སྨན་རྩིས་དྲ་བ། - ལོ་རྒྱུས།

རྣམ་གླིང་པཎ་ཆེན་དཀོན་ཅོག་ཆོས་གྲགས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.06.2017
ལོ་རྒྱུས། >>



རྣམ་གླིང་པཎ་ཆེན་དཀོན་ཅོག་ཆོས་གྲགས།

- བྱམས་པ་འཕྲིན་ལས།
 

རྣམ་གླིང་པཎ་ཆེན་དཀོན་ཅོག་ཆོས་གྲགས་ནི། རབ་བྱུང་བཅུ་གཅིག་མེ་ཁྱི་(སྤྱི་ལོ 1646 )ལོར་འཁྲུངས། << ཕྱི་རྒྱུད་མེས་པོའི་ཞལ་ལུང་>> མཇུག (ཤོག་གྲངས་ ༢༢༠ ན་༡) ནང་རྣམ་སྲས་གླིང་པ་བྱ་རིགས། པཎ་ཆེན་དཀོན་ཅོག་ཆོས་གྲགས་ཞེས་འདུག་པས་འཁྲུངས་ཡུལ་ལྷོ་ཁ་རྣམ་སྲས་གླིང་ཡིན་ནམ་སྙམ། རྣམ་ཐར་དང་མཛད་འཕྲིན་སྐོར་གྱི་ཡིག་ཆ་མ་རྙེད། འོན་ཀྱང་རྣམ་གླིང་པཎ་ཆེན་དཀོན་ཅོག་ཆོས་གྲགས་རྒྱལ་དབང་ལྔ་པ་ཞལ་བཞུགས་སྐབས་སུ་ཧ་ཅང་མཐོང་ཆེན་གནང་ཡུལ་གྱི་མཁས་དབང་གྲས་ཤིག་ཡིན།
 

    རབ་བྱུང་བཅུ་གཅིག་ས་ལུག (སྤྱི་ལོ 1679 ) ལོར་པར་དུ་བསྐྲུན་པའི་ཕྱི་རྒྱུད་<< མེས་པོའི་ཞལ་ལུང >> ཆུ་མདོ་མན་གྱི་འགྲེལ་པ་རྣམ་གླིང་པཎ་ཆེན་དང་། དར་མོ་བས་གསོལ་བ་བཏབ་པ་ལྟར། རྒྱལ་བ་ལྔ་པས་མཐུན་རྐྱེན་རྒྱབ་སྐྱོར་མཛད་དེ་པར་བསྐྲུན་མཛད་པ་དང་། ཕྱི་རྒྱུད་<<མེས་པོའི་ཞལ་ལུང་>> མཇུག་བྱང་ལྟར་བྱས་ན་རྣམ་གླིང་པཎ་ཆེན་གྱིས་ཞུས་དག་ཚད་ལྡན་གནང་བའི་སྐོར་ལས། དར་མོ་བ་དང་མཉམ་དུ་རྩོམ་འབྲི་གནང་བ་མི་གསལ། དེའི་སྐོར་རྒྱལ་དབང་ལྔ་པ་ཆེན་པོས་ཕྱི་རྒྱུད་<< མེས་པོའི་ཞལ་ལུང་>> མཇུག་བྱང་གི་སྐབས་སུ། རྩ་བཤད་རྩ་མདོའི་དགོངས་འགྲེལ་དངུལ་དཀར་གྱི། །མེ་ལོང་ལྟར་གསལ་མེས་པོའི་ཞལ་ལུང་འཕྲོས། །ཆུ་མདོ་མན་འགྲེལ་བདུད་རྩི་དར་མོ་བ། །བློ་བཟང་ཆོས་གྲགས་རིག་རྩལ་མཚོ་ལས་ཐོན། །སྣང་ལ་མ་ངེས་འཁྲུལ་ཕྲའི་རྙོག་མ་རྣམས། །རྣམ་གླིང་པཎ་ཆེན་ཀེ་ཏ་ཀས་བསྒྲུངས་པའི། །ཉལ་འགྲོའི་འཆི་གསོས་དྲང་སྲོང་ཨཱ་གསྟྱས། །ལེགས་བསྒྱུར་ནད་སེལ་ཡན་ལག་བརྒྱད་ལྡན་ཆུ། །ཞེས་དར་མོ་སྨན་རམས་པས་ལྗགས་རྩོམ་གནང་བ་དང་། རྣམ་གླིང་པཎ་ཆེན་གྱིས་ཞུས་དག་མཛད་པར་བསྔགས་བརྗོད་གནང་འདུག
 

        ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་<< ཁོག་འབུག་དྲང་སྲོང་དགྱེས་པའི་དགའ་སྟོན་>> (ཤོག་གྲངས་༡༨༦ བ་༣ )པར་རྣམ་གླིང་པཎ་ཆེན་དང་། དར་མོ་བ་ཟུང་དུ་འཇུག་པས་མེས་པོའི་ཞལ་ལུང་གི་འཕྲོ་ཕྱི་རྒྱུད་ཆུ་མདོ་མན་གྱི་འགྲེལ་པ་<< རྡོ་རྗེ་མདུད་འགྲོལ་>> ཞེས་འདུག་པས་རྣམ་གླིང་པཎ་ཆེན་དང་དར་མོ་བ་རྣམ་གཉིས་ཀྱིས་མཉམ་དུ་བརྩམས་པ་ལྟ་བུར་གསུངས། གོང་གསལ་ཕྱི་རྒྱུད་ཆུ་མདོ་མན་གྱི་འགྲེལ་པ་<< རྡོ་རྗེ་མདུད་འགྲོལ་>> རྣམ་གླིང་པཎ་ཆེན་དང་། དར་མོ་བ་ཟུང་སྦྲེལ་གྱིས་བརྩམས་ནའང་འདྲ། རྣམ་གླིང་པཎ་ཆེན་གྱིས་ཞུས་དག་རྐྱང་པ་གཏོང་གནང་མཛད་པ་ཇི་ལྟར་ཡང་དོན་དུ་རྣམ་གླིང་པཎ་ཆེན་དཀོན་ཅོག་ཆོས་གྲགས་ནི་བཅུ་ཕྲག་རིག་པའི་གནས་སྤྱི་དང་། ཁྱད་པར་རྗེས་འཛིན་རིག་པར་མཁས་པའི་ཕུལ་དུ་ཕྱིན་པ་གདོན་མི་ཟ་སྟེ། དཔེར་ན་ཕྱི་རྒྱུད་མེས་པོའི་ཞལ་ལུང་<< རྡོ་རྗེ་མདུད་འགྲོལ >> གྱི་དབུ་ཤོག་གཉིས་པར། སྔོན་མེད་གསོ་རིག་ལེགས་བཤད་གནད། །སྟོན་མཛད་པཎ་ཆེན་གོ་དྷ་ལ། །ཞེས་པ་རྣམ་གླིང་པཎ་ཆེན་དཀོན་ཅོག་ཆོས་གྲགས་ཀྱིས་སྔོན་ཆད་གངས་ཅན་ལྗོངས་འདིར་མ་དར་བའི་གསོ་བ་རིག་པའི་ལེགས་བཤད་ཀྱི་གནད་རྣམས་སྟོན་པར་མཛད་པར་བརྟེན་བསྔགས་བརྗོད་འདི་ལྟ་བུ་གནང་བ་ནི། ཁོང་གི་མཛད་རྗེས་བཟང་པོར་གདེང་འཇོག་དང་དྲན་གསོ་མཛད་པ་ཁོ་ན་ངེས།
 

    གཞན་ཡང་ལྷུན་སྡིངས་རྣམ་རྒྱལ་རྡོ་རྗེ་ལྷ་སར་ཕེབས་རྗེས་སྡེ་སྲིད་རིན་པོ་ཆེ་སྐུ་ངོ་མས་ཁེངས་པ་གཅོག་པ་དང་། འཇུར་བཀག་གི་དྲི་བ་མང་པོ་གནང་བའི་ཁར་རྣམ་གླིང་པཎ་ཆེན་ཆེད་མངགས་པོ་ཏཱ་ལའི་ཁྱམས་སྟེང་དུ་རྣམ་རྒྱལ་རྡོ་རྗེ་དང་དྲི་མལ་ཁ་ཡར་བགྱིད་བཅུག་པ་ཞེས་གསལ་བས། རྒྱལ་དབང་ལྔ་པ་ཆེན་པོ་དང་། མི་རྗེ་སངས་རྒྱས་རྒྱ་མཚོ་གཉིས་ཀས་ཐུགས་གཙིགས་ཧ་ཅང་ཆེན་པོ་ཡོད་པ་དོན་གྱིས་གྲུབ།
 

   མཐར་རྣམ་གླིང་པཎ་ཆེན་དཀོན་ཅོག་ཆོས་གྲགས་སྐུ་ཚེ་ཇི་བཞུགས་དང་། མཛད་འཕྲིན་ཇི་རྒྱས་ཡིག་ཆ་མ་མཐོང་བས་དོན་གཉེར་ཅན་ཚོས་རྣམ་ཐར་ཡིག་ཆ་བཙལ་རྙེད་བྱུང་ཚེ་ཁ་སྐོང་གནང་བར་ཞུ།།
 

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་ནས་ཟུར་འདོན་ཞུས།

 

མཐའ་མའི་འདོན་ཐེངས་།: 29.06.2017 ཉིན། 11:52 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

འཆི་རིམ་དང་ཐུགས་དམ་སྐོར།

ཟི་ན་ངག་དབང་ཚུལ་ཁྲིམས་དར་རྒྱས།

སུམ་པ་ཡེ་ཤེས་དཔལ་འབྱོར།

ཆུ་བཟང་བློ་བཟང་བསྟན་པའི་རྒྱལ་མཚན།

ཆུ་བཟང་སྐུ་ཕྲེང་དང་པོ་རྣམ་རྒྱལ་དཔལ་འབྱོར།

ཀོང་རོང་སྨན་བླ་དོན་གྲུབ།

དངུལ་ཆུ་གྲུབ་པའི་བསྟན་བཅོས།

སྨན་གྱི་བསྟན་བཅོས་སྨན་མིང་རྒྱ་མཚོ།

རྡོ་རྗེ་དབྱུག་པའི་བྱ་བ་བཞུགས།

སྨན་རྩིས་ཁང་གི་སྨན་དུ་བརྫུས་ནས་བསླུ་ཁྲིད་བྱེད།

སྡེ་དགེ་བསྟན་པ་ཚེ་རིང་།

རིག་འཛིན་ཆེན་པོ་ངག་དབང་འཇམ་དཔལ།

ཚེ་རིག་འཛིན་པ་ངག་དབང་སངས་རྒྱས་དཔལ་བཟང་།

ཆགས་པ་ཆོས་འཕེལ།

སྡེ་སྲིད་སངས་རྒྱས་རྒྱ་མཚོ།