སྨན་རྩིས་དྲ་བ། - མདུན་ངོས།

འཕྲོད་བསྟེན་སྐོར་དམིགས་བསལ་ཚོགས་ཆེན་ལས་བྱུང་བའི་གྲོས་གཞི་གྲོས་ཆོད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.05.2016
མདུན་ངོས། >>

 


འཕྲོད་བསྟེན་སྐོར་གྱི་དམིགས་བསལ་ཚོགས་ཆེན་སྐབས་གཏན་འབེབས་བྱུང་བའི་གྲོས་གཞི་གྲོས་ཆོད་ཁག

༢༠༡༦ ཟླ་ ༥ ཚེས་ ༢༤ རེས་གཟའ་མིག་དམར།


༄༅། །འདི་གར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༡༦ ནས་ཚེས་ ༡༨ བར་རྡ་ས་དབུས་སྣེ་ལེན་འབྲེལ་མཐུད་ཁང་དུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་འོག་མི་མང་གི་འཕྲོད་བསྟེན་ཞབས་ཞུ་སྤྱི་དང་། ལྷག་པར་ནད་རིགས་སྔོན་འགོག་གི་ལས་དོན་ཚགས་ཚུད་ཡོང་ཐབས། དེ་བཞིན་སྨན་ཁང་ཁག་གི་འཛིན་སྐྱོང་ཡར་རྒྱས་གཏོང་རྒྱུ་བཅས་ཀྱི་སྐོར་དམིགས་བསལ་ཚོགས་ཆེན་ཚོགས་སྐབས་ཀྱི་གྲོས་གཞི་གྲོས་ཆོད་གཤམ་གསལ།


གྲོས་གཞི་དང་པོ།

ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༣ ཉིན་རྡ་ས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༡༦ ལོར་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་ཕྱག་བཏབ་ནས་ལོ་ངོ་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་དོན་དུ། ༼ནད་རིགས་སྔོན་འགོག་ཐོག་འཕྲོད་བསྟེན་ལས་ཁུངས་ནས་འཐུས་ཤོར་ཧ་ཅང་ཕྱིན་པའི་བཟོ་ཞིག་འདུག སྨན་རྩིས་ཁང་གི་བོད་སྨན་སྡེ་ཚན་ནས་ཀྱང་འཐུས་ཤོར་ཕྱིན་པའི་བཟོ་འདུག༽ སོགས་དུས་གསུམ་གསལ་གཟིགས་ཀྱིས་བཀའ་སློབ་ལྕི་ནན་ཕེབས་དོན་གཙོར་བཟུང་གིས་མི་མང་ལ་འཕྲོད་བསྟེན་ཞབས་ཞུ་ཡར་རྒྱས་གཏོང་ཐབས་སྤྱི་དང་། ལྷག་པར་ནད་རིགས་སྔོན་འགོག་ཐོག་འཐུས་ཤོར་ག་པར་ཕྱིན་ཡོད་མེད་དང་། འཐུས་ཤོར་གྱི་རྒྱུ་རྐྱེན་ཇི་ཡིན། འཐུས་ཤོར་ཕྱིན་པ་དེ་ཚོ་འཐུས་ཤོར་མ་འགྲོ་རྒྱུའི་ཐབས་ཤེས་གང་འདྲ་བྱེད་དགོས་མིན་སྐོར་གོ་བསྡུར།

གྲོས་ཆོད་དང་པོ།

༡། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་སྨན་རྩིས་ཁང་གཉིས་ནས་ནད་རིགས་སྔོན་འགོག་ཆེད་ཕྱི་ལུགས་དང་། བོད་ལུགས་གསོ་རིག་ཟུང་འབྲེལ་ལམ་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཁྱབ་གདལ་ཆེ་བའི་ནད་རིགས་སྔོན་འགོག་གི་ལས་འཆར་སྔར་ལྷག་སྤེལ་དགོས།༼འཕྲོད་བསྟེན་ལས་ཁུངས་དང་སྨན་རྩིས་ཁང་།༽

༢། སྤྱི་ཚོཌ་ནང་འཕྲོད་བསྟེན་སློབ་གསོ་བརྒྱུད་སྤྱོད་ལམ་བསྒྱུར་ཐབས་ཀྱི་ལས་འགུལ་སྤེལ་རྒྱུ།

དཔེར་ན།

ཀ༽ གཟུགས་ཁམས་བདེ་ཐང་ཡོང་ཐབས་སུ་རྒྱུན་དུ་ཟས་སྤྱོད་ཚུལ་བཞིན་བསྟེན་ཚུལ་སྐོར་དང་།

ཁ༽ སྨན་པའི་ལམ་སྟོན་མེད་པར་རང་མཚམས་ཀྱིས་སྨན་གང་བྱུང་ཉོ་བེད་བྱ་རྒྱུ་གནོད་ཚབ་ཆེ་སྐོར།

ག༽ ལུས་རྩལ་དང་དབུགས་སྦྱོང་སྐོར་སློབ་གསོ་ལམ་སྟོན་ཞུ་རྒྱུ།

ང༽ ཤོག་སྒྲིལ་ཟས་རིགས་ Junk Food ཚབ་ཏུ་ཤིང་ཏོག་སོགས་རོ་བཅུད་ལྡན་པའི་ཟས་རིགས་བསྟེན་ཕྱོགས་སྐོར།

ཅ༽ གློ་ནད་ཀྲི་སྦི། མཆིན་པའི་གཉན་ཚད། མོ་ནད་དང་། འབྲས་ནད་སོགས་སྔོན་འགོག་ཆེད་དུས་ནས་དུས་སུ་བརྟག་དཔྱད་ Screening བྱེད་གལ།

ཆ༽ མ་དང་བྱིས་པ། བེུད་དང་ན་གཞོན་བཅས་ཀྱི་ནད་རིགས་སྔོན་འགོག་སྐོར།

༣། ས་གནས་ཁག་ཏུ་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་མི་མང་འདུ་འཛོམས་ནམ་བྱུང་ཕྱི་ལུགས་སྨན་པ་དང་བོད་ལུགས་སྨན་པ་གཉིས་ནས་ནད་རིགས་སྔོན་འགོག་གི་འཕྲོད་བསྟེན་སློབ་གསོ་སྤེལ་ཆེད་ས་གནས་འགོ་འཛིན་ནས་དུས་ཚོད་ཟུར་བཅད་ངེས་གནང་དགོས་རྒྱུ། ༼འཕྲོད་བསྟེན་ལས་ཁུངས།༽

༤། ས་གནས་འཕྲོད་བསྟེན་སྨན་ཁང་ཆེ་ཁག་ནང་སྤྱི་ཡོངས་གཟུགས་གཞི་བརྟག་དཔྱད་ཀྱི་ཆ་རྐྱེན་བསྐྲུན་རྒྱུ།

༥། བོད་མིའི་འདུ་སྡོད་ས་གནས་ཆེ་ཁག་ནང་ནད་རིགས་སྔོན་འགོག་ཆེད་སློབ་སྟོན་པ་རེ་ཟུར་འཛུགས་གནང་གལ།

༦། བོད་སྐད་རླུང་འཕྲིན་ཁག་བརྒྱུད་ཟླ་རེའི་ནང་ཐེངས་རེ་ནད་རིགས་སྔོན་འགོག་དང་ཟས་སྤྱོད་སོགས་ཀྱི་སློབ་སྟོན་རྒྱང་བསྲིངས་གནང་གལ།

༧། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ལམ་ནས་ནད་རིགས་སྔོན་འགོག་དང་། ཟས་སྤྱོད་བསྟེན་ཕྱོགས་ལག་དེབ་དཔར་འགྲེམས་ཞུ་རྒྱུ། ༼བོད་ཀྱི་སྨན་རྩིས་ཁང་།༽

༨། གཞི་རིམ་སློབ་ཚན་ཁོངས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཐོག་ནས་ནད་རིགས་སྔོན་འགོག་ཆེད་དམིགས་ཏེ་ཟས་སྤྱོད་སྤང་བླངས་ཀྱི་ལེ་ཚན་བཅུག་སྒྲིག་གནང་ཐབས། ༼འཕྲོད་བསྟེན་ལས་ཁུངས་དང་། བོད་ཀྱི་སྨན་རྩིས་ཁང་། ཤེས་རིག་ལས་ཁུངས།༽

༩། བོད་ཀྱི་སྨན་རྩིས་ཁང་དུ་ནད་རིགས་སྔོན་འགོག་དང་འབྲེལ་བའི་སྤྱི་ཚོགས་འཕྲོད་བསྟེན་ཚན་པ་ཟུར་འཛུགས་དགོས་གལ། ༼བོད་ཀྱི་སྨན་རྩིས་ཁང་།༽


གྲོས་གཞི་གཉིས་པ།

ཡང་གོང་གསལ་བཀའ་སློབ་མུ་མཐུད་ནས། ༼ང་ཚོའི་སྤྱི་ཚོགས་ནང་ཡ་རབས་བཟང་སྤྱོད་ཟེར་རྒྱུ་ཁ་ནས་བཤད་པ་མ་གཏོགས། ལག་ལེན་ངོ་མའི་ཐོག་ལ་ཚད་དམའ་རུ་འགྲོ་གི་ཡོད་པའི་བཟོ་འདྲ་འདུག༽ སོགས་བཀའ་སློབ་ཕེབས་དོན་བཞིན་སྨན་ཁང་དུ་བསྟེན་གཏུགས་བྱེད་མཁན་རྣམས་ནད་ན་ཚའི་སྡུག་བསྔལ་གྱིས་མནར་ནས་སྨན་ཁང་བསྟེན་མཁན་ཤ་སྟག་ཡིན་པར་བརྟེན་འཕྲོད་བསྟེན་འགོ་ལས་ཡོངས་ནས་རྣམ་ཀུན་མི་མང་ལྷག་པར་ནད་པ་མཉམ་ཡ་རབས་བཟང་སྤྱོད་དང་བྱམས་སྙིང་རྗེའི་སྒོ་ནས་གཅེས་སྐྱོང་བྱེད་ཕྱོགས་སྐོར་གོ་བསྡུར།

གྲོས་ཆོད་གཉིས་པ།

༡། རང་རེའི་སྤྱི་ཚོགས་བདེ་རྩར་དགོངས་བཞེས་ཀྱིས་གཞན་ཕན་གྱི་ཀུན་སློང་དང་ལྷག་བསམ་བཟང་པོས་མཚམས་སྦྱར་ཏེ་ལོ་མང་རིང་འཕྲོད་བསྟེན་ཞབས་འདེགས་གྲུབ་དང་འགྲུབ་བཞིན་པ་བདེ་ལེགས་སྨན་ཁང་གི་སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་དང་། བོད་ཀྱི་སྨན་རྩིས་ཁང་གི་སྐུ་བཅར་སྨན་རམས་པ་ཚེ་དབང་རྟ་མགྲིན་ལཌ། ཅན་དྷི་སྒར་སྤྱི་ཚོགས་འཕྲོད་བསྟེན་དྭང་ཞབས་པ་ཚེ་རིང་སྒྲོལ་དཀར་ལགས། སངས་རྒྱས་སྨན་བླའི་སྤྱི་ཚོགས་འཕྲོད་བསྟེན་དྭང་ཞབས་བཅས་ནས་ངལ་བ་ཁྱད་བསད་ཀྱིས་སྤྱི་ཚོགས་ཞབས་ཞུ་མིག་དཔེ་འོས་པ་གནང་དང་གནང་བཞིན་པར་ཚོགས་བཅར་བ་ཡོངས་ནས་ཁོང་རྣམས་ཀྱི་དམིགས་དཔེ་བཟང་པོར་བསྔགས་བརྗོད་རྒྱ་ཆེ་ཞུ་རྒྱུ་མ་ཟད། ཁོང་རྣམས་ཀྱི་མིག་དཔེ་བཟང་པོ་རང་རེའི་སྤྱི་ཚོཌ་ཁྲོད་རྒྱུན་འཇཌ་ཡོང་བའི་རེ་བསྐུལ་ཞུ་རྒྱུ།

༢། སྨན་ཁང་གི་འབྲེལ་ཡོད་ལས་བྱེད་རྣམས་ནས་ནད་པ་རྣམས་ལ་རྒྱུན་གཏན་རང་ཉིད་ཀྱི་ཕ་མ་སྤུན་གཉེན་གྱི་འདུ་ཤེས་སྒོ་ནས་སྨན་བཅོས་དང་ནད་གཡོག་མཐུན་འགྱུར་རོགས་རམ་གནང་རྒྱུ།

༣། འཕྲོད་བསྟེན་དང་འབྲེལ་བའི་སྨན་ལས་པ་རྣམས་ནས་ནད་པར་སྨན་བཅོས་དང་། ནད་གཡོག་རྒྱུགས་པའི་ཕན་ཡོན་དང་ཀུན་སློང་བཅོས་ཐབས་སྐོར་ནང་ཆོས་ངོ་སྤྲོད་གནང་རྒྱུ།

༤། སྨན་ལས་རྣམས་ནས་འཕྲོད་བསྟེན་ཞབས་འདེགས་ཚད་མཐོར་གཏོང་ཐབས་སུ་རྒྱུན་ལྡན་ྋསྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་སྔ་ཕྱི་ཕེབས་པ་བཞིན་འགན་འཁུར་ངོ་ལྐོག་རྒྱབ་མདུན་མེད་པ་ལྷག་བསམ་རྣམ་དག་ལས་འབྲས་དཔང་འཕེར་གནང་གལ།


གྲོས་གཞི་གསུམ་པ།
ཡང་བཀའ་སློབ་ནང་། ༼ད་ལྟ་བར་འགྲིག་ཙམ་འགྲིག་ཙམ་བྱས་ནས་ཁུངས་འཁྱོལ་བ་རེད། ག་ལེར་ག་ལེར་ང་ནི་ཉི་མ་ལ་བརྒལ་གྱི་མཚམས་ལ་བསླེབ་འགྲོ་གི་རེད། ལོ་བཅུ་བཅོ་ལྔ་བསྡད་ཀྱི་ཡོད་སྲིད། དེ་ནས་འཆི་འགྲོ་རྒྱུ་རེད།༽ སོགས་གསུངས་དགོས་པའི་གནས་སྟངས་ནི་རང་ཅག་གཞིས་བྱེས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་བཟོད་དཀའ་ཞིང་ཡིད་ལ་གཤོངས་ཐབས་མེད་པ་ཞིག་ཡིན་སྟབས་བདག་ཅག་རྣམས་ཀྱི་ངོས་ནས་མ་ཤེས་མ་རིག་དབང་གིས་ནོངས་པ་དང་འགལ་བར་གྱུར་བ་ཇི་ཡོད་ཐམས་ཅད་གནོངས་འགྱོད་དྲག་པོ་དང་བཅས་སྙིང་ནས་མཐོལ་བཤགས་ཞུ་རྒྱུ་དང་། ཕྱིན་ཆད་སྤང་སྡོམ་ཚུལ་བཞིན་ཞུ་རྒྱུར་སྙིང་ཐག་པ་ནས་ཁས་ལེན་ཞུ་བ་ལགས་ན་ཐུགས་བརྩེ་བ་ཆེན་པོས་ཅི་ནས་བཟོད་པར་མཛད་དུ་གསོལ་རྒྱུའི་དམ་བཅའ་ཕུལ་ཏེ་མགོན་པོ་མཆོག་གི་ྋསྐུའི་གསང་གསུམ་མི་ཤིགས་རྡོ་རྗེའི་ཁམས་སུ་བརྟན་པར་བཞུགས་སུ་གསོལ་རྒྱུའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུའི་སྐོར་གོ་བསྡུར།

གྲོས་ཆོད་གསུམ་པ།

ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༡༧ ཉིན་ྋགོང་ས་མཆོག་ནས་ཚོགས་བཅར་རྣམས་ལ་མཇལ་མང་བཀའ་དྲིན་ཆེ་སྐབས་དམ་འབུལ་སྙན་གསན་ཞུས་པའི་ངོ་བཤུས་ཟུར་འཛར།


གྲོས་གཞི་བཞི་པ།

དབུས་དང་ས་གནས་ལས་བྱེད་དབར་གྱི་འབྲེལ་བ་དང་། ལྷག་པར་ས་གནས་སྨན་ཁང་ལས་བྱེད་རྣམས་ཀྱིས་མི་མང་ལ་འགན་ཁུར་དང་ཞབས་ཞུ་ཚད་མཐོར་གཏོང་ཐབས་ཇི་ཡོད་སྐོར་གོ་བསྡུར།

གྲོས་ཆོད་བཞི་པ།

༡། དབུས་ས་གཉིས་དབར་ཁ་པར་ཙམ་གྱི་འབྲེལ་བ་མ་ཡིན་པར་ལོ་རེར་ས་གནས་ས་ཐོག་ཏུ་ཉུང་མཐར་ཐེངས་གཅིག་ངོ་ཕེབས་ཀྱིས་རྟོགས་ཞིབ་གནང་གལ། ༼དབུས༽

༢། ས་གནས་འཕྲོད་བསྟེན་སྨན་ལས་ཞབས་ཞུ་རྣམས་ལ་མིང་སྦྱང་གི་དཔུང་རྟགས་ (Name plate) བཟོ་རྒྱུ།

༣། ཁྱབ་ཁོངས་སྨན་ཁང་ཁག་གི་ལས་བྱེད་རྣམས་ཀྱི་ལས་འབོར་ཞིབ་བཤེར་ཚད་ལྡན་ཞིག་ངེས་པར་གནང་གལ། ༼དབུས༽

༤། དབུལ་ཕོངས་ཉམ་ཐག་མགོན་མེད་ཅན་ཛ་དྲག་ནད་མནར་སྐབས་ཕྱི་ལུགས་སྨན་ཁང་དུ་བརྟག་དཔྱད་དང་སྨན་བཅོས་ཆེད་འཕྲོད་བསྟེན་ཞབས་ཞུ་བའི་མཐུན་འགྱུར་རོགས་ཕན་གནང་གལ།༼ ས་གནས།༽

༥། རང་རེའི་བོད་མི་གཞིས་ཆགས་ཁག་ཏུ་བགྲེས་སོང་རྣམས་ལ་ལུས་སེམས་ལས་སུ་རུང་བས་དེང་རབས་དང་མཐུན་པའི་འཕྲོད་བསྟེན་སློབ་གསོ་ Adult Health Programme ལས་འཆར་སྤེལ་རྒྱུ།


གྲོས་གཞི་ལྔ་པ།

ས་གནས་འཕྲོད་བསྟེན་སྨན་ཁང་དང་། ས་གནས་སྨན་རྩིས་ཁང་། གྲྭ་ཚང་ཁག་གི་སྨན་ཁང་། སློབ་གྲྭ་ཁག་གི་སྔོན་འགྲོའི་སྨན་ཁང་བཅས་དབར་ཕན་ཚུན་མཉམ་ལས་གནང་ཕྱོགས་དང་། ས་གནས་རྒྱ་གར་སྨན་ཁང་ལ་འབྲེལ་བ་ཞུ་ཕྱོགས། དེ་བཞིན་རྒྱ་གར་དབུས་ས་གཞུང་ནས་མང་ཚོགས་ཀྱི་འཕྲོད་བསྟེན་ཆེད་སྨན་བཅོས་མཐུན་འགྱུར་དང་རོགས་རམ་ཐོབ་ཐབས་སྐོར།

གྲོས་ཆོད་ལྔ་པ།

༡། ས་གནས་འཕྲོད་བསྟེན་སྨན་ཁང་དང་། ས་གནས་སྨན་རྩིས་ཁང་། གྲྭ་ཚང་། སློབ་གྲྭ་ཁག་བཅས་ཀྱིས་འཕྲོད་བསྟེན་དང་འབྲེལ་བའི་ལས་གཞི་ཁག་ནུས་པ་ལྡན་པ་ཡོང་ཐབས་སུ་ལས་འགུལ་མཉམ་རུབ་ཐོག་སྤེལ་ཐབས་གནང་རྒྱུ།

༢། ཁྱབ་ཁོངས་སྨན་ཁང་འགན་འཛིན་ནས་ས་གནས་འགོ་འཛིན་ལ་འབྲེལ་བ་གནང་སྟེ་བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་གནང་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ དགོངས་དོན་ས་གནས་དང་མངའ་སྡེ་འཕྲོད་བསྟེན་ལས་ཁུངས་ཁག་ནས་མཐུན་རྐྱེན་རག་ཐབས་ཇི་ཡོད་འབད་བརྩོན་གནད་སྨིན་གནང་གལ།

༣། གསོ་རིག་རྒྱུན་འཛིན་སྨན་པ་དང་ཕྱི་ལུགས་སྨན་པ་དབར་ལོ་གཉིས་རེའི་མཚམས་འཕྲོད་བསྟེན་ཚོགས་ཆེན་ཐེངས་རེ་ཚོགས་གལ། ༼འཕྲོད་བསྟེན་དང་བོད་ཀྱི་སྨན་རྩིས་ཁང་།༽

༤། བོད་ཀྱི་སྨན་རྩིས་ཁང་ནས་དེང་རབས་སྤྱི་ཚོགས་ནང་ཁྱབ་གདལ་ཆེ་བའི་ནད་གཞི་ཁག་དང་། སྨན་བཅོས་ཚད་ལྡན་གཏན་འབེབས་ཡོང་ཐབས་སྐོར་དུས་ནས་དུས་སུ་སྨན་པ་དབར་བགྲོ་གླེང་དཔྱད་བསྡུར་ངེས་པར་གནང་གལ། ༼སྨན་རྩིས་ཁང་།༽

༥། ནད་རིགས་སྔོན་འགོག་ཚན་རིག་དང་མཐུན་པ་ཡོང་ཐབས་སུ་འཕྲོད་བསྟེན་ལས་ཁུངས་ནས་གྲངས་ཐོ་བསྡུ་རུབ་ཐོག་སྨན་རྩིས་ཁང་དང་། སློབ་གྲྭ དགོན་སྡེ་ཁག་བཅས་ནས་མཐུན་འགྱུར་གནང་གལ།


གྲོས་གཞི་དྲུག་པ།

རང་རེའི་སྤྱི་ཚོགས་ནང་ནད་རིགས་ཁྱབ་གདལ་ཆེ་བའི་ནད་རིགས་སྔོན་འགོག་བྱ་ཐབས་ཇི་ཡོད།

གྲོས་ཆོད་དྲུག་པ།

སྨན་ཁང་ཁག་ནང་ནད་པ་སྨན་གཏུཌ་བྱས་མཁན་ཙམ་མིན་པར་དུས་ནས་དུས་སུ་ཁྱིམ་ཚང་སོ་སོར་ཆེད་བཅར་གྱིས་འཕྲོད་བསྟེན་གྱི་གནས་འབབ་ཇི་ཡིན་ཆད་མེད་རྟོགས་ཞིབ་དང་སྦྲཌ་གྲངས་ཐོ་བཟོ་ཉར་གྱིས་ནད་རིགས་སྔོན་འགོག་ཇི་མཆིས་སྔོན་ཚུད་ནས་བལྟ་རྟོགས་ལམ་སྟོན་གནང་རྒྱུ།


གྲོས་གཞི་བདུན་པ། གནད་དོན་གཞན།

༡། སློབ་གྲྭ་ཁག་གི་སྨན་ཁང་ནང་སྨན་ཞབས་སམ་འཕྲོད་ལས་གཅིག་ལས་མེད་པ་རྣམས་ལ་ནད་པ་ཕྱིར་སྨན་གཏུགས་བསྐྱོད་དགོས་བྱུང་སྐབས་སྨན་ཁང་ལ་སྨན་ཞབས་སམ་འཕྲོད་ལས་མེད་པའི་དཀའ་ངལ་སེལ་ཐབས་སུ་སྨན་ཞབས་འཕར་མ་གཅིག་དགོས་གལ།

༢། སློབ་གྲྭ་ཁག་ནང་ཟླ་རེར་ཐེངས་རེ་སྨན་པ་སྐོར་བསྐྱོད་དང་ཀྲི་སྦི་བརྟག་དཔྱད་མཐུན་རྐྱེན་སྦྱར་ཐུབ་ཚེ་དགེ་མཚན་ཆེ་བ་མཐོང་།

༣། ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༡༧ ཉིན་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་སྐལ་བཟང་གོ་སྐབས་ཐོབ་པ་དང་མཚན་འགོད་སྙན་ཕུལ་གོ་སྐབས་འདི་བཟུང་སྟེ་ཚོགས་བཅར་བ་ཡོངས་ནས་རྒྱབ་མདུན་ངོ་ལྐོག་མེད་པ་ལས་འབྲས་དཔང་འཕེར་ཐོག་རྒྱུན་ལྡན་ཉིན་རེའི་ལས་དོན་ཐོག་འཐུས་ཤོར་མེད་པའི་ཐོག་གང་ཐུབ་འཕྲོད་བསྟེན་ཞབས་ཞུ་སྔར་ལྷག་ཧུར་བསྐྱེད་གནང་གལ་བཅས་ཀྱི་གྲོས་ཆོད་དུ།

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༡༨ ལ།།


གནས་ཚུལ་ཡོང་ཁུངས།: དབུས་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཡིག་དྲ་རྒྱ།




 

མཐའ་མའི་འདོན་ཐེངས་།: 02.07.2016 ཉིན། 11:33 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།