སྨན་རྩིས་དྲ་བ། - མདུན་ངོས།

འཕྲོད་བསྟེན་བཀའ་བློན་མཆོག་ལ་འཚམ་འདྲིའི་མཛད་སྒོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.07.2016
མདུན་ངོས། >>

 


འཕྲོད་བསྟེན་བཀའ་བློན་མཆོག་ལ་འཚམ་འདྲིའི་མཛད་སྒོ།

ཕྱི་ལོ་༢༠༡༦ ལོར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་བཅོ་ལྔ་པའི་འཕྲོད་བསྟེན་བཀའ་བློན་གསར་པ་སྐུ་ངོ་ཆོས་སྐྱོང་དབང་ཕྱུག་མཆོག་དང་། འཕྲོད་བསྟེན་ལས་ཁུངས་དྲུང་ཚབ་སྐུ་ངོ་འཆི་མེད་རིག་འཛིན་རྣམ་གཉིས་བསྐོ་བཞག་བྱུང་བར་ཕྱི་ཟླ་༧ ཚེས་༤ སྔ་དྲོ་ཕྱག་ཚོད་དགུ་དང་ཕྱེད་ཀའི་ཐོག་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་ཆེན་མོའི་ནང་བོད་ཀྱི་སྨན་རྩིས་ཁང་འགོ་ལས་ཡོངས་ནས་དགའ་སྤྲོའི་ངང་འཚམ་འདྲིའི་མཛད་སྒོ་ཞིག་བསྐྱངས་གནང་བ་རེད།


དེ་ཡང་མཛད་སྒོའི་སྟེང་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ཕུ་རི་མཆོག་དང་དྲུང་ཆེ་ཚེ་རིང་ཕུན་ཚོགས་གཙོས་དགེ་སློབ་ལས་བྱེད་ཚང་འཛོམས་ཐོག་དྷ་ས་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་མཆོག་ནས་གསུང་བཤད་དང་། དེ་བཞིན་འཛིན་སྐྱོང་དང་རིག་གཞུང་སྡེ་ཚན་ཡོངས་ནས་འདས་པའི་ཕྱི་ཟླ་༤-༦ བར་གྱི་ཟླ་གསུམ་ལས་བསྡོམས་དང་ཆབས་ཅིག་འབྱུང་འགྱུར་ཟླ་གསུམ་གྱི་ལས་འཆར། ལོ་འཁོར་མོའི་བརྒྱ་སྟོན་མཛད་སྒོའི་ལས་འཆར་དང་འབྲེལ་སྨན་རྩིས་ལས་བྱེད་འགའ་ཞིག་ཉེ་སྔོན་བྱང་ཨ་རི་དང་ཀེ་ན་ཌར་ཕྱོགས་བསྐྱོད་ནས་འཁོར་བའི་ཚོགས་ཆུང་གི་ལས་བསྡོམས་དང་ནད་རིགས་སྔོན་འགོག་ཡིག་ཆ་སོགས་ཕྱོགས་སྒྲིག་ཚོགས་ཆུང་གི་ལས་འཆར་བཅས་སྙིང་བསྡུས་ཤིག་སྒྲོགས་སྦྱང་ཞུས་པའི་ཐོག་སྡེ་ཚན་འགན་འཛིན་རྣམས་ནས་བཀའ་བློན་མཆོག་ལ་འཚམས་འདྲིའི་མཇལ་དར་ཕུལ། མཐར་སྐུ་མགྲོན་གཙོ་བོ་མཆོག་ནས་གསུང་བཤད་བཀྲིན་བསྩལ་གནང་ཡོད།


མཛད་སྒོར་འཕྲོད་བསྟེན་ལས་ཁུངས་དྲུང་ཚབ་འཆི་མེད་རིག་འཛིན་མཆོག་ལས་བྲེལ་རྐྱེན་པས་ཕེབས་ཐུབ་མེད་ཀྱང་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ནས་ཐོག་མར་ྋརྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་དྲུང་དུ་གུས་ཕྱག་དང་བཅས་མཇལ་དར་སྒྲོན་ཞིང་སྣང་གསལ་སྒྲོན་མེ་ཞལ་ཁ་འབྱེད་གནང་ནས་མཛད་སྒོ་དངོས་གཞི་དབུ་འཛུགས་ཞུས།

དེ་ནས་བར་སྐབས་སུ་ཚོགས་བཅར་བ་ཡོངས་ལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་པ་དང་གཡུ་ཐོག་ཡོན་ཏན་མགོན་པོར་གསོལ་འདེབས་སྨོན་ལམ་འདོན་རྗེས་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་མཆོག་གིས་གསུང་བཤད་གནང་བའི་ནང་། ཐོག་མར་མི་རྗེ་འཕྲོད་བསྟེན་བཀའ་བློན་དང་དྲུང་ཆེ་རྣམ་གཉིས་ལ་བོད་ཀྱི་སྨན་རྩིས་ཁང་གི་ལས་སློབ་ཚང་མའི་ཚབ་ཞུས་ཏེ་འཚམ་འདྲི་བཀྲིས་བདེ་ལེགས་ཞུས། དེ་ནས་ཁོང་སླར་ཡང་སྨན་རྩིས་ཁང་གི་འགན་འཛིན་གྱི་ཐུགས་འགན་བཞེས་ནས་མི་རིང་བར་ ༢༠༡༢ ཟླ་༩ ཚེས་༡༠ ཉིན་འགན་འཛིན་ལྷན་ཚོགས་ལ་བོད་ཀྱི་སྨན་རྩིས་ཁང་ངམ་འགན་འཛིན་ལ་དངོས་ཡོད་དཀའ་ངལ་ཆེ་གྲས་བཞི་ཙམ་ཡོད་པ་ཡིག་ཐོག་ནས་ཕུལ་བའི་དཀའ་ཉེན་གྱི་གནད་དོན་དེ་རྣམས་ད་ལྟའང་རང་སོར་གནས་ཡོད་པས་མཛད་སྒོ་འདིར་འཕྲོད་བསྟེན་བཀའ་བློན་དབུ་བཞུགས་སླར་ཡང་དེའི་ཐོག་འགྲེལ་བརྗོད་ཞུས། དེ་ཡང་གསོ་བ་རིག་པ་རྒྱ་གར་གཞུང་ནས་སྲོལ་རྒྱུན་སྨན་གཞུང་དུ་ངོས་ལེན་བྱུང་རྗེས་མིའི་ནུས་ཤུགས་མེད་སྟབས་གཞན་སྡེའི་དཔལ་འབྱོར་ཐབས་འཁྲུལ་འོག་འདི་གའི་སྨན་པ་ཆ་རྐྱེན་ལྡན་ལ་ལྷག་བསམ་ཞན་པ་རིམ་པས་འཐེན་བསྐོང་དོགས་ཉེན་ཆེ་བ་དང་། དེ་བཞིན་བཙན་བྱོལ་དུ་བོད་ཀྱི་སྨན་རྩིས་ཁང་འདི་ཡར་རྒྱས་ལྷག་པར་ཕྱིན་ཡོད་ཀྱང་དུས་རྒྱུན་དུ་རྒྱལ་བའི་བཀའ་སློབ་ཕེབས་པ་ཐམས་ཅད་ཇི་བཞིན་སྒྲུབ་མི་ཐུབ་པའི་སེམས་ངལ་དང་། ཕྱིའི་རྒྱལ་ཁབ་ཁག་ཏུ་སྐོར་བསྐྱོད་སྐབས་ཁྲིམས་ཐོག་དཀའ་ངལ་འཕྲད་ཉེན་དང་། དགྲ་བོའི་ངན་བྱུས་སོགས་ཀྱི་རྐྱེན་པས་སྨན་རྩིས་ཁང་ལ་དཀའ་ངལ་ཕྲད་དེ་ཁྲིམས་ཀྱི་འགྲོ་གྲོན་ཆེ་ཙམ་ཡོང་ཉེན་བཅས་སྐོར་གསལ་བཤད་གནང་། དེ་བཞིན་འདས་པའི་ལོ་དུས་ནང་འཛིན་སྐྱོང་ལ་དཀའ་ངལ་འདྲ་མིན་འཕྲད་པའི་གནས་སྟངས་དང་འབྱུང་རྐྱེན་སྐོར། ད་ཆ་སྨན་རྩིས་ཁང་གི་སྨན་གྱི་ཐོན་སྐྱེད་འཕར་ཡོད་ཀྱང་སྨན་གྱི་སྤུས་ཀ་སྔར་ལྟར་ཉར་ཚགས་བྱེད་བཞིན་ཡོད་པ་ལས་སྤུས་ཀ་ཉམས་ཆག་ཕྱིན་མེད་ལ་སྤུས་ཀར་སྟངས་འཛིན་དོ་ནན་བྱེད་བཞིན་ཡོད་པའི་སྐོར། སྨན་རྩིས་ཁང་གི་ཁྲིམས་དང་འགལ་བ་རྣམས་ལ་སྒྲིག་གཞི་ལག་བསྟར་བྱས་ཡོད་པ། འདི་གའི་སྨན་དང་རིན་ཆེན་རིལ་བུ་འཚོང་ཕྱོགས་དང་རྫུན་མ་བཙོང་མཁན་སྐོར། སྨན་རྩིས་ཁང་གི་ལངས་ཕྱོགས་སོགས་ཀྱི་སྐོར་གསུངས་གནང་སོང་།


དེ་ནས་མཐར་མི་རྗེ་འཕྲོད་བསྟེན་བཀའ་བློན་མཆོག་གིས་བོད་ཀྱི་སྨན་རྩིས་ཁང་ངོས་ནས་ཁོང་འཕྲོད་བསྟེན་བཀའ་བློན་དུ་བསྐོ་བཞག་བྱུང་བར་འཚམ་འདྲིའི་མཛད་སྒོ་ཚོགས་པ་འདི་ལ་ལས་ཁུངས་དང་སྒེར་གྱི་ངོས་ནས་དགའ་བསུ་དང་ཐུགས་རྗེ་ཆེ་ཞེས་ཞུས། དེ་ནས་ཁོང་གིས་སྨན་རྩིས་ཁང་གི་སྡེ་ཚན་ཁག་ནས་འདས་པའི་ཟླ་གསུམ་གྱི་ལས་བསྡོམས་དང་འབྱུང་འགྱུར་གྱི་ལས་འཆར་དང་བོད་ཀྱི་སྨན་རྩིས་ཁང་ལ་བསྔགས་བརྗོད་གནང་བ་དང་སྦྲགས། བཀའ་བློན་རང་ཉིད་ཀྱི་རྒྱབ་ལྗོངས་ཀྱི་གཞི་དེ་བོད་དོན་ལས་འགུལ་བ་ཡིན་པ་ལས་སྨན་དང་འཕྲོད་ལས་པའི་འཁོར་ཡུག་ནང་ཕྱག་ལས་གནང་མ་མྱོང་སྟབས་འདིའི་ཐོག་སྦྱོང་བརྡར་དང་། སྦྱང་དགོས་པ་དང་ཤེས་དགོས་པའི་ཚོར་སྣང་ཡོད་ཚུལ་སྐོར་དང་། གཞན་ཡང་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཁག་དང་འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་ཁག་ཚང་མ་ཟུང་དུ་སྒྲིལ་ནས་བཙན་བྱོལ་བོད་མིའི་འཕྲོད་བསྟེན་ཡར་རྒྱས་གཏོང་བ་དང་ནད་རིགས་སྔོན་འགོག་བྱེད་དགོས་པ་དེ་ང་ཚོར་རང་བཞིན་གྱི་འགན་ཞིག་ཆགས་ཡོད་པ། སྨན་རྩིས་ཁང་སྒྲིག་འཛུགས་ཆེན་པོ་ཞིག་ཡིན་པའི་ཆ་ནས་གདོང་ལེན་བྱེད་དགོས་པའི་གནས་ཚུལ་མང་པོ་ཡོང་ཆོག་པ་དང་། དེ་ཡང་ཁྲིམས་དང་སྒྲིག་གཞིར་གཙི་སྲུང་བྱེད་པའི་སྒོ་ནས་གདོང་ལེན་བྱེད་དགོས་ཚུལ། བློ་ཕུགས་ཡངས་པོ་དགོས་པ་དང་། རྒྱལ་བའི་དགོངས་པ་གང་ཡོད་པ་ཁ་ཞེ་གཉིས་མེད་ཐོག་གང་ཐུབ་ལག་བསྟར་གནང་ན་གྲུབ་འབྲས་ངེས་པར་ཐོན་རྒྱུ་ཡིན་པ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།

དེ་ནས་བོད་ཀྱི་སྨན་རྩིས་ཁང་གི་དྲུང་ཆེ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་མདོར་བསྡུས་ཤིག་གནང་ནས་མཛད་སྒོ་མཇུག་སྒྲིལ་བ་རེད།།

 


མཐའ་མའི་འདོན་ཐེངས་།: 12.07.2016 ཉིན། 10:12 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

གཏེར་བདག་གླིང་པ།

ཉི་ཐང་སྨན་མཁྱེན་བློ་བཟང་རྒྱ་མཚོ།

རྒྱལ་བ་ལྔ་པ་ཆེན་པོ།

བྱང་ངོས་ནང་སོ་དར་རྒྱས།

འཚོ་བྱེད་བློ་གྲོས་བརྟན་པའམ་རིན་སྡིངས་བློ་བཟང་རྒྱ་མཚོ།

བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ།

བདེ་ཆོས་སྨན་པ་རཏྣའི་མིང་ཅན།

ལྷུན་སྡིངས་རྣམ་རྒྱལ་རྡོ་རྗེ།

ལྷུན་སྡིངས་བདུད་རྩི་འགྱུར་མེད།

ལེགས་གྲུབ་དཔལ།

གཏེར་སྟོན་ལས་འཕྲོ་གླིང་པ།

གྲངས་ཀྱི་མངོན་བརྗོད་ཀྱི་བརྡ་ཆད་གསར་བུའི་མིག་འབྱེད།

མངའ་རིས་འཚོ་བྱེད་ཆོས་སྐྱོང་དཔལ་བཟང་།

དབོན་པོ་ནམ་མཁའ་བདེ་ལེགས།

ཚ་རོང་དཔལ་ལྡན་རྒྱལ་མཚན།