སྨན་རྩིས་དྲ་བ།

ལུས་ཤ་ཇི་ལྟར་སྐེམ་པར་བྱེད་དགོས་སམ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.03.2011
གླེང་སྟེགས། >> འཕྲོད་བསྟེན་སྐོར།

དེང་དུས་གཞོན་ནུ་མང་དག་ཅིག་གིས་དང་དོད་བྱེད་བཞིན་པ་ནི་ལུས་ཤ་སྐེམ་པར་བྱེད་རྒྱུ་དེ་དང་། ལྷག་པར་དུ་གཞོན་ནུ་མ་ཀུན་གྱིས་རྒྱགས་པ་ཞེས་པའི་མིང་དེ་དང་དེའི་འཇུག་ཡུལ་གྱི་ལུས་པོ་རྒྱགས་པ་སྦོམ་པོ་དེ་ནི་མཐོང་མ་བདེ་བ་དང་ཐོས་པར་མི་སྤྲོ་བའི་གནས་བབ་ཅིག་ལ་ངོས་འཛིན་པར་མཐོང་བའི་ཚོར་སྣང་དང་འབྲེལ་བའི་བསམ་ཚུལ་ཞིག་ནི། མི་ཞིག་ལ་རྒྱགས་པ་ཡིན་བཞིན་དུ་རྒྱགས་པ་ཡིན་ཚུལ་བཤད་ན་དོན་དངོས་ཁས་ལེན་དཀའ་ལ། དེ་ལས་ཅུང་སྐམས་འདུག་ཅེས་ངོ་ཐོག་ནས་བསྙོན་པར་བཤད་ཀྱང་དགའ་འགྲོ་བ་ནི་ཅུང་དགོད་བྲོ་བ་ཞིག་རེད། དེས་ན་སྐེམ་པར་འདོད་པ་རྣམས་ཀྱིས་སྐེམ་ཚུལ་ཤེས་དགོས་ཏེ། ལ་ལས་ལྟོ་བཅག་ནས་སྐེམ་པོ་བཟོ་བ་དང་། ལ་ལས་སྨན་ཟོས་ནས་སྐེམ་པོ་བཟོ་བ། ལ་ལས་བྱ་ཐབས་གཞན་སྤྱད་པ་སོགས་ཀྱིས་བྱེད་ཀྱི་ཡོད་མོད། དེ་དག་ཐམས་ཅད་སྐེམ་པོ་བཟོ་ཐབས་ཙམ་ལས་དོན་ལ་ལུས་ཕུང་ནད་གཅོང་ཆགས་ནས་ལུས་ཟུངས་སྐམས་ཏེ་ལུས་ཤ་བྲི་བ་ཞིག་རེད། དེས་ལུས་ཕུང་སྐེམ་པ་ཙམ་ལས་ལུས་ཕུང་ལ་བདེ་ཐང་མེད་པ་མ་ཟད། མདངས་སྟོབས་ཀྱང་མེད། འོ་ན་སྐེམ་པོ་བཟོ་ཐབས་ནི་ཅི་ཞིག་རེད་ཟེར་ན། ལུས་ཀྱི་ཚགས་བཟང་ཞིང་མདོག་ལེགས་པ། མདངས་རྒྱས་པ་དང་སྐབས་བྱེད་པ་སྟེ་ཕྲ་ས་ཕྲ་ལ་སྦོམ་ས་སྦོམ་དགོས་པ་ཞིག་བྱུང་ན་སྐེམ་པོ་བཟོ་རྒྱུའི་ཆ་རྐྱེན་ནམ་མཚན་ཉིད་ཚང་བའི་ཚད་ཡིན། དེ་འདྲ་ཞིག་ཡོང་བ་ལ་གཤམ་གྱི་ཆ་རྐྱེན་འདི་དག་ངེས་པར་དུ་བསྐྲུན་དགོས། ༡། ལྟོ་ཆས་དུས་ལྟར་བཟའ་དགོས་པ། ༢། འཚོ་བཅུད་ལེགས་པའི་བཟའ་བཏུང་བསྟེན་པ། ༣། སྣུམ་བཅུད་ལ་རོལ་བ། ༤། ལུས་པོ་འགུལ་བསྐྱོད་མང་ཙམ་བྱེད་པ། ༥། སྐབས་སྐབས་སུ་ལུས་ཀྱི་ཕྱི་ནང་ལ་སྣུམ་བསྟེན་པ་བཅས་བྱེད་དགོས་སོ། །

དེས་ན་དང་པོ། ལྟོ་ཆས་དུས་ལྟར་ཟོས་པས་ལུས་ཟུངས་ཀྱི་ཟུངས་རྒྱུན་མ་ཆད་པར་རིམ་བཞིན་མཐུད་རྒྱག་ཐུབ་པར་གྱུར་ཅིང་། དེས་ནད་རིགས་སྔོན་འགོག་དང་ལྷག་པར་དུ་འགོས་ནད་དང་ཕོ་ནད་འགོག་ཐུབ་པ་ཡིན། གཉིས་པ། འཚོ་བཅུད་ལེགས་པའི་བཟའ་བཏུང་གིས་ལུས་ཟུངས་བསྐྱེད་པ་དང་མདངས་སྟོབས་རྒྱས་པ་སྟེ་འོད་མདངས་འཕེལ་བར་བྱེད་ནུས་པ་ཡིན། གསུམ་པ། སྣུམ་བཅུད་ལ་རོལ་བས་ལུས་ཀྱི་དྲོད་སྐྱེད་ཅིང་། དྲོད་དེས་ལུས་ཀྱི་མ་སྨིན་པའི་ཚིལ་ཞག་བཞུས་པ་དང་། དེ་བཞིན་ལུས་ཀྱི་གྲང་བ་དང་རླུང་བཀག་ནས་ལུས་ཟུངས་བདུན་དང་དྲི་མ་གསུམ་པོ་དུས་ལྟར་རང་གནས་སུ་སྨིན་པར་བྱེད་པ་ཡིན། བཞི་བ། ལུས་པོ་འགུལ་བསྐྱོད་ཀྱིས་ཁྲག་གི་འཁོར་རྒྱུག་ལེགས་ཤིང་རྩ་ལམ་མཉེན་ཅིང་བྱང་བ་ལ་བརྟེན་ནས་བཟའ་བཏུང་གང་ཡིན་པའི་དྭངས་མ་ལུས་ཟུངས་སུ་འདྲེན་པར་བྱེད་ནུས་པ་ཡིན། མདོར་ན་ལུས་པོ་སྐེམ་པར་འདོད་པ་དག་གིས་ལུས་པོ་འགུལ་བསྐྱོད་ཀྱི་ལས་ཀ་མང་ཙམ་བྱས་ན་དམིགས་སུ་ལུས་རྩལ་འདྲ་རྩེད་མི་དགོས། ལྔ་བ། སྐབས་སྐབས་སུ་ལུས་ཀྱི་ཕྱི་ནང་ལ་སྣུམ་བསྟེན་པ་ལས་ནང་ངམ་ཁོང་དུ་བཏང་བས་ནང་གི་ལུས་དྲོད་ཆེར་བསྐྱེད་པའི་ཆེད་དང་། ཕྱི་ལ་བསྐུས་པས་པགས་པ་སྲུང་ཞིང་མདངས་འཛིན་པ། དེ་བཞིན་བ་སྤུའི་བུ་ག་ནས་ལུས་ཀྱི་ཕྱི་ནང་གི་རླུང་ཕར་ཚུར་འགྲོ་བ་འགོག་སྡོམ་བྱེད་ནུས་པ་བཅས་ཡིན།

དེས་ན་སྐེམ་པོ་འདོད་པ་རྣམས་ཀྱིས་བཟའ་བཏུང་སྤང་རྒྱུ་དེ་སྐེམ་ཚུལ་ཡང་དག་མ་ཡིན་པར་གོང་དུ་བཤད་པའི་རིམ་པ་རྣམས་ཚུལ་བཞིན་བསྟེན་རྒྱུ་དེ་གལ་ཆེ་བ་ཡིན་པ་ནི་སྙིང་ལ་གཅགས་རྒྱུ་དང་། དེའི་ཐད་ཀྱི་བླང་བྱའམ་སྲུང་བྱ་གོང་དུ་བཀོད་པ་རྣམས་ཡིན་པས་དུས་ལྟར་ཉམས་སུ་བླང་བར་འཚལ།

མཐའ་མའི་འདོན་ཐེངས་།: 04.04.2011 ཉིན། 9:37 AM

<< སྔ་མ།

དཔྱད་བརྗོད་བཀོད་པ།

མདོ་སྨད་སྨན་པ་བྱང་སེམས་མཐའ་ཡས། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 12.09.2012 ཉིན། 10:20 AM
སྦོམ་པོ་བྲི་ལ་སྦྲང་རྩིའི་ཆུ་བཏུང་ཞེས་པའི་གསོ་རིག་གཞུང་ལས་གསུང་པ་དང་མི་མཐུན་པའི་རྒྱུ་མཚན་ཅི་རེད།
གངས་ཅན་གསོ་རིག་གཞོན་ནུ། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 02.03.2012 ཉིན། 3:40 PM
ཁྱེད་ཅག་གི་གསུངས་ངོ་མའི་དོན་སྙིང་ལྡན་པས་མུ་མཐུད་དུ་སྤེལ་རྒྱུ་གལ།
གསོ་བ་རིག་པ་དང་ཚན་རིག་གཉིས་ཀས་ངོས་འཛིན་བྱེད་པའི་བྱ་ཐབས་ཤིག དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 14.10.2011 ཉིན། 12:51 PM
བཤད་རྒྱུད་ལེའུ་བཅུ་དུག་ལས། ཟས་ཟོས་བར་མཐའ་ཐོག་མར་སྐོམ་འཐུངས་ན། །ཉམ་འཚག་རན་ཞིང་སྦོམ་དང་སྐེམ་པོར་འགྱུར། ། ཞེས་གསུངས་པ་ལས་ཟས་ཀྱི་སྔོནལ་ཆུ་སོགས་སྐོམ་འཐུངས་པ་ཡིན་ན་ལུས་ཤ་སྐེམ་པར་འགྱུར་གྱི་ཡོད། ཆུ་དགྲ་མེ་ཡིན་པས་ཆུ་ཡིས་མེ་དྲོད་ཀྱི་དབལ་འཇོམས་པར་བྱེད་པས་ཟས་གང་ཟོས་པ་རྣམས་འཇུ་མི་ཐུབ་པས་ལུས་ཤ་སྐེམ་པའོ། དེ་དང་ཕྱོགས་མཚུངས་ཉེ་ཆར་རྒྱ་གར་དུས་བབ་ཚགས་པར་ནང་ཟས་ཀྱི་སྔོན་ལ་ཆུ་འཐུངས་ན་ལུས་ཤ་སྐེམ་པར་ཕན་ནུས་ཐོན་གྱི་ཡོད་སྐོར་ཚན་རིག་པས་གསུངས་འདུག དེ་ཡང་ཟས་སྔོན་ལ་ཆུ་འཐུངས་ན་ཟས་ཀྱི་དང་ག་འགགས་ནས་ལུས་ཤ་སྐེམ་པར་འགྱུར་ཚུལ་གསུངས། དེ་གཉིས་ཀས་དོན་དམ་ཟས་ཀྱི་སྔོན་ལ་ཆུ་འཐུངས་ན་ལུས་ཤ་སྐེམ་གྱི་ཡོད་པ་གཅིག་མཚུངས་སུ་དོད་པ་ར་སྤྲོད་བྱུང་འདུག་སྙམ།
བལ་ཡུལ་སྨན་པ་ཞིག དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 03.08.2011 ཉིན། 11:14 PM
སྐེམ་པོ་བཟོ་བ་ལ་སྤྱིར་སྟངས་ཐབས་ཤེས་མང་པོ་ཡོད་མོས་བཞིན། ཐབས་ཤེས་དེ་དག་དོན་དངོས་ཐོག་ཕན་ཐོགས་པ་བྱ་རྒྱུ་ནི་རང་ཅག་སྨན་པ་རྣམས་ཀྱི་དམིགས་ཡུལ་ཡིན། གཙོ་བོ་ལུས་ཤ་སྐེམ་པོ་དང་རྒྱགས་པ་ཟེར་བ་དེ་ལུས་ནང་དུ་ཚིལ་ཞག་ཚད་ལས་ཐལ་དྲགས་མ་དྲགས་ཀྱི་གནས་ཚུལ་ཞིག་སྟེ། དགོངས་པ་བཞེས་རྒྱུ་ཞིག་ནི་ཚིལ་ཞག་དེ་དག་གང་ནས་ཡོང་བ་དང་། དོན་ལྔ་སྣོད་དྲུག་གང་གི་ཤ་ཚིལ་དེ་དག་སྐྲུན་པ་རེད་བཅས་ཐོག་མར་འདི་ཐོག་དཔྱད་པ་བྱེད་དགོས། བརྒྱ་ཆ་ཉུང་ཤེས་མ་གཏོགས་ཚིལ་ཞག་མང་ཆེ་བ་མཆིན་པའི་བྱས་ལས་ཉམས་པ་ལས་བྱུང་བ་དང་གྲོད་ཁོག་སྟོང་པ་བཞུགས་པ་ལས་བྱུང་བ་ཡིན། ཚིལ་ཞག་གི་བྱས་ལས་གཙོ་བོ་ནི་ལུས་སྣུམ་པར་བྱེད་པ་དང་ཟས་མི་འབྱོར་བའི་གནས་སྐབས་དཔེར་ན་མཚན་མོའི་དུས་སུ་ཚིལ་ཞག་ནས་ཟས་བཅུད་འགྱུར་སྟེ་འབད་སྤྱོད་བྱེད་པ་ཡིན། དེས་ན་མཆིན་པའི་མེ་དྲོད་བསྲུང་བ་དང་གྲོད་ཁོག་ལྟོགས་པ་མི་བཞུགས་བ་ནི་ལུས་ཤ་སྐེམ་བ་ལ་ཆེ་ཤིན་ཏུ་ནི་གལ་ཆེ་བའི་ཐབས་ཤེས་སམ་སྔོན་འགོག་ཞིག་ཡིན། གཞན་ཡང་རྩོལ་བཅག་གནང་ཡ་དང་སྐུ་བྱུག་བྱ་རྒྱུ་དང་ཁ་ཟས་ཚིལ་ཞག་རྣམས་འཛེམ་རྒྱུ་ནི་གལ་ཆུང་གྱི་གནས་ཚུལ་ཞིག་ཏུ་སེམས།
གྲོགས་པོ་ལགས། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 16.07.2011 ཉིན། 4:26 PM
སྣུམ་བསྟེན་པའི་ཚད་ནི་འདི་དང་འདི་ཡིན་ངེས་གཏན་མེད། མི་སོ་སོའི་ལུས་ཁམས་དང་ལུས་སྟོབས་ལ་ལྟོས་པ་ཡིན། དེ་ལས་ཀྱང་མང་དྲགས་པ་ན་བསྟེན་ཐབས་ལོག་པ་ཡིན་པས་གསོ་རིག་གཞུང་ན་དེ་ལ་འཕེལ་བའི་ནད་བསྐྱེད་པའི་རྒྱུ་རུ་བཞག་ཡོད་པ་རེད། གང་ལྟར་སྐབས་སྐབས་སུ་ཁམས་འཕྲོད་རེ་བསྟེན་ན་འགྲིག་པ་ཡིན།
dakpalama@yahoo.com དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 13.07.2011 ཉིན། 11:01 AM
ཁྱེད་ཅག་གིས་ལུས་ཀྱི་ཤ་སྐེམ་པོ་བཟོ་བའི་ཐབས་ཚུལ་གྱི་ནང་། ལུས་ཀྱི་ནང་དུ་སྣུམ་བསྟེན་དགོས་ཚུལ་གསུངས་པ་དེ་ཞིབ་ཚགས་པོ་དེ་འདྲ་མི་འདུག སྣུམ་ཁོག་པར་འགྲོ་བ་མང་ཉུང་ཡང་ཚད་གཞི་མི་འདུག དེ་ཡང་ཁ་ཤས་ཀྱིས་ཚིལ་ཞག་ཅན་གྱི་ཁ་ཟས་བསྟེན་རྒྱུ་མང་དྲག་ན་མཁྲིས་པ་ན་རྒྱུའི་ཉེན་ཁ་ཡོད་པར་བརྟེན་ཕྱོགས་ཡོངས་ནས་འབྲེལ་བཤད་གཙང་མ་རྒྱག་རོགས་གནང་ཞུ་རྒྱུ་ཡིན།
ཚེས་བཅུ། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 18.06.2011 ཉིན། 4:33 PM
ལུས་ཚགས་ཞེས་པ་འདི་གསོ་རིག་གཞུང་དུ་གསལ་བའི་ཐ་སྙད་ཅིག་ཡིན། བཤད་རྒྱུད་ཟས་ཚོད་རན་པར་བཟའ་བའི་ལེའུ་ལས། ཟས་ཟོས་བར་མཐའ་ཐོག་མར་སྐོམ་འཐུངས་ན། །ཉམ་འཚག་རན་ཞིང་སྦོམ་དང་སྐེམ་པོར་འགྱུར། ། ཞེས་ལུས་ཀྱི་ཉམས་ཚགས་སམ་ཉམ་འཚག་ཅེས་པའི་ཚིག་བསྡུས་ནས་བརྗོད་པ་ཞིག་ཡིན། འདིའི་སྐབས་མེས་ཞལ་དང་བཻ་སྔོན་དུ། ་་་དང་པོ་ལྟར་ན་ལུས་ཀྱི་ཉམས་ཚགས་རན་ཞེས་གསལ་བར་གསུངས་ཡོད། སྤྱིར་ཚགས་ནི་ལུས་ཤ་རྒྱགས་པ་འམ་མཁྲེགས་པོ་དང་གྲིམས་པོའི་དོན་ཡིན། ལུས་ཀྱི་ཉམས་ཚགས་རན་ཞེས་པའི་དོན་ནི་དཀའ་འགྲེལ་ལས། ཤ་གྲིམས་པ་སོགས་ཚག་དམ་ཞིང་། རྒྱག་ལོས་རན་པའི་དོན་ཞེས་གསལ་ཡོད། སྤྱིར་ལུས་ཤ་སྐེམ་པོ་ལས་རྒྱགས་པ་དང་། རྒྱགས་པ་ལས་སྐེམ་པོ་བཟོ་ཚུལ་གཉིས་ལས་གང་བཟང་བ་ནི་རྒྱུད་ལས། འཚོ་བས་སྐེམ་བཟང་བརྟ་བ་ཚོད་ཟིན་བྱ། ཇི་ལྟར་གསུངས་པ་བཞིན་སྐེམ་པོ་དེ་བཟང་བ་ཡིན་མོད་ལུས་ཤ་སྐེམ་པོ་ཙམ་ལ་ཡི་རང་དང་ངོ་མཚར་ཆེ་རྒྱུ་གང་ཡང་མེད། ལུས་ཤ་སྐེམ་པོ་འམ་རྒྱག་ལོས་རན་པ་གང་ཞིག་ལ་ལུས་ཀྱི་ཤ་སྒྲིམ་སོགས་ཀྱི་ཚགས་དམ་པོ་དགོས་པ་དེ་གནད་ཡིན་པ་སྙམ།
འགྲོ་ཕན་ དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 17.05.2011 ཉིན། 2:06 PM
ཧ་གཟི་མིག་གསུམ་པས་བདེན་པ་ལབ་འདུག་ སྐེམ་པོ་བཟོ་ཐབས་ལ་གསོ་རིག་གཞུང་ནང་དུ་ཧ་ཅང་ཡག་པོ་དང་གྲ་རྒྱས་པོ་གསུངས་ཡོད་ དཔེར་ན་ ཟས་བཟའ་སྐབས་ཟས་ཀྱི་སྔོན་དུ་ཆུ་མཐུང་ཚུལ་དང་ཟས་མཉམ་ཆུ་མཐུང་ཚུལ་ཟས་རྗེས་ཆུ་མཐུང་ཚུལ་རིམ་པ་གསུམ་ཡོད་ཀྱང་ཁྱེད་ཚོའི་དབྱད་རྩོམ་ནང་ཟུར་ཙམ་མིན་འདུག་།
དྲ་ངོས་ལ་ཕེབས་པའི་སྐུ་མགྲོན་ལྷན་རྒྱས་ལ། དཔྱད་བརྗོད་སྤེལ་མཁན། རྩོམ་སྒྲིག་པ། ཟླ་ཚེས། 13.05.2011 ཉིན། 12:37 PM
ཐོག་མར་གཟི་མིགགསུམ་པ་་ལགས་ཀྱིས་སྤེལ་བའི་དཔྱད་བརྗོད་འདི་ལ་དཔྱད་བརྗོད་སྤེལ་མཁན་གྱི་སྐུ་མགྲོན་ལྷན་རྒྱས་ནས་དབྱེ་ཞིབ་ཤན་འབྱེད་ཡོང་བའི་རེ་བ་ཞུ།
གཟི་མིག་གསུམ་པ་ དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 12.05.2011 ཉིན། 12:37 PM
ལུས་སྐེམ་པའི་དཔྱད་ཡིག་ནང་ལ་༼ལུས་ཚགས་༽ཞེས་པ་གསོ་རིག་ནང་གི་ཐ་སྙད་ཡིན་ནམ་ཡང་ན་བརྡ་རྙིང་ཡིན་ངས་ཤེས་མ་སོང་བས་བསལ་ཁ་ཡོད་པ་ཞུ་༼ལུས་སྟོབས༽་ཀྱི་དོན་རེད་པས་ངས་ད་བར་ལུས་ཚགས་ཟེར་བ་གསོ་རིག་ནང་མཇལ་མ་སོང་བས་འདི་གང་དུ་ཡོད་དམ་?སྤྱིར་འདི་ནི་ཟས་སྤྱོད་ཙམ་ལས་ལུས་སྐེམ་པོ་བཟོ་ཐབས་ཆ་ཚང་བ་ཞིག་ཏུ་ངོས་འཛིན་ཐུབ་པ་དཀའ་གང་ལ་ཞེས་ན་དཔལ་ལྡན་རྒྱུད་ནང་ལ་སྐེམ་པོ་དང་རྒྱག་པ་བཟོ་ཐབས་བསྟན་ཡོད་ཀྱང་དེ་ནི་འདིའི་ནང་ཟུར་ཙམ་ལས་མིན་འདུག་པས་གངས་ཅན་པའི་གསོ་རིག་ཚོགས་པ་ཆེ་ཤོས་སྨན་རྩིས་ཁང་གཞུང་གི་དཔྱད་ཡིག་ནང་ལ་ཐབས་སྐྱོ་པོ་ཆ་མ་ཚང་བ་འདི་འདྲ་ཡོང་དུས་ང་སེམས་ཀྱི་ཟོས་ཀྱི་མིན་འདུག་
གཞུང་ནས་འདི་རིགས་ལ་ངེས་པར་དུ་གཟིགས་ཞིབ་ནན་པོ་དགོས་
སྐུ་མགྲོན་ལགས། དཔྱད་བརྗོད་སྤེལ་མཁན། རྩོམ་སྒྲིག་པ། ཟླ་ཚེས། 06.04.2011 ཉིན། 9:26 AM
སྐབས་འདིར་ནང་དུ་སྣུམ་བསྟེན་ཞེས་པ་ནི་སྣུམ་རྐྱང་པ་མར་ཁུ་སོགས་སྔར་བཏུང་སྲོལ་ཡོད་པ་དེ་དག་ལ་བཤད་ཀྱི་ཡོད་པ་ཞིག་ཡིན་ཡང་། དེ་ནི་གོམས་གཤིས་དང་ཟས་ཁམས་ལ་ལྟོས་ཆེ་སྟབས་སྣུམ་རིགས་ལྡན་པའི་བཟའ་བཏུང་གིས་ཚབ་མཚོན་ནུས་པ་ཡིན། གཙོ་བོ་ཁོག་པའི་ནང་དུ་སྣུམ་རིགས་སླེབས་དགོས་པ་དེ་སྐབས་འདིའི་སྙིང་དོན་ལགས་སོ།།
ལུས་ཤ་ཇི་ལྟར་སྐེམ་པ། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 04.04.2011 ཉིན། 4:05 PM
ལུས་ཀྱི་ཕྱི་ནང་དུ་སྣུམ་བསྟེན་པ་ཟེར་བའི་ནང་ལ་སྣུམ་བསྟེན་པ་ཟེར་བ་སྣུམ་ལྡན་གྱི་ཟས་རིགས་ཟོས་པ་གོའམ།

དཔྱད་བརྗོད་འགོད།