སྨན་རྩིས་དྲ་བ། - མདུན་ངོས།

འཛམ་གླིང་གཅིན་སྙི་ཟ་ཁུའི་ཉིན་མོ་སྲུང་བརྩི་ཞུས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 16.11.2014
མདུན་ངོས། >>

 


 འཛམ་གླིང་གཅིན་སྙི་ཟ་ཁུའི་ཉིན་མོ་སྲུང་བརྩི་ཞུས་པ།


ཕྱི་ལོ་ ༢༠༡༤ ཟླ་༡༡ ཚེས་༡༤ སྔ་དྲོ་ཕྱག་ཚོད་དགུ་པའི་སྟེང་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་བོད་ཀྱི་སྨན་རྩིས་ཁང་ཉམས་ཞིབ་སྡེ་ཚན་གྱིས་གཙོ་འགན་བཞེས་ཞིང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་མཐུན་འགྱུར་གནང་བའི་ཐོག་འཛམ་གླིང་གཅིན་སྙི་ཟ་ཁུའི་ཉིན་མོ་(World Diabetes Day)སྲུང་བརྩི་ཞུས་པ་རེད། ཐེངས་འདིའི་མཛད་སྒོར་ཕྱི་ལུགས་ཨེ་ལོ་པེ་ཐི་དང་བོད་ལུགས་གསོ་བ་རིག་པ་གཉིས་ཀྱི་གཅིན་སྙི་ཟ་ཁུའི་སྐོར་དམིགས་བསལ་གྱི་གསུང་བཤད་ཀྱི་མཛད་རིམ་ཞིག་ཀྱང་གོ་སྒྲིག་ཞུས་ཡོད།

 
མཛད་སྒོའི་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་དྲུང་ཆེ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཕེབས་ཡོད་པ་དང་། དེ་བཞིན་བོད་ཀྱི་སྨན་རྩིས་ཁང་གི་དྲུང་ཆེ་ཚེ་རིང་ཕུན་ཚོགས་ལགས་དང་། གཅིན་སྙི་ཟ་ཁུའི་ཐོག་བོད་ཀྱི་གསོ་རིག་ལུགས་ཀྱི་གསུང་བཤད་གནང་མཁན་སྨན་དགེ་སྨན་རམས་པ་མཁྱེན་རབ་རྒྱ་མཚོ་ལགས་དང་། ཕྱི་ལུགས་ཐོག་གསུང་བཤད་གནང་མཁན་བདེ་ལེགས་སྨན་ཁང་གི་ཌོཀ་ཊར་བསྟན་འཛིན་ལྷུན་གྲུབ་ལགས་ཕེབས་ཡོད། གཞན་ཡང་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཅོ། བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་གི་དགེ་སློབ་ཡོངས་དང་། སྨན་རྩིས་པ་དང་ལས་བྱེད། གསར་འགོད་པ་དང་ཕྱི་མི་དོན་གཉེར་ཅན་ཉུང་ཤས་བཅས་ཚོགས་བཅར་བ་ཉིས་བརྒྱ་མན་ཙམ་ཕེབས་ཐུབ་པ་བྱུང་ཡོད།

སྤྱིར་འཛམ་གླིང་གཅིན་སྙི་ཟ་ཁུའི་ཉིན་མོ་འདི་རྒྱལ་སྤྱིའི་གཅིན་སྙི་ཟ་ཁུའི་མཐུན་ཚོགས་ (IDF: International Diabetes Federation) དང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་(WHO: World Health Organization) གཉིས་ཀྱིས་ཕྱི་ལོ་༡༩༩༡ ལོར་གསར་གཏོད་གནང་བ་ནས་བཟུང་ལོ་ལྟར་ཟླ་༡༡ ཚེས་༡༤ ཉིན་སྲུང་བརྩི་ཞུ་བཞིན་ཡོད། དེ་ནས་ཕྱི་ལོ་༢༠༠༧ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཟླ་༡༡ ཚེས་༡༤ ཉིན་དེ་གཅིན་སྙི་ཟ་ཁུའི་གཞུང་འབྲེལ་ཉིན་མོར་ངོས་འཛིན་གནང་བ་རེད། ཉིན་དེ་རང་ལ་སྲུང་བརྩི་ཞུ་དགོས་དོན་ནི། ཀེ་ན་ཌའི་མི་སེར་སྨན་གྱི་ཚན་རིག་པ་དང་སྨན་གྱི་ནོ་ཝེལ་གཟེངས་རྟགས་ཐོབ་མཁན་ Sir Frederick Grant Banting ཁོང་གི་སྐྱེས་སྐར་ཁེལ་བས་མཚོན་རྟགས་སུ་སྲུང་བརྩི་ཞུ་བཞིན་ཡོད། ཁོང་དང་ལས་རོགས་ Dr. Charles Best གཉིས་ལ་ཕྱི་ལོ་༡༩༢༡ ལོར་གསར་དུ་རྙེད་པའི་ཨིན་སུ་ལིན་གྱི་རིག་པ་དེ་ཐོག་མར་ཡིད་ལ་འཆར་བ་རེད། དེའི་ཉིན་གཅིན་སྙི་ཟ་ཁུའི་ནད་ཀྱི་ཉེན་ཚབས་དང་སྔོན་འགོག་བྱེད་ཐབས་སོགས་ཀྱི་སྐོར་ལ་མི་མང་གོ་རྟོག་ལས་འགུལ་ལས་རིམ་སྣ་ཚོགས་སྒོ་ནས་སྤེལ་སྲོལ་ཡོད། ཉིན་མོ་དེ་སྲུང་བརྩི་ཞུ་མཁན་གཙོ་བོ་རྒྱལ་སྤྱི་གཅིན་སྙི་ཟ་ཁུའི་མཐུན་ཚོགས་ཀྱི་རྒྱལ་ཁབ་༡༦༠ ལྷག་ནང་ཡོད་པའི་ཚོགས་མི་ཉིས་བརྒྱ་ལྷག་དང་མཉམ་འབྲེལ་རྒྱལ་ཚོགས་ནང་ཐོ་འཁོད་རྒྱལ་ཁབ་ཡོངས་རྫོགས་དང་དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཆུང་མང་པོ་དང་འཕྲོད་བསྟེན་ཞབས་ཞུ་བ་སོགས་ཀྱིས་སྲུང་བརྩི་ཞུ་བཞིན་ཡོད། འདི་ལོ་ནས་འགོ་འཛུགས་པའི་ལོ་གསུམ་རིང་གི་འཛམ་གླིང་གཅིན་སྙི་ཟ་ཁུའི་ཉིན་མོའི་གཞུང་འབྲེལ་གནད་ཡིག་གམ་བརྗོད་གཞི་ནི་"བདེ་གནས་ཀྱི་འཚོ་བ་དང་གཅིན་སྙི་ཟ་ཁུ་"ཞེས་པ་དེ་གཏན་འབེབས་གནང་ཡོད། དེ་ནི་གཅིན་སྙི་ནད་ཀྱི་སྔོན་འགོག་དང་བཅོས་ཐབས་ལ་དཀའ་རྙོག་མེད་པར་གནད་སྨིན་པའི་སྟངས་འཛིན་ཡོང་བའི་ཆེད་དུ་དམིགས་བསལ་གྱི་འཕྲོད་པའི་ཟས་སྤྱོད་བསྟེན་ཐབས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད།

རྒྱལ་སྤྱི་གཅིན་སྙི་ཟ་ཁུའི་མཐུན་ཚོགས་ནས་ཚོད་དཔག་གསར་ཤོས་དེ་ད་ལྟའི་ཆར་འཛམ་གླིང་དུ་མི་ས་ཡ་༣༨༢ ཙམ་གཅིན་སྙི་ཟ་ཁུའི་ནད་པ་ཡིན་པ་དང་། མ་འོངས་ཕྱི་ལོ་༢༠༣༥ སྐབས་སུ་གཅིན་སྙི་ཟ་ཁུའི་ནད་པའི་ཁ་གྲངས་ས་ཡ་༥༩༢ འཕར་རྒྱུ་ཡིན་པ་དང་། ཡང་ན། མི་བཅུའི་ནང་ནས་མི་གཅིག་གཅིན་སྙི་ཟ་ཁུའི་ནད་པ་ཆགས་རྒྱུའི་ཚོད་དཔག་རྒྱག་བཞིན་ཡོད། ནད་གཞི་འདི་ལ་ཞེད་སྣང་སྐྱེས་འོས་པའི་གནས་སྟངས་གཅིག་ནི་ནད་འདི་མངོན་པར་མི་གསལ་གནས་པའི་རྒྱུ་མཚན་གྱིས་འཛམ་གླིང་ནང་གི་གཅིན་སྙི་ཟ་ཁུའི་ནད་པའི་གྲངས་འབོར་ཕྱེད་ཀ་ལྷག་ནད་ངོས་འཛིན་མ་ཐུབ་པར་བསྡད་ཡོད་པ་དེ་ཡིན།

དེ་བཞིན་བཙན་བྱོལ་བོད་མིའི་ཁྲོད་གཅིན་སྙི་ཟ་ཁུའི་ནད་གཞི་གནས་སྟངས་ཐོག་བོད་ཀྱི་སྨན་རྩིས་ཁང་གི་ཉམས་ཞིབ་སྡེ་འགན་སྨན་རམས་པ་རིག་འཛིན་བཟང་མོ་ལགས་ཀྱིས་གསུངས་དོན། ཕྱི་ལོ་༡༩༩༧ ལོར་བོད་ཀྱི་སྨན་རྩིས་ཁང་ཉམས་ཞིབ་སྡེ་ཚན་ནས་རྒྱ་གར་ལྷོ་བྱང་བོད་མི་གཞིས་སྒར་ཁག་ཏུ་གཅིན་སྙི་ཞིབ་བཤེར་གནང་སྐབས་བཙན་བྱོལ་བོད་མི་ནང་གཅིན་སྙི་ཟ་ཁུའི་ཚད་གཞི་དེ་བརྒྱ་ཆ་༣་༤ ཡིན་པ་ཤེས་ཡོད། དེ་ནི་རྒྱལ་ཁབ་གཞན་དང་བསྡུར་ན་ཚད་གཞི་དམའ་བོ་ཡིན། ཡང་ཕྱི་ལོ་༢༠༡༠ ལོར་དྷ་ས་ཁུལ་དུ་གཅིན་སྙི་ཟ་ཁུའི་ཉམས་ཞིབ་ཆེད་དུ་ཞིབ་བཤེར་བྱས་ཡོད། དེ་དུས་གཅིན་སྙི་ཟ་ཁུའི་ཚད་གཞི་དེ་མང་བ་ཡོད་པ་ཤེས་ཡོད། དེ་ནི་ང་ཚོ་བོད་མི་རྣམས་ཀྱིས་ཟས་སྤྱོད་ཐོག་ལྷོད་ཡེངས་ཕྱིན་པ་དང་སྐབས་ཐོག་ལ་ནད་གཞི་ངོས་འཛིན་མ་ཐུབ་པའི་རྐྱེན་གྱིས་ཚད་གཞི་མཐོ་པོ་ཕྱིན་ཡོད་པ་ཤེས་ཡོད། ལྷག་པར་དུ་སྨན་རྩིས་ཁང་ནས་གཅིན་སྙི་ཟ་ཁུའི་ཉམས་ཞིབ་ཐེངས་དང་པོའི་སྐབས་ཕྱི་ལུགས་ནས་HbA1C དང་ལྟོ་སྟོང་གི་མངར་ཚད་དེ་བོད་སྨན་གྱིས་བཅག་ཐུབ་པའི་གྲུབ་འབྲས་བཟང་པོ་དེ་ཨ་རི་དུས་དེབ་གྲགས་ཆེ་བ་Diabetes Careཞེས་པའི་ནང་དུ་འདོན་སྤེལ་བྱེད་ཐུབ་ཡོད་ཅེས་གསུངས། གཞན་ཡང་མཛད་སྒོ་འདི་རྩ་བའི་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་མཆོག་གིས་བཀའ་མངགས་ལྟར་འཚོགས་པ་དང་། ལྷག་པར་དུ་མཛད་སྒོ་འདི་ལ་མཁོ་བའི་དར་བྱང་དང་། གཅིན་སྙི་ཟ་ཁུའི་ཟས་ཀྱི་སྤང་བླང་བསླབ་བྱ་བཀོད་པའི་དེབ་རྟགས་གྲངས་ཉིས་སྟོང་ཐམ་པ། སྨན་རྩིས་སློབ་མ་རྣམས་ལ་དམིགས་བསལ་གྱི་ཞོགས་ཟས་བཅས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་མཐུན་འགྱུར་གནང་ཡོད་ཚུལ་སོགས་ཀྱི་གསུང་བཤད་གནང་སོང་།

དེ་ནས་འཕྲོད་བསྟེན་དྲུང་ཆེ་མཆོག་གིས་ཉིན་མོ་དེ་སྲུང་བརྩི་ཞུ་བའི་དགོས་པ་རྒྱུ་མཚན་ཤེས་པར་བྱེད་རྒྱུ་གལ་ཆེན་པོ་ཡིན་ཚུལ་ཐོག་གསུངས་དོན། ནད་འདིའི་སྐོར་ལ་མང་ཚོགས་ཀྱི་གོ་རྟོགས་ཡོང་བ་དང་། ནད་འདིའི་སྐོར་ལ་མཁྱེན་ཡག་དང་། ནད་འདིས་འཛམ་གླིང་དུ་མིའི་རིགས་ལ་དོ་ཕོག་དང་དེའི་རྐྱེན་པས་ཚེ་སྲོག་ཇི་ཙམ་ཤོར་བཞིན་ཡོད་པ་དང་། ལྷག་པར་དུ་མི་འབོར་ཆེན་པོ་ཡོད་པའི་རྒྱལ་ཁབ་རྒྱ་གར་ལྟ་བུ་ཆ་བཞག་ན་ནད་འདིའི་རྐྱེན་པས་འདས་གྲོངས་ཀྱི་གྲངས་འབོར་ཆེན་པོ་ཞེ་དྲག་ཆགས་ཡོད། རིམ་པ་དང་པོ་དེ། མི་ལུས་རིན་ཆེན་དེ་རྩ་ཆེན་པོ་ཡིན་ཙང་སྲོག་ལ་ཉེན་ཁ་ཡོད་པའི་ནད་རིགས་སྐོར་མཁྱེན་པར་བྱ་རྒྱ་དེ་ཧ་ཅང་གལ་ཆེན་ཡིན་པ་རེད། དེའི་ཆེད་དུ་དེ་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཁང་གིས་གཏན་འབེབས་གནང་བའི་དམིགས་ཡུལ་དང་དགོངས་གཞི་གཙོ་བོ་དེ་འདི་ཡིན་པ་རེད་ཅེས་གསུངས་སོང་། དེ་བཞིན་དྲུང་ཆེ་མཆོག་གིས་མུ་མཐུད་གསུངས་དོན། རིམ་པ་གཉིས་པ་དེ་བརྟག་དཔྱད་གནང་དགོས་པ་དང་། རིམ་པ་གསུམ་པ་དེ་གལ་ཏེ་ནད་གཞི་མེད་པ་ཤེས་ན་ནད་འདི་མ་ཕོག་བའི་ཆེད་དུ་སྔོན་འགོག་གི་ཐབས་ལམ་ལག་བསྟར་གནང་རྒྱུ་དང་། ནད་འདི་ཡོད་པར་ཤེས་ན་སྨན་བཅོས་ཀྱི་བྱེད་སྒོ་རྣམ་བཞག་གནང་རྒྱུ་གལ་ཆེན་ཡིན་ཚུལ་སྐོར་གསུངས་ཡོད།

དེ་ནས་བོད་ཀྱི་གསོ་བ་རིག་པའི་ལུགས་ཀྱི་གཅིན་སྙི་ཟ་ཁུའི་ཤེས་བྱའི་སྐོར་སྨན་རམས་པ་མཁྱེན་རབ་རྒྱ་མཚོས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དཔལ་ལྡན་རྒྱུད་བཞི་དང་གསོ་རིག་སྨན་གྱི་མཁས་དབང་ཁག་གི་བཞེད་ལུགས་སྦྲགས་ནས་གསུང་བཤད་གནང་སོང་། ཁོང་གིས་ནད་འདིའི་རྒྱུ་རྐྱེན། དབྱེ་བ། ནད་རྟགས། བཅོས་ཐབས། དེ་བཞིན་གཅིན་སྙི་དང་བླ་གཉན་ནད་གཞི་གཞན་བསྡོངས་པ་བཅས་རང་གི་མྱོང་ཚོར་སྐོར་རྒྱས་པར་གསུངས་སོང་། དེ་བཞིན་ཕྱི་ལུགས་ནས་ Diabetes སྐོར་ཌོཀ་ཊར་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་ནད་གཞི་འདིའི་ངོ་སྤྲོད་དང་། དེ་བཞིན་ནད་ཀྱི་དབྱེ་བའི་ཁྱད་པར་དང་ཕོག་ཚུལ་ནད་ངོས་འཛིན་ཚུལ་དང་སྨན་བཅོས་སོགས་ཀྱི་སྐོར་རྒྱས་པར་གསུངས་སོང་།

མཐའ་མ་བོད་ཀྱི་སྨན་རྩིས་ཁང་གི་སྐུ་ངོ་དྲུང་ཆེ་ལགས་ཀྱིས་གསུང་བཤད་གནང་མཁན་སྨན་པ་གཉིས་ལ་ཐུགས་རྗེ་ལེགས་གསོལ་མཚོན་རྟགས་འབུལ་ནས་ཉམས་ཞིབ་སྡེ་འགན་གྱིས་མཛད་སྒོ་འདི་དང་འབྲེལ་བའི་མཐུན་འགྱུར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་མཛད་སྒོ་གནད་སྨིན་པའི་སྒོ་ནས་རེ་ཞིག་གྲོལ་བ་རེད།།


འབྲེལ་ཡོད་གསུང་བཤད་དང་ཡིག་ཆ་གཞན་ལྟ་ཀློག་བྱེད།

༡། གཅིན་སྙི་ཟ་ཁུའི་ཐོག་སྨན་རམས་པ་མཁྱེན་རབ་རྒྱ་མཚོའི་གསུང་བཤད།

༢། གཅིན་སྙིའི་ནད་གཞི་ངོས་འཛིན་བྱེད་ཚུལ།

༣། ཟ་ཁུ་གཅིན་སྙིར་ཉམས་ཞིབ་གྲུབ་འབྲས།

༤། "Diabetes in Western Medicine" Dr. Tenzin Lhundup ལགས་ཀྱི་གསུང་བཤད།

མཐའ་མའི་འདོན་ཐེངས་།: 23.12.2014 ཉིན། 3:02 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།