སྨན་རྩིས་དྲ་བ། - ལོ་རྒྱུས།

རིག་འཛིན་ཆེན་པོ་ངག་དབང་འཇམ་དཔལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.06.2017
ལོ་རྒྱུས། >>


རིག་འཛིན་ཆེན་པོ་ངག་དབང་འཇམ་དཔལ།

- བྱམས་པ་འཕྲིན་ལས།
 

རིག་འཛིན་ཆེན་པོ་ངག་དབང་འཇམ་དཔལ་ནི། རྡོ་བྲག་རིག་འཛིན་ཆེན་པོའི་སྐུ་ཕྲེང་བདུན་པ་དང་། འཁྲུངས་ཡུལ་ལྷོ་ཁ་རོང་རྣམ་སྲས་གླིང་ཞེས་གྲགས། 
 

སྤྱིར་རྡོ་བྲག་དགོན་གྱི་ཐོག་མའི་བྱུང་ཚུལ་ནི། སྟོད་མངའ་རིས་རྒྱལ་པོའི་གདུང་རྒྱུད་མངའ་རིས་རིག་འཛིན་ཆེན་པོ་ལེགས་ལྡན་རྡོ་རྗེའི་དངོས་སློབ་ཀྱི་གཙོ་བོ་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེའི་གདུང་སྲས་བགྲེས་པ་བྱང་པ་རིག་འཛིན་ངག་གི་དབང་པོའི་སྡེས་བོད་ཀྱི་ས་དཔྱད་སྲིན་མོ་གན་རྐྱལ་དུ་གནས་པའི་མགྲིན་པའི་ཁར། ཕྱོགས་བཞིའི་ས་དཔྱད་ལ་ལས་བཞིའི་མཚོན་རྟགས་དང་། མདུན་དུ་ཆུ་བོ་རོ་ཧི་ཏའི་འགྲམ་སོགས་གུ་རུའི་གནས་ཆེན་དུ་བྱིན་ཆགས་པའི་ས་བབས་སྤྱི་དང་། ལྷག་པར་ས་འདིའི་ཁུལ་ཆུ་ལྷོ་བྱང་ཤར་ནུབ་སོགས་ལ་གཉུག་མར་གནས་པའི་སྐྱེ་འགྲོ་མང་པོས་གསོལ་བ་རྩེ་གཅིག་འདེབས་པའི་རྟེན་འབྲེལ་བཟང་པོ་འཛོམས་པར་གཟིགས་ནས། བོད་རབ་བྱུང་བརྒྱད་པའི་མཇུག་ཙམ་དུ་ཐོག་མའི་གནས་གཞིའི་གདན་ས་ཆུང་ངུ་ཞིག་ཕྱག་བཏབ་སྟེ། དགེ་འདུན་བརྒྱ་ཕྲག་ཙམ་འདུས་ནས་སྡོམ་པ་གསུམ་གྱི་ལག་ལེན་འཆད་རྩོད་རྩོམ་གསུམ་ལྟེ་བར་གནས་པའི་ཁར། སྔ་འགྱུར་རྙིང་མའི་ཆོས་སྐོར་སྤྱི་དང་། བྱེ་བྲག་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུའི་གཏེར་ཁ་གཙོ་བོར་གྱུར་པའི་གཏེར་ཁ་གོང་འོག་སོགས་ཟབ་ཆོས་མང་པོ་འདུས་པའི་ཆོས་འཛིན་སྤེལ་བྱེད་པའི་སྔ་འགྱུར་གྱི་དགོན་སྡེ་ཆེན་པོར་གྱུར།
 

རིག་འཛིན་ཆེན་པོ་ངག་གི་དབང་པོ་དགུང་ལོ་ལྔ་བཅུ་ང་གཉིས་ཐོག་ཞིང་ལ་གཤེགས་པའི་ཡང་སྲིད་དེར་གོང་ས་ལྔ་པ་ཆེན་པོས་གཙུག་ཕུད་བཞེས་ནས། རིག་འཛིན་ཆེན་པོ་ཀུན་བཟང་པདྨ་འཕྲིན་ལས་ཐེག་མཆོག་དབང་གི་རྒྱལ་པོ་ཡོངས་འདུས་སྡེ་ཞེས་མཚན་གསོལ་ནས་ཐུགས་བརྩེ་ཆེན་པོའི་སྒོ་ནས་གཟིགས་པ་བསྐྱངས། སྐུ་ཆུང་ངུའི་སྐབས་ནས་གོང་ས་ལྔ་པ་ཆེན་པོ་དང་། ཟུར་ཆེན་ཆོས་དབྱིངས་རང་གྲོལ་གཉིས་གཙོ་བོར་བྱས་པའི་དབུས་གཙང་ཁམས་སོགས་ཀྱི་ཡོངས་འཛིན་ཚད་ལྡན་གྱི་མཁས་གྲུབ་བཤེས་གཉེན་ཆེན་པོ་བཅུ་ཕྲག་བཞི་ཙམ་གྱི་སྐུའི་དྲུང་ནས་ལྷོ་བྲག་ཟབ་ཆོས་བྱང་གཏེར་སྐོར་སོགས་བཀའ་གཏེར་གསར་རྙིང་དང་། ཕར་ཕྱིན། དབུ་མ། འདུལ་བ། ཚད་མ། མཛོད་སོགས་མཚན་ཉིད་ཐེག་པའི་གཞུང་ཆེན་ཁག་ལ་སྦྱངས་བརྩོན། གཞན་ཡང་རིག་པའི་གནས་ཆེ་ཆུང་ལ་སོགས་པའི་ཕྱི་ནང་གི་ཤེས་བྱ་ཀུན་ལ་གསན་བསམ་མཐར་ཕྱིན་པར་མཛད་པར་བརྟེན། གོང་ས་ལྔ་པ་ཆེན་པོའི་དགོངས་བཞེད་ལྟར་ལྷ་ས་སྨོན་ལམ་ཆེན་མོའི་གྲྭ་སྐོར་རབ་འབྱམས་སུ་མཛད། དེ་རྗེས་གོང་ས་ལྔ་པའི་དངོས་སློབ་གཙོ་བོར་གྱུར་ནས་(གསང་བའི་རྒྱ་ཅན།) ཞེས་པའི་ཆོས་བདག་ཏུ་བསྩལཞིང་། རྡོ་བྲག་དགོན་ལ་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ལྦམ་ལྕོག་སྒར་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་མཚན་གསོལ་དང་ཆབས་གཅིག་དགེ་འདུན་ལྔ་བརྒྱ་ཙམ་འདུས་པ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ་སྡེ་སྲིད་གནང་རིང་རྡོ་བྲག་དགོན་གྱི་མཆོད་རྒྱུན་བདག་རྐྱེན་གཟིགས་བསྐྱངས་བླ་ན་མེད་པ་གནང་རྗེས་སུ་སྡེ་སྲིད་རིན་པོ་ཆེ་སྐུ་བཀྲོངས་པ་དང་། རབ་བྱུང་བཅུ་གཉིས་པའི་མེ་བྱ་(སྤྱི་ལོ་1717) ལོ་ཙམ་ནས་ཇུན་གར་བས་དབང་བསྒྱུར་སྐབས་རྡོ་བྲག་དགོན་ལ་གནོད་འཚེ་ཚབས་ཆེན་ཕོག་ནས་ཐོར་ཤིག་ཉམས་སྨད་དུ་སོང་རུང་རྒྱལ་བ་སྐལ་བཟང་རྒྱ་མཚོའི་སྐུ་ཚེའི་མཇུག་དང། སྐུ་ཕྲེང་བརྒྱད་པའི་དུས་ནས་རིམ་བཞིན་བདག་རྐྱེན་བཀའ་དྲིན་དང་། དགོན་སྡེ་ཉམས་གསོ་བཅས་ཀྱི་སྐལ་བཟང་སླར་ཡང་འཆར་ནས་རིག་འཛིན་ཆེནཔོའི་ཡང་སྲིད་སྐུ་སྐྱེ་ཟམ་མི་ཆད་པ་བྱོན་པའི་ནང་ནས། གོང་གསལ་རིག་འཛིན་ཆེན་པོ་ངག་དབང་འཇམ་དཔལ་མཆོག་མདོ་སྔགས་གཞུང་ལུགས་ཤེས་བྱའི་གནས་སྤྱི་ལ་གསན་བཞེས་དང་། ལྷག་པར་སྐར་རྩིས་དང་། གསོ་རིག་ལ་སྦྱངས་པ་མཐར་ཕྱིན་པ་མཁས་པའི་དབང་པོར་གྱུར་ཀྱང་དགུང་ཕྲེང་ཉེར་གསུམ་ལ་འབྲུམ་ནད་ཀྱིས་ཞི་བར་གཤེགས།

 

དེ་ལྟར་རིག་འཛིན་ཆེན་པོ་སྐུ་ཕྲེང་རིམ་བྱོན་རྣམས་ཀྱིས་སྤྱིར་གསང་སྔགས་ཕྱི་ནང་དང་། བྱེ་བྲག་རང་ལུགས་བྱང་གཏེར་གྱི་བསྐྱེད་རྫོགས་འཕྲིན་ལས། བསྙེན་སྒྲུབ་ལས་གསུམ། དབྱངས་རོལ། གཏོར་བཟོ། གར་འཆམ་བཅས་མདོར་ན་ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང་། ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་བཅས་སྐལ་ལྡན་དང་བ་འདྲེན་པ་དང་། འབྱོར་ལྡན་བསོད་ནམས་གསོག་པའི་ཞིང་མཆོག་དམ་པར་གྱུར། དེའི་ཕྱིར་རྡོ་རྗེ་བྲག་ཅེས་པའི་དགོན་འདིར་ཕལ་ཆེར་ལོ་ངོ་སུམ་བརྒྱ་དགུ་བཅུ་ཙམ་གྱི་ལོ་རྒྱུས་ཡོད་པར་གྲགས་སོ།།
 

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་ནས་ཟུར་འདོན་ཞུས།

 

 

མཐའ་མའི་འདོན་ཐེངས་།: 29.06.2017 ཉིན། 12:08 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

འཆི་རིམ་དང་ཐུགས་དམ་སྐོར།

ཟི་ན་ངག་དབང་ཚུལ་ཁྲིམས་དར་རྒྱས།

སུམ་པ་ཡེ་ཤེས་དཔལ་འབྱོར།

ཆུ་བཟང་བློ་བཟང་བསྟན་པའི་རྒྱལ་མཚན།

ཆུ་བཟང་སྐུ་ཕྲེང་དང་པོ་རྣམ་རྒྱལ་དཔལ་འབྱོར།

ཀོང་རོང་སྨན་བླ་དོན་གྲུབ།

དངུལ་ཆུ་གྲུབ་པའི་བསྟན་བཅོས།

སྨན་གྱི་བསྟན་བཅོས་སྨན་མིང་རྒྱ་མཚོ།

རྡོ་རྗེ་དབྱུག་པའི་བྱ་བ་བཞུགས།

སྨན་རྩིས་ཁང་གི་སྨན་དུ་བརྫུས་ནས་བསླུ་ཁྲིད་བྱེད།

སྡེ་དགེ་བསྟན་པ་ཚེ་རིང་།

རིག་འཛིན་ཆེན་པོ་ངག་དབང་འཇམ་དཔལ།

ཚེ་རིག་འཛིན་པ་ངག་དབང་སངས་རྒྱས་དཔལ་བཟང་།

ཆགས་པ་ཆོས་འཕེལ།

སྡེ་སྲིད་སངས་རྒྱས་རྒྱ་མཚོ།