ་ན་གནས་པའི་འགྲོ་བ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་ཉེས་པའི་སྐྱོན་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་ཐམས་ཅད་ཕྱིར་བསལ། ཁྱད་པར་དུ་རང་བཞིན་གྱིས་དག་པ་རང་གིས་མ་རིག་པ་ལས་བྱུང་བའི་དུག་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱི་ནད་འབྲས་བུ་དང་བཅས་པ་ཐམས་ཅད་ཞི་བར་བྱས་ནས་སླར་ཡང་ཐུགས་ཀར་འདུས་པ་ལས། སྤྲུལ་པའི་སྟོན་པ་མི་བསྐྱོད་རྡོ་རྗེ་འམ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ། ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་པ་ལས་བྱུང་བས་ན་ཐ་སྙད་དུ་མཚན་དྲང་སྲོང་རིག་པའི་ཡེ་ཤེས་ཞེས་བྱ་བ་ཞིག་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ཆོས་ཀྱི་དབྱིངས་ལས་སྤྲུལ་ཏེ་མདུན་གྱི་བར་སྣང་ལ་སེམས་དཔའི་སྐྱིལ་ཀྲུང་གི་ཚུལ་དུ་རྫུ་འཕྲུལ་གྱིས་བཞུགས་ནས་དྲང་སྲོང་ལ་སོགས་པའི་འཁོར་རྣམས་ཀྱིས་མ་དྲིས་པའི་སྔུན་ལ་འདི་སྐད་ཅེས་མདུན་བསུ་བའི་ཚིག་འདི་ལྟར་གསུངས་སོ་ཞེས་པའི་དོན་ཏོ། །

གཉིས་པ་དེས་གསུངས་པའི་ཚུལ་ནི། ཀྱེ་གྲོགས་པོ་དག །ཅེས་པ་ནས་དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པའི་བར་གྱིས་སྟོན་ཏེ། ཀྱེ་གྲོགས་པོ་དག་ཅེས་གདངས་དང་བཅས་པས་བོས་ཏེ། བདག་གིས་འཆད་འགྱུར་གྱི་དོན་འདི་ལྟར་ཤེས་པར་གྱིས་ཤིག་ཅེས་བཀའ་བསྒོས་ནས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ལུས་མི་ན་བར་ཡུན་རིང་དུ་གནས་པར་འདོད་པ་དང༌། ན་བ་རྣམས་བདེ་བླག་ཏུ་གསོ་བར་འདོད་པའི་གང་ཟག་དང་གང་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ། །རང་གཞན་ཐམས་ཅད་ཚེ་རིང་བར་འདོད་པའི་གང་ཟག་དག་གིས་ཀྱང་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ། །དེ་ཡང་མེ་ལོང་དུ། སྡེ་བཞིའི་འབྲས་བུའི་དབང་གྱུར་ཉིད། །ཅེས་པ་དང༌། ཡན་ལག་བརྒྱད་པར། ཚོམས་གསུམ་མེད་པའི་བྱ་བ་ལ། །མི་བརྟེན་དེ་དང་འགལ་མི་བྱ། །ཞེས་གསུངས་པ་ལྟར། །ཆོས་དང་ཐར་པ་དང་ནོར་དང་འདོད་པ་སྟེ་སྡེ་བཞིའི་བདེ་བ་སྒྲུབ་པར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ། །དེ་བཞིན་དུ་འགྲོ་བ་སེམས་ཅན་གང་ཞིག་འདོད་ཁྲོ་གཏི་མུག་སྟེ་སེམས་ཀྱི་ནད་དང༌། རླུང་མཁྲིས་བད་ཀན་ཏེ་ལུས་ཀྱི་ནད་ཀྱི་ཟུག་རྔུ་དྲག་པོས་ཐོག་མ་མེད་པ་ནས་མནར་བའི་སྡུག་བསྔལ་གྱི་འདམ་ལས་མྱུར་དུ་དྲང་བར་འདོད་པ་དང༌། གཞན་ཉན་ཐོས་དང་རང་སངས་རྒྱས་རྣམས་དང༌། འཇིག་རྟེན་ན་ཆེན་པོར་རློམ་པ་ཚངས་པ་དང་དབང་ཕྱུག་སོགས་དང༌། སོ་སོ་སྐྱེ་བོ་རྣམས་ཀྱིས་ཀྱང་གུས་པ་ཆེན་པོས་བསྙེན་ཅིང་སྤྱི་བོས་བཀུར་བར་འདོད་པའི་གང་ཟག་གང་དང་གང་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ། །ཞེས་དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བའི་དོན་ཏོ། །

གཉིས་པ་ཞུ་བ་པོའི་དྲང་སྲོང་བཤད་པ་ལ་གཉིས། ཞུ་པ་བོ་སྤྲུལ་པ་དང༌། དེས་ཞུས་པའི་ཚུལ་ལོ། །དང་པོ་ལ་དགག་གཞག་གཉིས་ལས།

དང་པོ་ནི། སྔ་རབས་པ་ཕལ་ཆེར་གྱིས་དྲང་སྲོང་ཡིད་ལས་སྐྱེས་ཞེས་བྱ་བ་ནི་སྟོན་པ་བཅོམ་ལྡན་འདས་ཀྱི་ཡིད་ལས་སྐྱེས་པས་ན་དེ་སྐད་ཅེས་བྱའོ་ཞེས་ཟེར་བ་རྣམས་ནི་འཐད་པ་མ་ཡིན་ཏེ། མདོ་ལས། མིག་དང་སྣ་དང་ལྕེ་ཡང་ཚད་མ་མིན། །དེ་བཞིན་ལུས་དང་ཡིད་ཀྱང་ཚད་མ་མིན། །གལ་ཏེ་མིག་སོགས་འདི་དག་ཚད་ཡིན་ན། །འདི་ལ་འཕགས་པའི་ལམ་གྱིས་ཅི་ཞིག་བྱ། ཞེས་གསུངས་པའི་ཕྱིར་དང༌། ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་དག་པ་ལས་སོ་སོར་རྟོགས་པའི་ཡེ་ཤེས་འབྱུང་ཞིང༌། དེ་གཉིས་ལྷན་ཅིག་ཏུ་མི་གནས་པའི་འགལ་བ་ཡིན་པའི་ཕྱིར།

གཉིས་པ་རང་ལུགས་ནི། དེའི་ཚེ་དེའི་དུས་ན་ཞེས་པ་ནས་འདི་སྐད་ཅེས་གསོལ་ཏོ་ཞེས་པའི་བར་གྱིས་སྟོན་ཏོ། །སྤྲུལ་པའི་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་དེས་རྫུ་འཕྲུལ་གྱིས་མདུན་གྱི་བར་སྣང་ལ་བཞུགས་པ་དེའི་ཚེ། འཁོར་རྣམས་ལ་མདུན་བསུ་བའི་ཚིག་དེ་སྐད་ཅེས་གསུངས་པ་དེའི་དུས་ན་སྟོན་པ་སྨན་གྱི་བླ་མ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོའི་ལྗགས་པདྨ་དམར་བོ་འདབ་མ་སྟོང་དང་ལྡན་པའི་མཚན་བཟང་པོ་ལས་འོད་ཟེར་ཁ་དོག་བརྒྱ་སྟོང་དུ་མ་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུ་པོ་དེ་རྣམས་ན་གནས་པའི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་རླུང་གིས་འདུས་བྱས་པ་ལས་བྱུང་བའི་ངག་གི་ཉེས་པའི་བརྣབ་སེམས་གནོད་སེམས་ལོག་ལྟ་ངག་འཁྱལ་ལ་སོགས་པའི་སྐྱོན་ཐམས་ཅད་ཕྱིར་བསལ། རླུང་མཁྲིས་བད་ཀན་གྱི་ནད་དང༌། །འབྱུང་པོ་གནོད་སེམས་དང་ལྡན་པའམ། ལས་ཀྱི་དབང་གིས་གནོད་པར་འགྱུར་བའི་གདོན་ཐམས་ཅད་ཞི་བར་བྱས་ནས་སླར་ཡང་ལྗགས་ལ་འདུས་པ་ལས། གསུང་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་ལས་མངོན་པར་སྤྲུལ་པའི་དྲང་སྲོང་སྣང་བ་མཐའ་ཡས་སམ། སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོ། ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པ་ལས་བྱུང་བས་ཐ་སྙད་དུ་མཚན་ཡིད་ལས་སྐྱེས་ཞེས་བྱ་བ་ཞིག་བྱུང་སྟེ། སྤྲུལ་པའི་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་སྤྲུལ་གཞི་དང་བཅས་པ་ལ་ཕྱག་དང་སྐོར་བ་ལན་གསུམ་དུ་བྱས་ནས་འཇིགས་པ་མེད་པའི་སེང་གེའི་ལྟ་སྟངས་ཀྱིས་སྟོན་པའི་མདུན་དུ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་སྙིང་གར་སྦྱར་བའི་ཚུལ་གྱིས་འདུག་སྟེ། འཁོར་གྱི་ལྷ་དང་དྲང་སྲོང་ལ་སོགས་པ་རྣམས་ཀྱི་ཇི་ལྟར་བསམས་པའི་དོན་བསྒྲུབ་པའི་སླད་དུ་སྤྲུལ་པའི་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལ་ཞུ་བའི་ཚིག་འདི་སྐད་ཅེས་གསོལ་ཏོ་ཞེས་པའོ། །

གཉིས་པ་དེས་ཞུས་པའི་ཚུལ་ནི། ཀྱེ་ཞེས་པ་ནས་ཞུས་པ་ལས་ཞེས་པའི་བར་གྱིས་སྟོན་ཏེ། ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས་ཞེས་གུས་པ་དང་བཅས་པའི་གདངས་ཀྱིས་མཚན་ནས་བོས་ཏེ། གོང་དུ་ཚེ་རིང་ཆོས་ནོར་བདེ་བ་སྒྲུབ་པ་དང༌། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པ་རྣམས་ཀྱིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ་ཞེས་པའི་གསུང་འདི་ཉིད་བླ་ན་མ་མཆིས་བ་དང་གྱ་གྱུ་མེད་པ་དང་ལྡེམ་པོ་དང་བྲལ་བར་གདོན་མི་ཟ་བས། དེ་ལྟ་ན་ངེད་འདིར་འདུས་པའི་འཁོར་སྡེ་བཞི་པོ་མཐའ་དག་ཀྱང་བདག་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པར་འདོད་པ་ཤ་སྟག་ཡིན་པས། གསོ་བ་རིག་པའི་མན་ངག་ལ་ཇི་ལྟར་བསླབ་པར་བྱ་ཞེས་འདྲི་ན་བདག་ཅག་རྣམས་ལ་བཀའ་སྩལ་དུ་གསོལ་ཞེས་དེ་སྐད་དུ་ཞུས་པ་ལས་ཞེས་པའི་དོན་ཏོ། །

གཉིས་པ་ལན་དངོས་བཤད་པ་ལ་གསུམ། ལན་མདོར་བསྟན་པ་དང༌། ཞུས་པས་དམིགས་དབྱེ་བ་དང༌། ལན་རྒྱས་པར་བཤད་པའོ། །དང་པོ་ནི། ཐུགས་ལས་ཞེས་པ་ནས་ཞེས་གསུངས་པ་དང་ཞེས་པའི་བར་གྱིས་སྟོན་ཏེ། དྲང་སྲོང་ཡིད་ལས་སྐྱེས་ཀྱིས་དེ་ལྟར་ཞུས་པའི་ལན་ཐུགས་ལས་སྤྲུལ་པའི་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་རྣམས་ཞེས་འཁོར་ཀུན་ལ་བོས་ནས་ཁྱེད་རྣམས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་འདོད་ན་འདི་ལྟར་བྱ་དགོས་ཏེ། གསོ་བ་རིག་པའི་མན་ངག་གི་རྒྱུད་ཅེས་བྱ་བ་ལ་བསླབ་པར་བྱའོ། །དེའི་ཡན་ལག་ལ་བསླབ་པར་བྱའོ། །དེའི་གནས་ལ་བསླབ་པར་བྱའོ། །དེའི་སྐབས་ལ་བསླབ་པར་བྱའོ། །དེའི་མདོ་ལ་བསླབ་པར་བྱའོ། །དེའི་ལེའུ་ལ་བསླབ་པར་བྱའོ། །ཞེས་མདོར་བསྡུས་ཏེ་གསུངས་པ་དང་ཞེས་པའི་དོན་ཏོ། །

གཉིས་པ་ཞུ་བས་དམིགས་དབྱེ་བ་ནི། ཡང་དྲང་སྲོང་ཞེས་པ་ནས་ཅི་ལྟར་བསླབ་པར་བགྱི་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་མདོར་བསྟན་པའི་དོན་རྒྱས་པར་ཞུ་བའི་སླད་དུ་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་ལྟར་གསོལ་བ། ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། གསོ་བ་རིག་པའི་མན་ངག་གི་རྒྱུད་ཅེས་བྱ་བ་ལ་སོགས་པ་ཇི་ལྟ་བུ་དེ་ལ་བསླབ་པའི་ཚུལ་ཇི་འདྲ་བར་བགྱི་ཞེས་འདྲི་ན་ལེགས་པར་བཤད་དུ་གསོལ་ཞེས་པའི་དོན་ཏོ། །

གསུམ་པ་ལན་རྒྱས་པར་བཤད་པ་ལ་བདུན་ཏེ། རྒྱུད་དང༌། ཡན་ལག་དང༌། གནས་དང༌། སྐབས་དང༌། མདོ་དང༌། ལེའུ་དང་མཇུག་བསྡུ་བའོ། །དང་པོ་ལ་དགག་གཞག་གཉིས་ལས། དང་པོ་ནི། ཁ་ཅིག་ཡོངས་གཏད་ཀྱི་རྒྱུད་ཅེས་རྒྱུད་ལྔར་འདོད་པ་ནི་མི་འཐད་དེ། ཡོངས་གཏད་ནི་རྒྱུད་བཞི་གའི་མཇུག་གི་དོན་བསྡུ་བ་ཡིན་པའི་ཕྱིར་དང༌། འདི་ཉིད་གསུང་པ་པོའི་དྲང་སྲོང་གཞན་མེད་པའི་ཕྱིར་ཕྱི་མ་རྒྱུད་ཀྱི་མཇུག་ཏུ་སྦྲེལ་དགོས་པ་མ་གཏོགས་ཟུར་དུ་དབྱེ་བ་མི་འཐད་དོ། །

གཉིས་པ་རང་ལུགས་ནི། སྟོན་པ་ཞེས་པ་ནས་ཤེས་པར་བྱའོ་ཞེས་པའི་བར་གྱིས་སྟོན་ཏེ། དྲང་སྲོང་ཡིད་ལས་སྐྱེས་ཀྱིས་གསོ་བ་རིག་པའི་མན་ངག་གི་རྒྱུད་ལ་ཇི་ལྟར་བསླབ་པར་བགྱི་ཞེས་དྲིས་པའི་ལན་དུ་སྟོན་པས་བཀའ་སྩལ་པ་ནི། ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ཉོན་ཅིག་ཅེས་གདམས་ནས། གསོ་བ་རིག་པའི་མན་ངག་གི་རྒྱུད་ཅེས་བྱ་བ་ནི་རྒྱུད་བཞིའི་བདག་ཉིད་ཅན་ཡིན་པས་འདི་ཉིད་ལ་བསླབ་པར་བྱ་དགོས་ཏེ། དེ་ཡང་གང་ལྟ་བུ་ཞེ་ན་འདི་ལྟ་བུ་སྟེ། བློ་རབ་ཀྱི་དོན་དུ་རྩ་བའི་རྒྱུད་ཅེས་བྱ་བ་དང༌། བློ་འབྲིང་གི་དོན་དུ་བཤད་པའི་རྒྱུད་ཅེས་བྱ་བ་དང༌། བློ་ཐ་མའི་དོན་དུ་མན་ངག་རྒྱུད་ཅེས་བྱ་བ་དང༌། བློ་ཤིན་ཏུ་རྨོངས་པ་རྣམས་ཀྱི་དོན་དུ་ཕྱི་མའི་རྒྱུད་དེ་བཞིའམ། ཡང་ན་གསོ་བ་རིག་པ་ཐམས་ཅད་ཀྱི་དོན་ས་བོན་གྱི་ཚུལ་དུ་སྟོན་པ་རྩ་རྒྱུད་དང༌། དེའི་དོན་ཐམས་ཅད་བཤད་ཐབས་ཀྱི་སྒོ་ནས་གཏན་ལ་འབབས་པའི་བཤད་རྒྱུད་དང༌། དེའི་དོན་ཐམས་ཅད་མན་ངག་ལག་ལེན་གྱི་སྒོ་ནས་གཏན་ལ་འབེབས་པའི་མན་ངག་རྒྱུད་དང༌། དེའི་ལག་ལེན་རྣམས་ཀྱང་ཤིན་ཏུ་འཁྱེར་བདེ་བའི་ཚུལ་ཏུ་བཀོད་པའི་ཕྱི་མ་རྒྱུད་དེ་རྒྱུད་བཞི་རུ་ཤེས་པར་བྱའོ་ཞེས་པའི་དོན་ཏོ། །

གཉིས་པ་ཡན་ལག་བཤད་པ་ལ་དགག་གཞག་གཉིས་ལས། དང་པོ་ནི། ཁ་ཅིག་(གཙང་སྟོད་དར་མགོན་ལ་སོགས་ཡན་ལག་བརྒྱད་པར་རློམ་པ།)བྱིས་པ་ལ་སོགས་པའི་ཡན་ལག་གཞན་ཐམས་ཅད་ལུས་གཅིག་པུའི་ཁོངས་སུ་འདུས་པས་གཞན་རྣམས་སྨོས་པ་ལ་དོན་མེད་ཅིང༌། ལུས་ཡན་ལག་ཏུ་བགྲངས་ན་རྩ་བ་ཆད་པའི་སྐྱོན་ཡོད་དོ་ཞེས་དང༌། བྱིས་པ་དང་རྒན་པོ་གསོ་བ་དགོས་ན་དར་མ་ལ་ཡང་གསོ་བ་དགོས་ལ། མོ་ནད་གསོ་བ་དགོས་ན་ཕོའི་ནད་ཀྱང་གསོ་བ་དགོས་ཤིང༌། རྒས་པ་གསོ་བའི་ཆོ་གས་རོ་ཙ་ཤུགས་ལ་འབྱུང་བས་སྐྱོན་དུ་མ་ཡོད་དོ་ཞེས་དང༌། ཡན་ལག་བརྒྱད་པར། ལུས་དང་བྱིས་པ་གདོན་ལུས་སྟོད། །མཚོན་དང་མཆེ་བ་རྒས་རོ་ཙ། །ཞེས་བཤད་ཅིང༌། འདི་དང་མི་མཐུན་པས་གང་ཡང་རུང་བ་ཅིག་མི་འཐད་དོ་ཞེས་སོགས་རྩོད་པ་ལྟར་སྣང་བ་མང་དུ་མཐོང་ངོ༌། །དེ་ལ་ལུས་རྩ་བར་འདོད་པ་དང༌། ལུས་ལས་གཞན་པའི་ཡན་ལག་ཐམས་ཅད་ལུས་ཀྱི་ཁོངས་སུ་འདུས་པར་འདོད་པ་ཐམས་ཅད་ཀྱིས་ལུས་ཞེས་པའི་ཚིག་ཙམ་ལ་འཁྲུལ་བའམ། ཡང་ན་ཟླ་ཟེར་དུ། དེ་ལ་ལུས་ཀྱི་གསོ་བ་ནི། ཡན་ལག་ཐམས་ཅད་ལ་བརྟེན་པའི་ནད་རིགས་དང་ཞེས་སོགས་གསུངས་པའི་དོན་མ་རྟོགས་པས་རྣམ་པར་འཁྱམས་པ་ཡིན། གཞན་ནི་འདིའི་སྐབས་ཀྱི་ལུས་ཞེས་པ་ལ། ལུས་ཅན་རང་རང་གི་ནད་དང་ལུས་ཟུངས་དྲི་མ་གསུམ་ག་འཁྲུགས་པ་ལས་བྱུང་བའི་ཟུག་ངུ་རླུང་མཁྲིས་བད་ཀན་འདུས་པ་སོགས་ལེའུ་བདུན་ཅུ་པོའི་ནད་རྣམས་ལ་ལུས་ཀྱི་ནད་ཅེས་པའི་ཐ་སྙད་བཏགས་པ་ཙམ་ཡིན་གྱི། ལུས་དངོས་ནི་མ་ཡིན་ལ། རྟེན་ལུས་ཀྱི་མིང་བརྟེན་པ་ནད་ལ་བཏགས་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་བྱིས་པའི་ནད་ཅེས་པ་ཡང་མའི་ནུ་ཞོའི་ཁམས་ལས་བྱུང་བའི་ནད་དང་བྱིས་པའི་གདོན་ཆེན་བཅོ་ལྔ་ལ་སོགས་པ་བྱིས་པ་ཁོ་ན་ལ་འབྱུང་ཞིང༌། གཞན་ལ་མི་འབྱུང་བའི་ནད་དང་གདོན་ལ་བྱིས་པའི་ནད་ཅེས་པ་དང༌། མངལ་གྱི་ནད་ལ་སོགས་པ་སྐྱེས་པ་ལ་མི་འབྱུང་བའི་ནད་རྣམས་ལ་མོ་ནད་ཅེས་པའི་ཐ་སྙད་བཏགས་པ་སྟེ། བྱེ་བྲག་གི་མིང་སྤྱི་ལ་བཏགས་པ་ཡིན་ལ། འབྱུང་པོའི་གདོན་དང༌། མཚོན་དང༌། དུག་གསུམ་ནི་ཕྱི་རྐྱེན་གློ་བུར་ལས་བྱུང་བའི་ནད་སོ་སོ་བ་ཡིན་པས་རྒྱུའི་མིང་འབྲས་བུ་ལ་བཏགས།

རྒས་པ་ནི་ན་ཚོད་མཐའ་དང་ལྡན་པའི་ལུས་ཏེ་འབྱུང་བ་གུད་པ་ཉིད་དང༌། རོ་ཙ་བ་ནི་ན་སོ་གཞོན་ནུ་ཡིན་ཡང་བུད་མེད་ལ་དབང་པོ་མི་ལྡང་བ་སྟེ། བུ་འདོད་པ་རྣམས་ཀྱི་དོན་དུ་གཉེར་བྱ་ལ་བཅུད་ཆེན་པོའི་སྦྱོར་བའོ། །འདི་ཉིད་ནི་ནད་མེད་པའི་དབང་དུ་བྱས་པ་ཡིན་ལ། གཞན་དྲུག་པོ་ནི་ནད་པའི་དབང་དུ་བྱས་ནས། མི་ན་བར་གནས་ཤིང་ན་བར་གསོ་བའི་ཐབས་མདོར་བསྡུ་ན་ཡན་ལག་བརྒྱད་པོ་དེ་ཉིད་ཡིན་ནོ། །ཞེས་པའི་དོན་ཡིན་པའི་ཕྱིར་རོ། །སྤྱིར་གསོ་ཡུལ་གྱི་ནད་ཙམ་པོ་བ་དེ་ནི་ཡན་ལག་བརྒྱད་པོ་གྱེས་པའི་རྩ་བ་ཡིན་ཞིང༌། འདི་ལ་ཡན་ལག་མ་འདུས་པའམ། ལྷག་པའི་ཉེས་པ་ཡང་མི་འབྱུང་སྟེ། དར་མའི་ནད་ཅེས་གཞན་དང་ཐུན་མོང་མ་ཡིན་པ་མེད་ལ། གཞན་གྱི་རྐྱེན་གློ་བུར་བའི་ནད་གསུམ་དང༌། ནད་ཟུངས་དྲི་མ་འཁྲུགས་པའི་ལུས་ནད་ཀྱི་ཁོངས་སུ་འདུས་པས་དར་མའི་ནད་ཅེས་པ་མི་དགོས་ལ། ཕོའི་ནད་ཅེས་པ་ཡང་མོ་ནད་ཀྱི་རིགས་འདྲ་སྐྱེས་པ་ལ་འབྱུང་བ་མེད་ཅིང༌། ཕོ་དབང་གི་ནད་ནི་ཕོ་མོ་གཉིས་ཀའི་ནད་གསོ་བའི་སྐབས་སུ་བཤད་པས་ལུས་ཀྱི་ནད་དུ་འདུས་ཏེ། ནད་ཟུངས་དྲི་མ་གསུམ་ག་འཁྲུགས་པའི་ནད་ཡིན་པའི་ཕྱིར་རོ། །དེས་ན་ཐོག་མར་ལུས་ཀྱི་ནད་ཅེས་པའི་ཐ་སྙད་ཙམ་ཞིག་ཀྱང་ཡིད་ལ་མ་ངེས་པའི་དགག་གཞག་དང་དེའི་ལན་བྱེད་པ་རྣམས་ནི་དོན་མེད་པའི་གནས་སུ་འཁྱམས་པ་ཡིན་ནོ། །ཡང་ཡན་ལག་བགྲང་ཚུལ་འདི་དང་ཡན་ལག་བརྒྱད་པ་ནས་བཤད་པ་གཉིས་མི་མཐུན་པ་ཙམ་གྱིས་གང་རུང་ཞིག་འགོག་དགོས་པ་ཡང་མ་ཡིན་ཏེ། བསྡུ་ཚུལ་གྱི་ཁྱད་པར་ཅུང་ཟད་ཙམ་མ་གཏོགས་དོན་གཅིག་ཡིན་པའི་ཕྱིར། དེ་ལྟ་བུ་མ་ཡིན་ན་མདོ་སྡེ་གསེར་འོད་དམ་པ་ལས། གཏར་བ་དང་ནི་རྒས་པ་དང༌། །ལུས་ཀྱི་ནད་དང་འདྲེ་གདོན་དང༌། །མ་རུངས་དུག་དང་བྱིས་པ་དང༌། །ཚེ་བསྲིང་བ་དང་མཐུ་བསྐྱེད་ཡིན། །ཞེས་བཤད་པ་དང༌། འདི་གསུམ་ཀ་མ་མཐུན་པས་གང་མི་འཐད་པར་འཇོག །དེ་ལས་ཀྱང་གཞན་པའི་འདྲེན་ཚུལ་གསོ་དཔྱད་འབུམ་པ་དང་གཅེར་མཐོང་རིག་པའི་རྒྱུད་སོགས་ལ་ཡང་ཡོད་སྲིད་མོད་ཀྱི་གང་ལ་ཡིད་རྟོན། དེར་མ་ཟད་རྒྱུད་འདི་ཉིད་ཀྱི་རྩ་རྒྱུད་དུ་གསོ་བ་རིག་པའི་དོན་ཐམས་ཅད་གནས་ལུགས་ངོས་འཛིན་གསོ་བ་གསུམ་དུ་བསྡུས། བཤད་རྒྱུད་དུ་གསོ་བྱ་གསོ་བྱེད་ཇི་ལྟར་གསོ་བ་དང་གསོ་བ་པོ་དང་བཞིར་བསྡུས། མན་ངག་རྒྱུད་དུ་ཡན་ལག་བརྒྱད་དུ་བསྡུས། ཕྱི་མའི་རྒྱུད་དུ་ནད་དང་གཉེན་པོ་གསོ་ཐབས་གསུམ་དུ་བསྡུས་ནས་བཤད་པས། དུམ་བུ་བཞི་གའི་བརྗོད་བྱ་མི་མཐུན་པས་གང་ཡང་རུང་བ་ཅིག་མི་འཐད་དམ་ཞེས་དྲིས་ན་ངོ་གནོང་བར་འགྱུར་ཏེ་དོན་མེད་དོ། །

དེ་ལྟར་ཡན་ལག་བརྒྱད་ཀྱི་དོན་ལ་བབ་ཅོལ་དུ་སྨྲ་བ་ཙམ་མ་གཏོགས་གཞན་གྱི་རྒྱུད་ལ་ངེས་ཤེས་བསྐྱེད་ཐུབ་པ་གཅིག་ཀྱང་མ་བྱུང་འདུག་པ་ལ་བསམས་ནས་མཚན་དོན་གྱི་སྐབས་དང་འདི་གཉིས་ཀར་ལེགས་པར་བཤད་པ་ཡིན་ཞིང༌། འདིས་ནི་སྣ་ཚོགས་སུ་སྨྲ་བའི་སྔ་རྒོལ་ཕྱི་རྒོལ་ཐམས་ཅད་ཀྱི་རྩོད་པ་གཞི་མེད་དུ་བྱས་པ་ཡིན་པས་བློ་དང་ལྡན་པ་རྣམས་ཀྱིས་ལེགས་པར་རྟོགས་ཤིག

གཉིས་པ་རང་ལུགས་ཀྱི་འབྲུ་གཉེར་བ་ནི། ཡན་ལག་ཅེས་པ་ནས་ཤེས་པར་བྱའོ་ཞེས་པའི་བར་གྱིས་བསྟན་པ་ཡིན་ཏེ། རྩ་བ་སྨན་པས་གསོ་བར་བྱ་བའི་ཡུལ་གྱི་ནད་ལ་ཡན་ལག་རྣམ་པ་བརྒྱད་ཡོད་པ་ལ་བསླབ་པར་བྱ་སྟེ། དེ་དག་གི་རྐང་གྲངས་གང་ཞེ་ན་འདི་ལྟ་བུ་ཡིན་ཏེ། ནད་ཟུངས་དྲི་མ་རྣམས་འཁྲུགས་པའི་ནད་རླུང་མཁྲིས་བད་ཀན་འདུས་པ་སོགས་ཀྱི་གནས་ལུས་ཀྱི་ཡན་ལག་དང༌། ནུ་ཞོ་དང་གདོན་ཆེན་བཅོ་ལྔ་སོགས་ཀྱིས་ན་ཡུལ་བྱིས་པའི་ཡན་ལག་དང༌། མོ་ནད་སྤྱི་དང་བྱེ་བྲག་ཕལ་བ་སོགས་ཀྱིས་འཚེ་བའི་ཡུལ་མོ་ནད་ཀྱི་ཡན་ལག་དང༌། འབྱུང་པོ་སྨྱོ་བྱེད་ལ་སོགས་པ་རྣམས་ཀྱིས་ལུས་སེམས་གཞན་དུ་འགྱུར་བ་གདོན་གྱི་ཡན་ལག་དང༌། མདའ་རྡོ་གྲི་ལ་སོགས་པ་མཚོན་གྱིས་རྨས་པའི་ཡན་ལག་དང༌། རྒྱུ་བ་དང་མི་རྒྱུ་བའི་དུག་སོགས་ཀྱིས་གཙེས་པའི་ཡན་ལག་དང༌། འབྱུང་བའི་སྟོབས་ཟད་པས་རྒས་པ་ཚེ་བསྲིང་བའི་ཡན་ལག་དང༌། བུ་འདོད་ཀྱང་དབང་པོ་མི་ལྡང་བ་ལ་རོ་ཙ་བར་བྱེད་པའི་ཡན་ལག་དང་བཅས་པས་གསོ་བའི་ཡུལ་ལ་ཡན་ལག་བརྒྱད་དུ་ཤེས་པར་བྱའོ། །ཞེས་པའི་དོན་ཏོ། །

གསུམ་པ་གནས་བཤད་པ་ལ། དགག་གཞག་གཉིས་ལས། དང་པོ་ནི། སྔ་རབས་པ་ཕལ་ཆེར་གྱིས་རྩ་བ་མདོའི་གནས་ཞེས་པ་རྩ་རྒྱུད་ལ་བྱེད་པ་ནི་མི་འཐདེ༌། གནས་བཅུ་གཅིག་པོ་མཐའ་དག་བཤད་པའི་རྒྱུད་ཁོ་ནའི་ཁྱད་ཆོས་ཡིན་པའི་ཕྱིར་ཏེ། དེ་ལྟར་བཤད་པའི་རྒྱུད་ལ་གནས་བཅུ་གཅིག་ཅེས་གསུངས་པའི་ཕྱིར། གལ་ཏེ་ཁོ་ན་རེ། མདོ་གནས་རྩ་བའི་རྒྱུད་དུ་ཤེས་པར་བྱ། ཞེས་པ་དང༌། མན་ངག་རྒྱུད་དུ། དང་པོར་མདོ་གནས་རྩ་བའི་རྒྱུད་དུ་གསུངས། ཞེས་པས་རྩ་རྒྱུད་མདོ་གནས་སུ་གསུངས་པ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། འདི་གཉིས་ཀྱི་དགོངས་པ་ནི། གསོ་བ་རིག་པའི་གཞུང་ལུགས་ཐམས་ཅད་དང་ཁྱད་པར་རྒྱུད་གཞན་གསུམ་གའི་དོན་མ་ལུས་པ་མདོར་བསྡུས་ཏེ། བཤད་པ་ལ་དགོངས་པ་ཡིན་ཞིང་འདིར་ནི་བཤད་པའི་རྒྱུད་རང་གི་དོན་མ་ལུས་པ་མདོར་བསྡུས་པ་ཞིག་དགོས་པས། བཤད་རྒྱུད་རང་གི་སྡོམ་ཚིག་གི་ལེའུ་དེ་ཉིད་རྩ་བ་བཞི་དང་ཡན་ལག་བཅུ་གཅིག་པོ་ཀུན་བསྡུས་པའི་རྩ་བ་མདོར་བསྡུས་པའི་གནས་ཡིན་ཏེ། གནས་བཅུ་གཅིག་ནི་བཤད་རྒྱུད་ཀྱི་ཁྱད་ཆོས་དང༌། སྐབས་བཅོ་ལྔ་ནི་མན་ངག་རྒྱུད་ཀྱི་ཁྱད་ཆོས་དང༌། མདོ་བཞི་ནི་ཕྱི་མ་རྒྱུད་ཀྱི་ཁྱད་ཆོས་ཡིན་པའི་ཕྱིར་རོ། འོན་ཀྱང་འདི་ལྟ་བུའི་འཆད་ཚུལ་ནི་ཚིག་དོན་གང་གི་ཐད་དུ་ཡང་སྐྱོན་ཆེ་བ་རང་མ་ཡིན་ནོ། །

གཉིས་པ་རང་ལུགས་ནི་གནས་ཞེས་པ་ནས་ཤེས་པར་བྱའོ་ཞེས་པའི་བར་གྱིས་སྟོན་ཏེ། གསོ་བ་རིག་པའི་དོན་ཐམས་ཅད་གནས་བཅུ་གཅིག་ཏུ་འདུས་པའི་ཚུལ་ལ་བསླབ་པར་བྱ་སྟེ། དེའི་རྐང་གྲངས་གང་ཞེ་ན་འདི་ལྟ་བུ་སྟེ། རང་གི་དོན་ཐམས་ཅད་རྩ་བ་ལྟ་བུར་བསྡུས་ཏེ་བསྟན་པའི་གནས་སྡོམ་ཚིག་གི་ལེའུ་མདོ་གནས་དང་གཅིག །ཁུ་ཁྲག་སེམས་གསུམ་ལས་གྲུབ་པའི་ལུས་ཀྱི་འདྲ་དཔེ་ལ་སོགས་པའི་གནས་དང་གཉིས། འཕེལ་འགྲིབ་འཁྲུགས་པ་ལས་བྱུང་བའི་ནད་ཀྱི་རྒྱུ་རྐྱེན་སོགས་པའི་གནས་དང་གསུམ། ནད་མེད་རྣམས་ཀྱི་བྱ་བ་སྤྱོད་ལམ་རྒྱུན་དུས་སོགས་སུ་བྱ་བའི་གནས་དང་བཞི། ཟས་ཚུལ་གདམས་པ་སོགས་འཚོ་བ་ཟས་ཀྱི་གནས་དང་ལྔ། རོ་ནུས་སྦྱོར་བ་ལ་སོགས་པ་སྨན་གྱི་གནས་དང་དྲུག །གཏར་བསྲེག་ལ་སོགས་པ་ཆ་བྱད་དཔྱད་ཀྱི་གནས་དང་བདུན། དམན་ལྷག་ལོག་པས་ཟས་སྤྱོད་སོགས་སྤངས་པས་ཐ་མལ་ནད་མེད་ཀྱི་གནས་དང་བརྒྱད། །ཉེས་པ་དངོས་སྟོན་སོགས་ནད་ངོས་འཛིན་པ་རྟགས་ཀྱི་གནས་དང་དགུ། །གསོ་ཚུལ་སྤྱི་དང་ཁྱད་པར་ཀྱི་གསོ་ཐབས་སོགས་ཀྱི་སྒོ་ནས་ནད་གསོ་བར་བྱེད་པའི་ཐབས་ཀྱི་གནས་དང་བཅུ། བྱ་བ་བྱེད་པ་པོ་སྨན་པའི་གནས་བསྟན་པ་དང་ནི་བཅུ་གཅིག་གི་གནས་སུ་ཤེས་པར་བྱའོ་ཞེས་པའི་དོན་ཏོ། །

བཞི་པ་སྐབས་བཤད་པ་ནི། སྐབས་བཅོ་ལྔ་ཞེས་པ་ནས་ཤེས་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏེ། གསོ་བ་རིག་པའི་དོན་ཐམས་ཅད་སྐབས་བཅོ་ལྔར་འདུས་པའི་ཚུལ་ལ་བསླབ་པར་བྱ་སྟེ། དེའི་རྐང་གྲངས་གང་ཞེ་ན་འདི་ལྟ་བུ་ཡིན་ཏེ། དང་པོ་རླུང་སོགས་ཉེས་པ་གསུམ་གསོ་བའི་སྐབས་དང༌། གཉིས་པ་མ་ཞུ་བ་སོགས་ཁོང་ནད་གསོ་བའི་སྐབས་དང༌། གསུམ་པ་ཚ་བ་སྤྱི་སོགས་ཚད་པའི་ནད་གསོ་བའི་སྐབས་དང༌། བཞི་པ་མགོ་བོ་སོགས་ལུས་སྟོད་ཀྱི་ནད་གསོ་བའི་སྐབས་དང༌། ལྔ་པ་སྙིང་སོགས་དོན་སྣོད་ཀྱི་ནད་གསོ་བའི་སྐབས་དང༌། དྲུག་པ་ཕོ་མོའི་གསང་གནས་ཀྱི་ནད་གསོ་བའི་སྐབས་དང༌། བདུན་པ་སྐད་འགགས་སོགས་ཐོར་བུའི་ནད་གསོ་བའི་སྐབས་དང༌། བརྒྱད་པ་འབྲས་སོགས་ལྷན་སྐྱེས་ཀྱི་རྨ་གསོ་བའི་སྐབས་དང༌། དགུ་པ་ཉེར་སྤྱོད་སོགས་བྱིས་པ་གསོ་བའི་སྐབས་དང༌། བཅུ་པ་སྤྱི་དང་བྱེ་བྲག་སོགས་མོ་ནད་གསོ་པའི་སྐབས་དང༌། བཅུ་གཅིག་པ་འབྱུང་པོ་སྨྱོ་བྱེད་སོགས་གདོན་ནད་གསོ་བའི་སྐབས་དང༌། བཅུ་གཉིས་པ་རྨ་སྤྱི་སོགས་མཚོན་གྱིས་གནད་པའི་རྨ་གསོ་བའི་སྐབས་དང༌། བཅུ་གསུམ་པ་སྦྱར་བ་སོགས་དུག་ནད་གསོ་བའི་སྐབས་དང༌། བཅུ་བཞི་པ་བཅུད་ལེན་གྱིས་རྒས་པ་གསོ་བའི་སྐབས་དང༌། བཅོ་ལྔ་བ་རོ་ཙ་བའི་སྦྱོར་བས་ཁུ་བ་གསོ་བའི་སྐབས་ཏེ། དེ་ལྟར་སྐབས་བཅོ་ལྔ་ཡོད་པར་ཤེས་པར་བྱའོ་ཞེས་པའི་དོན་ཏོ། །

ལྔ་པ་མདོ་ལ་བསླབ་པ་ནི། མདོ་བཞི་ཞེས་པ་ནས་ཤེས་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏེ། །གསོ་བ་རིག་པའི་དོན་ཐམས་ཅད་མདོ་བཞི་རུ་འདུས་པའི་ཚུལ་ལ་བསླབ་པར་བྱ་སྟེ། དེའི་རྐང་གྲངས་གང་ཞེ་ན་འདི་ལྟ་བུ་སྟེ། ནད་བརྟག་པའི་ཐབས་རྩ་ཆུའི་མདོ་དང་གཅིག །རྟོགས་ནས་ཞི་བར་བྱེད་པ་སྨན་སྦྱོར་གྱི་མདོ་དང་གཉིས། མ་ཞི་ན་སྦྱོང་བར་བྱེད་པ་ལས་ཀྱི་མདོ་དང་གསུམ། དེས་ཀྱང་ནད་རོ་མ་ཐོན་ན་འཇམ་རྩུབ་དཔྱད་ཀྱི་མདོ་དང་བཞི་སྟེ་དེ་ལྟར་མདོ་བཞི་རུ་ཤེས་པར་བྱའོ་ཞེས་པའི་དོན་ཏོ། །

དྲུག་པ་ལེའུ་ལ་བསླབ་པ་ལ་ལྔ་སྟེ། རྩ་རྒྱུད། བཤད་རྒྱུད། མན་ངག་རྒྱུད། ཕྱི་མ་རྒྱུད་ཀྱི་ལེ་གྲངས། མཇུག་བསྡུ་བའོ། །དང་པོ་ནི། ལེའུ་ཞེས་པ་ནས་ཤེས་པར་བྱ་ཞེས་པའི་བར་གྱིས་བསྟན་ཏེ། འདིར་འཆད་པར་འགྱུར་བའི་གཞུང་ལུགས་ཆེན་པོ་འདི་ཉིད་ལ་ཡོངས་སུ་དྲིལ་བས་ལེའུ་བརྒྱ་དང་ལྔ་བཅུ་རྩ་དྲུག་ལ་བསླབ་པར་བྱ་དགོས་ཏེ། དེའང་རེ་རེ་ནས་གང་ཞེ་ན་འདི་ལྟ་སྟེ། གླེང་གཞིའི་ལེའུ་དང༌། གླེང་སློང་གི་ལེའུ་དང༌། ནད་གཞིའི་ལེའུ་དང༌། དེའི་བྱེ་བྲག་ངོས་འཛིན་པའི་ལེའུ་དང༌། ངོས་ཟིན་ནས་གསོ་པའི་ཐབས་ཀྱི་ལེའུ་དང༌། དེའི་གནས་ལུགས་ངོས་འཛིན་གསོ་ཐབས་གསུམ་གའི་དོན་ཐམས་ཅད་རྩ་བ་སྡོད་པོ་ཡལ་ག་ལོ་མའི་ཚུལ་དུ་རྩིས་ཀྱི་ལེའུ་དང་དྲུག་ལ་དུམ་བུ་གཅིག་ཏུ་བྱས་པ་ནི། གསོ་རིག་གི་གཞུང་ལུགས་ཀུན་གྱི་གནད་མདོར་བསྡུས་པའི་གནས་ཏེ། རྩ་བ་ས་བོན་ལྟ་བུའི་རྒྱུད་དུ་ཤེས་པར་བྱའོ་ཞེས་པའོ། །

གཉིས་པ་བཤད་རྒྱུད་ཀྱི་ལེ་གྲངས་ནི། བཤད་པའི་ཞེས་པ་ནས་སུམ་ཅུ་རྩ་གཅིག་གོ་ཞེས་པའི་བར་གྱིས་བསྟན་ཏེ། བཤད་པའི་རྒྱུད་རང་ཉིད་ཀྱི་སྡོམ་ཚིག་གི་ལེའུ་དང༌། ལུས་ཀྱི་ཆགས་པའི་ཚུལ་དང༌། ལུས་ཀྱི་འདྲ་དཔེ་དང༌། ལུས་ཀྱི་ལྡང་ཚད་དང་ལུས་ཀྱི་གནས་ལུགས་དང༌། ལུས་ཀྱི་མཚན་ཉིད་དང་ལུས་ཀྱི་དབྱེ་བ་དང༌། ལུས་ཀྱི་འཇིག་ལྟས་དང༌། ནད་ཀྱི་རྒྱུ་དང༌། ནད་ཀྱི་རྐྱེན་དང༌། ནད་ཞུགས་ཚུལ་དང༌། ནད་ཀྱི་མཚན་ཉིད་དང༌། ནད་ཀྱི་དབྱེ་བ་དང༌། རྒྱུན་གྱི་སྤྱོད་ལམ་དང༌།  དུས་ཀྱི་སྤྱོད་ལམ་དང༌། གནས་སྐབས་ཀྱི་སྤྱོད་པ་དང༌། ཟས་ཀྱི་ཚུལ་ཤེས་པ་དང༌། ཟས་ཀྱི་ཚུལ་བསྡམ་པ་དང༌། ཟས་ཚོད་རན་པར་བཟའ་བ་དང༌། སྨན་གྱི་རོ་བཤད་པ་དང༌། སྨན་གྱི་ནུས་པ་བཤད་པ་དང༌། སྨན་གྱི་སྦྱར་ཐབས་བཤད་པ་དང༌། གཙག་བུ་ལ་སོགས་པའི་ཆ་བྱད་དང༌། ལུས་མི་ན་བར་གནས་པ་དང༌། རླུང་ལ་སོགས་པའི་ཉེས་པ་དངོས་སུ་སྟོན་པའི་བརྟག་པ་དང༌། ངན་གཡོ་སྐྱོན་གྱི་བརྟག་པ་དང༌། སྤང་བླང་མུ་བཞིའི་བརྟག་པ་དང༌། གསོ་ཚུལ་སྤྱི་དང༌། ཁྱད་པར་གྱི་གསོ་ཚུལ་དང༌། གསོ་ཐབས་གཉིས་དང༌། གསོ་ཐབས་དངོས་དང༌། བྱ་བྱེད་སྨན་པའི་ལེའུ་སྟེ། དེ་ལྟར་གོང་དུ་བཤད་པའི་རྒྱུད་ལ་གནས་བཅུ་གཅིག་ཏུ་ཕྱེ་བ་ལ་ལེའུ་གཅིག་གིས་གནས་རྫོགས་པར་སྟོན་པ་གསུམ་ཡོད་དེ། ཆ་དཔྱད་དང༌། ཐ་མལ་ནད་མེད་དང༌། བྱ་བྱེད་སྨན་པའི་གནས་གསུམ་མོ། །ལེའུ་གསུམ་གྱིས་གནས་རེ་སྟོན་པ་བཞི་ཡོད་དེ། བྱ་བ་སྤྱོད་ལམ། འཚོ་བ་ཟས། སྦྱོར་བ་སྨན། ངོས་འཛིན་རྟགས་ཀྱི་གནས་དང་བཞིའོ། །ལེའུ་བཞིས་གནས་གཅིག་སྟོན་པ་གསོ་བྱེད་ཐབས་ཀྱི་གནས་སོ། །ལེའུ་ལྔས་གནས་གཅིག་སྟོན་པ་ནད་ཀྱི་གནས་སོ། །ལེའུ་དྲུག་གིས་གནས་གཅིག་སྟོན་པ་ལུས་ཀྱི་གནས་སོ། །དེ་ལྟ་བུའི་དོན་ཐམས་ཅད་སྡོམ་ཚིག་གཅིག་ཏུ་བཀོད་པའི་ལེའུ་དང་པོ་དང་བཅས་པས་ལེའུ་སུམ་ཅུ་རྩ་གཅིག་གོ་ཞེས་པ་སྟེ་བཤད་པའི་རྒྱུད་ཀྱི་ལེའུ་གྲངས་སོ། །

གསུམ་པ་མན་ངག་རྒྱུད་ཀྱི་ལེ་གྲངས་ནི། ཞུས་དང་ཞེས་པ་ནས་དགུ་བཅུ་གཉིས་ཞེས་པའི་བར་གྱིས་བསྟན་ཏེ། མན་ངག་རྒྱུད་ཞུས་པའི་ལེའུ་དང༌། ཉེས་པ་གསུམ་ལས་རླུང་དང༌། མཁྲིས་པ་དང་བད་ཀན་དང༌། འདུས་པ་སྨུག་པོ་དང་བཞི་སྟེ་སྐབས་དང་པོའོ། །ཁོང་ནད་ལ་མ་ཞུ་བ་དང༌། སྐྲན་དང༌། སྐྱ་རྦབ་དང༌། འོར་དང༌། དམུ་ཆུ་དང༌། གཅོང་ཆེན་ཟད་བྱེད་དྲུག་སྟེ་སྐབས་གཉིས་པའོ། །ཚ་བ་སྤྱི་དང༌། གལ་མདོ་དང༌། རི་ཐང་མཚམས་དང༌། མ་སྨིན་པ་དང༌། རྒྱས་པ་དང༌། སྟོངས་པ་དང༌། གབ་པ་དང༌། རྙིངས་པ་དང༌། རྙོགས་པ་དང༌། འགྲམས་པ་དང༌། འཁྲུགས་པ་དང༌། རིམས་དང༌། འབྲུམ་པ་དང༌། རྒྱུ་གཟེར་དང༌། གག་ལྷོག་དང༌། ཆམ་པའི་རིམས་ཏེ་ལེའུ་བཅུ་དྲུག་གོ་ཞེས་པ་སྟེ་སྐབས་གསུམ་པའོ། །ལུས་སྟོད་ལས་མགོ་དང༌། མིག་དང༌། རྣ་བ་དང༌། སྣ་དང༌། ཁ་དང༌། ལྦ་བ་སྟེ་ལེའུ་དྲུག་གི་སྐབས་བཞི་པའོ། །དོན་སྣོད་ལ་སྙིང་དང༌། གློ་བ་དང༌། མཆིན་པ་དང༌། མཚེར་པ་དང༌། མཁལ་མ་དང༌། ཕོ་བ་དང༌། རྒྱུ་མ་དང༌། ལོང་དང་བཅས་པས་ལེའུ་བརྒྱད་དེ་སྐབས་ལྔ་བའོ། །གསང་བའི་ནད་ལ་ཕོ་མོའི་ནད་བཅོས་ཐབས་ཀྱི་ལེའུ་ཐ་དད་གཉིས་ཏེ་སྐབས་དྲུག་པའོ། །ཐོར་བུའི་ནད་ལ་སྐད་འགགས་པ་དང༌། ཡིད་ག་འཆུས་པ་དང༌། སྐྱིགས་བུ་དང༌། སྐོམ་དད་དང༌། དབུགས་མི་བདེ་བ་དང༌། གླང་ཐབས་དང༌། སྲིན་ནད་དང༌། འཁྲུ་བ་དང༌། སྐྱུག་པ་དང༌། དྲི་མ་འགགས་པ་དང༌། གཅིན་འགགས་པ་དང༌། གཅིན་སྙི་བ་དང༌། ཚད་འཁྲུ་དང༌། དྲེག་ནད་དང༌། གྲུམ་བུ་དང༌། ཆུ་སེར་དང༌། རྩ་དཀར་དང༌། པགས་པའི་ནད་དང༌། ཕྲན་བུའི་ནད་དང་བཅས་པས་ལེའུ་བཅུ་དགུའོ་ཞེས་པ་སྟེ་སྐབས་བདུན་པའོ། །ལྷན་སྐྱེས་ཀྱི་རྨ་ལ་འབྲས་དང༌། གཞང་འབྲུམ་དང༌། མེ་དབལ་དང༌། སུརྱ་དང༌། རྨེན་བུ་དང༌། རླིག་ལུག་དང༌། རྐང་བམ་དང༌། མཚན་བར་རྡོལ་བ་དང་བཅས་ནས་ལེའུ་བརྒྱད་ཀྱི་སྐབས་བརྒྱད་པའོ། །བྱིས་པ་ལ་ཉེར་སྤྱོད་དང༌། ནད་དང༌། དེའི་གདོན་དང་གསུམ་སྟེ་སྐབས་དགུ་པའོ། །མོ་ནད་ལ་སྤྱི་དང༌། བྱེ་བྲག་དང༌། ཕལ་པ་དང་གསུམ་སྟེ་སྐབས་བཅུ་པའོ། །འབྱུང་པོ་ལྷ་ལ་སོགས་པའི་གདོན་ཆེན་བཅོ་བརྒྱད་དང༌། སྨྱོ་བྱེད། བརྗེད་བྱེད། གཟའ་དང༌། ཀླུའི་གདོན་དང་བཅས་པས་ལྔ་སྟེ་སྐབས་བཅུ་གཅིག་པའོ། །གློ་བུར་གྱི་རྨ་ལ་རྨ་སྤྱི་དང༌། མགོའི་རྨ་དང༌། སྐེའི་རྨ་དང༌། བྱང་ཁོག་གི་རྨ་དང༌། ཡན་ལག་གི་རྨ་དང་ལེའུ་ལྔ་རུ་བཤད་པ་སྟེ་སྐབས་བཅུ་གཉིས་པའོ། །རྒས་པ་གསོ་བ་ལ་བཅུད་ཀྱིས་ལེན་པ་གཅིག་པུ་སྟེ་སྐབས་བཅུ་བཞི་པའོ། །རོ་ཙ་བ་ལ་ཁུ་བ་གསོ་བ་དང༌། བུད་མེད་བཙལ་བའི་ལེའུ་གཉིས་ཏེ་སྐབས་བཅོ་ལྔ་པའོ། །དེ་ལྟར་མན་ངག་གི་རྒྱུད་ལ་བཅོ་ལྔའི་སྐབས་ཡོད་པ་ལས་ལེའུ་གཅིག་གི་སྐབས་རྫོགས་པར་སྟོན་པ་གཅིག་སྟེ་རྒས་པ་གསོ་བའི་ལེའུའོ། །ལེའུ་གཉིས་ཀྱིས་སྐབས་རྫོགས་པར་སྟོན་པ་གཉིས་ཡོད་དེ། བྱིས་པ་དང་མོ་ནད་དང་དུག་གི་སྐབས་གསུམ་མོ། ལེའུ་བཞིས་སྐབས་རྫོགས་པར་སྟོན་པ་གཅིག་སྟེ་ཉེས་གསུམ་གྱི་སྐབས་སོ། །ལེའུ་ལྔས་སྐབས་རྫོགས་པར་སྟོན་པ་གཉིས་ཏེ་གདོན་དང་རྨའི་སྐབས་སོ། །ལེའུ་དྲུག་གིས་སྐབས་རྫོགས་པར་སྟོན་པ་གཉིས་ཏེ་ཁོང་ནད་དང་ལུས་སྟོད་ཀྱི་སྐབས་སོ། །ལེའུ་བཅུ་དྲུག་གིས་སྐབས་རྫོགས་པར་སྟོན་པ་ཚད་པའི་སྐབས་གཅིག་པུའོ། །ལེའུ་བཅུ་དགུས་སྐབས་རྫོགས་པར་སྟོན་པ་ཐོར་བུའི་སྐབས་གཅིག་པུ་སྟེ། མན་ངག་རྒྱུད་ཞུས་པའི་ལེའུ་གཅིག་དང་བཅས་པ་ཡོངས་སུ་དྲིལ་བས་ལེའུ་དགུ་བཅུ་རྩ་གཉིས་འབྱུང་བ་ནི་མན་ངག་རྒྱུད་ཀྱི་ལེའུ་གྲངས་ཡིན་ནོ། །

བཞི་པ་ཕྱི་མ་རྒྱུད་ཀྱི་ལེ་གྲངས་ནི། རྩ་ཆུ་ཞེས་པ་ནས་ཉི་ཤུ་རྩ་ལྔ་ཞེས་པའི་བར་གྱིས་སྟོན་ཏེ། རྩའི་ལེའུ་དང༌། ཆུའི་ལེའུ་དང༌། ཐང་དང༌། ཕྱེ་མ་དང༌། རིལ་བུ་དང༌། ལྡེ་གུ་དང༌། སྨན་མར་དང༌། ཐལ་སྨན་དང༌། ཁནྜ་དང༌། སྨན་ཆང་དང༌། རིན་པོ་ཆེ་དང༌། སྔོ་སྦྱོར་དང༌། སྣུམ་ཆོས་དང༌། བཤལ་དང༌། སྐྱུགས་དང༌། སྣ་སྨན་དང༌། འཇམ་རྩི་དང༌། ནི་རུ་ཧ་དང༌། རྩ་སྦྱོངས་དང༌། གཏར་བ་དང༌། བསྲེག་པ་དང༌། དུགས་དང༌། ལུམས་དང༌། བྱུག་པ་དང༌། ཐུར་མའི་དཔྱད་དང་བཅས་པས་ཕྱི་མའི་རྒྱུད་ལ་མདོ་བཞི་སྟེ། དེ་ཡང་བརྟག་ཐབས་ཀྱི་མདོ་ལ་ལེའུ་གཉིས་དང༌། ཞི་བྱེད་ཀྱི་མདོ་ལ་ལེའུ་བཅུ་དང༌། སྦྱོང་བྱེད་ཀྱི་མདོ་ལ་ལེའུ་བདུན་དང༌། དཔྱད་ཀྱི་མདོ་ལ་ལེའུ་དྲུག་སྟེ་ཡོངས་སུ་དྲིལ་བས་ལེའུ་ཉི་ཤུ་རྩ་ལྔ་ནི་ཕྱི་མའི་རྒྱུད་ཀྱི་ལེ་གྲངས་ཡིན་ནོ་ཞེས་པའི་དོན་ཏོ། །ལྔ་པ་མཇུག་བསྡུ་བ་ནི། དེ་ལྟར་ཞེས་པ་ནས་ཞེས་གསུངས་སོ་ཞེས་པའི་བར་གྱིས་བསྟན་ཏེ། བཤད་མ་ཐག་པ་དེ་ལྟར་རྩ་བའི་རྒྱུད་ལ་ལེའུ་དྲུག་དང༌། བཤད་པའི་རྒྱུད་ལ་ལེའུ་སུམ་ཅུ་རྩ་གཅིག་དང༌། མན་ངག་རྒྱུད་ལ་ལེའུ་དགུ་བཅུ་རྩ་གཉིས་དང༌། ཕྱི་མ་རྒྱུད་ལ་ལེའུ་ཉི་ཤུ་རྩ་ལྔ་སྟེ། རྒྱུད་བཞི་བསྡོམས་པས་བརྒྱ་དང་ལྔ་བཅུ་རྩ་བཞི། དེའི་སྟེང་དུ་མཇུག་གི་དོན་ཡོངས་སུ་གཏད་པའི་ལེའུ་གཉིས་དང་བཅས་པས་ལེའུ་བརྒྱ་དང་ལྔ་བཅུ་རྩ་དྲུག་གིས་གཞུང་ལུགས་ཆེན་པོ་འདིའི་ལེ་གྲངས་མ་ལུས་པ་ཡོངས་སུ་འདུས་པ་ཡིན་ནོ། །དེ་ལྟར་བཤད་པའི་ལེ་གྲངས་དེ་དང་ཐམས་ཅད་ཀྱི་བརྗོད་བྱ་ཀུན་མདོར་བསྡུ་ན་ཡན་ལག་བརྒྱད་དུ་འདུས་པ་སྟེ། དངོས་བསྟན་མན་ངག་རྒྱུད་དུ་ལུས་བརྗོད་བྱར་བྱས་པ་ལ་ལེའུ་བདུན་ཅུ་དང༌། བྱིས་པ་དང་མོ་ནད་དང་དུག་རྣམས་ལ་ལེའུ་གསུམ་གསུམ། གདོན་དང་རྨ་གཉིས་ལ་ལེའུ་ལྔ་ལྔ།  བཅུད་ལེན་ལ་ལེའུ་གཅིག །རོ་ཙ་ལ་ལེའུ་གཉིས་ཡོད་ཅིང༌། ཤུགས་བསྟན་དུ་རྒྱུད་བཞན་རྩ་རྒྱུད་བཤད་རྒྱུད་ཕྱི་མ་རྒྱུད་གསུམ་གའི་བརྗོད་བྱ་ལ་སྤྱིར་ཁྱབ་པའི་ཚུལ་དུ་གནས་པ་ཡིན་ནོ། །ཞེས་དྲང་སྲོང་རི་ག་པའི་ཡེ་ཤེས་ཀྱིས་གསུངས་སོ། །ཞེས་བྱ་བའི་དོན་ཏོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གླེང་སློང་རྣམ་གྲངས་རྣམ་པར་བཀོད་པའི་ལེའུ་སྟེ་གཉིས་པའོ་ཞེས་གླེང་བསླང་བའི་ཚུལ་དེ་ལྟར་ཡིན་ནོ་ཞེས་པའོ། །

མཐའ་མའི་འདོན་ཐེངས་།: 09.09.2011 ཉིན། 11:02 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།