སྨན་རྩིས་དྲ་བ། - མདུན་ངོས།

ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.10.2016
མདུན་ངོས། >>


ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་བཞི་པ་ལེགས་གྲུབ།

བོད་ཀྱི་སྨན་རྩིས་ཁང་ལུས་སེམས་སྲོག་གི་སྡེ་ཚན་གྱིས་གོ་སྒྲིག་ཞུས་པའི་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་བཞི་པ་དེ་བཞིན་ཕྱི་ལོ་༢༠༡༦ ཟླ་ ༡༠ ཚེས ༡༢ ནས ༡༤  བར་བཞུགས་སྒར་དྷ་ས་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་ཚོགས་ཡོད་ཅིང་། ཉིན་དང་པོའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༸དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་རྣམ་གཉིས་ཀྱིས་གཙོས་པའི་བཀའ་ཟུར་དང་མཛད་གཙོ་རྣམ་པ་དང་། སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ནང་ཡོད་པའི་འབྲེལ་ཡོད་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། གཞན་ཡང་དྷ་ས་ཁུལ་གྱི་དགོན་སྡེ་དང་སློབ་གྲྭ་ཁག་གི་དབུ་འཛིན་སོགས་སྐུ་མགྲོན་རྣམ་པ་འཛོམས་ཐོག བགྲོ་གླེང་ཚོགས་ཆེན་ཐེངས་བཞི་བའི་གསུང་བཤད་པ་རྣམ་པ་དང་ཕྱི་ནང་གི་ཚོགས་བཅར་བ་བཅས་མི་གྲངས་སུམ་བརྒྱ་ཙམ་ཚོགས་ཞུགས་ཞུས་ཡོད།  
 

ཐོག་མར་སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན་རྣམ་གཉིས་ཀྱིས་སྣང་གསལ་ཞལ་འབྱེད་དང་། ལུས་སེམས་སྲོག་གི་བགྲོ་གླེང་ཐེངས་དང་པོ་དང་གཉིས་པའི་གསུང་བཤད་ཕྱོགས་བསྒྲིགས་ཀྱི་དེབ་གྲངས་གསུམ་དབུ་འབྱེད་གནང་།

 

དེ་རྗེས་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་སྡེ་ཚན་གྱི་འགན་འཛིན་དགེ་བཤེས་བསྟན་པ་བཀྲ་ཤིས་ལགས་ཀྱིས་ཚོགས་ཆེན་གྱི་ཕེབས་བསུའི་གཏམ་བཤད་གནང་དོན། "དེ་རིང་གི་ཚོགས་ཆེན་འདི་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་བཞི་པ་དེ་ཆགས་ཡོད། འདས་པའི་ཚོགས་ཆེན་ཐེངས་གསུམ་འཚོགས་པའི་སྐབས་གསུང་བཤད་མཁན་དང་ཚོགས་བཅར་བ། བརྗོད་གཞི་སོགས་ཅུང་ཙམ་མི་འདྲ་ཡོད་པ་ལས། དམིགས་ཡུལ་གཙོ་བོ་འགྲོ་བ་མིའི་སེམས་ཁམས་དཀའ་ངལ་སེལ་ཐུབ་པ་བྱ་རྒྱུ་དེ་གཅིག་མཚུངས་ཡིན། ཞེས་དང་། ཐེངས་འདིའི་བརྗོད་གཞི་ནི་སེམས་ངལ་གྱི་རྒྱུ་རྐྱེན་དང་བཅོས་ཐབས་སྐོར་ཡིན་པས། སེམས་ཀྱི་དཀའ་ངལ་དེ་ཛ་དྲག་དང་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ནང་རྡོག་ཁྲེས་ཆེན་པོ་ཞིག་ཏུ་གྱུར་ཡོད་པས། འདིར་བཞུགས་གསུང་བཤད་གནང་མཁན་ཚོས་རྒྱུ་རྐྱེན་སྔོག་འདོན་དང་བཅོས་ཐབས་རྩལ་འདོན་བྱེད་དགོས་པ་དེ་ནི་བགྲོ་གླེང་འདིའི་དགོས་འདུན་དང་རེ་བ་ཉག་ཅིག་ཡིན་"སྐོར་གསུངས།

དེ་ནས་དམིགས་བསལ་སྐུ་མགྲོན་མཆོག་གིས་ནང་པའི་སེམས་ཁམས་རིག་པའི་ལྟ་གྲུབ་དང་ནུབ་ཕྱོགས་ཀྱི་སེམས་ཁམས་རིག་པ་གཉིས་བར་བགྲོ་གླེང་གི་ལས་གཞི་དེ་ནི་ཕྱི་ལོ ༡༩༨༠ ཙམ་ནས་༸གོང་ས་མཆོག་གིས་དབུ་འཛུགས་གནང་བའི་བརྒྱུད་རིམ་དང་འབྲེལ་ནས་༸གོང་ས་མཆོག་གི་བཀའ་སློབ་ཁག་ཅིག་ལུང་འདྲེན་གྱིས་སྨན་རྩིས་ཁང་ནས་འདི་བཞིན་སེམས་ཁམས་སྐོར་ལ་བགྲོ་གླེང་ཚོགས་ཆེན་བསྐོང་ཚོགས་གནང་བ་ཧ་ཅང་གི་གལ་གནད་ཆེ་བའི་སྐོར་གསུངས་ཏེ། མ་འོངས་པར་བོད་པའི་སྤྱི་ཚོགས་ནང་སེམས་ཁམས་ཀྱི་འཕྲོད་བསྟེན་བཟང་དུ་འགྲོ་བའི་རེ་བ་ཡོད་པ་དང་། རྩ་བའི་བོད་པའི་སྤྱི་ཚོགས་ནང་ལ་ནུབ་ཕྱོགས་ཀྱི་སེམས་ནད་དྲན་ཤེས་ཉམས་པ་ལྟ་བུ་ཡོད་མཁན་མཐོང་མྱོང་མེད་པས། དེ་ཡང་ནང་པའི་ཆོས་ཀྱི་ཉམས་ལེན་དང་འབྲེལ་བ་ཡོད་པ་དྲན་གྱི་ཡོད་སྐོར་སོགས་གསུངས་སོང་།

དེ་ནས་སྐུ་མགྲོན་གཙོ་བོ་༸དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས། བགྲོ་གླེང་ཚོགས་ཆེན་འདི་བཞིན་གལ་ཆེན་པོ་ཡིན་པའི་ཆ་ནས་འདིའི་དགོས་པ་དང་དམིགས་ཡུལ་སོགས་ལ་རྒྱབ་སྐྱོར་ཚུལ་དུ་ཡོང་བ་ཡིན་པ་དང་། "འགྲོ་བ་མིའི་ནང་སེམས་ཀྱི་བདེ་ཐང་ཆེད་དུ་ཤར་ནུབ་ཀྱི་མཁས་དབང་ཚང་མས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་གནང་རྒྱུ་གལ་ཆེན་ཡིན། དྷ་སར་སེམས་དང་སྲོག་གི་ཚོགས་ཆེན་ཐེངས་ཁ་ཤས་༸གོང་ས་མཆོག་གི་ཕོ་བྲང་ནང་འཚོགས་ཡོད་པས། དེ་གར་ཕེབས་རྒྱུ་བྱུང་བས། སྐབས་དེར་སྔར་ཐོས་མ་མྱོང་བ་མང་པོ་ཞིག་ཐོས་པ་དང་གནད་འགག་གསར་པ་མང་པོ་ཞིག་ཤེས་རྒྱུ་བྱུང་བ་དེས་མཐོང་རྒྱ་དང་ཐོས་རྒྱ་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཀྱི་ཡོད་པ་ཚོར་སྣང་བྱུང་། དེ་གར་ཚོགས་ཞུགས་པ་རྣམས་དང་སྨན་རྩིས་སློབ་མ་རྣམས་ཀྱིས། བོད་ཀྱི་ཆོས་དང་རིག་གཞུང་དེ་རྩ་ཆེན་པོ་དང་གཏིང་ཟབ་པོ། ཕན་ཐོགས་པོ་ཡོད་པ་དེ་མཁས་དབང་གི་བགྲོ་གླེང་སྐབས་སུ་ངེས་ཤེས་རྙེད་པའི་རེ་བ་ཡོད། དེང་གི་ཆར་ཕྱི་དངོས་པོའི་ཡར་རྒྱས་དང་ཟང་ཟིང་གི་དབྱིངས་བ་ལ་བརྟེན་ནས། སེམས་ངལ་གྱི་གནས་ཚུལ་མང་པོ་ཡོང་གི་ཡོད་པ་མ་ཟད། མ་འོངས་པར་གནས་ཚུལ་དེ་དག་མང་དུ་འགྲོ་རྒྱུ་ཡིན་པ་འདྲ་བོ་ཡོད་པ། དེ་བཞིན་སེམས་ཀྱི་དཀའ་ངལ་དེར་ནུབ་ཕྱོགས་ཀྱི་ཚན་རིག་དང་ལྟ་གྲུབ་ཀྱིས་ཞིབ་འཇུག་དང་ཉམས་ལེན་བྱེད་ཀྱི་ཡོད་ཀྱང་། མཐིལ་ཕྱིན་པ་དང་འགན་ལེན་ཡོད་པ་ཞིག་ཡོང་རྒྱུ་ཁག་པོ་ཡིན་པ་འདྲ་བོ་འདུག་པས། དེའི་ཐོག་ལ་ནུབ་ཕྱོགས་དང་ཤར་ཕྱོགས་ཀྱི་ནང་ཆོས་སོགས་ཆོས་ལུགས་རྣམས་ཀྱི་བར་ལ། དམིགས་ཡུལ་གཙོ་བོ་འགྲོ་བ་མིའི་ཕན་བདེའམ་ལུས་སེམས་བདེ་ཐང་གཞི་ལ་བཞག་ནས། གོ་བསྡུར་དང་རིག་གཞུང་བརྗེ་ལེན་ལྟ་བུ་ཞིག་བྱེད་རྒྱུ་གལ་ཆེན་ཡིན་"སྐོར་གསུངས་སོང་།



ཐེངས་འདིར་སེམས་ངལ་གྱི་རྒྱུ་རྐྱེན་དང་བཅོས་ཐབས་སྐོར་ལ་ནང་པའི་སེམས་ཁམས་ཚན་རིག་ལ་ཆེད་མཁས་གཉིས་དང་། ཕྱི་ལུགས་སེམས་ཁམས་ཚན་རིག་པ་གཉིས། བོད་ཀྱི་སྨན་རྩིས་ཁང་གི་སྨན་པ་གཉིས་དང་སྐར་རྩིས་པ་གཉིས་བཅས་ཀྱིས་ཉིན་གསུམ་རིང་བགྲོ་གླེང་གནང་ཡོད་པ་མ་ཟད། དུས་ཡུན་དེའི་ནང་ཚོགས་བཅར་བ་རྣམས་ཀྱིས་དྲི་བ་གང་མང་བཏང་བར་ལན་འདེབས་སོགས་བགྲོ་གླེང་གང་ལེགས་བྱུང་བ་གཤམ་གྱི་དྲ་ཐག་བརྒྱུད་ནས་ཆ་ཚང་གསན་ཐུབ་པ་ཡོད།

ཕྱི་ཚེས ༡༤ ཕྱི་དྲོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྐུ་མགྲོན་གཙོ་བོར་གདན་ཞུས་ཐོག་མཇུག་སྡོམ་མཛད་སྒོ་ཚོགས་ཡོད་ཅིང་། མཇུག་སྡོམ་མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོ་མཆོག་ནས་གསུང་བཤད་པ་རྣམ་པར་ཆེ་བསྟོད་ལེགས་འབུལ་དང་ཚོགས་བཅར་བ་རྣམས་ལ་ཚོགས་བཅར་ལག་ཁྱེར་གནང་། དེ་ནས་སྨན་རྩིས་ཁང་གི་འགན་འཛིན་མཆོག་གིས་བགྲོ་གླེང་གི་བརྒྱུད་རིམ་དང་འབྲེལ་བའི་གལ་ཆེའི་གསུང་བཤད་གནང་ཞིང་། སྐུ་མགྲོན་གཙོ་བོ་མཆོག་གིས་ནང་པའི་སེམས་ཁམས་རིག་པའི་གལ་གནད་དང་དགེ་ཕན་སོགས་ལས་བརྩམས་པའི་གལ་ཆེའི་གསུང་བཤད་ཀྱང་གནང་ཡོད་དོ།།

འབྲེལ་ཡོད་བརྗོད་གཞི།  སེམས་ངལ་གྱི་རྒྱུ་རྐྱེན་སོགས་གླེང་བ།
 




 

མཐའ་མའི་འདོན་ཐེངས་།: 29.06.2017 ཉིན། 9:34 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།