སྨན་རྩིས་དྲ་བ། - ཆེད་རྩོམ།

ལུས་སེམས་འཕྲོད་བསྟེན་ཟུང་འབྲེལ་སྐོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 14.10.2017
ཆེད་རྩོམ། >>

 

 

ལུས་སེམས་འཕྲོད་བསྟེན་ཟུང་འབྲེལ་སྐོར།

- མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན།

 

༄༅། །བོད་ལུགས་གསོ་རིག་གི་ཁྱད་ཆོས་ལུས་སེམས་ཀྱི་འཕྲོད་བསྟེན་གཉིས་ཟུང་འབྲེལ་བྱེད་དགོས་པའི་སྐོར་བཞུགས་སོ།།
 

ཨོྃ་སྭསྟི། གང་འདུལ་དམ་ཆོས་བདུད་རྩིའི་སྨན་མཆོག་གིས། །དུས་གསུམ་ལས་བྱུང་ལུས་ངག་སེམས་ཀྱི་ནད། །བཅོམ་ནས་གཏན་དུ་བདེ་བའི་དཔལ་ཡོན་གྱིས། །འགྲོ་ཀུན་སྐྱོང་མཛད་སྨན་པའི་རྒྱལ་པོར་འདུད། །དེ་ཡང་ཤེས་བྱ་རིག་པའི་གནས་བཅུ་ཡི་ནང་ཚན་གསོ་བ་རིག་པ་ནི་རིས་མེད་པའི་འགྲོ་བ་ཐམས་ཅད་ནད་ཀྱི་གདུང་བ་ལས་སྐྱོབ་པའི་རྗེས་འཛིན་གྱི་རིག་པ་ཕུལ་དུ་བྱུང་བ་ཞིག་ཡིན། དེ་ལ་གསོ་བྱ་ནད་ཀྱི་དབྱེ་བ་ནི། རྒྱལ་སྲས་ཞི་བ་ལྷས། ཕྱོགས་རྣམས་ཀུན་ན་ལུས་དང་སེམས། །སྡུག་བསྔལ་ནད་པ་ཇི་སྙེད་པ། །དེ་དག་བདག་གི་བསོད་ནམས་ཀྱིས། །བདེ་དགའ་རྒྱ་མཚོ་ཐོབ་པར་ཤོག །ཅེས་གསུངས་པ་ལྟར། ཕྱི་ལུས་ཀྱི་ནད་འདུ་བ་འཁྲུགས་པའི་ཟུག་རྔུས་མནར་བ་དང་། ནང་སེམས་ཀྱི་ནད་ཉོན་མོངས་དུག་ལྔ་དུག་གསུམ་འཁྲུགས་ནས་འདོད་པ་བྲལ་ཞིང་། མི་འདོད་པ་ཐོག་ཏུ་བབས་པས་སེམས་ཞུམ་ཞིང་ཡི་མུག་པ། འཇིགས་པ་སྐྲག་དངངས་གསུམ་སོགས་སྡུག་བསྔལ་སྣ་ཚོགས་ཀྱིས་བདེ་བའི་གོ་སྐབས་འཕྲོག་པ་སྟེ་གཉིས་ཡིན། ནད་དེ་གཉིས་གཅིག་ལ་གཅིག་བརྟེན་རྒྱུ་འབྲས་ཀྱི་ཚུལ་དུ་འབྲེལ་བ་ཡིན་པས་བཅོས་པའི་ཚེ་ཡང་ཟུང་འབྲེལ་སུ་བཅོས་དགོས་ཤིང་། དེ་ལས་ཀྱང་སེམས་ཀྱི་ནད་བཅོས་པ་གཙོ་ཆེ་སྟེ་མཐར་ཐུག་ལུས་ཀྱི་ནད་ཀྱི་རྩ་བ་སེམས་ཀྱི་ཉོན་མོངས་ཡིན་པས་དེ་མ་བཅོས་ན་སྨན་དཔྱད་ཀྱི་ནད་གནས་སྐབས་བཅོས་ཐུབ་ཀྱང་གཏན་འགོག་བྱེད་མི་ཐུབ། འཕྲལ་དུ་ཡང་སེམས་མ་བདེ་ན་ལུས་འདོད་ཡོན་ལྔ་ཡིས་བསྐོར་ཀྱང་བདེ་བ་མི་ཚོར་བའི་ཕྱིར་དང་། སེམས་བདེ་ན་ལུས་ཀྱི་སྡུག་བསྔལ་ཆེན་པོ་ཡང་ཟིལ་གྱི་གནོན་ནས་ཆུང་དུ་གཏོང་ཐུབ་པས་སོ། །འོ་ན་དེ་གཉིས་ཇི་ལྟར་བཅོས་དགོས་ཤེ་ན། ནད་གཉིས་ཡོད་པས་བཅོས་ཐབས་ཀྱང་གཉིས་ཡོད། དེ་ལས་ལུས་ཀྱི་ནད་བཅོས་པ་ནི། ཕྱི་རོལ་གྱི་ཟས་སྤྱོད་སྨན་དཔྱད་བཞི་ཡིས་བཅོས་དགོས་ཏེ་དེའི་རྒྱུ་མཚན་རྒྱུད་ལས། འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ། །གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད། །གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོའི་ཉིད། །ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ། །ཞེས་གསུངས་པ་ལྟར། །ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་གནས་འཇིག་གསུམ་ཐམས་ཅད་འབྱུང་བས་བྱེད་པ་ལྟར། ནང་བཅུད་ཀྱི་འགྲོ་བའི་ལུས་ཀྱང་སྐྱེ་བ་གནས་པ་འཆི་བ་ཐམས་ཅད་འབྱུང་བས་བྱེད། དེས་ན། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །ནང་བཞིན་ཕྱི་རོལ་དག་ཀྱང་གནས། །ཞེས་པ་དང་མཚུངས་པར། ཕྱི་རོལ་དུ་ས་ཆུ་མེ་རླུང་ནམ་མཁའ་བཅས་འབྱུང་བ་གང་ཡོད་པ་དེ་དག་ནང་ལུས་ལ་ཡང་ཚང་བར་ཡོད་དེ། ཤ་རུས་ལ་སོགས་པའི་སྲ་བ། ཁྲག་ཆུ་སེར་ལ་སོགས་པའི་གཤེར་བ། དྲོད་ལ་སོགས་པའི་ཚ་བ། དབུགས་ལ་སོགས་པའི་ཡང་གཡོ། བུ་ག་སྟོང་པའི་ཆ་བཅས་ཡོད་པས་མཚན་ཉིད་གཅིག་པར་མ་ཟད། ཕྱི་ཡི་སྣོད་ལ་སྐྱེ་དངོས་སྣ་ཚོགས་སྐྱེ་བ་དང་། གཏེར་རྫས་མི་འདྲ་བ་མང་པོས་གཏམས་པ་དང་། སྲོག་ཆགས་མང་པོས་བརྟེན་ཅིང་གནས་པ་ལྟར། ནང་ལུས་ལ་ཡང་། རྩ་རྒྱུས་དང་། སྐྲ་དང་བ་སྤུ་སོགས་སྐྱེ་བ་དང་། རྫས་རིགས་མི་འདྲ་བའི་འཚོ་བཅུད་མང་པོས་གཏམས་པ་དང་། སྲིན་བུའི་རིགས་བརྒྱད་ཁྲིའི་སྲོག་ཆགས་ཀྱིས་བརྟེན་ཏེ་གནས་པས་ན་རྣམ་པ་ཤིན་ཏུ་འདྲ་བ་ཡང་རིོག་ཤེས་ཚད་མས་མངོན་སུམ་དུ་རྟོགས་ནུས་པ་ཡིན། ནད་དང་ནད་མེད་ཀྱི་རྒྱུ་མཚན་ཡང་འབྱུང་བས་བྱེད་པ་ཡིན་ཏེ། ལས་ཉོན་གྱི་རྗེས་སུ་ཞུགས་ཏེ་འབྱུང་བ་ལྔས་བསྐྱེད་པའི་ལུས། ནད་གཞི་བཅོ་ལྔ་དང་། ཟུངས་བདུན་དང་། དྲི་མ་གསུམ་རྣམས་འཚོགས་ཤིང་འདུས་པའི་བདག་ཉིད། ཕན་ཚུན་གཅིག་ལ་གཅིག་བརྟེན་ཅིང་རག་ལས་པ། མཚན་ཉིད་ཐ་དད་པར་འགྱུར་བ་དེ་དག ཟས་སྤྱོད་སོགས་ཀྱི་འཕྲོད་བསྟེན་གྱི་རྐྱེན་ལས་རང་རང་གི་མཚན་ཉིད་སྙོམས་ཤིང་མཐུན་པའི་ལས་བྱེད་པ་ལ་རྣམ་པར་མ་གྱུར་པ་ཞེས་ཁམས་སྙོམས་པ་སྟེ་ནད་མེད་ཐ་མལ་དུ་གནས་པ་ཞེས་བྱ། དེ་དག་དུས་གདོན་ཟས་སྤྱོད་སོགས་ཀྱི་རྐྱེན་ལས་འཕེལ་ཟད་འཁྲུག་གསུམ་གང་རུང་བྱུང་བའི་ཚེ། དཔེར་ན། མཁྲིས་པ་འཁྲུགས་ན་ལུས་ཟུངས་བསྲེགས་ཤིང་སྲུལ། ཚ་བའི་ནད་ཐམས་ཅད་འདི་ལས་བྱུང་། བད་ཀན་འཁྲུགས་ན་ལུས་ཀྱི་མེ་དྲོད་ཉམས། གྲང་བའི་ནད་ཐམས་ཅད་འདིས་བསྐྱེད། རླུང་འཁྲུགས་ན་ཚ་གྲང་གཉིས་ཀ་འཁྲུགས་ཤིང་སློང་། དེ་བཞིན་དུ་འབྱུང་བ་གང་ཞིག་འཕེལ་བ། གང་ཞིག་ཟད་པ་མི་འདྲ་བ་ལ་བརྟེན་ནས་ནད་མི་འདྲ་བ་སྣ་ཚོགས་འབྱུང་སྟེ། ནད་ཟུངས་དྲི་མ་རྣམས་ཀྱི་རང་བཞིན་གཞན་དུ་འགྱུར་ནས་རྣམ་པར་གྱུར་པ་ཡིན། ལུས་ཀྱི་ནད་དེ་གསོ་བར་བྱེད་པའི་གཉེན་པོའི་སྨན་ཡང་འབྱུང་བས་སྐྱེད་པ་ཡིན་ཏེ། དེ་ཡང་ས་ཆུ་མེ་རླུང་འབྱུང་བ་བཞིས་སྐྱེད་བྱེད་ཀྱི་དངོས་རྒྱུ་བྱས། ནམ་མཁས་གོ་འབྱེད་པ་བཅས་ལ་བརྟེན་ནས་སྨན་རྫས་རྣམས་བསྐྱེད་པ་ཡིན་ལ། འོན་ཀྱང་ཐམས་ཅད་འབྱུང་བས་བསྐྱེད་ཀྱང་འབྱུང་བ་ཤས་ཆེ་ཆུང་མི་འདྲ་པའི་དབང་གིས་སྨན་སོ་སོའི་རོ་དང་། ཞུ་རྗེས། ནུས་པ། ཡོན་ཏན་རྣམས་མི་འདྲ་བར་སོ་སོར་འབྱུང་བ་ཡིན། སྨན་དཔྱད་ཀྱིས་ནད་བཅོས་ཞེས་བྱ་བ་དེ་ཡང་། དེ་ལྟར་གནོད་བྱ་ཟུངས་དང་དྲི་མ་གནོད་བྱེད་ཉེས་པ་གསུམ། སྨན་སོགས་གཉེན་པོ་ཐམས་ཅད་ལ་འབྱུང་བའི་མཚན་ཉིས་ཀྱིས་ཁྱབ་ཡོད་པས། འབྱུང་བའི་མཚན་ཉིད་བསྡུ་ན་ཚ་གྲང་གཉིས་སུ་ངེས་ཏེ། མེ་ཚ་བ། ས་ཆུ་གྲང་བ། རླུང་ཚ་གྲང་གཉིས་ཀའི་གྲོགས་ཡིན། རྟེན་འབྲེལ་གྱི་དབྱེ་བ་མཐའ་ཡས་པས་དེ་དག་ཕན་ཚུན་ཤས་ཆེ་ཆུང་དང་། གཅིག་གིས་གཅིག་ཟིལ་གྱིས་མནན་པའི་དབང་གིས་གསོ་གཞི་ལུས་ཀྱི་གནས་སྟངས་དྲོ་གྲང་གཉིས་དང་། གསོ་བྱ་ནད་ཀྱི་ངོ་བོ་ཚ་གྲང་གཉིས་དང་། གསོ་བྱེད་གཉེན་པོའི་ངོ་བོ་བསིལ་དྲོད་གཉིས་སུ་ངེས་པ་ལས། ལུས་ཀྱི་འབྱུང་བའི་ཁམས་མི་སྙོམས་ཤིང་འཕེལ་ཟད་འཁྲུགས་པའི་ནད་ཅན་དེ་ལ་སྨན་གྱི་རོ་ནུས་ཞུ་རྗེས་སོགས་གཉེན་པོ་ལ་ཡོད་པའི་མཚན་ཉིད་རྣམས་ཀྱིས། འཕེལ་བ་འབྲིད་པ་དང་། ཟད་པ་གསོ་བ་དང་། འཁྲུགས་པ་བསྡེབས་པའི་སྙོམས་སྒྲིགས་ཀྱི་ཚུལ་གྱིས། ནད་དང་གཉེན་པོ་སྤྲད་དེ་བཅོས་པས་ཁམས་སྙོམས་ཏེ་ནད་ཞི་ནས་ཐ་མལ་བདེ་ཐང་དུ་གྱུར་པ་ལས། ཚེ་རིང་ཆོས་ནོར་བདེ་བ་ལ་སོགས་པ་འགྲུབ་པ་ཡིན་ཏེ། ཇི་སྐད་དུ། སྨན་པ་ཀུན་ཀྱང་གསོ་དཔྱད་ཀྱིས། །མི་བདེ་བ་ཡི་ནད་མེད་བྱེད། །ཅེས་གསུངས་པ་ལྟར་རོ།།
 

            ནང་སེམས་ཀྱི་ནད་བཅོས་པ་ནི་ལུས་ཀྱི་ཟུག་རྔུ་འབྱིན་པའི་སྨན་པ་ནད་བརྟག་བཅོས། རྗེས་གཅོད་ཀུན་ལ་མཁས་པ་ཅི་འདྲ་ཞིག་ཡིན་ཀྱང་བཅོས་མི་ཤེས། དེ་ནི་སྨན་པ་ཟུག་རྔུ་འབྱིན་པ་བླ་ན་མེད་པ་ངེས་དོན་སྨན་པའི་རྒྱལ་པོ་སངས་རྒྱས་སྲས་དང་བཅས་པ་ཁོ་ནས་མཁྱེན་ཏེ། སྔོན་འཚོ་བྱེད་གཞོན་ནུས། སྟོན་པ་ལ། བཅོམ་ལྡན་འདས་ཀྱིས་གསོ་དཔྱད་ཀྱང་མཁྱེན་ལགས་སམ། ཞེས་གསོལ་བའི་ལན་དུ། འཚོ་བྱེད། སྨན་པ་ཟུག་རྔུ་འབྱིན་པ་ཡན་ལག་བཞི་དང་ལྡན་པ་ཞེས་པ་སོགས་དཔེ་རྒྱ་ཆེར་གསུངས་ནས། དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡན་ལག་བཞི་དང་ལྡན་པའང་། སྨནཔ་ཟུག་རྔུ་འབྱིན་པ་བླ་ན་མེད་པ་ཞེས་བྱའོ། །འཚོ་བྱེད། བཞི་གང་ཞེ་ན། དེ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པ་འགྲོ་བའམ་ལམ་འཕགས་པའི་བདེན་པའོ། །ཞེས་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །འཚོ་བྱེད། སྨན་པ་ཟུང་རྔུ་འབྱིན་པས་ནི་སྐྱེ་བའི་རྩ་བ་ཅན་གྱི་སྡུག་བསྔལ་རྣམས་སྤོང་བའི་སྨན་མི་ཤེས་སོ། །རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་ངག་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པའི་རྩ་བ་ཅན་གྱི་སྡུག་བསྔལ་རྣམས་སྤོད་བའི་སྨན་མི་ཤེས་སོ། །འཚོ་བྱེད། དེ་བཞིན་གཤེགས་པ་ནི་སྐྱེ་བའི་རྩ་བ་ཅན་གྱི་སྡུག་བསྔལ་རྣམས་སྤོང་བའི་སྨན་མཁྱེན་ནོ། །རྒ་བ་ནས་འཁྲུགས་པའི་རྩ་བ་ཅན་གྱི་བར་གྱི་སྡུག་བསྔལ་རྣམས་སྤོང་བའི་སྨན་མཁྱེན་ནོ། །དེ་བས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སྨན་པ་ཟུག་རྔུ་འབྱིན་པ་བླ་ན་མེད་པ་ཞེས་བྱའོ། །ཞེས་གསུངས་པ་དང་། དེ་བཞིན་དུ་སྒྱུ་འཕྲུལ་དྲྭ་བ་ལས། སྨན་པ་ཆེ་མཆོག་གཙོ་བོ་སྟེ། །ཟུག་རྔུ་འབྱིན་པ་བླ་ན་མེད། །ཅེས་དང་། རྒྱུད་ལས། དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །ཞེས་པ་དང་། རང་གི་ལུས་ངག་ཡིད་གསུམ་ཉེས་པ་མེད་པ་དྲང་པོར་བསྲངས་ནས། གཞན་གྱི་ཉེས་པ་མ་སྙོམས་པ་སྙོམས་པར་བྱེད་པས་དྲང་སྲོང་། ཞེས་གསུངས་པ་ཡང་དོན་འདི་ཉིད་ཡིན།་ནད་དེ་བཅོས་པའི་ཐབས་ཀྱང་། ཞི་སྦྱོང་སོགས་སྨན་དང་། གཏར་སྲེག་བཤག་གཅོད་ཀྱི་དཔྱད་སོགས་གང་གིས་ཀྱང་བཅོས་སུ་མེད་པས། ཞི་བསིལ་བདུད་རྩིའི་སྨན་མཆོག་དམ་པའི་ཆོས་ཁོ་ན་གཉེན་པོར་ཆེ་བ་ཡིན་ཏེ། ཞི་བ་ལྷས། གསོ་དཔྱད་ཕལ་པ་འདི་འདྲ་བ། །སྨན་པ་མཆོག་གིས་མ་མཛད་དེས། །ཆོ་ག་ཤིན་ཏུ་འཇམ་པོ་ཡིས། །ནད་ཆེན་དཔག་མེད་གསོ་བར་མཛད། །ཅེས་གསུངས་པ་ལྟར་ཡིན། དམ་ཆོས་སྨན་གྱི་རྣམ་གྲངས་ནི། མཛོད་ལས། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་པ་དང་། ཟུར་མཁར་བློ་གྲོས་རྒྱལ་པོས། སྨན་གྱི་ཁོག་འབུབས་དྲང་སྲོང་ཀུན་དུ་དགའ་བའི་ཟློས་གར་ལས། ཡང་། རིན་ཆེན་སྤུངས་པ་ལས། ཤཱཀྱ་ཐུབ་པས་མི་མཇེད་འཇིག་རྟེན་འདིར། དུག་ལྔའི་ནད་སེལ་སྨན་གཞུང་ཆེན་པོ་བརྩམས། །ཞེས་གསུངས་པའི་དུག་ལྔ་ནི། འདོད་ཁྲོ་གཏི་མུག་དང་། ང་རྒྱལ་ཕྲག་དོག་ལྔ་ཡིན་ལ། དེ་སེལ་བྱེད་ཀྱི་སྨན་གཞུང་ནི། ངེས་པའི་དོན་གྱི་མདོ་རྒྱུད་ཟབ་མོ་རྣམསལས་འོས་མ་མཆིས། ཞེས་གསུངས་པ་ལྟར་གསོ་བྱ་སེམས་ཅན་གྱི་ཉོན་མོངས་པའི་ནད་དང་མཐུན་པའི་གསོ་བྱེད་ཐེག་པའི་རྣམ་གྲངས། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་བསམ་གྱིས་མི་ཁྱབ་པ་ཡོད་དེ། ཇི་སྐད་དུ། ཇི་ལྟར་ནད་པ་ནད་པ་ལ། །སྨན་པས་སྨན་རྣམས་གཏོང་བ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །ཇི་ཙམ་བཟོས་པའི་ཆོས་བསྟན་ཏོ། །ཞེས་གསུངས་པ་ལྟར་རོ། །དེས་ན་གསོ་ཐབས་འདི་ལ་བརྟེན་ནས། རིས་མེད་པའི་སེམས་ཅན་གྱི་ཐར་པའི་སྲོག་སྐྱོབ། ཉོན་མོངས་སྡུག་བསྔལ་གྱི་ནད་སྦྱོངས། ས་ལམ་ཡོན་ཏན་གྱི་ལུས་ཟུངས་གསོ། མྱ་ངན་ལས་འདས་པ་གཏན་གྱི་བདེ་བའི་བདེ་ཐང་མངོན་དུ་འགྱུར་པ་ཡིན་པས་སྨན་པའི་རྒྱལ་པོ་སངས་རྒྱས་ཀྱི་བཀའ་བཞིན། སྨན་མཆོག་དམ་པའི་ཆོས་ཀྱི་བདུད་རྩི་བསྟེན་དགོས་ཏེ། ཞི་བ་ལྷས། ཐ་མལ་ནད་ཀྱི་འཇིགས་ན་ཡང་། །སྨན་པའི་ངག་བཞིན་བྱ་དགོས་ན། །འདོད་ཆགས་ལ་སོགས་ཉེས་བརྒྱ་ཡི། །ནད་ཀྱི་རྟག་བཏབ་སྨོས་ཅི་དགོས། །ཞེས་དང་། དེ་ལ་སྨན་པ་ཐམས་ཅད་མཁྱེན། །ཟུག་རྔུ་ཐམས་ཅད་འབྱིན་བ་ཡི། །བཀའ་ལྟར་མི་བྱེད་སེམས་པ་ནི། །ཤིན་ཏུ་གཏི་མུག་སྨད་པའི་གནས། །ཞེས་གསུངས་པ་ལྟར་རོ། །རྒྱུ་མཚན་དེའི་ཕྱིར་དཔལ་ལྡན་རྒྱུད་བཞིའི་ཐོག་མཐའ་བར་གསུམ་དུ་ཆོས་དང་འབྲེལ་བ་མང་པོ་བསྟན་པ་དང་། ཁྱད་པར་རྒྱུན་སྤྱོད་ཀྱི་ལེའུ་ལས། དེ་ནས་དམ་པ་ལྷ་ཆོས་སྤྱད་པ་ན། །སེམས་ཅན་ཐམས་ཅད་བདེ་བ་འདོད་པའི་ཕྱིར། །རྩོམ་པ་ཀུན་ལ་འཇུག་ཀྱང་ཆོས་མེད་ན། །བདེ་ཉིད་སྡུག་བསྔལ་རྒྱུ་ཕྱིར་ཆོས་ལ་འབད། །ཅེས་གསུངས་ཤིང་། འཇིག་རྟེན་མི་ཆོས་སྤྱོད་པ་དང་། དམ་པ་ལྷ་ཆོས་སྤྱོད་པ། དེ་ཡང་ཆོས་ཀྱི་རྩ་བ་བཤེས་གཉེན་བསྟེན་ནས་དགེ་བ་བཅུ། བྱམས་སོགས་ཚད་མེད། བྱང་ཆུབ་སེམས་གཉིས། རིས་མེད་གཞན་དོན་སྒྲུབ་པའི་སྤྱོད་པ་བྱ་དགོས་པར་བསྟན་པ་དང་། གསོ་བ་པོ་སྨན་པའི་ལེའུ་ལས། ལྟ་བ་སྤྲོས་བྲལ་དབུ་མ། སྒོམ་པ་ཚད་མེད་རྣམ་བཞི། སྤྱོད་པ་དགེ་སྡིག་བླང་དོན་རྣམས་ཚུལ་བཞིན་བསྒྲུབ་པར་གསུངས་པ་དེ་ཡང་སྨན་གྱིས་ནད་བཅོས་པ་ལུས་ཀྱི་འཕྲོད་བསྟེན་དང་། ཆོས་ཀྱི་ཉོན་མོངས་འདུལ་བ་སེམས་ཀྱི་འཕྲོད་བསྟེན་ཡིན་ཞིང་། འཕྲོད་བསྟེན་དེ་གཉིས་དུས་ནམ་ཡང་ཁ་བྲལ་ཐབས་མེད་པར་ཟུང་འབྲེལ་བྱེད་དགོས་པའི་གནད་ཀྱིས་རེད། ཁོ་བོས་བྲིས་པའི་གཡུ་ཐོག་གསོལ་འདེབས་ལས། ཚོགས་བསགས་སྒྲིབ་སྦྱངས་ཐམས་མཁས་སྨན་དཔྱད་ཀྱིས། །ལས་ཉོན་ནད་ཀྱིས་གདུང་བ་ཀུན་བཅོམ་ནས། །གཏན་བདེའི་ལང་ཆོ་སྦྱིན་པའི་དཔལ་ཡོན་ཅན། །ངེས་དོན་གསོ་རིག་སྩོལ་ཅིག་ཡོན་ཏན་མགོན། །ཞེས་པ་འདི་ཡང་སེམས་ཀྱི་འཕྲོད་བསྟེན་མཐར་ཕྱིན་པའི་འདོད་གསོལ་ཡིན། དེས་ན་འགའ་ཞིག་གིས་བོད་ཀྱི་གསོ་བ་རིག་པའི་ནང་ཆོས་ཀྱི་སྐོར་མང་པོ་ཞིག་བཤད་པ་འདི། ན་ཚ་བཅོས་པ་ལ་ཕན་ཐོགས་གང་ཡང་མེད་པས་སྙིགས་རོ་རང་རེད་བསམ་པ་དང་། འགའ་ཞིག་གིས་སྔོན་གྱི་སྤྱི་ཚོགས་ཀྱི་ཤན་ཞུགས་པ་ཡིན་ནམ་སྙམ་པ་དང་། འགའ་ཞིག་གིས་སྔོན་གྱི་སྤྱི་ཚོགས་ཀྱི་ཤན་ཞུགས་པ་ཡིན་ནམ་སྙམ་པ་དང་། འགའ་ཞིག་གིས་སྨན་པའི་བསམ་བློ་བཟང་དུ་འགྲོ་བ་ལ་དགོངས་པ་ཡིན་ནམ། ཡང་ན་བྱ་བ་ཐམས་ཅད་ཆོས་ཀྱིས་རྩིས་ཟིན་པའི་ཆེད་དུ་ཡིན་སྙམ་པ་དང་། ཐ་ན་འགའ་ཞིག་གིས་བྱེ་མའི་ནང་ལ་གསེར་ཡོད་པའི་དཔེ་གྲངས་རྒྱུད་བཞི་ལ་བསྟོད་པའི་ཟོལ་གྱིས་སྨན་པ་བྱེད་པ་དེ་དག་ནི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པའི་གནད་འདི་མ་རྟོགས་པས་ལན་པ་ཡིན། ཟུར་མཁར་བློ་གྲོས་རྒྱལ་པོས། གསོ་རིག་ཁོག་འབུབས་ཀྱི་གསོ་བྱེད་ཐབས་ཀྱི་གནས་བཤད་པའི་འཇུག་ཏུ། དུག་གསུམ་ནད་གསོ་ཐེག་པ་གསུམ་གྱི་གཞུང་། །སྟོན་མཛད་སྨན་པ་སྔོན་མེད་དེ་དག་གི། །སྤྱོད་པ་འདི་ཡང་ཤེས་བྱའི་རྩ་བ་སྟེ། །དེས་ན་གསོ་བྱེད་མིན་པར་མ་བསམས་ཤིག །ཅེས་གསུངས་པ་ཡང་ཆོས་ཀྱི་ཚུལ་རྣམས་གསོ་བྱ་ལ་མཁོ་བའི་གསོ་བྱེད་མིན་པར་བསམ་པ་རྣམས་ལ་ཆེད་གཏད་དུ་བསྩལ་བའོ། །འོ་ན་ལུས་སེམས་སོ་སོར་བཅོས་པ་དེ་ལྟར་ལགས་མོད། ལུས་ཀྱི་ན་ཚ་བཅོས་པ་ལ་ཆོས་ཀྱི་འབྲེལ་བ་ཅི་ཡོད་ཅེ་ན། ཤིན་ཏུ་ཡོད་དེ། སྤྱིར་བཏང་ན་ཚ་བཅོས་དུས་ནད་པའི་སེམས་བདེ་མི་བདེ་དང་།་སྙིང་སྟོབས་ཆེ་ཆུང་གི་ཁྱད་པར་ལས་གསོ་སླ་བ་དང་དཀའ་བའི་ཁྱད་པར་ཡོད་པར་ཕྱི་ནང་གི་སྨན་གཞུང་མང་པོར་བཤད་ལ། སྨན་པའི་མྱོང་བས་ཀྱང་མངོན་སུམ་གྲུབ། ཆོས་ཀྱི་གནད་དོན་ཤེས་མི་ཤེས་དང་། ཉམས་ལེན་ཡོད་མེད་ཀྱི་བར་ལ་ནི་ཁྱད་པར་དེ་བས་ཆེ་སྟེ། ནད་དང་གདོན་བྱུང་བའི་ཚེ་གང་ཟག་རབ་ཆོས་ལ་བརྟེན་པའི་ལྟ་བ་ངེས་པ་རྣམས་ནི་གང་སྣང་ལམ་དུ་ཁྱེར་ནས་ནད་ཟུག་གིས་གནོད་མི་ནུས་པར་མ་ཟད་བདེ་ཆེན་དུ་ཤར་བ་ཡང་ཡོད་དེ། འཇམ་དབྱངས་མཁྱེན་བརྩེའི་དབང་པོས། ན་ཚ་ལམ་ཁྱེར་གྱི་རྡོ་རྗེའི་ཐོལ་གླུ་ཆོས་ཉིད་གྲུབ་པའི་བདུད་རྩི་ལས། ཕྱི་འབྱུང་བཞི་འདུས་པའི་ཕུང་པོ་ལ། །གློ་བུར་བྲོ་ནས་ཀྱི་ཐེབས་པའི་ཚེ། །ནང་རིག་སྟོང་གཉུག་མའི་ཁྱེའུ་ཡིས། །སྣང་བ་ལམ་ཁྱེར་གྱི་གླུ་འདི་བླངས། །ཞེས་སོགས་མང་པོ་དང་། མི་ཕམ་འཇམ་པའི་རྡོ་རྗེས། ན་ཚ་ལམ་ཁྱེར་གྱིས་གདམས་པ་ནད་སྦྱོང་བདུད་རྩིའི་ཆར་རྒྱུན་ལས། ན་བ་ན་བ་མ་ཡིན་ཏེ། །ན་བ་བདེ་ཆེན་ཆོས་སྐུའི་ངང་། །དེ་ལྟར་རྟོགས་པའི་རྣལ་འབྱོར་པ། །ན་དང་མི་ན་ཁྱད་མེད་པའོ། །ཞེས་མང་དུ་གསུངས་པ་ལྟར་དང་། མ་མཐར་ལས་འབྲས་ལ་ཡིད་ཆེས་བརྟན་པོ་རྙེད་པ་ཞིག་ཡིན་ཀྱང་། འཁོར་བའི་རང་བཞིན་ཡིན་པ་དང་། རང་གི་ལས་འབྲས་སུ་ཤེས་པས་མི་དགའ་བ་མེད་པར་མ་ཟད། སྤྱོད་འཇུག་ལས། གཞན་ཡང་སྡུག་བསྔལ་ཡོན་ཏན་ནི། །སྐྱོ་བས་དྲེགས་པ་སེལ་བར་བྱེད། །ཅེས་སོགས་གསུངས་པ་ལྟར། ནད་ལ་ཡོན་ཏན་དུ་བལྟས་ནས་འདུ་ཤེས་བསྒྱུར་བའི་ཚུལ་གྱིས་ཤེས་པ་གསུམ་སྒོ་ནས་ནད་ལམ་དུ་ཁྱེར་ཚུལ་གྱི་མན་ངག་མང་དུ་ཡོད་པས། །དེ་དག་རང་གིས་གང་ཉམས་འོག་ཏུ་ཚུད་པ་དང་། བློ་ལ་གང་འཐད་ལྟར་ཉམས་ལེན་གྱིས་ཟིན་པར་བྱས་པས་རྟོགས་པའི་བོགས་ཐོན་ནས་བྱང་ཆུབ་སྒྲུབ་པའི་གྲོགས་སུ་བསྒྱུར་ཐུབ་པ་དང་། དེ་ལྟར་མིན་ཡང་ན་ཚས་རྐྱེན་པས་སེམས་ལ་འཇིགས་སྐྲག་དང་ཡི་ཆད་སོགས་མེད་པར་བློ་བྲོད་པ་སྐྱེ། ནང་བསམ་པའི་སྟོབས་དེས་ཕྱི་ལུས་ཀྱི་ཟུག་རྔུའི་ཚོར་བའང་ཟིལ་གྱིས་གནོན་ནུས་པ་འབྱུང་སྟེ། ཇི་སྐད་དུ། ལུས་སེམས་གཉིས་ཀྱི་ནང་ནས། སེམས་དེ་ལུས་ལ་དབང་སྒྱུར་བྱ་བའི་གཙོ་བོ་ལྟ་བུ་དང་། ལུས་དེ་སེམས་ཀྱི་དབང་བསྒྱུར་བྱ་ལྟ་བུར་གནས་པས། བདེ་སྡུག་གི་ཚོར་བ་སེམས་ཀྱི་དེ་མཐུ་ཆེ་བ་ཡིན། ཞེས་གསུངས་པ་ལྟར་ཡིན་པ། དེས་ན། ནད་གསོ་སླ་བ་ལ་ཡང་ཤུགས་རྐྱེན་ཆེན་པོ་ཐོན་ངེས་ཤིང་། དེ་འདྲའི་རྒྱུ་མཚན་གང་ཡང་མི་ཤེས་པ་རྣམས་ལ་ནི། །དེའི་ཚེ་ལུས་སེམས་གཉིས་ཀ་བདེ་བའི་གོ་སྐབས་མེད་ཅིང་། ནད་ལམ་དུ་ཁྱེར་བ་ཞེས་པ་ནི་དེ་བས་ཀྱང་མེད་པ་སྨིས་ཅི་དགོས། འདི་དག་དཔལ་ལྡན་རྒྱུད་བཞིའི་དགོངས་པ་ཡིན་ཏེ། རྒྱུད་ལས། ལུས་སེམས་ནད་གདོན་རང་བཞིན་མ་གྲུབ་ཕྱིར། །བདག་མེད་རྟོགས་པའི་དོན་ལ་རྒྱུན་དུ་བལྟ། །ཞེས་དང་། བྱ་བྱེད་སྨན་པའི་རྒྱུ་ཡི་སྐབས། བསམ་པ་དཀར་བ་བྱང་ཆུབ་སེམས་ལྡན་པ། །སོགས་ནས། དེ་ལྡན་གསོ་སླ་འཚོ་མང་གྲོགས་སུ་འགྱུར། །ཞེས་སོགས་ཀྱི་རྒྱུད་ཚིག་རྣམས་ལ་ཞིབ་ཏུ་དཔྱད་པས་ངེས་ཤེས་ཁྱད་པར་ཅན་སྐྱེ་བར་འགྱུར་རོ། །དེས་ན་སྨན་པ་གང་ཞིག་ཕྱི་ཤེས་བྱ་གཞུང་གི་སྐོར། ནང་གདམས་པ་ཐབས་ཀྱི་སྐོར། གསང་བ་ལག་ལེན་དམར་ཁྲིད་ཀྱི་སྐོར། ཡང་གསང་ཉམས་མྱོང་གནད་ཀྱི་སྐོར་ལ་མཁས་པའི་གདེང་ཚད་བཞི་དང་ལྡན་པར་བྱས་ནས། གསོ་རིག་ལམ་གྱི་གཞུང་ཤེས་ཤིང་ཇི་ལྟ་བ་བཞིན་ཉམས་སུ་བླངས་ན། འདི་ཁོ་ནའི་ལམ་རང་རྐང་ལ་བརྟེན་ནས་རྣམ་མཁྱེན་དུ་བགྲོད་པའི་ཐབས་དང་ལྡན་པ་ཡིན་པར་ཤེས་པར་བྱའོ།།
 

            འདིར་སྨྲས་པ། གསོ་རིག་ལེགས་བཤད་གཞུང་བརྒྱའི་སྤྲིན་རུམ་ནས། །དཀའ་གནད་གསལ་བཤད་བདེན་གཏམ་དབྱར་སྐྱེས་རྔ། །དལ་བུར་སྒྲོགས་ཚེ་དད་གསུམ་གཙུག་ཕུད་ཅན། །འཚོ་བྱེད་རྨ་བྱ་དགའ་བའི་གར་གྱིས་བྲེལ། །རྟོག་བཟོ་མ་ཡིག་རྒྱུད་ཆེན་ཟབ་མོའི་དོན། །རང་གར་མ་སྨྲས་ལུང་དང་རིགས་པས་བསྒྲུབས། །གྲགས་ཕྱིར་མ་ཡིན་གསོ་རིག་བསྟན་པའི་ཕྱིར། །བྲིས་འདིས་གཟུར་གནས་མཁས་རྣམས་དགྱེས་པའང་སྲིད། །འདི་ཡི་དགེ་བས་གངས་ཅན་གསོ་རིག་བསྟན། འཛམ་བུའི་སྒྲ་ལྡན་གླིང་འདིའི་ཁྱོད་ཀུན་ཏུ། །དར་ཞིང་རྒྱས་ནས་ལུས་ཅན་མཐའ་དག་གི། །གཉེན་དུ་བརྟན་པའི་བྱ་བ་བྱེད་གྱུར་ཅིག ། །།


 

མཐའ་མའི་འདོན་ཐེངས་།: 14.10.2017 ཉིན། 4:15 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།