སྨན་རྩིས་དྲ་བ། - ཆེད་རྩོམ།

འདས་མཆོད་བྱ་ཚུལ་ཀུན་ཕན་བཞིན་སྣོད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 15.11.2015
ཆེད་རྩོམ། >>

 


བོད་མིའི་འདས་མཆོད་བྱ་ཚུལ་ཀུན་ཕན་བཞིན་སྣོད།

- གྲགས་པ་ཚེ་དབང་ནོར་བུ།


འདིར་བརྗོད་པར་བྱ་བ་ནི་རང་རིགས་ཀྱི་འདས་མཆོད་བྱ་རིམ་ཡིན། དེ་ཡང་ཆོས་ལུགས་དང་ཡུལ་གོམས་གང་ནས་རྩ་བའི་བོད་ཀྱི་འདས་མཆོད་གོ་བ་གཅིག་གྱུར་ཡིན་ལ། ལུང་པ་སོ་སོར་ལག་ལེན་མི་འདྲ་བ་འགའ་ཡང་ཡོད་པས། དེང་སྐབས་རྣམ་པར་འགྱུར་ལྡོག་ཆེ་བ་འཚོ་གོས་ལེགས་ཙམ་དང་། ལྷག་པར་གྲོང་ཁྱེར་ལ་མཚོན་ན་ཕྱོགས་ཁག་ནས་སྤོ་བཞུགས་ཁྱིམ་ཚང་མང་བ་བཅས་ཀྱིས་རང་སོ་སོའི་ལུང་པའི་སྲོལ་དང་། ས་གནས་ཀྱི་ལུགས་སྲོལ་སོགས་བསྲེས་ནས་འདས་མཆོད་ཙམ་མ་ཡིན་པ་ཡུལ་གོམས་ཁང་གསོལ། གཉེན་སྟོན་སྤྱོད་པ་སོགས་གྲ་རྒྱས་ལྟ་བུ་འདི་ལྟར་སྣང་བ་ཡག་པོ་རེད། འོན་ཀྱང་བསམ་གཞིག་སྤྱིའི་བདེ་རྩར་བསམ་ན་མཐར་འདས་མཆོད་འདི་ཡང་གང་ལ་དམིགས་པའི་ཁུངས་བོར་ཞིང་འགྲེལ་བཤད་དང་དཔལ་འབྱོར་འཁོས་ཞན་གྱིས་སྒྲུབ་དཀའ་ལ། མིའི་མཛའ་བརྩེ་གུས་ཞབས་བོར་ཏེ་རྟེན་འབྲེལ་དང་ཐུགས་སྤྲོའི་རྣམ་པར་འགྱུར་བའི་ཉེན་ཁ་ཆེ་ཞིང་། ཆོས་ལུགས་དང་ཡུལ་གོམས་ལ་འགའ་རེས་གོ་བ་ཇི་བཞིན་ལེན་རྒྱུར་དབེན་པ་དང་། སྤྱིའི་སྒྲུབ་བདེར་མ་བསམ་པ་གང་དྲན་བག་མེད་སྤྱོད་པ་དང་རྒྱ་ཆེར་མཆོད་པ་འདི་འདྲ་དང་། དེ་འདྲ་མཐོང་བས་མ་བཟོད་པའི་ཀུན་ནས་བླངས་ཏེ་ཅུང་ཟད་བརྗོད་པར་ཡང་།

སྤྱིར་འཛམ་བུའི་གླིང་འདིར་ཆོས་ལུགས་ཀྱི་གྲུབ་མཐའ། ཡུལ་གོམས་ཀྱི་རྒྱུན་སྲོལ་དང་། བྱེ་བྲག་མི་རིགས་མང་བའི་རྒྱལ་ཁབ་ཅིག་ལ་མཚོན་ཀྱང་མི་རིགས་སོ་སོའི་ཆོས་དད་དང་། ཡུལ་གོམས་གང་ནས་འདས་མཆོད་ཀྱི་རྣམ་པ་མི་འདྲ་བ་རེ་ཡོད་ལ་གང་ལྟར་མདོར་བསྡུས་ན་སྨྲ་ཤེས་དོན་གོ་བ་ཅན་གྱི་འགྲོ་བ་ཞིག་ཡིན་སྟབས། འདས་མཆོད་ནི་འདས་པོ་ཆེ་གེ་མོའི་དྲིན་དང་ཕྱག་རྗེས་དྲན་ནས་མྱ་ངན་གྱི་རྣམ་པ་མཚོན་པ་ཡ་རབས་གུས་པའི་རྣམ་པ་ཞིག་ཡིན་ལ་ཆོས་ལུགས་ནས་འདས་པོས་ཚེ་སྔ་ཕྱིར་བསགས་པའི་སྡིག་སྒྲིབ་སྦྱོང་བའི་ཆེད་ཤུལ་མིས་སྒྲུབ་འོས་ཀྱི་བྱ་བ་ཞིག་ཡིན་པ་ལས་འདས་པོ་ག་གེ་མོ་ཞིག་བཀྲ་ཤིས་པའི་གནས་སུ་རྩེན་པར་མ་ཡིན་སྟབས་འདས་མཆོད་ཀྱི་རིམ་པ་དངོས་གཞི་ནས་ལོ་མཆོད་བར་ཐུགས་སྤྲོ་དང་རྟེན་འབྲེལ་གྱི་རྣམ་པ་ནམ་ཡང་ཐོན་མི་རུང་། གལ་སྲིད་རྣམ་པ་དེ་འདྲར་གྱུར་ན་ང་ཚོའི་འདས་མཆོད་འདི་རྒྱུ་མཚན་དང་ལྡན་པར་འགྲེལ་མི་ཐུབ་པ་མ་ཟད་མཐར་འཆལ་འཆོལ་དུ་གྱུར་ནས་དཔལ་འབྱོར་འཁོས་ཞན་གྱི་སྒྲུབ་པར་དཀའ་བ་ཞིག་ཏུའང་འགྱུར་ཉེན་ཆེ། དེར་བརྟེན་གནས་འདི་ས་བཅད་གཉིས་སུ་བརྗོད་པར་བྱ་ལ།


ས་བཅད་དང་པོ།

སུ་ཡིན་ཀྱང་རང་གི་ཟག་བཅས་ཕུང་པོ་དང་མི་འབྲལ་བའི་རྟག་སྡོད་མེད་ཅིང་དེ་ན་མི་རྟག་འཆི་བ་དེ་ནམ་ཡོང་ལ་མཁས་དགོས་ཏེ། མདོ་རྒྱུད་ལས། སེམས་ཅན་རྣམས་འཆི་བའི་རྐྱེན་གཉིས་ཏེ་དུས་མིན་པའམ་མ་སླེབས་པར་འཆི་བ་དང་། ཚེའི་འཕེན་པ་རྫོགས་ཏེ་འཆི་བའོ།། དུས་མིན་འཆི་བར་སྨན་དཔྱད་རིམ་གྲོས་བཟློག །ཚེ་ཟད་བསླུ་བའི་བཟློག་པའི་ཐས་ཤེས་ནི། །སུ་ལའང་མེད་པས་འགྲོ་བའི་གྲབས་བྱ་དགོས།། ཞེས་པ་དེ་ལ་ལུས་ངག་ཡིད་དང་། རྨི་ལམ་ལ་བརྟེན་ནས་འཆི་བའི་མཚན་མ་བརྟག་པ་སྟེ། ལུས་ཀྱི་འཆི་རྟགས་གཅིན་དང་རྟུག་པ་དུས་གཅིག་ཏུ་བྱུང་བ། བུད་མེད་ཟླ་མཚན་ཁུ་བ་དང་། སྐྱེས་པར་ཁྲག་ཏུ་གྱུར་བ། དབང་པོ་ལྔའི་བྱེད་ལས་ཉམས་པ། ཤ་མདོག་ངེས་མེད་འགྱུར་བ། སེན་མོའི་བཀྲག་མེད་པ། མིག་སྤུ་ཡལ་བ། ལྟག་སྐྲ་གྱེན་ལྡོག མིག་གི་འོད་སྐོར་ཡལ་བ། རྣ་བ་བཀག་ཚེ་འུར་སྒྲ་མེད་པ། རྐང་ལག་གི་དྲོད་བསྡོགས། སྣ་རྩེའི་ཤ་ཁུམ། ཉི་ཤར་ལ་བརྟག་ལུས་ཀྱི་རླང་མེད་པ་སོགས་མདོ་རྒྱུད་ཕལ་མོ་ཆེ་ལས་བསྟན་ཡོད་ལ་དེ་ལྟར་སོ་སོར་ཡང་དངོས་སུ་ཡོང་བ་ཞིག་ཡིན། ངག་གི་འཆི་ལྟས་རླུང་ལ་བརྟག་དགོས་པ་དང་ཅུང་ཟད་ཞིབ་པས་གཞུང་གཞན་ལས་སླང་བར་བྱ་བ་དང་འཁྲིད་རྒྱུན་གཅེས་སོ།། ཡིད་ཀྱི་འཆི་ལྟས་སུ། མི་གཤིས་བཟང་ངན་དང་། ཆགས་སྡང་སྤྲོ་ཐུང་ཁོག་ཡངས། ཞིབ་ཅིང་རྩིང་སོགས་རྒྱུན་གཏན་གོ་ལྡོག་པ། སྐྱོ་བ་དང་། ཚིག་ཟ། འཇིགས་ཀྲག་ས་ཕྱོགས་གཞན་ལ་འགྲོ་འདོད་པ་སོགས་རྣམ་འགྱུར་ལ་བརྟག་པ་དང་། འཆི་ལྟས་རེ་རེ་ལའང་འཆི་བའི་དུས་བཅས་ཡོད། ཞར་བྱུང་རྨི་ལམ་དུ། གཅེར་བུར་བོང་ཞོན་མེ་ཏོག་དམར་པོ་ལག་ཏུ་འཁྱེར་བ། གཤིན་པོ་དང་མཉམ་དུ་དགའ་སྟོན་བྱེད་པ། ཡན་ལག་གཟུགས་གཞི་གཞན་གྱིས་འཕྲལ་བ་སོགས་སོ།།


       གཉིས་པ། འཆི་བ་དངོས་དང་། འདས་མཆོད་གཉིས་ལས། དང་པོ་འཆི་བ་དངོས་ཀྱི་རིམ་པར། དཔེར་ན་ནད་པ་དང་། ཁྱིམ་མི་གཉིས་ཀས་བརྟག་པ་ལ་གཅེས་དགོས་པ་ཡིན། འདུས་བྱས་ཤ་ཁྲག་གི་ཕུང་པོ་འདི་དང་པོར་འབྱུང་བ་བཞི་ལས་གྲུབ་ཅིང་། མཐར་འབྱུང་བ་བཞི་རིམ་པར་གཅིག་ལ་གཅིག་ཐིམ་ནས་འཇིག་པར་ཡང་། དཔེར་ན་ག་གེ་མོ་ཞིག་ནད་ཀྱི་ཟིན་ནས་སྨན་དཔྱད་རིམ་གྲོས་མ་ཕན་པ་དང་མཐར་འཆི་བར་ངེས་པའི་རྟགས་འདི་ལྟར་འབྱུང་སྟེ། གཞན་གྱི་སྐད་ཆ་སོགས་བཤད་ཀྱང་འུར་འུར་ཟེར་བ་ལས་ཚིག་འབྲུ་ཇི་བཞིན་མ་ཐོས་པའམ་རྒྱང་རིང་གི་སྨྲ་བ་དང་འདྲ་བ་ཐོས་པས་རྣ་ཤེས་ཉམས། དེ་བཞིན་མིག་གིས་གཟུགས་ལ་བལྟས་ཀྱང་ལང་ངེ་ལོང་ངེ་ཙམ་ལས་མ་མཐོང་བས་མིག་ཤེས་ཉམས། དེས་མཚོན་སྣ་ཡིས་དྲི། ལུས་ཀྱི་རེག་བྱ་མི་མྱོང་བ་སོགས་ཐིམ་རིམ་ཕྱི་མ་ཡིན་པས་ལམ་སྦྱང་པ་ཅན་འཕོ་བ་འདེབས་པ་ངོ་སྤྲོད་པ་བྱིན་རྟེན་བླུད་པ་སོགས་ཀྱི་དུས་མ་ནོར་བ་དེ་ཡིན། དེ་ནས་ཤ་ཁམས་ས་ལ་ཐིམ་པས་ལུས་དོང་དུ་ལྷུང་བ་དང་། རི་བོས་ནོན་པ་ལྟ་བུའི་ལྕི་བའི་སྣང་བ་འཆར་ཞིང་། ང་ཡར་ལ་འཐེན་ཟེར་བ་དང་། ངའི་སྔས་འདི་མཐོར་འདེགས་ཟེར་བ་སོགས་ཡོང་། དེ་ནས་ཁྲག་ཁམས་ཆུ་ལ་ཐིམ་དུས་ཁ་ཆུ་དང་སྣ་ཆུ་འཛག དྲོད་ཁམས་མེ་ལ་ཐིམ་དུས་ཁ་སྣ་སྐམ། ལུས་དྲོད་སྡུད་དེ་ཁ་ཅིག་ལ་སྤྱི་བོ་ནས་རླངས་པ་ཡོང་། དབུགས་ཁམས་རླུང་ལ་ཐིམ་པའི་དབུགས་ནང་དུ་སྡུད་དཀའ་ཞི་ཕྱི་ལ་བརྩེགས་པ་དེ་ཡིན། དེ་ནས་ལུས་ཀྱི་ཁྲག་ཐམས་ཅད་སྲོག་རྩར་འདུས་ཏེ་སྙིང་དབུས་སུ་ཁྲག་ཐིགས་རིམ་པ་གསུམ་རྒྱབ་པས་དབུགས་རིང་གསུམ་ཕྱི་ལ་འཕེན་ཞིང་དབུགས་ཀྱི་རྒྱུ་བ་ཆད་དུས་དེར། སྤྱི་བོ་ནས་ཕ་ལས་ཐོབ་པའི་དྭངས་མ་དཀར་ཆ་ཐུར་ལ་རྒྱུག་པས་སྣང་བ་སྐྱ་ལམ་ལམ་འཆར། ལྟེ་བ་ནས་མ་ལས་ཐོབ་པའིརཀྟ་དམར་ཆ་གྱེན་ལ་རྒྱུག་པས་མཆེད་པ་དམར་ལམ་ལམ་འཆར། དེ་ནས་དཀར་དམར་དེ་གཉིས་སྙིང་དབུས་སུ་ཕྲད་པའི་བར་དེར་རྣམ་ཤེས་ཚུད་ནས་ནག་ཐུམ་གྱི་བརྒྱལ་འགྲོ། དེ་ལ་ཉེར་ཐོབ་ནག་ལམ་ཞེས་ཟེར། དེ་དུས་རྣམ་ཤེས་སྤྲེའུ་མུན་ཁང་དུ་བཅུག་པ་ལྟ་བུ་ཡོད་པས་ཕུང་པོར་ཐུག་རེག་བྱུང་ས་ནས་རྣམ་ཤེས་ཐོན་འགྲོ་བས་ངེས་པར་འཕོ་བའི་རིམ་པའང་འཛོམས་ན་དང་དེ་མིན་བསམ་པ་བཟང་པོས་སྨོན་ལམ་དང་བཅས་སྤྱི་བོའི་སྐྲ་ནས་འཐེན་ཙམ་བྱེད་དགོས་པ་དེ་ཡང་གནད་དུ་ཆེ། (འཕོ་བ་རྒྱག་མཁན་ཡོད་ཚེ་ངེས་པར་དུ་འཕོ་རྟེན་འདས་པོའི་གོས་སྣེ་དང་ཁ་བཏགས་དངུལ་ཕྲན་བུ་དགོས།) སྐབས་དེར་འགྱངས་འཕོ་ཞུ་བ་སོགས་དཀར་ཉེ་སྤུན་མཆེད་ཀྱིས་སྡུག་ཆང་འདྲེན་དགོས་པ་ཡིན་ཏེ། ག་གེ་མོ་ཞིག་འདས་པའི་དུས་ལ་སླེབས་པ་ནས་ལོ་མཆོད་བར་གྱི་རིམ་པ།


ས་བཅད་གཉིས་པ།

དེ་ཡང་འདས་མཆོད་དངོས་ལ་དངོས་གཞི། བདུན་ཚིགས། ལོ་མཆོད་གསུམ་གྱི་རིམ་པ་ཡོད་དེ།

1. དངོས་གཞི།

དངོས་གཞི་སྐབས་འདིར་སྡུག་ཆང་འདྲེན་པ་ནི་ནང་མིར་སེམས་གསོ་དང་ཆང་འདྲེན་པ་ཡང་རླུང་ལ་སྨན་པའི་སླད་དུ་ཡིན་པ་ལས་ཚང་མ་རུབ་སྡོད་ཀྱིས་ཆང་བཏུང་བ་མི་རུང་བ་དང་། ཚེས་བཅུ་མཆེད་གྲོགས། མགོ་རྡུང་བའི་གྲོགས་མཆེད་ཡོད་ན་དང་དེ་མིན་དཀར་ཉེ་སྤུན་མཆེད་ཀྱིས། མགྱོགས་བསྔོ་ཞུ་བ། རྒྱུན་པ་ཞེས་ཆོས་འདོན་པ། གདན་འདྲེན་གཤིན་རྩིས་རྒྱག་རྒྱུ་གསུམ་གཙོ་བོ་ཡིན། མགྱོགས་བསྔོ་དེ་ག་གེ་མོ་ཚེ་ལས་འདས་འཕྲལ་མཆོད་མེ་འབུལ་བ་དང་། འཕོ་བའི་རིམ་པ་ཚར་རྗེས་དགོན་པའི་ནང་དང་། གྲོང་ཁྱིམ་དུ་ཡོད་པའི་ཚད་ལྡན་བླ་མར་བསྔོ་བའི་ཞུ་རྟེན་འཁོས་བསྟུན་རྒྱ་ཆེ་དང་། འདས་པོའི་ཆོས་དད་དང་བསྟུན་རྒྱུ་གལ་ཆེ། དེ་ལ་ཡང་བསྔོ་བའི་ཡི་གེའི་ནང་སྐྱབས་ཞུ་དང་ཞུ་རྟེན་ངེས་པར་ཚུད་དགོས་ལ་བསྔོ་ཞུའི་ཡིག་རྙིང་ལ་དཔེ་བལྟས་ཏེ་བྲིས་ཀྱང་ཆོག ཅུང་ཟད་འདས་པོའི་དད་མོས་དང་མཐུན་པའི་རྒྱུན་པ་དགེ་འདུན་དང་གོས་དཀར་སྡེ་པ་གདན་དྲངས་འཁོས་བསྟུན་གསོལ་བ་ཞབས་འདེགས་ལ་སྣང་ཆུང་བྱེད་རྒྱུ་མེད། ཆོས་འདོན་པས་ཀྱང་མདོ་རྒྱུད་ཀྱི་གཞུང་བཞིན་ཐུགས་བསམ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་ཐབས་ཟབ་མོ་མྱུར་ལམ་ལ་བརྟེན་པའི་ཆོ་གར་དམ་པ་གསུམ་གྱིས་རྩིས་ཟིན་པར་མཛད། སྐབས་འདིར་བསུར་སྣོད་རྫ་གས་ཆག་མེད་པ་གསར་པ་དང་བསུར་ཆས་མཆོད་པའི་ཡོ་ཆས་སོགས་གྲ་སྒྲིག་དང་། དེ་ནས་གཤིན་རྩིས་ཞུ་རྒྱུ་ཡང་རྩིས་ཡོན་དང་ཁ་བཏགས་བཅས་དགོས། རྩིས་པས་ཀྱང་གཞུང་ལྟར་སྤྱི་བྱེ་བྲག་འབྱེད་པ་གཤིན་པོའི་ཁྱིམ་ཚང་གི་འཁོས་བསྟུན་རྒྱས་བསྡུས་འཚམས་པའི་གཏོ་རིམ་ཐོན་ཚེས་སོགས་གནང་དགོས་པ་ལས་སྒྲུབ་ཐབས་བྲལ་བ་སོགས་ལ་ཐུགས་བསམ་བཏང་དགོས། དཀར་ཉེ་སྤུན་མཆེད་གོ་ཆོད་རེ་ཟུང་གིས་དངོས་གཞི་ཞག་གསུམ་ནང་གཤིན་པོར་སྨན་པའི་མཆོད་འབུལ་ཡུལ་སྤྱི་དང་ཁྱིམ་ཚང་ལ་མི་གནོད་པའི་གཏོ་རིམ་དང་།  ཐོན་ཆས་རྣམས་ནང་མི་དང་ཞིབ་བསྡུར་དཔལ་འབྱོར་གྱི་འཁོས་བཞིན་མ་མཐར་ཡང་བདུན་ཚིགས་བདུན་གྱི་འགྲོ་སོང་སོགས་ཀྱང་ཁོག་རྩིས་སུ་བཞག་པ་ལས། རང་གི་གོ་ཐོས་སོགས་རྒྱུ་མཚན་དུ་བྱས་ནས་ཐལ་དྲགས་པའི་བྱུས་འདོན་ཆང་བག་མེད་དུ་བཏུང་བ་ངག་ཀྱལ་གྱི་བྱ་བ་སོགས་སྤངས་ཏེ་ཁ་ཁུ་སིམ་པོའི་ངང་འདས་མཆོད་ལ་འཇུག་དགོས།།

       དངོས་གཞིའི་ནང་ཚེས་བཅུ་མཆེད་གྲོགས་སམ་མགོ་བོ་བརྡུང་བའི་གྲོགས་མཆེད་སོགས་ཀྱིས་ཁྱིམ་ཚང་གི་བབས་བསྟུན་ཕུང་པོའི་འཇོག་ལུགས་དང་། སྤྱིར་བཏང་ཕུང་པོའི་ལས་བྱེད་མཁན་གྱིས་རྩ་ཐག་གིས་སྐྱིལ་ཀྲུང་ལ་བསྡམས་ནས་ཁང་པའི་ཟུར་དུ་ས་སྤག་གསུམ་གྱི་སྟེང་དུ་བཞག་ཅིང་། བྱེ་མ་ཕྲན་བུ་འདིང་དགོས་དེ་ནི་ཆུ་ཁྲག་སོགས་ལེན་ཆེད་ཡིན། ཁ་ཕྱོགས་སོགས་རྩིས་གཞུང་དང་བསྟུན་དགོས། འོན་ཀྱང་ཆ་རྐྱེན་འཛོམས་ཚེ་ཉལ་སྟངས་ལྟར་བཞག་ཀྱང་འགལ་བ་མེད། རྣ་གཡུ་སོགས་རྒྱན་ཡོད་ཚེ་ངེས་པར་དུ་བཀྲོལ་ཏེ་དཀར་ཉེ་སྤུན་མཆེད་རྒྱུད་བདག་པོར་སྤྲད་དེ། ཅུང་ཟད་དཔལ་འབྱོར་ཡོད་མཁན་ཡིན་ན་རྩིས་ལྟར་ཕུང་པོར་འཇུ་རུང་གི་ཕུང་ལས་པ་གྲ་སྒྲིག་དགོས། སྤུར་དབང་ཞུས་པ་སོགས་བྱས་ཚེ་ཕུང་པོ་འཁྲུ་བ་སོགས་ཀྱང་གཞུང་དང་བསྟུན། སྤྱིར་བཏང་དུ་ཁྱིམ་ཚང་ནས་ཉལ་ཟན་དཀར་རྐྱང་ཞིག་གྲ་སྒྲིག་དགོས་པ་དང་། དཀར་ཉེ་ནས་རྩ་ཐག་དང་། གྲི་ཕུང་ལས་པ་དུར་ཁྲོད་ལ་འགྲོ་མི་གང་དགོས་བཅས་གྲ་སྒྲིག་དགོས། དངོས་གཞིའི་སྐབས་དཀར་ཉེ་དང་ཐ་ཐད་སྤུན་མཆེད་ཀྱིས་མཆོད་པའི་ཡོ་ཆས་དང་། སྐུ་ཞབས་ཚོར་གསོལ་ཇ་ཐེངས་རེ་ཉིན་རེར་རེ་མོས་ཀྱིས་འཁྱེར་ནས་བཏེགས་དགོས། ཕུང་པོ་སང་ཉིན་ཐོན་རྒྱུའི་ཉིན་རྩིས་ལྟར་དཀར་མེ་དངོས་གཞི་བྱ་དགོས། དེ་ལ་ཁྱིམ་ཚང་ནས་ཚོགས་བཞེངས་ཏེ། ཚོགས་ཤ་ལུག་སྨད། དཀར་ཉེ་་ནས་ཚོགས་ཤ་ཆང་། སྤོས། མཆོད་དོད། སྤུར་དར་བཅས་དགོས་ལ། ལམ་འདྲེན་གྱི་དར་ཅུང་ཟད་ལེགས་རིང་ཞིག་དགོས། སྐབས་འདིར་ཡུལ་མིས་དཀར་འབུལ་དངུལ་དང་།  སྤོས། སྤུར་དར་བཅས་དགོས་ལ་ནག་ཐོ་ཁ་གསལ་རྒྱག་དགོས། དེའི་རྒྱུ་མཚན་ཡང་ཁྱིམ་མཚེས་ཀྱི་ཕ་ཤི་ཡང་མྱ་ངན་ཞག་གསུམ་ཟེར་བ་ལྟར་མི་ཤི་བྱུང་བ་ན་བུ་ལ་དཀའ་བ་ཕ་མའི་རོ་འདོན་ཟེར་བ་བཞིན་དཔལ་འབྱོར་གྱི་འགྲོ་སོང་ཡང་མི་ཉུང་བ་ཞིག་གཏོང་དགོས་དུས་ཡུལ་མི་ཁྱིམ་མཚེས་མང་པོའི་རོགས་རམ་ཕྲན་བུས་ཀྱང་གཅིག་བསྡུས་སུ་སྟོབས་ཤིན་ཏུ་ཆེ་བས་གནའ་བཟང་དེང་སྤྱོད་དེ་ལ་སྔ་ས་ནས་དམ་འཛིན་དང་རང་ལའང་དོན་དེ་ཡོང་རྒྱུར་ཐེ་ཚོམ་མི་དགོས་པའང་གལ་ཆེ། འོན་ཀྱང་དཀར་འབུལ་སྐབས་ཆང་འཁྱེར་རྒྱུ་འདི་ལམ་གསར་པ་ཞིག་དར་བ་ཡིན་སྟབས་འདི་སྤང་ནས་དེའི་རིན་བབས་དེ་དཀར་འབུལ་གྱི་དངུལ་སྟེང་བརྩེགས་ན་དེ་བས་ཕན་པ་ཆེ། དེའི་དགོང་མོ་དགེ་འདུན་སོགས་ལ་བསྔོ་རྟེན་གོས་སྣེ་དང་། སྐུ་ཡོན་འབུལ་དགོས་པ་དང་། ནང་མི་རེ་རེས་ཕྱག་འགྱེད་འབུལ་དགོས། དེ་བཞིན་དཀར་ཉེ་རྣམས་ཀྱིས་ཕྱག་འགྱེད་འབུལ་དགོས། འོན་ཀྱང་དགེ་འདུན་པ་རྣམས་སྤུར་མ་ཐོན་ཙམ་ལ་ཕེབས་དགོས་ལ། དེ་ཉིན་འཁོས་བསྟུན་སྤུར་འཁྱེར་ཆས་སྒོ་ཁྲི་འམ་རྒྱབ་འདྲེན་གྱི་དངོས་པོ་གྲ་སྒྲིག་གིས་སྤུར་ལས་པ་ལའང་གླ་ཆ་ཕྱག་འགྱེད་སོགས་དགེ་འདུན་པ་ལས་ལྷག་ཙམ་སྤྲོད་དགོས། འོན་ཀྱང་སྤུར་ལས་པ་གྲོགས་མཆེད་སོགས་ཡིན་ན་ཕྱག་འགྱེད་ངེས་པར་སྤྲོད་དགོས་ལ་གླ་ཆ་ལེན་མི་སྲིད་པ་བཅས་དང་ལུང་པ་མང་ཆེ་བར་མཆེད་གྲོགས་ཀྱིས་སྤུར་ལས་བྱས་པའི་སྲོལ་བཟང་ད་ལྟ་ཡང་ཡོད། ཐོན་ཆས་སུ་དགོན་པ་སོགས་ཡོད་ན་ལམ་སྟོན་ཞུ་བའི་རྟེན་དུ་གོས་སྣེ་དང་། དངུལ་མཇལ་དར་འགྲོ་མི་ཞིག་དགོས་ལ་དེ་ཕུང་པོའི་སྔོན་དུ་འགྲོ་བ་དང་ཕྱི་བལྟས་བྱ་རྒྱུ་མེད། སྤུར་ཐོན་སྐབས་གོས་དཀར་པས་བཞེངས་བསྐུལ་དང་བཅས་ཕུང་ལས་པས་ཉལ་ཟན་ལ་དམ་པར་སྒྲིལ་རྩ་ཐག་གིས་བསྡམས། བུ་ཕྲུག་སྤུན་མཆེད་གང་འགབ་ཀྱིས་གུས་པས་རྒྱབ་ཏུ་འཁྱེར། སྒོ་རར་སྦག་ལྕོག་སྟེང་དུ་བཞག་ནས་གཡང་འགུགས་དང་། ནང་མིས་ཕྱག་འཚལ་དང་འབྲེལ་སྤུར་དར་འབུལ་དགོས། དཔེར་ན་ཕ་མ་དང་། ཡང་ན་རང་དང་ཤིན་ཏུ་བརྩེ་གུས་ཅན་ཡིན་ན་ནང་མིས་དུར་ཁྲོད་དམ་གང་འཚམས་གདན་འདྲེན་ཞུ་བའི་སྲོལ་ཡོད།

སྐབས་འདིར་དུར་ཤུལ་འཕྱག་པ་སོགས་རྩིས་ལྟར་མི་གྲ་སྒྲིག་བྱ་དགོས། དུར་ཁྲོད་ལ་ཇ་ཆང་དང་། གཤིན་པོ་དང་བཅས་པར་ཤ་རྡོག་རེ། དཀར་གསུར་དང་། ལག་འཁྲུ་ནག་གསུར་བཅས་དགོས་ལ། ཀླུང་རྟ་གཏོང་བའི་སྲོལ་ཡང་ཡོད།

དུར་ཁྲོད་དུ་འབྱོར་བ་དང་། ཕྱི་གཅོད་ཀྱིས་བསུ་བ་དང་། དཀྱིལ་འཁོར་ལ་སྐོར་བ་གསུམ་རྒྱབ་ཕུང་པོ་ཕྱོགས་གཙང་ལ་ཁ་བལྟས་པ་འམ་ཡང་ན་ཕོ་ཁ་སྦུབ་དང་མོ་གན་རྐྱལ་ལ་བཞག་པའི་སྲོལ་ཡོད། དེ་ནས་ལས་པ་རྣམས་ཟ་བཏུང་བྱེད། རྟོགས་ལྡན་གྱིས་ཕུང་པོ་ཚོགས་བསྔོ་དང་འབྲེལ་བསྔོ་སྨོན་གྱི་རིམ་པ་གཞུང་ལྟར་དང་གསུར་བསྔོ་བྱེད། ཕུང་པོ་གཏུབ་པའི་སྐབས་མགོ་བོ་རྡོ་ཕུར་ལ་བཏགས་ཤིང་པགས་པ་བཤུས་ཏེ་ཡན་ལག་བཀྲལ། ཤ་ཞུར་ནས་ཉལ་ཟན་ལ་སྒྲིལ་སྔོན་དུ་ནང་ཁྲོལ་བྱ་གཏོར་དང་། དེ་ནས་རུས་པ། དེ་ནས་ཤ་རྣམས་བྱ་གཏོར་དང་། མཐར་ཀླད་པ་དང་རུས་པ་བསྲེས་ཏེ་སྟེར་དགོས། ཀ་ལི་ལག་མཐིལ་ཙམ་ལེན་ནས་མེར་བསྲེགས་སླར་ས་ཚྩ་བཟོས་ཏེ་ཆུ་ཆོག་གམ་གནས་གཙང་མར་བཞེངས། ཕུང་པོ་བྱ་སྟེར་སྐབས་ཕོ་མོའི་ཕུང་པོ་བྱས་ཟ་ལོས་ཀྱི་སྔ་རྟིང་བཏང་བའི་སྲོལ་ཡོད། འོན་ཀྱང་སྔ་རྟིང་དང་མཐུན་ལམ་གང་ཟབ་དགོས་པ་ལས། དཀྱིལ་འཁོར་གསར་པ་བཟོ་བ་སོགས་བྱེད་རྒྱུ་མེད།

དེ་ནས་ཕུང་ལས་པ་རྣམས་བསུ་ཆང་སར་འཁྲུས་དང་ཟ་མ་ཟས་རྗེས་སོ་སོའི་ཁྱིམ་ལ་ལོག་པ་ལས་དེང་སང་གཞན་ཞིག་ཏུ་ཟ་མ་དང་ཆང་བསྐྱལ་ནས་སྡོད་པ་འདི་ལམ་གསར་པ་ཡིན། ཁྱིམ་ཚང་ནས་དུར་གྱི་ཆས་སམ་བཟའ་བཏུང་རྩ་བ་ནས་དེར་མི་གཏོང་བ་ནི་འཕྲལ་མྱུར་བྱ་བ་དེ་འདྲ་བྱེད་མི་དགོས་པའི་རྟགས་རྟེན་ཡིན་པས་སོ།། དཔེར་ན། ཕུང་པོ་མ་ཐོན་གོང་སྐུ་ཞབས་རྣམས་ཕེབས་དགོས་པ། གདན་ལྕོག་བསྡུས་པ་སོགས་ཀྱིས་ཀྱང་གོ་སླ་དེའི་སང་ཉིན་དཀར་ཉེ་ནས་བེམ་ཆང་འདྲེན་པའི་སྲོལ་ཡོད། མདོར་བསྡུས་ཚེ་འཆི་བ་འབྱུང་སྐབས་ཁ་ཁུ་སིམ་པོ་དང་ཕུང་པོ་འགུལ་སྐྱོད་བྱེད་མི་རུང་བ། འཕོ་བ་དང་། མགྱོགས་བསྔོ་རྒྱུན་པ་གདན་ཞུས་ཏེ་བཞིན་སྤུར་འདོན་བཅས་སོ།།

ཕུང་པོ་བྱ་ལ་སྟེར་རྒྱུ་འདི་བོད་རིགས་ཀྱི་སྤྱིའི་ལུགས་ཡིན་མོད། འོན་ཀྱང་དུར་ཁྲོད་ལ་བཀྲམ་མི་ཆོག་པའི་ཕུང་པོ་དཔེར་ན། འགོས་ནད་ཅན་ལྟ་བུ་དེ་ལྟར་བཀྲམ་པ་དང་། བྱ་སོགས་ཀྱིས་ཟོས་ན་ལུང་པར་ནད་ཁྱབ་པའི་གནད་དོན་ཡོང་རྒྱུར་བརྟེན་དེ་ལྟར་མི་ཡོང་བ་སའི་འོག་ཏུ་འཇུག་དགོས་པ་སོགས་རྩིས་གཞུང་ལྟར་བྱ་དགོས་ཏེ། དཔེར་ན་མི་ཤི་བྱུང་ན་སེམས་བཟང་པོས་མཆོད་འབུལ་དང་། ངན་སློང་ལ་སྦྱིན་གཏོང་། གཞན་ལ་ཕན་པའི་བྱ་བ་གང་ཡོད་བྱེད་པ་ལྟར་ཕུང་པོ་སྦས་དགོས་ངེས་ཡིན་ཚེ་རྩིས་ལྟར་སྦ་དགོས་ལ་དོན་དུ་ལུང་པ་ལ་མི་གནོད་པ་བྱ་རྒྱུ་དེ་ནི་དགེ་སེམས་མཆོག་ཏུ་གྱུར་པ་ཡིན་པས་འདི་ལ་སུས་ཀྱང་སྣང་ཆུང་མཛད་མི་རུང་།


 

2. བདུན་ཚིགས་ཀྱི་གོ་དོན་དང་། བྱ་རིམ།

བདུན་ཚིགས་ནི་ལུས་རྟེན་འདི་དང་བྲལ་ཞིང་ལུས་རྟེན་གསར་པ་མ་རྙེད་ཀྱི་བར་དེ་ལ་སྤྱིར་བཏང་ཞག་ཞེ་དགུར་ངེས་པ་དང་། དེ་ཡང་ཞག་བདུན་རེ་བར་དོའི་ཚེ་ཚད་ཡིན་པས་རྒྱུ་མཚན་གྱིས་དེའི་རིང་ཁྱིམ་མིས་དགེ་སྟོབས་ཡང་དག་ལོས་ཀྱིས་འཆི་པོའི་སྡིག་གྲིབ་བྱང་ནས་སྐྱེ་གནས་འཕོ་འགྱུར་ཡོང་གི་ཡོད་པས་ཆ་རྐྱེན་ཡོད་མཁན་གྱིས་གཤིན་པོའི་དོན་དེ་དང་འབྲེལ་ཅིང་བསམ་པ་རྒྱ་ཆེན་པོས་ཞེ་དགུ་བར་མཆོད་འབུལ་དགོས་པ་ཡིན། དེ་ལྟར་མ་སྒྲུབ་ཚེ་རྒྱས་བསྡུས་ལ་མ་བལྟོས་པར་བདུན་ཚིགས་དེ་ངེས་པར་ཟིན་དགོས་པ་ནི་བོད་རིགས་ཙམ་མ་ཡིན་པ་མི་རིགས་གཞན་ལའང་ཡོད་པ་ལྟར་དཔེར་ན། འདས་ཚེས་གཟའ་ཟླ་བ་ལྟ་བུར་ཆ་བཞག་ནས་བརྗོད་ན་གཟའ་དེའི་ཉིན་ཕྱེད་ཡན་ལ་འདས་ཚེ་བདུན་ཚིགས་གཟའ་ཉི་མར་འཁེལ་བ་དང་ཉིན་ཕྱེད་ཡོལ་ན་གཟའ་ཟླ་བ་ལ་རྩིས་དགོས་པའོ།། འོན་ཀྱང་གཤིན་པོའི་དགེ་རྩར་སྔ་བསྣུར་བྱེད་པ་དེ་སྐྱོན་མེད་དགེ་ལྡན་ཡིན་པས་དེ་བཞིན་བྱེད་དགོས།།

       བདུན་ཚིགས་དང་པོ་དང་། གཉིས་པ། གསུམ་པ་སོ་སོར་འཁོས་བསྟུན་མཆོད་འབུལ་དང་དགེ་འདུན་སོགས་གདན་དྲངས་ཏེ་སྨོན་ལམ་དང་། བདུན་སོ་སོར་དང་བསྟུན་པའི་ཐོས་གྲོལ་སོགས་དགོས་པ་དང་། དཀར་ཉེ་སྤུན་མཆེད་ཀྱིས་མཆོད་སྤྲིན་སྣ་ལྔ་དང་གསོལ་ཇ་ཁྱིམ་མིར་སེམས་གསོས་སྤྲོད་པའི་ལམ་ལྟར་ཡིན།།

       བདུན་ཚིགས་བཞི་པ་འདི་ཅུང་ཟད་མཆོད་འབུལ་རྒྱ་ཆེ་ཙམ་དགོས་པ་ནི། གཤིན་པོ་མངལ་སྒོ་རུ་ལོག་གི་བར་དོ་ཡིན་པའི་རྒྱུ་མཚན་གྱིས་སོ།། དེ་ལ་མཆོད་འབུལ་ཞུ་བ་དང་། སྦྱིན་བསྲེག་ཞུ་བ།   བྱང་ཆོག་ཞུ་བ་སོགས་དོན་དུ་གནད་སྨིན་ལྷག་བསམ་དག་པའི་མཆོད་འབུལ་དགོས་པ་ཡིན། དེ་ཉིན་རྩིས་ལྟར་འཁྲུངས་རྟགས་ལ་མཆོད་འབུལ་གྱིས་ནང་མི་དང་དཀར་ཉེ་ནས་སྙན་དར་དང་དཀར་ཉེ་ནས་མཆོད་དེ་དགེ་འདུན་པ་སོགས་ལ་ཕྱག་འགྱེད་འབུལ་སྲོལ་ཡོད། འོན་ཀྱང་ཁྱིམ་ནས་བུམ་དར། དཀྱིལ་འཁོར་ལ་མཇལ་དར། སྐུ་ཡོན་སྐབས་མཇལ་དར་མཚམས་སྟབས་ཀྱིས་འབུལ་བ་ལས། དཀར་ཉེ་རྣམས་ནས་གང་བྱུང་དུ་མཇལ་དར་ཡོད་ཚད་ལ་འབུལ་བ་འདི་ལམ་གསར་པ་ཡིན་པ་དང་གཅིག དཀར་ཉེར་མཆོད་ཆང་མང་པོ་འདྲེན་པ། ལྗགས་ཞུར་གཏོང་བ། གླུ་བྱུང་རྒྱལ་དུ་གཏོང་བ་སོགས་ཡེ་ནས་བྱ་རྒྱུ་མེད་དོ།། བདུན་ཚིགས་ལྔ་པ་དང་དྲུག་པའང་མཆོད་འབུལ་སྤྱི་ཙམ་དང་། བདུན་ཚིགས་བདུན་པར་ཞག་ཞེ་དགུ་རྫོགས་པས་མཆོད་འབུལ་ཅུང་རྒྱས་པའམ་ཡང་ན་རྒྱས་ཙམ་བྱེད་མཁན་ཡང་ཡོད་ལ། གཙོ་བོ་ཅུང་ཟད་མྱ་ངན་སངས་པའི་རྣམ་པས་ཁྱིམ་མི་སྐྲ་འཁྲུ་བ་དང་གོས་སྣེ་རེ་གཉིས་བརྗེ་ལེན་དར་ལྕོག་བརྗེ་ལེན་བྱ་དགོས། འཁྲུས་རྫས་དང་། སྐྲ་ཞུག དར་ལྕོག་བཅས་དཀར་ཉེ་ནས་གྲ་སྒྲིག་དགོས་པ་དང་། དེ་ཉིན་གསུར་སྣོད་དེ་ཡང་ཆུ་ཆོག་ལ་གཏོང་རྒྱུ་བཅས་སོ།། གོས་སྣེ་བརྗེ་ལེན་དེ་ནི་ཤིག་སྤོས་ཡིན་པ་ལས་གཟབ་འཆོར་མ་ཡིན་ལ་ཤིན་ཏུ་བརྩེ་བ་རྣམས་ནི་ལོ་མཆོད་བར་འཁྲུས་ཡེ་མི་དྲན་པའང་ཡོད།།


 

3. ལོ་མཆོད།

དེ་ཡང་ཞིང་དམ་པ་གཤེགས་པའི་དུས་མཆོད་ནི་སླར་སེམས་ཅན་གྱི་དོན་དུ་གསོལ་བདེབས་སྨོན་ལམ་ཞུ་བ་ཞིག་རེད། དེ་མིན་ཆོས་དད་མེད་པ་རྣམས་ཀྱང་འདས་པོ་གང་གི་ཕྱག་རྗེས་སམ་ཡང་ན་དེའི་བཀའ་དྲིན་དྲན་པའི་སྒོ་ནས་མྱ་ངན་གྱི་དྲན་གསོ་ཞུ་བ་ཡིན། ཕྱོགས་མཚུངས་ང་ཚོ་བོད་རིགས་ཀྱི་ལོ་མཆོད་དེ་ཡང་ཆོས་དད་དང་འབྲེལ་ཏེ་གང་ཞིག་ཚེ་ལས་འདས་ནས་ལོ་གཅིག་འཁོར་བ་ཡིན་པས་སྐྱེ་གནས་བཟང་པོ་ཐོབ་ཡོད་མེད་ཆ་མ་མཆིས་པས། གང་ལྟར་ཕ་མ་ཡིན་ན་བཀའ་དྲིན་དྲན་པ། བུ་ཕྲུག་བཟའ་ཟླ་སོགས་ཡིན་ན་འཆི་པོར་རང་དབང་མེད་པས་མི་ཡུལ་དུ་སྡོད་པ་རྣམས་ཀྱིས་དེའི་ཆེད་དུ་དགེ་རྩ་སྒྲུབ་རྒྱུ་དང་། གཞུང་ཕྱི་ཐག་ཡ་རབས་བབ་ཆགས་ཀྱི་སྒོ་ནས་དེའི་སྡིག་སྒྲིབ་སྦྱོང་བ་སོགས་ཡིན་པས་འཁོས་བསྟུན་དགེ་རྩ་སྨིན་པོ་ཞིག་དགོས་པ་ཡིན། མདོར་ན་ལོ་མཆོད་ཙམ་དུ་མ་ཟད། དངོས་གཞི་དང་། བདུན་ཚིགས་གང་གི་སྐབས་སུ་ཡང་ཡུལ་གོམས་དང་བསྟུན་མཆོད་འབུལ་དགོས་པ་སྟེ། དཔེར་ན་ཆ་རྐྱེན་འཛོམས་མཁན་ལྟ་བུས་ཚེ་འདས་ཀྱི་དོན་དུ་ཞག་ཞེ་དགུ་བར་མ་ཆད་པ་མཆོད་པ་འབུལ། དེ་བཞིན་དགོན་པ་གང་སར་མཆོད་འབྲེལ་ངན་སློང་ལ་སྦྱིན་གཏོང་སོགས་བྱེད་སྲོལ་ཡོད། ཡིན་ནའི་སྤྱིར་བཏང་བདུན་ཚིགས་དེ་གལ་ཆེ་བས་མཆོད་འབུལ་དགོས་ལ་དགེ་འདུན་སོགས་ཀྱང་ངེས་པར་གདན་འདྲེན་པ་སོགས་ཡིན། ངེས་མེད་དགེ་འདུན་པ་གདན་མ་དྲོངས་པ་དང་དཔལ་འབྱོར་སོགས་ཀྱི་ཆ་རྐྱེན་དེ་ཙམ་མ་འཛོམས་ཀྱང་ལྷག་བསམ་དག་པོའི་སྒོ་ནས་ཁྱིམ་མིས་མཆོད་མེ་དང་། མཆོད་ཡོན་འབུལ་དགོས། དེ་མིན་སྡོམ་པ་སོགས་བླང་ན་དེ་བས་ཁྱད་པར་ཆེ་སྟེ། མདོ་ལས་ཆོས་རྣམས་ཐབས་ཅད་རྐྱེན་ཡིན་ཏེ། འདུན་པའི་རྩེ་ལ་རབ་ཏུ་གནས་ཞེས་གསུངས་པས་དཔལ་འབྱོར་ཆེ་ཆུང་མིན་པ་གཙོ་བོ་སེམས་སྐྱེད་ཆེ་ཆུང་ལ་གོ་བ་ལེན་དགོས་པ་དང་། ལོ་མཆོད་སོགས་སུ་རང་སོ་སོའི་འཁོས་བསྟུན་མཆོད་འབུལ་དཔེར་ན། སྦྱིན་བསྲེག་འབུམ་སྒྲོག་དང་ཚོགས་འབུལ། རྣམ་རྒྱལ་སྟོང་མཆོད་སོགས་གང་ཞུས་ཀྱང་ཆོག་པ་ལས་ཚོགས་འབུལ་ཁོ་ན་དགོས་པའི་ཁྱབ་པ་མེད། ཡིན་ནའི་ཚོགས་འབུལ་ལྟ་བུར་ཆ་བཞག་ནས་བརྗོད་ན། ཁྱིམ་ཚང་གིས་དང་ཐོག་དཀྱིལ་འཁོར་རམ་ཚོགས་བཞེངས་བུམ་པ་འཁྲུངས་རྟགས་བཅས་པར་མཇལ་དར་རེ་ཕུལ། དགོང་དྲོ་སྐུ་ཡོན་དང་མཇལ་དར་མཚམས་སྟབས་ཀྱིས་འབུལ་བ་དང་། དཀར་ཉེ་ནས་ཚོགས་ཤིང་ངམ་དཀྱིལ་འཁོར་འཁྲུངས་རྟགས་གཉིས་ལ་སྙན་ཤལ་འབུལ། སྐུ་ཞབས་ཚོར་ཕྱག་འགྱེད་དང་ཁྱིམ་ཚང་ལ་མཆོད་དོད་བཅས་འབུལ་དགོས། འོན་ཀྱང་མཆོད་དོད་ཀྱི་འོག་ཏུ་ཁ་བཏགས་མཚམས་བཏབས་ཀྱིས་འཇོག་རྒྱུན་ཡོད། ཁྱིམ་ཚང་ནས་ཀྱང་དཀར་ཉེར་ཇ་ཆང་གང་མཉེས་དང་། ཚོགས་འབུལ། ཞལ་ལག་སྟེགས་པ་ལས་རྟེན་འབྲེལ་ལྟ་བུའི་ལྗགས་བཞུར་དང་གླུ་གཞས་སོགས་རྩ་བ་ནས་བྱ་རྒྱུ་མེད། དཀར་ཉེ་རྣམས་ནས་ཀྱང་སྡུག་བསྔལ་གྱི་རྣམ་པས་སེམས་གསོ་དང་བབ་ཆགས་ཀྱི་རྣམ་འགྱུར་བཟུང་དགོས་ལ། སྐུ་ཞབས་རྣམས་དང་ཁྱིམ་མི་དེ་བཞིན་རྔ་སོགས་སུའང་མཇལ་དར་འབུལ་བ་ནི་མྱ་ངན་གྱི་རྣམ་པ་འཆོལ་བ་ཡིན། དཔེར་ན་ཁྱིམ་ཚང་གི་ཕ་གྲོང་ནས་ལོ་གཅིག་སོང་བ་ལ་ཨ་མ་དང་བུ་ཕྲུག་ལ་ཁ་བཏགས་བཏགས་པ་དེ་ལ་འགྲེལ་བཤད་ཇི་ལྟར་རྒྱབ་པ་དེ་བཞིན་བུམ་པ་དང་། རྔ་ལ་མཇལ་དར་འབུལ་ན་དྲིལ་བུ་དང་རྡོ་རྗེ་རྔ་བརྡུང་བྱེད་སོགས་ཆོས་ཆས་ཡོངས་རྫོགས་སུ་འབུལ་དགོས། དེ་མིན་རྔ་གཅིག་པུར་དར་འབུལ་བ་ལའང་རྒྱུ་མཚན་བརྗོད་རྒྱུ་མེད་པས་སོ།། དོན་ཆུང་ཆུང་དེ་ལྟ་བུ་ལ་རྟེན་ནས་འདས་མཆོད་དེ་དགའ་སྤྲོའི་རྟེན་འབྲེལ་གྱི་རྣམ་པར་གྱུར་ན་མིའི་བརྩེ་སེམས་དོར་བའི་མིག་ལྟོས་སུ་གྱུར་ཉེན་ཆེ། དེར་བརྟེན་བློ་གཟུ་བོར་གནས་ཤིང་སྤྱི་སེམས་ཀྱི་མཁྱེན་པ་ལྡན་པ། མཐོང་བ་རྒྱུད་པའི་ལག་ལེན་ཡོད་མཁན་གྱི་བགྲེས་གྲས་ལ་བཀའ་འདྲི་ཞུ་བ་དང་། དེ་དག་གིས་ཀྱང་ཁུངས་ལུང་འབྲེལ་བའི་བཀའ་སློབ་དང་ལག་ལེན་རྒྱུད་སྤྲོད་མཛད་རྒྱུ་དང་། ཆོས་བྱེད་སྐུ་ཞབས་རྣམ་པས་ཀྱང་ཐུགས་བརྩེ་བ་ཆེན་པོས་འདས་མཆོད་མ་འཆོལ་བའི་སློབ་སྟོན་མཛད་དེ་དཔལ་འབྱོར་ཡོད་མེད་ལ་མ་བལྟོས་པས་དོན་དེར་འཇུག་བདེ་དང་ཁུངས་འབྲེལ་ཡོང་རྒྱུ་ཡིན།

       འགའ་རེས་གོང་གི་དགེ་རྩའི་མཐུ་ལས་འདས་པོ་སྐྱེ་བ་བཟང་པོ་ཐོབ་ཡོད་པའི་དབང་གིས་ལོ་མཆོད་ནི་འགའ་སྟོན་གྱི་མཆོད་འབུལ་ཡིན་ཞེས་པ་སོགས་ནི་རྒྱུ་མཚན་ཁུངས་དང་མི་འབྲེལ། དེ་ཡང་དགེ་རྩ་རྒྱ་ཆེ་སྒྲུབས་པའི་གཤིན་པོ་དང་རྒྱ་ཆེ་མ་བྱུང་བའི་གཤིན་པོ་གཉིས་སུ་ཕྱེ་དགོས། སྐྱེས་གནས་བཟང་པོ་ཐོབ་པའི་དབང་དུ་དགའ་སྟོན་དང་། བཟང་པོ་མ་ཐོབ་པའི་དབང་དུ་མྱ་ངན་བཅས་དབྱེ་དགོས་པ་ནི་འགལ་བ་དངོས་གསལ་ཡིན་ལ་དེ་འདྲ་དབྱེ་རྒྱུ་ནི་ཤིན་ཏུ་དཀའ། དགའ་སྟོན་གྱི་མཆོད་འབུལ་ཟེས་པའི་རྗེས་སུ་བླུན་པོ་ཆང་ལ་དགའ་བས་ཞོགས་རྒྱུགས་ཀྱིས་ལག་ལེན་རྒྱ་ཆེར་མཆེད་པ་ལས་ཡང་དག་པའི་རྒྱུ་མཚན་བཤད་རྒྱུ་ག་ལ་ཡོད།

       དེ་ལས་འདས་པོ་གང་ཞིག་འདས་ནས་ལོ་གཅིག་སོང་བའི་སྐབས་སུ་སླར་ཡང་ཁྱིམ་མིས་དེའི་བཀའ་དྲིན་དང་བརྩེ་བ་དྲན་པ་དང་བྱས་བསགས་དག་པའི་མཆོད་འབུལ་ཡིན་སྟབས་བབ་ཆགས་ཀྱིས་བསྒྲུབ་ན་ཡ་རབས་ལུགས་ཡིན་པའི་འགྲེལ་བཤད་ཀྱང་རྒྱག་རྒྱུ་ཡོད་པས་གནའ་བཟང་དེང་སྤྱོད་དུ་མི་རིགས་གཞན་པས་ཀྱང་བརྩི་འཇོག་ཐོབ་རྒྱུ་ཡིན་པ་བཅས་སོ།། །།


- འདི་ནི་ཕྱི་ལོ་1991ལོའི་ཀྲུང་གོའི་བོད་ཀྱི་ཤེས་རིག་དུས་དེབ་གཉིས་པ་ནས་ཟུར་འདོན་ཞུས།



 

འབྲེལ་ཡོད་བརྗོད་གཞི།

འདིར་ནོན་ནས་སྐར་རྩིས་པ་བསྟན་འཛིན་སྙན་གྲགས་ཀྱིས་བརྩམས་པའི་ "ཚེ་འདས་རྣམས་ཀྱི་འདས་མཆོད་བྱ་ཚུལ།"ཞེས་པ་ལྟ་ཀློག་གྱིས།

 


མཐའ་མའི་འདོན་ཐེངས་།: 16.11.2015 ཉིན། 10:30 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།