སྨན་རྩིས་དྲ་བ། - མདུན་ངོས།

ལས་བྱེད་ཞབས་ལོ་ཉི་ཤུ་དང་སུམ་ཅུ་འཁོར་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.03.2016
མདུན་ངོས། >>

 


ལས་བྱེད་ཞབས་ལོ་ཉི་ཤུ་དང་སུམ་ཅུ་འཁོར་བ།


འདི་ལོ་དྷ་ས་བོད་ཀྱི་སྨན་རྩིས་ཁང་གི་ལས་བྱེད་ཞབས་ལོ་སུམ་ཅུ་སོན་པ་གཉིས་དང་། ཞབས་ལོ་ཉི་ཤུ་སོན་པ་བདུན་བྱུང་ཡོད་པ་རྣམས་ལ་ཕྱི་ལོ་༢༠༡༦ ཟླ་༣ ཚེས་༢༣ སྨན་རྩིས་ཁང་བརྒྱ་སྟོན་མཛད་སྒོའི་སྐབས་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་གིས་གཟེངས་བསྟོད་བྱ་དགའ་གསོལ་སྩལ་གནང་བ་རེད། མི་ལོ་དེ་དག་གི་རིང་སྨན་རྩིས་ཁང་དུ་ཞབས་འདེགས་ཕུན་སུམ་ཚོགས་པ་ཞུས་ཐུབ་པར་ཡི་རང་བསྔགས་བརྗོད་ཞུ་བ་དང་སྦྲགས། ཁོང་རྣམས་པའི་ངོ་སྤྲོད་མདོར་བསྡུས་རེ་ཞུ་རྒྱུར།

 

༡། དིལླི་ཕྱིར་ཚོང་འགན་འཛིན་གཞོན་པ་ཟླ་བ་སྒྲོལ་མ་ལགས།

ཟླ་བ་སྒྲོལ་མ་ལགས་ཕྱི་ལོ་ ༡༩༨༥ ཟླ་ ༧ ཚེས་ ༢༥ ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་ཀྱིས་ཐོག་མར་དིལླི་ནི་ཛ་མྨུ་དིན་ཡན་ལག་སྨན་ཁང་གི་སྣེ་ལེན་མ་དང་། དེ་ནས་ལས་དྲུང་། ལས་ཞོར་སྨན་རྩིས་ཁང་གི་ཕྱི་ནང་འབྲེལ་མཐུད་པའི་ལས་འཁུར་ཡང་བླངས་ཏེ་གཞུང་འབྲེལ་ཕྱི་བསྐྱོད་ཡིག་ཆ་བཟོ་རྒྱུ་དང་། ཕྱི་རྒྱལ་ཚོགས་པ་དང་གཞུང་ཚབ་ལས་ཁུངས་ཁག་ལ་འབྲེལ་བ་བྱེད་རྒྱུ། གནམ་གྲུའི་ཕྱག་ཁྱེར་ཉོ་རྒྱུ་སོགས་ཀྱི་ལས་དོན་གནང་བཞིན་ཡོད། ཕྱི་ལོ་ ༢༠༡༡ ལོར་དིལླི་ཕྱིར་ཚོང་ཁང་གི་འགན་འཛིན་གཞོན་པར་བསྐོ་བཞག་བསྩལ་བ་དང་། ཕྱི་ནང་ཚོང་འབྲེལ་གྱི་འབྲེལ་མཐུད་པའི་ལས་འགན་ཡང་བསྐུར་ཡོད་པ་བཅས་ད་བར་མི་ལོ་ཧྲིལ་པོ་ ༣༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།

 

༢། ས་ཁང་འགན་འཛིན་དགྲ་འདུལ་ལགས།
དགྲ་འདུལ་ལགས་ནས་ཕྱི་ལོ་ ༡༩༨༦ ཟླ་ ༤ ཚེས་ ༡ ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་ཀྱིས་ཐོག་མར་སྨན་སྦྱོར་ཁང་དུ་སྨན་གཙང་བཟོའི་ལས་འཁུར་ཞུས། དེ་ནས་སྨན་ཐག་འཕྲུལ་འཁོར་གཏོང་མི་དང་། ཕྱི་ལོ་ ༡༩༩༧ ཟླ་ ༤ ཚེས་ ༡༨ ཉིན་མཐོ་སློབ་བུའི་ཉལ་ཁང་གི་ཕ་ཚབ་ཀྱི་ལས་འགན་བསྐུར། ཕྱི་ལོ་ ༢༠༡༣ ལོར་སྨན་རྩིས་ཁང་དབུས་ས་ཁང་སྡེ་ཚན་གྱི་འགན་འཛིན་དུ་བསྐོ་བཞག་བསྩལ་བ་བཅས་ད་བར་མི་ལོ་ཧྲིལ་པོ་༣༠རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།



ཞབས་ལོ་ ༢༠ ཟིན་པའི་ལས་བྱེད་གྲངས་བདུན།

༡། བདེ་སྲུང་འགན་འཛིན་བཀྲ་ཤིས་ཟླ་བ་ལགས།

བཀྲ་ཤིས་ཟླ་བ་ལགས་ནས་ཕྱི་ལོ་ ༡༩༩༣ ལོར་སྨན་རྩིས་ཁང་དུ་འཛུལ་ཞུགས་གནང་སྟེ་སྨན་སྦྱོར་ཁང་དུ་ལས་བཀོད་བསྩལ། དེ་ནས་སྨན་མཛོད་དང་སྨན་ཚོང་སྡེ་ཚན་དུ་སྨན་མཛོད་ཟོག་གཉེར་བའི་ལས་རོགས་དང་། ཕྱི་ལོ་ ༢༠༡༤ ལོར་སྨན་རྩིས་ཁང་གི་ཁོར་ཡུག་བདེ་འཇགས་དང་ཉེན་སྲུང་དོ་དམ་འགན་འཛིན་དུ་བསྐོ་བཞག་བསྩལ། ལས་ཞོར་སྨན་རྩིས་ལས་བྱེད་དང་ལས་མི་ཚོམ་བུའི་(Job Pool) འགན་འཛིན་གྱི་ལས་འགན་གཅིག་ལྕོགས་གནང་མུས་ཡིན། ལས་ཡུན་རིང་སྨན་རྩིས་ཁང་གི་ལས་བྱེད་བདེ་དོན་ཚོགས་ཆུང་གི་ཚོགས་གཙོ་གནང་མྱོང་ཞིང་། ཚོགས་མི་གནང་མུས་ཐོག་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།

 

༢། སྨན་རྩིས་སློབ་དགེ་སྨན་རམས་པ་ཉི་མ་རྒྱལ་མཚན་ལགས།

སྨན་དགེ་ཉི་མ་རྒྱལ་མཚན་ལགས་ནས་ཕྱི་ལོ་ ༡༩༩༤ ཟླ་ ༩ ཚེས་ ༡ ནས་སིམ་ལ་ཡན་ལག་སྨན་ཁང་གི་སྨན་པའི་ལས་འཁུར་ཞུས། དེ་ནས་སྦེང་ལོར་ཡན་ལག་སྨན་ཁང་དང༌། ཤི་ལོང་ཡན་ལག་སྨན་ཁང་། ཀ་ཏ་ཡན་ལག་སྨན་ཁང་། མན་སྤར་ཡན་ལག་སྨན་ཁང་། བྷན་རྡ་ར་ཡན་ལག་སྨན་ཁང་བཅས་སུ་སྨན་པ་དང་། འགན་འཛིན་སྨན་པའི་ལས་འཁུར་ཞུས་ཡོད། ཕྱི་ལོ་ ༢༠༠༥ ལོར་ཨམ་ར་ཝ་ཏི་དང་། མོམ་སྦེ་ས་ཁུལ་དུ་སྨན་སྐོར་བསྐྱོད། ཕྱི་ལོ་ ༢༠༡༠ ལོར་ཅེན་ནའི་ཡན་ལག་སྨན་ཁང་གི་སྨན་པ་འགན་འཛིན་དང༌། དེ་ནས་སྨན་རྩིས་མཐོ་སློབ་ཁང་གི་སྨན་དགེ་ལས་གནས་བསྩལ། རང་ཉིད་ནས་བོད་ཀྱི་གསོ་བ་རིག་པའི་ལག་ལེན་དང་སྦྱངས་པའི་གྲུབ་འབྲས་སུ་ ༢༠༠༥ ལོར་སྨན་རམས་པ་ཆུང་བ་དང༌། ཕྱི་ལོ་ ༢༠༡༣ ལོར་སྨན་རམས་པ་འབྲིང་བར་གནས་སྤར་བསྩལ། སྨན་རྩིས་ཁང་གི་སློབ་མ་མི་ཉུང་བར་ཉམས་གསོག་སློབ་འཁྲིད་གནང་བ་དང་། ནོར་ཝེ། Norway སུད་ཌན་ Sweden གཉིས་སུ་སྨན་སྐོར་ཕེབས་པ་བཅས་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་བསྟན་པའི་ཞབས་འདེགས་བསྒྲུབས་ཡོད།

 

༣། རྡོ་གླིང་ཡན་ལག་སྨན་རྩིས་ལས་སྣེ་བ་ཀུན་དགའ་ཆོས་སྒྲོན་ལགས།

ཀུན་དགའ་ཆོས་སྒྲོན་ལགས་ནས་ཕྱི་ལོ་ ༡༩༩༥ ལོར་སྨན་རྩིས་ཁང་དུ་འཛུལ་བཞུགས་ཀྱིས་ཐོག་མར་ས་ལུ་སྒ་ར་ཡན་ལག་སྨན་ཁང་གི་སྣེ་ལེན་མའི་ལས་འཁུར་དང་། དེ་ནས་རྡོ་གླིང་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ། ས་ལུ་སྒ་ར་ཡན་ལག་སྨན་ཁང་གི་རྩིས་པ། སྦེང་ལོར་ཡན་ལག་སྨན་ཁང་གི་སྨན་སྤྲོད། མཐར་རྡོ་གླིང་ཡན་ལག་སྨན་ཁང་གི་རྩིས་པའི་ལས་འཁུར་གནས་མུས་བཅས་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།

 

༤། སྦེལ་སྐོབ་ཡན་ལག་སྨན་རྩིས་ལས་སྣེ་བ་སྤེན་པ་ལྷ་མོ་ལགས།

སྤེན་པ་ལྷ་མོ་ལགས་ནས་ཕྱི་ལོ་ ༡༩༩༥ ལོར་སྨན་རྩིས་ཁང་དུ་འཛུལ་ཞུགས་ཀྱིས་ཐོག་མར་ཀོ་ལི་གྷལ་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འཁུར་ཞུས། དེ་ནས་སྤོན་ཌ་ཡན་ལག་སྨན་ཁང་གི་སྨན་སྤྲོད། དེ་རྗེས་སླར་ཀོ་ལི་གྷལ་ཡན་ལག་སྨན་ཁང་གི་རྩིས་པ། མཐར་སྦེལ་སྐོབ་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བའི་ལས་འགན་གནང་མུས་བཅས་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།

 

༥། སྔོ་སྦྱོར་ཉམས་ཞིབ་སྡེ་འགན་ལས་རོགས་བསྟན་འཛིན་སྙན་གྲགས་ལགས།
བསྟན་འཛིན་སྙན་གྲགས་ལགས་ཕྱི་ལོ་ ༡༩༩༥ ལོར་སྨན་རྩིས་ཁང་དུ་འཛུལ་ཞུགས་ཀྱིས་ཐོག་མར་ལྡི་ལི་ནི་ཛ་མྨུ་ཏིན་ཡན་ལག་སྨན་ཁང་གི་ལས་དྲུང་དང་། ལྡི་ལི་བོད་སྒར་ཡན་ལག་སྨན་ཁང་གི་མགྲོན་ཁང་བདག་གཉེར་བ། དེ་ནས་དབུས་སྨན་མཛོད་དང་། སྨན་ཚོང་སྡེ་ཚན་དུ་རྩིས་པའི་ལས་རོགས། དབུས་ཡན་ལག་སྤྱི་ཁྱབ་སྡེ་ཚན་དུ་རྩིས་ཁྲ་དང་སྦིལ་འཛིན་ཞིབ་འཇུག་པ་དང་རྩིས་པ། ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡ ཉིན་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་ལས་རོགས་སུ་བསྐོ་བཞག་བསྩལ། ལས་ཡུན་རིང་ཕྱོགས་མཐའི་ཡན་ལག་སྨན་ཁང་ཁག་ཏུ་ནང་ཞིབ་ཆེད་བསྐྱོད་པ་དང་། དབུས་སྨན་རྩིས་ཁང་གི་ལས་བྱེད་བདེ་དོན་ཚོགས་ཆུང་གི་ཚོགས་མི། ཨར་ལས་འཛུགས་བསྐྲུན་གྱི་ལས་གཞི་དང་འབྲེལ་བའི་ས་ཁང་ཚོགས་ཆུང་གི་ཚོགས་མིར་ཞུགས་ཏེ་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྱུབས་ཡོད།

 

༦། སྤོན་ཌ་ཡན་ལག་སྨན་རྩིས་ཁང་གི་སྨན་རྩིས་ལས་སྣེ་བ་ཚེ་རིང་བདེ་སྐྱིད་ལགས།
ཚེ་རིང་བདེ་སྐྱིད་ལགས་ནས་ཕྱི་ལོ་ ༡༩༩༥ ལོར་སྨན་རྩིས་ཁང་དུ་འཛུལ་ཞུགས་ཀྱིས་ཐོག་མར་ས་ལུ་སྒ་ར་ཡན་ལག་སྨན་ཁང་གི་རྩིས་པའི་ལས་འཁུར་ཞུས། དེ་ནས་དྭང་སློབ་ཡན་ལག་སྨན་ཁང་གི་སྨན་སྤྲོད་རྩིས་པ་གཅིག་ལྕོགས་དང་། སིམ་ལ་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ། མཐར་སྤོན་ཌ་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེབས་བསྒྲུབས་ཡོད།

༧། མཚན་སྲུང་བ་བཀྲ་ཤིས་ལྷ་རྒྱལ་ལགས།
བཀྲ་ཤིས་ལྷ་རྒྱལ་ལགས་ནས་ཕྱི་ལོ་ ༡༩༩༥ ལོར་སྨན་རྩིས་ཁང་དུ་འཛུལ་ཞུགས་ཀྱིས་དབུས་སྨན་རྩིས་ཁང་གི་དོ་སྐྱེལ་སྣུམ་འཁོར་ཁ་ལོ་བའི་ལས་འཁུར་ཞུས། དེ་རྗེས་ལ་དྭགས་སུ་སྨན་རྩིས་རིག་གཞུང་བསྟི་གནས་ཁང་གི་ཁ་ལོ་བའི་ལས་འགན་དང་། སླར་དབུས་སྨན་རྩིས་ཁང་དུ་ཁ་ལོ་བའི་ལས་འཁུར། ཕྱི་ལོ་ ༢༠༡༣ ལོར་ཁ་ལོ་བའི་ལས་གནས་ནས་དགོངས་ཞུས་བྱས་ཏེ་མཚན་སྲུང་བའི་ལས་འགན་གནང་མུས་ཐོག་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།

 

(ངོ་སྤྲོད་སྙིང་བསྡུས་ཀྱི་ཡིག་ཆ་འདི་དག་འཛིན་སྐྱོང་ཡིག་ཚང་ནས་གནང་འབྱོར་བྱུང་བ་གཞི་བཟུང་བཀོད་ཡོད།)

མཐའ་མའི་འདོན་ཐེངས་།: 31.03.2016 ཉིན། 2:35 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།