སྨན་རྩིས་དྲ་བ། - མདུན་ངོས།

ཡོ་ག་ལག་ལེན་དམར་ཁྲིད་དབུ་ཚུགས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 06.04.2017
མདུན་ངོས། >>



ཡོ་ག་ལག་ལེན་དམར་ཁྲིད་དབུ་ཚུགས་པ།
 

ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས ༢༣ ཉིན་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ ༥༦ འཁོར་བའི་དུས་དྲན་དང་སྟབས་བསྟུན་ནས། དྷ་སའི་ལྷ་རྒྱལ་རིའི་མདུན་ཐང་དུ་སྨན་རྩིས་ཁང་གི་ནད་རིགས་སྔོན་འགོག་ལས་གཞིར་གཏོགས་པའི་དབུགས་སྦྱོང་ཡོ་གའི་ལག་ལེན་བྱེད་ཐབས་སྐོར་དབུ་འབྱེད་མཛད་སྒོ་ཞིག་ཚོགས་གནང་ཡོད།

 

དེར་སྐུ་མགྲོན་གཙོ་བོ་དྷ་ས་ས་གནས་འགོ་འཛིན་སྐུ་ངོ་ཟླ་བ་རིན་ཆེན་ལགས་དང་། སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས་རྣམ་གཉིས་ཀྱི་གཙོས་ཡོ་གའི་དགེ་ཆེ་སྨན་པ་སྤེན་པ་ཚེ་རིང་ལགས་དང་། ཡོ་གའི་དགེ་རྒན་ཚེ་རིང་དོན་གྲུབ་ལགས། དེ་བཞིན་དོན་གཉེར་ལྡན་པའི་མི་མང་བརྒྱད་བཅུ་ལྷག་ཙམ་མཉམ་ཞུགས་གནང་ཡོད།
 

དེ་ནས་དབུ་བཞུགས་རྣམ་པ་ལྷན་རྒྱས་ཀྱིས་བོད་རིགས་མང་ཚོགས་ཀྱི་འཕྲོད་བསྟེན་ལ་ཕན་པའི་ལས་གཞི་འདིའི་ངོ་སྤྲོད་དང་། གལ་ཆེ་ཚུལ། མང་ཚོགས་གང་མང་ནས་མཉམ་ཞུགས་གནང་ཞིང་ཉིན་ལྟར་དབུགས་སྦྱོང་ལག་ལེན་གནང་བའི་སྒོ་ནས་ནད་རིགས་སྔོན་འགོག་གི་ཐབས་ལ་འབད་དགོས་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་གནང་གྲུབ་རྗེས་དྷ་ས་སྨན་རྩིས་ཁང་གིས་ཆེད་དུ་དམིགས་ནས་དབུགས་སྦྱོང་ཡོ་ག་ལག་ལེན་གནང་བའི་སྐབས་ཡོ་གའི་གྱོན་ཆས་ཆ་ཚང་ཞིག་རིན་མེད་ཐོག་མཉམ་ཞུགས་གནང་མཁན་ཚང་མ་ལ་འགྲེམས་སྤེལ་ཞུས། དེ་ནས་ཡོ་གའི་སྨན་པས་ཡོ་ག་ལག་ལེན་དམར་ཁྲིད་ཀྱི་སྔོན་འགྲོའི་ཚུལ་དུ་ས་ཕྱོགས་དེ་གར་ཆུ་ཚོད་གཅིག་ཙམ་རིང་མི་མང་ལ་དམར་ཁྲིད་བྱས་ནས་དབུ་འབྱེད་མཛད་སྒོ་ལེགས་གྲུབ་བྱུང་ཡོད།

 

དེ་ནས་ཟླ་ ༣ ཚེས་ ༢༤ ནས་བཟུང་ཉིན་བརྒྱད་ཀྱི་རིང་སྨན་པ་སྤེན་པ་ཚེ་རིང་ལགས་ནས་ལྷ་རྒྱལ་རིའི་རྒན་གསོ་ཁང་གི་རྒན་གྲས་རྣམས་ཀྱི་གཙོས་དྷ་སའི་མི་མང་དོན་གཉེར་ཅན་རྣམས་ལ་ཉིན་ལྟར་ཕྱི་དྲོ་ཕྱག་ཚོད་ 3 - 4:30 བར་ལག་ལེན་སློབ་ཁྲིད་གནང་ཡོད།  དེ་ནི་རྒས་པ་གསོ་བའི་ཡོ་ག་ཞེས་ལུས་གཞོན་སོ་དོད་པོར་གནས་ཐུབ་ཅིང་ནད་གཞི་སྔོན་འགོག་གི་ཆེད་དུ་དམིགས་པ་ཞིག་ཡིན། ཡོ་གའི་ལག་ལེན་སློབ་ཁྲིད་དང་ལྷན་དུ་བོད་ཀྱི་གསོ་རིག་གཞུང་དུ་བསྟན་པའི་མི་སོ་སོའི་ལུས་ཀྱི་རང་བཞིན་གང་ཡིན་ངོ་སྤྲོད་རགས་བསྡུས་ཞུས་ཡོད་ལ། དེ་བཞིན་ཟས་སྐོམ་བསྟེན་སྟངས་སྤྱི་དང་། རང་གི་རང་བཞིན་ལ་གཞིགས་པའི་ཟས་སྐོམ་སྤང་བླང་བྱེད་ཐབས་སྐོར་ངོ་སྤྲོད་གནང་། ཉིན་བརྒྱད་ཀྱི་རིང་ཉིན་ལྟར་མང་ཚོགས་ནས་དོ་ཁུར་ཆེན་པོས་མཉམ་ཞུགས་གནང་ཡོད།
 

དེ་དང་ཟླ་ ༣ ཚེས་ ༢༩ ཉིན་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་དབུ་འབྱེད་གནང་བའི་ཡོ་གའི་དེབ་《 ཡོ་ག་ལས་ནད་རིགས་སྔོན་འགོག་ཤེས་བྱ། དེབ་ཕྲེང་༩》  ཞེས་པ་སྨན་པ་སྤེན་པ་ཚེ་རིང་ལགས་ཀྱིས་རྩོམ་སྒྲིག་ཞུས་པ་དེ་ཡོ་ག་ལག་ལེན་དམར་ཁྲིད་ལ་ཉམས་ཞུགས་གནང་མཁན་དོན་གཉེར་ཅན་ཡོངས་ལ་རིན་མེད་འགྲེམས་སྤེལ་ཞུས་ཡོད། མ་འོངས་ཡོ་ག་དེ་དག་མུ་མཐུད་ཉམས་ལེན་ཡོང་ཆེད་ས་གནས་སོ་སོར་དེའི་ཐོག་དོ་དབྱིངས་ལྷག་པར་ཡོད་པ་གཅིག་ལ་སྣེ་ཁྲིད་པའམ་བསྐུལ་མ་གཏོང་མཁན་རྒན་བདག་གི་ཚུལ་དུ་བཀོད་བསྒྲིག་ཞུ་འཆར་ཡོད་པ་དང་འབྲེལ། དྷ་སའི་ཁུལ་དུ་དོན་གཉེར་བ་གཅིག་ལ་སྨན་རྩིས་ཁང་ནས་ལེགས་སྐྱེས་སྟོང་མིན་ཙམ་གནང་ནས་བསྐོ་མངགས་ཞུས་ཡོད། ཡོ་གའི་ལས་གཞི་འདི་གཙོ་བོ་རྒན་གྲས་གཙོས་དོན་གཉེར་ཡོད་པ་རྣམས་ཀྱི་འཕྲོད་བསྟེན་གཅེས་སྲུང་དང་། ནད་རིགས་སྔོན་འགོག་ཆེད་དུ་དམིགས་པ་ཞིག་ཡིན་པར་བརྟེན་རིམ་པས་བོད་མིའི་གཞིས་སྒར་ཁག་ལ་བསྐོར་བསྐྱོད་གནང་འཆར་ཡོད།


 

མཐའ་མའི་འདོན་ཐེངས་།: 06.04.2017 ཉིན། 12:15 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།