སྨན་རྩིས་དྲ་བ། - དྲ་བརྙན།

རྒྱུད་བཞིའི་བྱུང་ཚུལ་ཐད་ངོས་འཛིན་མི་འདྲ་བའི་སྐོར་གླེང་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.11.2015
དྲ་བརྙན། >>

 

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་ཕྱི་ལོ་2015 ཟླ་10 ཚེས་26-31བར་ཉིན་དྲུག་རིང་དྷ་ས་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་ "བོད་ཀྱི་གསོ་རིག་སྨན་པའི་ཤེས་ཡོན་གོང་སྤེལ་གྱི་ཟབ་འཁྲིད་" ཅིག་གོ་སྒྲིག་ཞུས་པའི་སྐབས། སྨན་རམས་པ་ཆོས་ལོ་ཐར་ལགས་ཀྱིས་དཔལ་ལྡན་རྒྱུད་བཞིའི་བྱུང་ཚུལ་ཐད་ངོས་འཛིན་མི་འདྲ་བ་ཁག་བཅུ་ཙམ་དང་། གསོ་བ་རིག་པའི་རྩོམ་བསྒྱུར་འཕེལ་རིམ་གྱི་བརྗོད་གཞི་གཉིས་ཀྱི་སྐོར་སྦྲགས་ནས་གསུང་བཤད་གནང་བའི་ཚན་པ་ཞིག་ཡོད།

 

 

འདིར་ནོན་ནས་གསུང་བཤད་དེ་གསན།



 

གཏམ་བཤད་བརྗོད་བྱ་སྙིང་བསྡུས།

རྒྱུད་བཞིའི་བྱུང་ཚུལ་ཐད་ངོས་འཛིན་མི་འདྲ་བ།

- སྨན་རམས་པ་ཆོས་ལོ་ཐར།

 

དེ་ཡང་ཟུར་མཁར་བློ་གྲོས་རྒྱལ་པོས། “བོད་གངས་ཅན་གྱི་ཁྲོད་འདིར་མི་གསུམ་ཚོགས་པ་ཡན་གྱིས་རྒྱུད་འདི་བཀའ་ཡིན་ནམ་བསྟན་བཅོས་ཡིན་ཞེས་གླེང་ཞིང་། འགའ་ཞིག་གིས་བཀའ་ཡིན་ཞེས་འུ་ཚུགས་འབའ་ཞིག་བྱེད་ཅིང་། འགའ་ཞིག་གིས་བསྟན་བཅོས་རང་ཡིན་ཞེས་གླེང་ཡང་ལུང་རིགས་གང་ནས་ཀྱང་མ་འབྲེལ་བའི་ཨུ་ཚུགས་འབའ་ཞིག་བྱེད་ཀྱི་ཡོད།''

 

གཅིག སངས་རྒྱས་ཀྱིས་ཞལ་ནས་གསུངས་པའི་བཀའ་ཡིན་པར་འདོད་པ།

  •             ལོ་རྒྱུས་སྟེང་སྨན་དཔྱད་ལ་མཁས་པར་གྲགས་པ་ཕལ་མོ་ཆེས་སངས་རྒྱས་ཀྱིས་གསུངས་པའི་བཀའ་ཡིན་པར་ཁས་ལེན་བྱེད། དེའི་རྒྱུ་མཚན་ནི་རྒྱུད་བཞིའི་བསྒྲིགས་ཚུལ་བཀའ་དང་མཐུན་ཞིང་བླ་བརྒྱུད་ཀྱང་སངས་རྒྱས་སྨན་བླའི་བར་དུ་ཐར་ཆགས་སུ་གཏུགས་ཡོད།
  •             ཁོག་འབུགས་རྙིང་ཤོས་གྲས་བྲང་ཏི་དཔལ་ལྡན་འཚོ་བྱེད་ཀྱིས་བརྩམས་པའི་༼ཤེས་བྱ་རབ་གསལ་༽དང་། བྱང་བ་བཀྲ་ཤིས་དཔལ་བཟང་གི་༼རྣམ་ངེས་དཔག་བསམ་ལྗོན་ཤིང་༽ མཚོ་སྨད་མཁན་ཆེན་སྐ་བ་ཤྰཀྱ་དབང་ཕྱུག་གི་༼ལེགས་བཤད་དངུལ་དཀར་མེ་ལོང་༽སོགས་སུ་གསུངས་ཡུལ་ཅུང་མི་མཐུན་ཙམ་ལས། རྒྱུད་བཞི་སྟོན་པས་གསུངས། དྲང་སྲོང་ཡིད་ལས་སྐྱེས་ལ་གཏད། དྲང་སྲོང་རྣམས་ཀྱིས་བསྡུས། བེ་རོ་ཙ་ནས་བོད་སྐད་དུ་བསྒྱུར། ཆོས་རྒྱལ་ཁྲི་སྲོང་གི་དུས་གཏེར་དུ་སྦས་པ་གཏེར་སྟོན་གྲ་བ་མངོན་ཤེས་ཀྱིས་བཏོན། གཡུ་ཐོག་པས་དར་རྒྱས་མཛད་པའི་ཚུལ་སོགས་གསལ་ཡོད།
  •             ལྷག་པར་བྱང་བ་བཀྲིས་དཔལ་བཟང་གིས་༼རྒྱུད་བཞི་བཀའ་སྒྲུབ་༽མཛད་ཡོད་ཅིང་། སྡེ་སྲིད་ཀྱི་བཻ་དཀར་གཡའ་སེལ་༽ལས་ཀྱང་། སངས་རྒྱས་བཅོམ་ལྡན་འདས་དགུང་ལོ་དོན་གཅིག་ལ་རྒྱུད་བཞི་གསུངས་པར་བཞེད་པ་དང་། སོག་པོ་ལུང་རིགས་བསྟན་དར་གྱིས་ཀྱང་དེ་མཚུངས་རྒྱུད་འདི་བཀའ་ཡིན་ཞིང་རྒྱ་གར་ནས་བྱུང་བར་བསྒྲུབས་ཡོད།

 

གཉིས། བོད་མཁས་པས་བརྩམས་པའི་བསྟན་བཅོས་སུ་འདོད་པ།

  •             རྒྱུད་འདི་བསྟན་བཅོས་སུ་འདོད་མཁན་གཙོ་བོ་ནི། ཟུར་མཁར་བློ་གྲོས་རྒྱལ་པོ་དང་། པན་ཆེན་ཤྰཀྱ་མཆོག་ལྡན། བོ་དོང་ཕྱོགས་ལས་རྣམ་རྒྱལ། སྟག་ཚང་ལོ་ཙཱ་བ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། སི་ཏུ་པན་ཆེན། སྐྱེམས་པ་ཚེ་དབང་། འཚོ་བྱེད་ཆོས་སྐྱོང་དཔལ་བཟང་སོགས་ཡིན་ལ།
  •             དེ་ཡང་ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་༼རྒྱུད་བཞི་བཀའ་བསྟན་གྱི་རྣམ་བཞག་མུན་སེལ་སྒྲོན་མེ་༽ལས། “རྒྱུད་བཞི་རྩོམ་མཁན་ནི་གཡུ་ཐོག་པ་ཆེས་ཡོངས་སུ་གྲགས་པའི་མཁས་གྲུབ་ཆེན་པོ་དེ་ཉིད་ཡིན་ནོ།།”    ཞེས་གཡུ་ཐོག་ཡོན་ཏན་མགོན་པོ་ཡིན་པར་གསུངས་པ་དང་། ཡང་མངའ་རིས་འཚོ་བྱེད་ཆོས་སྐྱོང་དཔལ་བཟང་གིས་མཛད་པའི་༼གསོ་བ་རིག་པའི་ཁོག་འབུགས་བདུད་རྩི་ཆུ་རྒྱུན་༽ཞེས་པ་ལས། “རྒྱུད་འདི་ཡང་དགོས་པའི་དབང་གིས་ཁ་འཕངས་པ་ཡིན་ཏེ་དོན་ལ་གཡུ་ཐོག་ཡོན་ཏན་མགོན་པོས་མཛད་དོ།།” སོགས་བོད་རང་གི་བསྟན་བཅོས་སུ་བསྒྲུབས་ཡོད།

 

གསུམ། བཀའ་བསྟན་དབྱེར་མེད་དུ་འདོད་པ།

དེ་ཡང་སྐྱེམས་འགྲེལ་ལེགས་བཤད་སྨྲ་བའི་མཆོག་ཐོབ་ལས། “རྒྱུད་ཆེན་འདི་ཉིད་ནི། རྩོམ་གཞི་ལུང་གི་བརྒྱུད་པ། རྣམ་དཔྱད་འཆད་ཉན་གྱི་བརྒྱུད་པ། སྤྲུལ་བ་དོན་གྱི་བརྒྱུད་པ་གསུམ་གྱི་དང་པོ་ལྟར་ན་སངས་རྒྱས་སྨན་གྱི་བླ་འོད་ཀྱི་རྒྱལ་པོའི་བཀའ་དང་། གཉིས་པ་ལྟར་ན་པཎྜིཏའི་བསྟན་བཅོས། གསུམ་པ་ལྟར་ན་རྗེ་བཙུན་མཧྰ་གུཎས་གསོ་དཔྱད་གཞུང་ལུགས་བཏུས་ཏེ་མར་གྱི་སྙིང་པོ་ལྟར་གཅིག་ཏུ་དྲིལ་བ་ཡིན” ཞེས་བཀའ་དང་བསྟན་བཅོས་གང་དུའང་ངོས་འཛིན་ཆོག་པར་གསུངས་ཡོད།

 

བཞི། བོན་སྟོན་གཤེན་རབ་ཀྱིས་གསུངས་པར་འདོད་པ།

གཡུང་དྲུང་བོན་གྱི་བསྟན་འཛིན་མཁས་དབང་རྣམས་དང་། དེང་དུས་ལོ་རྒྱུས་སྨྲ་བའི་མཁས་དབང་ནམ་མཁའི་ནོར་བུ། མཁར་རྨེའུ་བསམ་གཏན་སོགས་ཀྱིས་རྒྱུད་བཞི་ནི་འབུམ་བཞི་ལས་བྱུང་བར་འདོད་པ་སྟེ། བོད་འདིར་ཆོས་མ་དར་གོང་ནས་བོན་དར་བ་དང་། འབུམ་བཞི་མཚོན་པའི་བོན་ལ་བསྟེན་པའི་སྨན་དཔྱད་ཀྱི་གཞུང་ལུགས་ཕུན་སུམ་ཚོགས་པ་ཡོད་ཚུལ་བསྒྲུབས་དང་སྒྲུབ་བཞིན་པ་མ་ཟད། ཐང་ཡིག་ཤེལ་བྲག་མའི་ནང་། “བེ་རོ་ཙ་ནས་བོན་ཆོས་འདྲེས་མར་བསྒྱུརཿ “གསུངས་པ་དེ་དང་། ལོ་རྒྱུས་སྟེང་ཡོངས་སུ་གྲགས་པའི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་”བོན་རྣམས་དཀར་པོའི་ཆོས་ལ་བསྒྱུར”ཞེས་པའི་ཚིག་དེ་དག་སྒྲུབ་བྱེད་དུ་བཀོད་དེ་བོན་གྱི་མདོས་ཆོག་རྣམས་ངོ་བོ་སངས་རྒྱས་ཆོས་ལུགས་སུ་བསྒྱུར་ཅིང་། རྣམ་པ་རང་གཞུང་ལྟར་བཞག་ཡོད་པའི་དཔང་རྟགས་གཏོ་ཡས་གླུད་ཀྱི་རིགས་དང་། རི་གསོལ་ལྷ་མཆོད་ཀྱི་ལུགས། ལྷག་པར་དུ་༼བེ་དཀར་༽དང་༼ཉེར་བུམ་༽སོགས་རྩིས་གཞུང་དག་ལས་གཏོ་བཅོས་དང་རིམ་གྲོའི་རྣམ་བཞག་རིགས་གསུངས་སྐབས་རང་ལུགས་རེ་དང་བོན་ལུགས་རེ་བཞག་ཡོད་པ་འདིས་བོན་ཆོས་དེ་ནང་ཆོས་དང་འདྲེས་པའམ་ཤན་ཤུགས་ཐེབས་པ་ལྟར། རྒྱུད་བཞི་ཡང་སྐབས་དེ་ཙམ་ཞིག་ནས་འབུམ་བཞི་ལས་ཟུར་དུ་ཕྱུངས་ཚུལ་བཤད་དོ།།

 

ལྔ། རྒྱ་ནག་ནས་བསྒྱུར་པར་འདོད་པ།

ཡང་གནའ་དེང་གི་ལོ་རྒྱུས་སྨྲ་བ་པོ་ཁག་ཅིག་གིས། ཐང་ཡིག་ལེའུ་བརྒྱད་ཅུ་གྱ་ལྔ་བ་ལས་འབྱུང་བའི་"རྒྱ་ནག་སྨན་པ་ཧ་ཤང་དེ་བ་དང་། བླ་སྨན་ཉང་བཙན་ཤི་ལ་ལ་སོགས་པས། ཡན་ལག་བརྒྱད་པ་བདུད་རྩི་སྙིང་པོ་དང་། སྨན་གྱི་བཅུད་ལེན་བྱེད་ཐབས་མང་པོ་བསྒྱུར།" ཞེས་པའི་ཚིག་འདི་ལུངས་དྲངས་ཏེ་རྒྱལ་པོ་མེས་ཨག་ཚོམ་གྱི་སྲས་འཇང་ཚ་ལྷ་དབོན་གྱི་བཙུན་མོར་རྒྱ་ནག་ནས་གྱིམ་ཤིང་ཀོང་ཇོ་བསུས་སྐབས་སྨན་དཔྱད་ཀྱི་གཞུང་མང་བསྣམས་པ་ལས་རྒྱུད་འདི་ཡང་དེའི་ཁོངས་སུ་ཡོད་པ་ཧ་ཤང་དེ་བ་དང་བཙན་པ་ཤི་ལ་ཧ་སོགས་ཀྱིས་བསྒྱུར་བར་འདོད།

དྲུག  བྲམ་ཟེའི་ལུགས་ཀྱི་རིག་བྱེད་བསྟན་བཅོས་སུ་འདོད་པ།        

རྒྱུད་བཞིའི་ནང་། "སྔོན་གྱི་དུས་སུ་ལྷ་དང་ལྷ་མིན་གྱིས། །བདུད་རྩི་འདོད་པས་རྒྱ་མཚོ་བསྲུབས་པ་ལས།།" ཞེས་སོགས་རིག་བྱེད་ཀྱི་གཏམ་རྒྱུད་མང་པོ་འདྲེས་ཡོད་པས་རིག་བྱེད་ཀྱི་བསྟན་བཅོས་སུ་འདོད་པ།

 

བདུན། བེེ་རོས་པཎ་ཆེན་ཙནྡྲ་དེཝ་ལས་ཞུས་པར་འདོད་པ།

ཡང་འགའ་རེས། ལོ་ཙཱ་བ་བེེ་རོ་རྒྱ་གར་དུ་ཕེབས་ནས་པཎ་ཆེན་ཙནྡྲ་དེཝ་ལ་རྒྱུད་བཞི་ཞུས་ཏེ་ཕྱིར་ཕེབས་དུས་གཡུ་ཐོག་རྒྱ་གར་དུ་ཕེབས་པ་དང་མཇལ་ནས་གཡུ་ཐོག་གིས་བདག་རྒྱ་གར་ནས་མ་འཁོར་བར་རྒྱུད་བཞི་གཏེར་རུ་སྦོས་ཞེས་གསུངས་བ་ལུང་དྲངས་ཏེ། བེེ་རོས་པཎ་ཆེན་ཙནྡྲ་དེཝ་ལས་ཞུས་པར་བསྒྲུབས་བཞིན་ཡོད།

 

བརྒྱད། གཡུ་ཐོག་སྐུ་ངོ་མས་སློབ་དཔོན་ཙནྡྲ་དེཝའི་དྲུང་ནས་ཞུས་པར་འདོད་པ།

ཡང་གཡུ་ཐོག་རྣམ་ཐར་ལས་འབྱུང་བ་བཞིན། གཡུ་ཐོག་རྒྱ་གར་དུ་ཕེབས་ཏེ་སྐུ་ངོ་མས་སློབ་དཔོན་ཙནྡྲ་དེཝའི་དྲུང་ནས་རྒྱུད་བཞིའི་ཆ་ལག་ཁ་སྐོང་དང་བཅས་ཞུས་ཚུལ།

 

དགུ། སློབ་དཔོན་པདྨ་འབྱུང་གནས་དང་། ཁ་ཆེ་ཟླ་དགའ། བེེ་རོ་གསུམ་གྱིས་མཛད་པར་འདོད་པ།

ད་དུང་རེས་འགས་སློབ་དཔོན་པདྨ་འབྱུང་གནས་དང་། ཁ་ཆེ་པན་ཆེན་ཟླ་བ་མངོན་པར་དགའ་བ། ལོ་ཆེན་བེ་རོ་ཙ་ན་གསུམ་གྱིས་མཛད་པར་གསུངས།

 

བཅུ།  གྲ་བ་མངོན་ཤེས་དང་། དབུས་པ་དར་གྲགས། རོག་སྟོན་དཀོན་མཆོག་སྐྱབས་གསུམ་གྱིས་མཛད་པར་འདོད་པ།

ཡང་མཁས་པ་རིགས་ཅིག་གིས་གཏེར་སྟོན་གྲ་བ་མངོན་ཤེས་དང་། དབུས་པ་དར་གྲགས། རོག་སྟོན་དཀོན་མཆོག་སྐྱབས་གསུམ་གྱིས་སྐྱིད་སྨད་ཚར་པ་སྣའི་རི་གདོང་དུ་མཛད་པར་གསུངས་བ་སོགས་རྒྱུད་བཞིའི་བྱུང་ཚུལ་ལ་ལོ་རྒྱུས་སྟེང་དུས་ད་ལྟའི་བར་བཞེད་པ་མི་མཐུན་པ་བཅུ་ཙམ་བྱུང་ཡོད།

 

 

སྤྱིར་བཏང་སྨན་དཔྱད་ཀྱི་བྱུང་བ་བརྗོད་པ།

འཛམ་གླིང་ཤར་ནུབ་ཀྱི་བྱུང་རིག་སྨྲ་བ་རྣམས་ཀྱི་འདོད་ཚུལ་ལྟར་ན། སྨན་གྱི་རིག་པ་ནི་འཇིག་རྟེན་འདིར་རིག་གནས་ཁག་བྱུང་བ་དང་མཉམ་དུ་དར་བའི་རིག་གཞུང་ཞིག་ཡིན་པ་དང་།

            བོད་དུ་ཡིག་གཟུགས་དང་བརྡ་སྤྲོད་རིག་གནས་མ་བྱུང་བའི་སྔོན་ནས་ངག་རྒྱུན་གསོ་རིག་ཅིག་ཡོད་པར་མངོན་ཡང་། ད་ལྟ་མཐོང་ཆོས་སུ་མ་བཞུགས། ད་ཡོད་བོན་གྱི་སྨན་གཞུང་རྣམས་ཀྱང་བོད་དུ་ནང་པའི་གསོ་རིག་དར་བའི་རྗེས་སུའམ་དུས་མཉམ་ལྟ་བུར་བྱུང་བ་དཔོག་ནུས། བོད་དུ་གསོ་རིག་དར་ཁྱབ་ཆེ་ཤོས་ཀྱི་དུས་སྐབས་ནི་ཕྱི་ལོ་བརྒྱ་ཕྲག་བརྒྱད་པའི་དུས་དེར་ཡིན་ཞིང་། གཡུ་ཐོག་ཡོན་ཏན་མགོན་པོས་རྒྱ་གར་འཕགས་པའི་ཡུལ་གྱི་ཚེའི་རིག་བྱེད་ཀྱི་སྙིང་བཅུད་དང་། རྒྱ་ནག་དང་ཤར་གླིང་དབུས་མའི་ཡུལ་ལུང་ཁག་ཏུ་དར་བའི་སྨན་དཔྱད་ཀྱི་ལེགས་ཆ་བླངས་ཏེ་བོད་ཀྱི་གནའ་བའི་སྲོལ་རྒྱུན་གསོ་རིག་ལ་ཁ་བསྐངས་ཏེ་རང་རྐང་ཚུགས་པའི་གསོ་བ་རིག་པའི་ཤིང་རྟའི་སྲོལ་གསར་བ་ཞིག་ཕྱེ་བར་མཛད།

            རིག་གནས་ལྔའི་དབྱེ་བ་ཕྱེ་ཚུལ་འདི་ནང་པའི་ཐུན་མིན་བཞེད་སྲོལ་ཞིག་ཡིན་ལ། རྒྱུད་བཞིའི་རྩོམ་པ་པོས་ཀྱང་རིག་གནས་འདི་ལ་ཚེའི་རིག་བྱེད་དང་། སྨན་དཔྱད་རིག་པ་སོགས་ཀྱི་ཐ་སྙད་མ་སྦྱར་བར་ནང་པའི་སྲོལ་དང་བསྟུན་ཏེ་གསོ་བ་རིག་པ་ཞེས་པའི་བརྡ་ཆད་འབའ་ཞིག་སྦྱར་ཡོད།

 

རྒྱུད་བཞིའི་རྗོད་བྱེད་རྩོམ་གྱི་གཞི་སྒྲོམ་ངོ་བོ།

            བོད་ཀྱི་གསོ་བ་རིག་པའི་རྩ་གཞུང་དཔལ་ལྡན་རྒྱུད་བཞིར་གྲགས་པ་འདི་བོད་ཀྱི་རྩོམ་པ་པོས་བོད་སྐད་དུ་བརྩམས་པའི་བོད་གཞུང་འཁྲུལ་མེད་ཅིག་ཡིན་ནའང་། གཞུང་ཁུངས་བཙུན་པར་སྟོན་པ་དང་། ཉན་པ་པོ་སྤྲོ་བ་སྐྱེད་པའི་ཆེད་དུ་རྒྱལ་བ་རྡོ་རྗེ་འཆང་གིས་གསུངས་པའི་རྒྱུད་སྡེ་རྣམས་དང་མཚུངས་པར་མཚན་ལ་རྒྱུད་ཀྱི་ཐ་སྙད་སྦྱར་ཞིང་། གཞུང་གི་དབུར་ཡང་མཚན་སྨོས་པ་དང་མཚན་བསྒྱུར་བ་སོགས་མཛད་པར་མ་ཟད། གླེང་གཞིའི་ནང་དྲང་སྲོང་གི་གནས་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཏུ་སྟོན་པ་སངས་རྒྱས་སྨན་བླའི་སྐུར་བཞེངས་ཏེ་གསུང་ཚུལ་བཀོད་ཡོད་ཀྱང་། འདིའི་རྩོམ་པ་པོ་གཡུ་ཐོག་གསར་རྙིང་གང་རུང་ངམ་བོད་ཀྱི་མཁས་པ་ཞིག་ཡིན་པ་ཚིག་ཐག་ཆོད་པོས་བརྗོད་ནུས།

            འོན་ཀྱང་གཞུང་འདི་རྩོམ་ཡིག་རང་བཞིན་པའི་ངོ་བོར་བརྩམས་པ་ཞིག་ཡིན་ནམ་གཏེར་མ་ཡིན། ཡང་ན་དག་སྣང་དགོངས་གཏེར་ལྟ་བུ་ཞིག་ཡིན་ཁ་ཚོན་གཅད་དཀའ་བར་སྣང་། རྒྱུད་བཞིའི་ནང་བཀའ་ཡིན་པའི་ཚིག་ཡོད་དུ་ཟིན་ནའང་། དེ་དག་གང་ནས་དྲངས་པའི་གཞུང་བཀའ་འགྱུར་དུ་མ་བཞུགས་ཤིང་། རྒྱ་དཔེ་དུའང་མཇལ་རྒྱུ་མེད། ལར་ནས་གཞུང་དཀྱུས་སུ་བཀའ་ཡིན་པའི་ཚིག་ཡོད་པ་ཙམ་གྱིས་གཞུང་དེ་བཀར་མི་འགྲུབ་སྟེ། བསྟན་བཅོས་ཕལ་མོ་ཆེའི་ནང་མདོ་རྒྱུད་ཀྱི་ལུང་དུ་མ་དྲངས་པ་མཐོང་ཆོས་སུ་ཡོད་པས་སོ།།   མཁས་དབང་ཟམ་གདོང་སྤྲུལ་སྐུ་བློ་བཟང་བསྟན་འཛིན་མཆོག་གིས།  "དེ་ལྟར་རྒྱུད་བཞི་བོད་གཞུང་ཡིན་ཡང་གཞུང་སྤྱིའི་ཁོག་འབུབས་སྟངས་རྒྱུད་དང་རྒྱ་གཞུང་ལ་གང་མཐུན་གནང་འདུག་པ་ནི་བོད་ཀྱི་གསོ་བ་རིག་པའི་འབྱུང་ཁུངས་སམ་རྟེན་གཞི་གཙོ་བོ་རྒྱ་གར་ཚེའི་རིག་བྱེད་ཡིན་པ་གསལ་བར་བྱ་བའི་ཕྱིར་དེའི་རྩོམ་འགྲོས་དང་མཐུན་པར་མཛད་དམ་སྙམ།" ཞེས་གསུངས།  

            གཞུང་འདིའི་མཚན་ལ་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་གསུངས་ཏེ་མི་ན་བར་གནས་པ་དང་། ན་བ་གསོ་བའི་ཐབས་སུ་འཕགས་ཡུལ་གྱི་སྨན་གཞུང་མང་ཆེ་བ་ཡན་ལག་བརྒྱད་དུ་བསྡུས་ནས་གསུངས་པ་ལྟར་འདིར་ཡང་ཡན་ལག་བརྒྱད་དུ་བསྡུས་ཤིང་། སྣོད་མིན་ལ་གསང་བའི་མན་ངག་གི་རྒྱུན་རྫོགས་པར་ཡོད་པས་མན་ངག་གི་རྒྱུད་ཀྱི་མཚན་འདོགས་པར་སྣང་།

            དེ་བཞིན་གསང་སྔགས་ཀྱི་རྒྱུད་སྡེ་གཞན་དང་མཐུན་པར་རྩ་རྒྱུད། བཤད་རྒྱུད། ཕྱི་མ་རྒྱུད་མཚན་འདོགས་ཀྱང་དོན་དུ་རྒྱུད་བཞི་ག་རྒྱུད་གཅིག་གི་ཆ་ཤས་ཡིན་པ་ལས་རྒྱུད་རང་རྐྱ་བ་བཞི་མིན་པ་དང་། བརྗོད་དོན་ཁ་ཤས་ཟློས་པ་ལྟ་བུར་སྣང་ཡང་དེ་དག་མདོར་བསྟན་རྒྱས་བཤད་དམ། ཡང་ན་དོགས་སེལ་བོགས་འདོན་གྱི་ཚུལ་དུ་རབ་ཏུ་བྱེད་པ་འདྲ་མིན་གྱིས་བསྟན་པ་ལས་ཟློས་སྐྱོན་མིན།

གཞུང་ལས། བློ་རབ་འབྲིང་མཐའ་གསུམ་དང་། ཤིན་ཏུ་རྨོངས་པ་བཅས་བཞི་ལ་རྒྱུད་བཞིའི་གསུངས་པར་བཤད་ན་རྒྱུད་རེ་རེས་ཀྱང་གསོ་བ་རིག་པའི་བརྗོད་བྱ་ཚང་བར་བསྟན་དགོས་པ་ལྟ་བུ་འདུག་ཀྱང་། རྒྱུད་སོ་སོའི་ཆེད་དུ་བྱ་བའི་གདུལ་བྱའི་བློ་རབ་འབྲིང་ཡོད་སྲིད་ནའང་། གསོ་རིག་རྒྱུད་བཞི་འདི་ཡུམ་རྒྱས་འབྲིང་ལྟ་བུ་རྗོད་བྱེད་རྒྱས་བསྡུས་ལས་བརྗོད་བྱ་གཅིག་པ་མིན་ཞིང་། གསོ་རིག་གི་དོན་ས་བོན་གྱི་ཚུལ་དུ་སྟོན་པ་རྩ་རྒྱུད་དང་། དེ་དག་བཤད་ཐབས་ཀྱི་སྒོ་ནས་བསྟན་པའི་བཤད་རྒྱུད། ལག་ལེན་གྱི་སྒོ་ནས་བསྟན་པའི་མན་ངག་གི་རྒྱུད། དེ་དག་ལ་དོགས་སེལ་བོགས་འདོན་དང་ཁྱེར་བདེ་བར་བསྟན་པའི་ཕྱི་མ་རྒྱུད་དེ་རྒྱུད་བཞི་རྗོད་བྱེད་རྒྱས་བསྡུས་ཙམ་མིན་པར་བརྗོད་བྱ་དང་བསྟན་ཚུལ་མཚུངས་པ་ལས་མི་མཚུངས་པ་མང་བ་ཤིན་ཏུ་གསལ་ལོ།།

 

རྒྱུད་ཀྱི་ཤློཀའི་གྲངས།

བོད་ཀྱི་གསོ་བ་རིག་པའི་ཕྱི་མོ་དཔལ་ལྡན་རྒྱུད་བཞི་སྟེ། རྩ་བ་ཐུགས་ཀྱི་རྒྱུད་དང་། བཤད་པ་སྐུ་ཡི་རྒྱུད། མན་ངག་ཡོན་ཏན་གྱི་རྒྱུད། ཕྱི་མ་འཕྲིན་ལས་ཀྱི་རྒྱུད་བཅས་ལ་བསྡོམས་པས་ཤློཀ་ལྔ་སྟོང་དགུ་བརྒྱ་སུམ་ཅུ་རྩ་ལྔ་དང་ཕྱེད་ཡོད་དོ།།


 

སྨོན་ཚིག

གསོ་རིག་བསྟན་པ་མ་ལ་ཡ་ཡི་ལྗོན།།

གཡུར་དུ་ཟ་བའི་དྲི་བསུང་ངད་འཐུལ་བས།།

འགྲོ་ཀུན་སྒྲིབ་གཉིས་དེས་བསྐྱེད་བཞི་བརྒྱ་དང་།།

རྩ་བཞིའི་ནད་ཞི་འགྲོ་ཀུན་བདེ་སྐྱིད་ཤོག།

ཇུས་འགོད་པར་འཇུག་ཞུ་དག་ལས་བྱེད་སོགས།།

ཚེ་འདིར་བདེ་སྐྱིད་དཔལ་འབྱོར་ཕུན་ཚོགས་ཤིང་།།

ཕྱི་མ་བཻཌྰུར་སྣང་བའི་ཞིང་ཁམས་སུ།།

སྐྱེས་ནས་སེམས་ཅན་ཀུན་གྱི་མགོན་གྱུར་ཤོག། །།

 


མཐའ་མའི་འདོན་ཐེངས་།: 01.12.2015 ཉིན། 2:24 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།