སྨན་རྩིས་དྲ་བ། - ཆེད་རྩོམ།

འཇལ་བྱེད་ཀྱི་ཚད་དང་གྲངས་ཀྱི་རྣམ་གཞག

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.10.2016
ཆེད་རྩོམ། >>

 

 

 

སྐབས་ལྔ་པ། སྣོད་བཅུད་ཀྱི་འཇིག་རྟེན་འབྱུང་འཇིག་གི་རིམ་པ་བཤད་པ།

༦ འཇལ་བྱེད་ཀྱི་ཚད་དང་གྲངས་ཀྱི་རྣམ་གཞག

 (ཀུན་བཏུས། པོད་དང་པོ།)

- ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་།


            མངོན་པ་དང་དུས་ཀྱི་འཁོར་ལོའི་གཞུང་སོགས་ལས་སྣོད་ཀྱི་འཇིག་རྟེན་གྱི་རྒྱ་ཁྱོན་དང་། སྣོད་བཅུད་ཀྱི་འཇིག་རྟེན་ཆགས་པ་དང་གནས་པ་དང་འཇིག་པ་དང་སྟོང་པའི་ཡུན་ཚད་སོགས་གཏན་ལ་འབེབས་སྐབས། དེ་དག་འཇལ་བྱེད་ཀྱི་ཚད་ཀྱི་རྣམ་གཞག་རྒྱས་པར་གསུངས་ཤིང་། འཇལ་བྱེད་ཀྱི་ཚད་དེ་ལ་གཟུགས་ཀྱི་ཚད་དང་། དུས་ཀྱི་ཚད་གཉིས་ཡོད་ལ། སྔར་བཤད་པ་ལྟར་སློབ་དཔོན་དབྱིག་གཉེན་གྱིས་མངོན་པ་མཛོད་རྩ་འགྲེལ་ལས་གཟུགས་ཀྱི་ཆུང་བའི་མཐར་ཐུག་པ་རྡུལ་ཕྲ་རབ་ཡིན་པ་དང་། དེ་བསགས་པ་ལས་རྒྱང་གྲགས་དང་དཔག་ཚད་འགྲུབ། མིང་གི་མཐར་ཐུག་པ་ཡི་གེ་ཡིན་ཞིང་། དེ་བསགས་པ་ལས་ཤླཽ་ཀ་དང་རབ་བྱེད་དང་བསྟན་བཅོས་འགྲུབ། དུས་ཀྱི་ཐུང་བའི་མཐར་ཐུག་པ་དུས་མཐའི་སྐད་ཅིག་མ་ཡིན་པ་དང་། དེ་བསགས་པ་ལས་ཞག་དང་ཟླ་བ་དང་ལོ་དང་བསྐལ་པ་རྣམས་འགྲུབ་པར་གསུངས་སོ། །


 

༡) གཟུགས་ཅན་གྱི་ཚད་བཤད་པ།

དེ་ལ་གཟུགས་ཀྱི་ཚད་བཤད་པ་ནི། རྡུལ་ཕྲ་རབ་བདུན་འདུས་པ་རྡུལ་ཕྲན་གཅིག་གི་ཚད་དང་། རྡུལ་ཕྲན་བདུན་ལ་ལྕགས་རྡུལ་གཅིག ལྕགས་རྡུལ་བདུན་ལ་ཆུ་རྡུལ་གཅིག ཆུ་རྡུལ་བདུན་ལ་རི་བོང་གི་རྡུལ་གཅིག རི་བོང་གི་རྡུལ་བདུན་ལ་ལུག་རྡུལ་གཅིག ལུག་རྡུལ་བདུན་ལ་གླང་རྡུལ་གཅིག གླང་རྡུལ་བདུན་ལ་ཉི་ཟེར་གྱི་རྡུལ་གཅིག ཉི་ཟེར་གྱི་རྡུལ་བདུན་ལ་སྲོ་མ་གཅིག སྲོ་མ་བདུན་ལ་ནི་དེ་ལས་བྱུང་བའི་ཤིག་གཅིག ཤིག་བདུན་ལ་ནས་གཅིག ནས་བདུན་ལ་སོར་མོའི་ཚིགས་གཅིག སོར་བཅུ་གཉིས་ལ་མཐོ་གང་། སོར་ཉེར་བཞི་ལ་ཁྲུ་གང་། ཁྲུ་བཞི་ལ་འདོམ་གང་། གཞུ་འདོམ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་ཏུ་གསུངས་ཏེ། སློབ་དཔོན་དབྱིག་གཉེན་གྱི་མཛོད་རང་འགྲེལ་ལས།


            རྡུལ་ཕྲ་རབ་ལ་སོགས་པ་འདི་དག་ནི་གོང་ནས་གོང་དུ་བདུན་འགྱུར་དུ་རིག་པར་བྱ་སྟེ། རྡུལ་ཕྲ་རབ་བདུན་ལ་ནི་རྡུལ་ཕྲན་ནོ། །རྡུལ་ཕྲན་བདུན་ལ་ནི་ལྕགས་རྡུལ་ལོ། །དེ་དག་བདུན་ལ་ནི་ཆུ་རྡུལ་ལོ། །དེ་དག་བདུན་ལ་ནི་རི་བོང་གི་རྡུལ་ལོ། །དེ་དག་བདུན་ལ་ནི་ལུག་རྡུལ་ལོ། །དེ་དག་བདུན་ལ་ནི་གླང་རྡུལ་ལོ། །དེ་དག་བདུན་ལ་ནི་ཉི་ཟེར་རྡུལ་ལོ། །དེ་དག་བདུན་ལ་ནི་སྲོ་མའོ། །སྲོ་མ་བདུན་ལ་ནི་དེ་ལས་བྱུང་བ་སྟེ། སྲོ་མ་ལས་བྱུང་བ་ནི་ཤིག་ཅེས་བྱ་བའི་ཐ་ཚིག་གོ །ཤིག་བདུན་ལ་ནི་ནས་སོ། །ནས་བདུན་ལ་ནི་སོར་མོའི་ཚིགས་སོ། །སོར་མོའི་ཚིགས་གསུམ་ལ་ནི་སོར་མོ་ཞེས་བྱ་བར་གྲགས་པ་ཉིད་པས་མ་བཤད་དོ། །ངོས་སུ་བྱ་བ་ནི། སོར་ནི་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ་། །འདོམ་གང་ངོ་ཞེས་བྱ་བའི་ཐ་ཚིག་གོ །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །གཞུ་ལྔ་བརྒྱ་ལ་ནི་རྒྱང་གྲགས་ཏེ་གྲོང་ནས་རྒྱང་གྲགས་ཙམ་གྱི་ཐག་ལ་ནི་དགོན་པ་ཡིན་པར་འདོད་དོ། །དེ་བརྒྱད་དཔག་ཚད་ཅེས་བྱ་འོ། །རྒྱང་གྲགས་དེ་དག་བརྒྱད་ལ་དཔག་ཚད་ཅེས་བྱའོ། །དཔག་ཚད་ཀྱི་ཚད་ནི་བཤད་ཟིན་ཏོ། །40 ཞེས་འབྱུང་བ་ལྟར་རོ། །


            གཞུང་གཞན་དག་ལས་མཛོད་ཀྱི་བཤད་པ་དེ་དང་ཅུང་ཟད་མི་འདྲ་བའང་འབྱུང་སྟེ། འཕགས་པ་རྒྱ་ཆེར་རོལ་པའི་མདོ་ལས།

            བྱང་ཆུབ་སེམས་དཔས་སྨྲས་པ། རྡུལ་ཕྲ་རབ་གྱི་རྡུལ་བདུན་ལ་ནི་རྡུལ་ཕྲ་མོ་གཅིག་གོ །རྡུལ་ཕྲ་མོ་བདུན་ལ་ནི་རྡུལ་ཆུང་ངུ་གཅིག་གོ །རྡུལ་ཆུང་ངུ་བདུན་ལ་ནི་ཉི་ཟེར་གྱི་རྡུལ་གཅིག་གོ །ཉི་ཟེར་གྱི་རྡུལ་བདུན་ལ་ནི་རི་བོང་རྡུལ་གཅིག་གོ། །རི་བོང་རྡུལ་བདུན་ལ་ནི་ལུག་རྡུལ་གཅིག་གོ །ལུག་རྡུལ་བདུན་ལ་ནི་གླང་རྡུལ་གཅིག་གོ །གླང་རྡུལ་བདུན་ལ་ནི་སྲོ་མ་གཅིག་གོ །སྲོ་མ་བདུན་ལ་ནི་ཡུངས་འབྲུ་གཅིག་གོ །ཡུངས་འབྲུ་བདུན་ལ་ནི་ནས་གཅིག་གོ །ནས་བདུན་ལ་ནི་སོར་གཅིག་གོ །སོར་བཅུ་གཉིས་ལ་ནི་མཐོ་གང་ངོ་། །མཐོ་དོ་ལ་ནི་ཁྲུ་གང་ངོ་། །ཁྲུ་བཞི་ལ་ནི་གཞུ་གང་ངོ་། །གཞུ་སྟོང་ལ་ནི་ཡུལ་མ་ག་དྷའི་རྒྱང་གྲགས་གཅིག་གོ །རྒྱང་གྲགས་བཞི་ལ་ནི་དཔག་ཚད་གཅིག་གོ །41 ཞེས་སོ། །


            འཕགས་པ་མཽང་གལ་གྱི་བུའི་འཇིག་རྟེན་བཞག་པ་ལས་ནི།

            ཉི་ཟེར་གྱི་རྡུལ་བཞི་བཅུ་རྩ་དགུའི་ཆ་གཅིག་ནི་རྡུལ་ཕྲ་རབ་ཡིན་ནོ། །རྡུལ་ཕྲ་རབ་བདུན་ནི་རྡུལ་ཕྲ་མོ་གཅིག་གོ །རྡུལ་ཕྲ་མོ་བདུན་ལ་ནི་ཉི་ཟེར་གྱི་རྡུལ་གཅིག་གོ །ཉི་ཟེར་གྱི་རྡུལ་བདུན་ལ་ནི་རི་བོང་གི་རྡུལ་གཅིག་གོ །རི་བོང་གི་རྡུལ་བདུན་ལ་ནི་ལུག་རྡུལ་གཅིག་གོ །ལུག་རྡུལ་བདུན་ལ་ནི་གླང་རྡུལ་གཅིག་གོ། །གླང་རྡུལ་བདུན་ལ་ནི་སྲོ་མ་གཅིག་གོ །སྲོ་མ་བདུན་ལ་ནི་ཨ་བ་ག་ན་གཅིག་གོ། །ཨ་བ་ག་ན་བདུན་ལ་ནི་བ་ཏི་ཀ་གཅིག་གོ །བ་ཏི་ཀ་བདུན་ལ་ནི་ནས་འབྲུ་གཅིག་གོ །ནས་འབྲུ་བདུན་ལ་ནི་སོར་གཅིག་གོ །སོར་ཉི་ཤུ་རྩ་བཞི་ལ་ཁྲུ་གང་ངོ་། །42 ཞེས་འབྱུང་ལ།


            གཞན་ཡང་འདུལ་བ་ལུང་རྣམ་འབྱེད་ལས་ཀྱང་གོང་དུ་གསུངས་པ་དེ་དག་དང་གསུངས་ཚུལ་མི་འདྲ་བ་འབྱུང་བ་སོགས་གསུངས་ཚུལ་དུ་མ་ཡོད་པར་སྣང་། འོ་ན་རྒྱ་ཆེར་རོལ་པའི་མདོ་ལས་བཤད་པའི་ཉི་ཟེར་གྱི་རྡུལ་ལ་རྡུལ་ཕྲ་རབ་ཀྱི་གྲངས་ ༣༤༣ དང་། འཇིག་རྟེན་བཞག་པ་ལས་བཤད་པའི་ཉི་ཟེར་གྱི་རྡུལ་ལ་རྡུལ་ཕྲ་རབ་ཀྱི་གྲངས་ ༤༩ དང་། མངོན་པ་མཛོད་རྩ་འགྲེལ་ལས་བཤད་པའི་ཉི་ཟེར་གྱི་རྡུལ་ལ་རྡུལ་ཕྲ་རབ་ཀྱི་གྲངས་ ༨༢༣༥༤༣ ཚོགས་པར་འགྱུར་བར་གསུངས་པས། དེ་རྣམས་ནང་ཕན་ཚུན་དངོས་སུ་འགལ་བར་མི་འགྱུར་རམ་སྙམ་ན། འདི་དག་རྡུལ་ཕྲ་རབ་སོགས་འདུས་པའི་གནས་སྐབས་དེ་དང་དེ་ལ་མིང་དེ་ལྟར་བཏགས་པ་ཡིན་གྱི། སྲོག་ཆགས་ཀྱི་སྤུའི་རྩེ་མོ་ཁོ་ན་ལ་བརྩི་བ་སོགས་ནི་མིན་པས་དོན་ལ་འགལ་བ་མེད་པའི་ཚུལ་ཡང་མཛོད་ཀྱི་འགྲེལ་པ་འགའ་ཞིག་ལས་བཤད་དོ། །


            དུས་ཀྱི་འཁོར་ལོའི་གཞུང་ལས་རྡུལ་ཕྲ་རབ་ཕྲེང་བར་བརྩེགས་པ་བརྒྱད་ནི་རྡུལ་ཕྲན་གཅིག་གི་ཚད་དང༌། དེ་ཕྲེང་བར་བརྩེགས་པ་བརྒྱད་ནི་སྐྲའི་རྩེ་མོ་ཟླུམ་པོ་གཅིག་གི་ཚད་དང༌། སྐྲ་རྩེ་ཟླུམ་པོ་བརྒྱད་ཕྲེང་བར་བརྩེགས་པ་ནི་སྐེ་ཚེའི་ཚད་དང༌། སྐེ་ཚེ་བརྒྱད་བརྩེགས་པ་ཤིག་གི་ཚད་དང༌། ཤིག་བརྒྱད་བརྩེགས་པ་ནས་ཀྱི་ཚད་དང༌། ནས་བརྒྱད་བརྩེགས་པ་སོར་གྱི་ཚད་དང༌། སོར་ཉི་ཤུ་རྩ་བཞི་ཁྲུའི་ཚད་དང༌། ཁྲུ་བཞི་གཞུ་འདོམ་གང་གི་ཚད་དང༌། གཞུ་འདོམ་སྟོང་ཕྲག་གཉིས་རྒྱང་གྲགས་ཀྱི་ཚད་དང༌། རྒྱང་གྲགས་བཞི་དཔག་ཚད་ཀྱི་ཚད་དུ་གསུངས་ཏེ། དུས་འཁོར་བསྡུས་རྒྱུད་ལས།


            ཕྲ་རབ་བརྒྱད་རྣམས་དག་གིས་ཕྲ་མོ་འདི་གཅིག་ཕྲ་མོ་བརྒྱད་ཀྱིས་སྐྲ་ཡི་རྩེ་མོ་ཕྲ་མོ་སྟེ། །འདི་རྣམས་ཀྱིས་ནི་སྐེ་ཚེ་ཤིག་དང་ནས་ཏེ་ལྟོ་འགྲོ་ནས་ཀྱིས་སོར་ཏེ་སོར་མོ་ཉི་མ་ནི། །ཟུང་གིས་ཁྲུ་འོ་ཁྲུ་བཞིས་གཞུ་སྟེ་འདིར་ནི་སྟོང་ཕྲག་གཉིས་ཀྱི་གཞུ་ཡིས་རྒྱང་གྲགས་དག་ཏུ་འགྱུར། །རྒྱང་གྲགས་བཞི་རྣམས་དག་གིས་དཔག་ཚད་དེ་ཡིས་ལྷ་ཡུལ་ས་དང་ནམ་མཁའ་དག་ལ་ཚད་ཡིན་ནོ། །43 ཞེས་མངོན་པ་དང་བཤད་ཚུལ་མི་འདྲ་བ་བྱུང་ཞིང་། གོང་གི་ལྟོ་འགྲོ་ཞེས་པ་གྲངས་བརྒྱད་དང་། ཉི་མ་ཞེས་པ་གྲངས་བཅུ་གཉིས་ཀྱི་མངོན་བརྗོད་ཀྱི་མིང་ཡིན་པས་ཉི་མ་ཟུང་ཞེས་པ་བཅུ་གཉིས་གཉིས་ཏེ་ཉི་ཤུ་རྩ་བཞི་ལ་གོ་དགོས་སོ།།


༢) ལོ་དང་བསྐལ་པ་བཤད་པ།

            དུས་ཀྱི་ཚད་འཇལ་བྱེད་ལ་ལོ་དང་བསྐལ་པ་གཉིས་ལས་ལོ་བཤད་པ་ནི། གོང་དུ་བཤད་པའི་དུས་མཐའི་སྐད་ཅིག་མ་བརྒྱ་དང་ཉི་ཤུ་མཐུད་པའི་ཡུན་ལ་དེའི་སྐད་ཅིག་མ་དང་། དེའི་སྐད་ཅིག་མ་དྲུག་ཅུ་ལ་ཐང་ཅིག་དང་། ཐང་ཅིག་སུམ་ཅུ་ལ་ཡུད་ཙམ་གཅིག་དང་། ཡུད་ཙམ་སུམ་ཅུ་ལ་ཉིན་ཞག་གཅིག་དང་། ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་འཇོག་པ་སོགས་ཡིན་ཏེ། ཆོས་མངོན་པ་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས།


            ཅིའི་ཕྱིར་བསྐལ་པ་ཞེས་བྱ་ཞེ་ན། བསྐལ་པ་ཞེས་པའི་དོན་ཅི་ཡིན་ཞེ་ན། སྨྲས་པ། དུས་ཀྱི་ཆ་རྣམ་པར་འབྱེད་པའི་ཕྱིར་བསྐལ་པ་ཞེས་བྱ་སྟེ། འདི་ལྟར་སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་གྱིས་དུས་རྣམས་རྣམ་པར་ཕྱེ་བས། ཉིན་མཚན་ཡིན་པར་འགྱུར་ལ། ཉིན་མཚན་གྱི་དུས་རྣམ་པར་ཕྱེ་བས། ཟླ་བ་ཕྱེད་དང་ཟླ་བ་དང་། དུས་ཚིགས་དང་ལོ་རྣམས་འགྲུབ་པར་འགྱུར་རོ། །ཟླ་བ་ཕྱེད་ལ་སོགས་པའི་དུས་རྣམས་རྣམ་པར་ཕྱེ་བས། བསྐལ་པ་ཡིན་པར་འགྱུར་རོ། །བསྐལ་པ་ནི་དུས་ཀྱི་ཆ་རྣམ་པར་ཕྱེ་བའི་རབ་ཡིན་པས། དེའི་ཕྱིར་སྤྱིའི་མིང་ཐོབ་བོ། །44 ཞེས་དང་།


            དེ་དང་མཐུན་པར་དབྱིག་གཉེན་གྱི་ཆོས་མངོན་པ་མཛོད་ལས།

སྐད་ཅིག་མ་བརྒྱ་ཉི་ཤུ་ལ། །དེ་ཡི་སྐད་ཅིག་དེ་དག་ཀྱང༌། །

དྲུག་ཅུ་ལ་ནི་ཐང་ཅིག་གོ །ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། །

གོང་ནས་གོང་དུ་སུམ་ཅུ་འགྱུར། །ཞག་མི་ཐུབ་དང་བཅས་པ་ཡི། །

ཟླ་བ་བཅུ་གཉིས་ལ་ལོ་གཅིག །45 ཅེས་གསུངས་པ་ལྟར་རོ། །


            དེ་ཡང་རགས་རྩིས་ཀྱི་དབང་དུ་བྱས་ན། འདུལ་བ་དང་མངོན་པའི་ལུགས་ལ་ཞག་མི་ཐུབ་པའམ་ཉིན་ཞག་སུམ་ཅུ་ལ་གཅིག་གིས་མ་ལོངས་པའི་ཟླ་བ་དྲུག་དང་། ཞག་ཐུབ་པའམ་ཉིན་ཞག་སུམ་ཅུར་ལོངས་པའི་ཟླ་བ་དྲུག་སྟེ་བཅུ་གཉིས་ལ་ལོ་གཅིག་ཏུ་བྱེད་དོ། །ཞག་མི་ཐུབ་པའམ་ཞག་ཆད་པ་འབྱུང་བའི་རྒྱུ་མཚན་ནི་ཚེས་ཞག་གིས་ཉིན་ཞག་གི་དོད་མ་ཐུབ་པའི་དབང་གིས་འབྱུང་སྟེ། ཡུད་ཙམ་ཕྱེད་ཀས་ཉིན་ཞག་གཅིག་ལས་ཚེས་ཞག་གཅིག་ཐུང་བས་ཉིན་ཞག་ང་དགུ་ཙམ་སོང་བ་ན་ཚེས་ཞག་དྲུག་ཅུ་འགྲོ་བ་ཡིན་པས་ན་ཟླ་བ་གཉིས་རེའི་ནང་ལ་ཞག་གཅིག་དོར་བ་ཡིན་ནོ། །དེ་ལྟར་ཡང་མཛོད་རང་འགྲེལ་ལས།

            དགུན་རྣམས་ཀྱི་ཟླ་བ་བཞི་དང༌། དཔྱིད་རྣམས་ཀྱི་ཟླ་བ་བཞི་དང༌། དབྱར་རྣམས་ཀྱི་ཟླ་བ་བཞི་སྟེ། དེ་དག་ཟླ་བ་བཅུ་གཉིས་པོ་དེ་དག་ཞག་མི་ཐུབ་དང་བཅས་པ་ལ་ལོ་གཅིག་གོ །ལོ་ལ་ནི་ཞག་གཅིག་གི་ཤོལ་དྲུག་དོར་ཏེ། ཇི་ལྟ་ཞེ་ན། དགུན་དང་དཔྱིད་དང་དབྱར་རྣམས་ཀྱི། །ཟླ་བ་ཕྱེད་དང་གཉིས་འདས་ནས། །ཟླ་བ་ཕྱེད་ནི་ལུས་པ་ན། །མཁས་པས་ཞག་མི་ཐུབ་པ་དོར། །46 ཞེས་སོ། །


            དུས་འཁོར་བའི་རྩིས་ཀྱི་ལུགས་ལ་ནི། ཉི་མའི་རང་འགྲོས་གཡོན་སྐོར་གྱིས་ཁྱིམ་གྱི་གོ་ལར་སྐོར་བ་གཅིག་རྫོགས་པའི་ཡུན་ལ་ཆ་སུམ་བརྒྱ་དྲུག་ཅུར་ཕྱེ་བའི་ཆ་གཅིག་གམ། ཁྱིམ་རེ་ལ་ཆ་སུམ་ཅུ་རེར་བགོས་པའི་ཆ་རེ་ལ་ཉི་མས་བགྲོད་པའི་ཡུན་ལ་ཁྱིམ་ཞག་ཅེས་བྱ་ལ། ཉི་མའི་རླུང་འགྲོས་གཡོན་སྐོར་གྱིས་སའི་གོ་ལར་སྐོར་བ་བྱེད་སྐབས་ས་གནས་སོ་སོར་ཞོགས་པ་སྔ་པོ་ལག་པའི་རི་མོ་མཐོང་བ་ནས་སང་ཉིན་ལག་པའི་རི་མོ་མཐོང་བའི་བར་ལ་ཉིན་ཞག་ཅེས་བྱ་ཞིང་། ཟླ་བའི་རང་འགྲོས་གཡོན་སྐོར་གྱིས་སའི་གོ་ལར་སྐོར་བ་གཅིག་འཁོར་བའི་ཡུན་ལ་འཕེལ་ཆ་བཅོ་ལྔ་དང་འགྲིབ་ཆ་བཅོ་ལྔ་ཡོད་པའི་འཕེལ་འགྲིབ་ཀྱི་ཆ་རེ་ལ་ཚེས་ཞག་ཅེས་བྱའོ། །


            དེ་ཡང་སྐྱེས་བུ་ནད་མེད་གཅིག་གི་དབུགས་ཕྱིར་གཏོང་བ་དང་ནང་དུ་རྔུབ་པའི་ཁུགས་པ་གཅིག་ལ་དབུགས་གཅིག་དང་། དབུགས་དྲུག་ལ་ཆུ་སྲང་གཅིག ཆུ་སྲང་དྲུག་ཅུ་ལ་ཆུ་ཚོད་གཅིག ཆུ་ཚོད་དྲུག་ཅུ་ལ་ཉིན་ཞག་གཅིག ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག ཟླ་བ་བཅུ་གཉིས་ལ་ལོར་འཇོག་པ་ཡིན་ཞིང་། དེ་ལྟར་བརྩིས་པས་ཉིན་ཞག་གཅིག་ལ་ནི་དབུགས་ཀྱི་ཁུགས་པ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད་པར་བཤད། ཁྱིམ་ཞག་ཉིན་ཞག་ཚེས་ཞག་གསུམ་པོ་རང་རང་གི་དབང་དུ་བྱས་པའི་ཟླ་བ་བཅུ་གཉིས་རེ་རྫོགས་པ་ན་ཞག་གསུམ་པོ་རང་རང་གི་ལོ་རེར་འཇོག་དགོས་པས། ཚེས་ཞག་སུམ་བརྒྱ་དྲུག་ཅུ་ལ་ཚེས་ཞག་གི་ལོ་གཅིག་དང་། ཉིན་ཞག་སུམ་བརྒྱ་དྲུག་ཅུ་ལ་ཉིན་ཞག་གི་ལོ་གཅིག་དང་། ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་ལ་ཁྱིམ་ཞག་གི་ལོ་གཅིག་ཏུ་འཇོག་པ་ཡིན་ནོ། །དེ་གསུམ་གྱི་ནང་ནས་ཐུང་ཤོས་ཚེས་ཞག་གི་དབང་དུ་བྱས་པའི་ལོ་ཡིན་ཞིང་། ཉིན་ཞག་གི་དབང་དུ་བྱས་པའི་ལོ་ནི་ཚེས་ཞག་གི་ལོ་ལས་ཞག་དྲུག་གིས་རིང་ལ། ཁྱིམ་ཞག་གི་དབང་དུ་བྱས་པའི་ལོ་ནི་ཉིན་ཞག་གི་ལོ་ལས་ཀྱང་ཞག་ལྔ་ལྷག་ཙམ་གྱིས་རིང་ལ། དེ་ལྟར་ན་རགས་པའི་དབང་དུ་བྱས་ན་ཚེས་ཞག་སུམ་བརྒྱ་བདུན་ཅུ་དོན་གཅིག་དང་། ཉིན་ཞག་སུམ་བརྒྱ་དྲུག་ཅུ་རེ་ལྔ། ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་ཐམ་པ་རྣམས་ཡུན་ཚད་མཉམ་པ་ཡིན་ནོ། །


            བསྐལ་པའི་ཚད་བཤད་པ་ནི། གོང་དུ་སྣོད་བཅུད་ཀྱི་འཇིག་རྟེན་བྱུང་རིམ་འཆད་སྐབས་བཤད་ཟིན་པ་ལྟར་བསྐལ་པ་ལ་འཇིག་པའི་བསྐལ་པ། སྟོང་པའི་བསྐལ་པ། འཆགས་པའི་བསྐལ་པ། གནས་པའི་བསྐལ་པ་དང་། དེ་བཞི་བསྡོམས་པའི་བསྐལ་པ་ཆེན་པོ་བཅས་མདོ་དང་མངོན་པའི་བསྟན་བཅོས་དག་ལས་གསུངས་ལ།


            དེ་དག་ལས་འཇིག་པའི་བསྐལ་པ་ནི་མནར་མེད་པའི་དམྱལ་བར་སེམས་ཅན་གསར་དུ་སྐྱེ་བ་མེད་པ་ནས་འགོ་བརྩམས་ཏེ། སྣོད་ཀྱི་འཇིག་རྟེན་ཟད་པའི་བར་ལ་འཇོག་ཅིང་། དེ་ལ་བཅུད་ཀྱི་སེམས་ཅན་འཇིག་པའི་ཡུན་ལ་བར་བསྐལ་བཅུ་དགུ་དང་། སྣོད་ཀྱི་འཇིག་རྟེན་འཇིག་པའི་ཡུན་ལ་བར་བསྐལ་གཅིག་སྟེ་བར་གྱི་བསྐལ་པ་ཉི་ཤུའི་ཡུན་ཚད་ཡོད་དོ། །


            སྟོང་པའི་བསྐལ་པ་ནི། འཇིག་རྟེན་སྔ་མ་ཞིག་ནས་ཕྱི་མ་འཆགས་པའི་འགོ་མ་བརྩམས་པའི་བར་སྟོང་པར་སྡོད་པའི་ཡུན་ཚད་དེ་ལ་ཟེར་ཞིང་། དེ་ལའང་བར་བསྐལ་ཉི་ཤུ་ཡོད་དོ། །


            འཆགས་པའི་བསྐལ་པ་ནི། དང་པོ་འོག་གཞི་རླུང་གི་དཀྱིལ་འཁོར་འཆགས་པའི་འགོ་ཚུགས་པ་ནས་བརྩམས་ཏེ་དམྱལ་བར་སེམས་ཅན་གཅིག་ཐོག་མར་སྐྱེས་པའི་བར་ལ་འཇོག་ཅིང་། སྣོད་ཆགས་པ་ལ་བར་བསྐལ་གཅིག་དང་། བཅུད་ཆགས་པ་ལ་བར་བསྐལ་བཅུ་དགུ་སྟེ་དེའི་ཡུན་ལའང་བར་བསྐལ་ཉི་ཤུ་ཡོད་དོ། །


            གནས་པའི་བསྐལ་པ་ནི། ཡ་ཐོག་རིང་མོ་ལ་བར་བསྐལ་གཅིག་དང་མཐའི་མ་ཐོག་རིང་མོ་ལ་བར་བསྐལ་གཅིག །བར་གྱི་ཁུགས་པ་བཅོ་བརྒྱད་ལ་བར་བསྐལ་རེ་རེ་བཅས་བསྡོམས་པས་བར་བསྐལ་ཉི་ཤུའི་ཡུན་ཚད་ཅན་ཡིན་ལ། ཡ་ཐོག་རིང་མོ་ནི་ཚེ་ལོ་དཔག་མེད་ལས་འགྲིབ་པ་ནས་བཟུང་སྟེ་ཚེ་ལོ་བཅུ་བ་ལ་ཐུག་གི་བར་གྱི་ཡུན་ཚད་ཅན་གྱི་བར་བསྐལ་གཅིག་པོ་དེ་ཡིན་ནོ། །


            བར་གྱི་ཁུགས་པ་བཅོ་བརྒྱད་ཅེས་བྱ་བ་ནི། ཚེ་ལོ་བཅུ་པ་ནས་བརྒྱད་ཁྲིའི་བར་དུ་ཡར་འཕེལ་བ་དང་བརྒྱད་ཁྲི་ནས་བཅུ་པའི་བར་དུ་མར་འགྲིབ་པའི་བར་ནི་ཁུགས་པ་གཅིག་ཡིན་ལ། དེ་ལྟ་བུའི་ཡར་འཕེལ་མར་འགྲིབ་གཉིས་ཁུགས་པ་རེར་བརྩིས་པའི་ཁུགས་པ་བཅོ་བརྒྱད་འབྱུང་བ་དེ་ཡིན་ནོ། །མ་ཐོག་རིང་མོ་ནི་བར་གྱི་ཁུགས་པ་བཅོ་བརྒྱད་པོ་སོང་བའི་རྗེས་ལ་ཚེ་ལོ་བཅུ་པ་ནས་ཡར་བརྒྱད་ཁྲིའི་བར་འཕེལ་བའི་ཡུན་ཚད་ཅན་གྱི་བར་བསྐལ་གཅིག་པོ་དེ་ཡིན་ནོ། །གནས་པའི་བསྐལ་པའི་ཐོག་མཐའི་རྐྱང་པ་གཉིས་དལ་གྱིས་འགྲོ་ལ། བར་གྱི་ཁུགས་པ་རྣམས་མགྱོགས་པོར་འགྲོ་བས་ཐོག་མཐའི་རྐྱང་པ་གཉིས་པོ་རེ་རེ་དང་བར་གྱི་ཁུགས་པ་རེ་རེ་ཡུན་ཚད་མཉམ་མོ། །


            དེ་ལྟ་བུའི་གནས་པའི་བསྐལ་པ་དང་། འཆགས་པའི་བསྐལ་པ། འཇིག་པའི་བསྐལ་པ། ཞིག་ནས་སྟོང་པར་འདུག་པའི་བསྐལ་པ་བཞི་པོའི་ཡུན་ཚད་བར་བསྐལ་ཉི་ཤུ་ཉི་ཤུར་མཉམ་པ་ཡིན་ལ། དེ་དག་བསྡོམས་པའི་བར་བསྐལ་བརྒྱད་ཅུ་ནི་བསྐལ་ཆེན་གཅིག་གི་ཚད་ཡིན་ནོ། །དེ་ལྟར་ཡང་ཆོས་མངོན་པ་མཛོད་ལས།

འཇིག་པའི་བསྐལ་པ་དམྱལ་བ་ཡི། །སྲིད་པ་མེད་ནས་སྣོད་ཟད་པ། །

འཆགས་པ་དང་པོའི་རླུང་ནས་ནི། །དམྱལ་བའི་སྲིད་པའི་བར་དུ་འོ། །

བར་གྱི་བསྐལ་པ་དཔག་མེད་ནས། །ཚེ་ལོ་བཅུ་པའི་བར་དུ་འོ། །

དེ་ནས་ཡར་སྐྱེ་མར་འབྲི་བའི། །བསྐལ་པ་གཞན་ནི་བཅོ་བརྒྱད་དང༌། །

ཡར་སྐྱེ་བ་ནི་གཅིག་ཡིན་ཏེ། །དེ་དག་ཚེ་ནི་བརྒྱད་ཁྲིའི་བར། །

དེ་ལྟར་འཇིག་རྟེ ན་ཆགས་པ་འདི། །བར་གྱི་བསྐལ་པ་ཉི་ཤུར་གནས། །

འཆགས་པ་དང་ནི་འཇིག་པ་དང༌། །ཞིག་ནས་འདུག་པ་དག་མཉམ་མོ། །

དེ་དག་བརྒྱད་ཅུ་ལ་བསྐལ་ཆེན། །47 ཞེས་དང་།


            མཛོད་ཀྱི་འགྲེལ་བཤད་མཚན་ཉིད་རྗེས་འབྲང་ལས་ཀྱང་། “འདི་ལྟར་མཐའི་བསྐལ་པ་གཉིས་ནི་དལ་གྱིས་འགྲོ་ལ། བར་མ་བཅོ་བརྒྱད་ནི་མགྱོགས་པར་འགྲོ་བས་ཐམས་ཅད་དུས་མཉམ་པར་འགྱུར་རོ། །”48 ཞེས་འབྱུང་ངོ་། །


            དེ་ལྟ་བུའི་བསྐལ་པ་དེ་དག་གི་ཡུན་ཚད་ལ་མི་ལོའི་གྲངས་ཇི་ཙམ་ཡོད་ཅེ་ན། འདི་ལ་བར་བསྐལ་གཅིག་ལ་མི་ལོ་དཀྲིགས་ཆེན་པོ་གསུམ་དང་། དཀྲིགས་གསུམ། གཏམས་ཆེན་པོ་དགུ། གཏམས་བདུན། རབ་བཀྲམ་ཆེན་པོ་གསུམ། རབ་བཀྲམ་བརྒྱད། ཁྲག་ཁྲིག་ཆེན་པོ་དྲུག ཁྲག་ཁྲིག་གཉིས། ཐེར་འབུམ་ཆེན་པོ་བཞི་སྟེ། དེ་ཨང་ཀིར་ཕབ་ན། ༣༣༩༧༣༨༦༢༤༠༠༠༠༠༠༠༠༠༠། བཅས་གྲངས་ཀྱི་གནས་བཅུ་དགུ་ལོངས་པ་དང་།


            བསྐལ་ཆེན་གཅིག་ལ་མི་ལོ་མི་འཁྲུགས་ཆེན་པོ་གཉིས་དང་། མི་འཁྲུགས་བདུན། དཀྲིགས་ཆེན་པོ་གཅིག དཀྲིགས་བདུན། གཏམས་ཆེན་པོ་དགུ རབ་བཀྲམ་ཆེན་པོ་བརྒྱད། རབ་བཀྲམ་དགུ ཁྲག་ཁྲིག་ཆེན་པོ་དགུ ཁྲག་ཁྲིག་གཉིས་ཏེ། དེ་ཡང་ཨང་ཀིར་ཕབ་ན། ༢༧༡༧༩༠༨༩༩༢༠༠༠༠༠༠༠༠༠༠༠། བཅས་གྲངས་གནས་ཉེར་གཅིག་ལོངས་པ་ཡོད་པར་འདོད་པ་དང་། ཡང་བར་བསྐལ་གཅིག་ལ་མི་ལོ་དཀྲིགས་ཕྲག་དགུ་དང་། བསྐལ་ཆེན་གཅིག་ལ་མི་ལོ་མི་འཁྲུགས་བདུན་དང་དཀྲིགས་ཆེན་གཉིས་ཡོད་པར་འདོད་པའི་ལུགས་མི་འདྲ་བ་བྱུང་བར་སྣང་།


            པཎྜི་ཏ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་ནི། ལྕགས་ཀྱི་ར་བ་གྲུ་བཞི་པ་མཐོ་ཚད་དང་ལོགས་བཞི་ལ་རྒྱང་གྲགས་རེ་ཡོད་པ་ཞིག་གི་ནང་དུ་ཏིལ་འབྲུའམ་ཡུངས་ཀར་གྱིས་བཀང་བ་ལས་ལོ་བརྒྱ་རེའི་མཚམས་སུ་འབྲུ་རེ་རེ་བཏོན་ཏེ་རྫོགས་པའི་ཡུན་ཚད་ནི་བར་བསྐལ་གཅིག་དང་། དེ་འདྲ་བ་བརྒྱད་ཅུ་བསྡོམས་པ་བསྐལ་ཆེན་གཅིག་གི་ཡུན་ཚད་དུ་གསུངས་ཏེ། དེས་མཛད་པའི་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ཞེས་བྱ་བ་ལས།


            བསྐལ་པ་ཡང་རྣམ་པ་བཞི་སྟེ། འདི་ལྟ་སྟེ། བར་གྱི་བསྐལ་པ་དང༌། འཇིག་པའི་བསྐལ་པ་དང༌། ཆགས་པའི་བསྐལ་པ་དང༌། བསྐལ་པ་ཆེན་པོའོ། །དེ་ལ་བར་གྱི་བསྐལ་པའི་ཚད་ནི་ལྕགས་ཀྱི་རང་བཞིན་གྱི་ར་བ་གྲུ་བཞི་པ་མཐོ་བ་དང་ལོགས་སོ་སོ་ལ་རྒྱང་གྲགས་རེ་རེ་ཡོད་པའི་ནང་དུ་ཏིལ་ལམ་ཉུངས་ཀར་གྱིས་བཀང་སྟེ་སྤྱི་ཕུད་དུ་བྱས་པའི་ནང་ནས་ལོ་བརྒྱ་ཚང་བ་ལས། རེ་རེ་ཕྱུང་བར་གྱུར་པ་ན་ཇི་སྲིད་དུ་ཐམས་ཅད་ཡོངས་སུ་ཟད་པའི་དུས་སུ་གྱུར་པ་དེ་སྲིད་ཀྱི་དུས་ལ་བར་གྱི་བསྐལ་པ་ཞེས་བྱའོ། །བར་གྱི་བསྐལ་པ་བརྒྱད་ཅུ་ལ་ནི་བསྐལ་པ་ཆེན་པོའོ། །འཇིག་པའི་བསྐལ་པ་ཡང་བར་གྱི་བསྐལ་པ་ཉི་ཤུར་གྱུར་པ་ཡིན་ཏེ།49 ཞེས་འབྱུང་ངོ་། །


            དཔལ་དུས་ཀྱི་འཁོར་ལོའི་ཆོས་སྐོར་ལས་བསྐལ་པ་ཆུང་ངུ་དང་། བསྐལ་པ་བར་མ། མཆོག་གི་བསྐལ་པ། བསྐལ་པ་ཆེན་པོ་བཅས་ཀྱི་ཐ་སྙད་གསུངས་ཤིང་། དེ་དག་གི་ཡུན་ཚད་ནི་ངོས་བཞི་དང་ཟབས་སུ་དཔག་ཚད་རེ་རེ་ཡོད་པའི་དོང་གྲུ་བཞི་པ་གཅིག་སྐྲའི་རྩེ་མོ་ཟླུམ་པོས་བཀང་བ་ལས་ལོ་བརྒྱ་རེ་སོང་བའི་མཚམས་སུ་སྐྲ་རྩེ་རེ་རེ་བཏོན་ནས་རྫོགས་པའི་ཡུན་ཚད་ནི་བསྐལ་པ་ཆུང་ངུའི་ཞག་གཅིག་གི་ཚད་དང་། དེ་ལྟ་བུའི་ཞག་སུམ་བརྒྱ་དྲུག་ཅུ་ལ་ལོ་གཅིག་ཏུ་བརྩིས་པའི་ལོ་བརྒྱ་ཐམ་པ་ནི་བསྐལ་པ་ཆུང་ངུའི་ཡུན་ཚད་དང༌། བསྐལ་པ་ཆུང་ངུའི་ལོ་དེ་ལྟ་བུ་བརྒྱ་རེ་སོང་བའི་མཚམས་སུ་སྔར་བཤད་པའི་དོང་སྐྲ་རྩེས་བཀང་བ་དེའི་ནང་ནས་སྐྲའི་རྩེ་མོ་རེ་རེ་བཏོན་ནས་རྫོགས་པའི་ཡུན་ཚད་ལ་ཞག་གཅིག་ཏུ་བྱས་པའི་ལོ་བརྒྱ་ཐམ་པ་ནི་བསྐལ་པ་བར་མའི་ཡུན་ཚད་དང༌། བསྐལ་པ་བར་མའི་ལོ་དེ་ལྟ་བུ་བརྒྱ་བརྒྱ་ན་སྔར་བཤད་པའི་དོང་སྐྲ་རྩེས་བཀང་བ་དེའི་ནང་ནས་སྐྲའི་རྩེ་མོ་རེ་རེ་བཏོན་ནས་རྫོགས་པའི་ཡུན་ཚད་ལ་ཞག་གཅིག་ཏུ་བྱས་པའི་ལོ་བརྒྱ་ཐམ་པ་ནི་མཆོག་གི་བསྐལ་པའི་ཚད་ཡིན་པར་གསུངས་ཏེ། དཔེར་ན། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལས།

            བསྐལ་པ་ཆུང་ངུའི་ཚད་ནི་ཆུ་དང་ཞེང་ལ་དཔག་ཚད་གཅིག་པའི་དོང་སྟེ། དེ་ཡང་སྐྲའི་རྩེ་མོ་ཕྲ་མོ་རྣམས་ཀྱིས་ཡོངས་སུ་བཀང་བ་ལས་ལོ་བརྒྱ་ན་སྐྲའི་རྩེ་མོ་རེ་རེ་ཕྱུང་བས་གང་གི་ཚེ་སྟོངས་པར་གྱུར་པ་དེའི་ཚེ་བསྐལ་པ་ཆུང་ངུའི་ཉིན་ཞག་གཅིག་གོ །ཉིན་ཞག་དེ་སུམ་ཅུའི་ཚད་ཀྱིས་ཟླ་བའོ། །ཟླ་བ་བཅུ་གཉིས་ཀྱིས་ལོའོ། །ལོ་བརྒྱ་ལ་བསྐལ་པ་ཞེས་བརྗོད་དོ། །དེ་བཞིན་དུ་དེའི་སྡེ་ནི་བསྐལ་པ་བར་མ་སྟེ། བསྐལ་པ་བར་མའི་སྡེས་མཆོག་གི་བསྐལ་པའོ། །50 ཞེས་འབྱུང་བ་ལྟ་བུའོ། །

            དེ་ལ་མཆོག་གི་བསྐལ་པ་སྔར་ལྟར་བསྒྱུར་བ་ནི་བསྐལ་པ་ཆེན་པོའི་ཡུན་ཚད་ཡིན་པར་གསུངས་སོ། །


༣) གྲངས་ཀྱི་གནས་བཤད་པ།

            དེ་ལྟར་ལོ་དང་བསྐལ་པ་སོགས་ཀྱི་ཚད་བཤད་པ་རྣམས་ཀྱང་གྲངས་ཀྱི་གནས་རྣམས་ཀྱིས་རྟོགས་དགོས་པས། གྲངས་ཀྱི་གནས་རྣམས་ཀྱི་མིང་ཇི་ལྟ་བུ་ཡིན་སྙམ་ན། འདི་ལ་མདོ་དང་བསྟན་བཅོས་དག་ལས་རྩི་ཚུལ་དུ་མ་འབྱུང་བ་ལས། སློབ་དཔོན་དབྱིག་གཉེན་གྱིས་ཡོངས་གྲགས་ཀྱི་གྲངས་གནས་དྲུག་ཅུ་རྩི་ཚུལ་ལུང་སིལ་བུར་འབྱུང་བ་ལྟར་མཛོད་རང་འགྲེལ་དུ་ཞིབ་ཏུ་བཀོད་པ་འདིར་དྲངས་ན། དེ་ཉིད་ལས།


            མདོ་སིལ་བུ་ལས། གྲངས་ནི་གནས་གཞན་དྲུག་ཅུ་དག་གོ་ཞེས་འབྱུང་ངོ་། །དྲུག་ཅུ་གང་ཞེ་ན། གཅིག་སྟེ་གཉིས་པ་མ་ཡིན་པ་ནི་གནས་གཞན་དང་པོ་ཡིན་ནོ། །གཅིག་བཅུ་ནི་གཉིས་པ་ཡིན་ནོ། །བཅུ་ཕྲག་བཅུ་ལ་ནི་བརྒྱ་སྟེ་གསུམ་པ་ཡིན་ནོ། །བརྒྱ་ཕྲག་བཅུ་ལ་ནི་སྟོང་ངོ། །སྟོང་ཕྲག་བཅུ་ལ་ནི་ཁྲིའོ། །ཁྲི་ཕྲག་བཅུ་ལ་ནི་འབུམ་མོ། །འབུམ་ཕྲག་བཅུ་ལ་ནི་ས་ཡའོ། །ས་ཡ་ཕྲག་བཅུ་ལ་ནི་བྱེ་བའོ། །བྱེ་བ་ཕྲག་བཅུ་ལ་ནི་དུང་ཕྱུར་རོ། །དུང་ཕྱུར་ཕྲག་བཅུ་ལ་ནི་ཐེར་འབུམ་མོ། །ཐེར་འབུམ་ཕྲག་བཅུ་ལ་ནི་ཐེར་འབུམ་ཆེན་པོའོ། །ཐེར་འབུམ་ཆེན་པོ་ཕྲག་བཅུ་ལ་ནི་ཁྲག་ཁྲིག་གོ །ཁྲག་ཁྲིག་ཕྲག་བཅུ་ལ་ནི་ཁྲག་ཁྲིག་ཆེན་པོའོ། །ཁྲག་ཁྲིག་ཆེན་པོ་ཕྲག་བཅུ་ལ་ནི་རབ་བཀྲམ་མོ། །རབ་བཀྲམ་ཕྲག་བཅུ་ལ་ནི་རབ་བཀྲམ་ཆེན་པོའོ། །རབ་བཀྲམ་ཆེན་པོ་ཕྲག་བཅུ་ལ་ནི་གཏམས་སོ། །གཏམས་ཕྲག་བཅུ་ལ་ནི་གཏམས་ཆེན་ནོ། །གཏམས་ཆེན་ཕྲག་བཅུ་ལ་ནི་དཀྲིགས་སོ། །དཀྲིགས་ཕྲག་བཅུ་ལ་ནི་དཀྲིགས་ཆེན་ནོ། །དཀྲིགས་ཆེན་ཕྲག་བཅུ་ལ་ནི་མི་འཁྲུགས་པའོ། །མི་འཁྲུགས་པ་ཕྲག་བཅུ་ལ་ནི་མི་འཁྲུགས་པ་ཆེན་པོའོ། །མི་འཁྲུགས་པ་ཆེན་པོ་ཕྲག་བཅུ་ལ་ནི་ཁྱད་ཕྱིན་ནོ། །ཁྱད་ཕྱིན་ཕྲག་བཅུ་ལ་ནི་ཁྱད་ཕྱིན་ཆེན་པོའོ། །ཁྱད་ཕྱིན་ཆེན་པོ་ཕྲག་བཅུ་ལ་ནི་པང་སྟེང་ངོ་། །པང་སྟེང་ཕྲག་བཅུ་ལ་ནི་པང་སྟེང་ཆེན་པོའོ། །པང་སྟེང་ཆེན་པོ་ཕྲག་བཅུ་ལ་ནི་དེད་འདྲེན་ནོ། །དེད་འདྲེན་ཕྲག་བཅུ་ལ་ནི་དེད་འདྲེན་ཆེན་པོའོ། །དེད་འདྲེན་ཆེན་པོ་ཕྲག་བཅུ་ལ་ནི་མཐའ་སྣང་ངོ་། མཐའ་སྣང་ཕྲག་བཅུ་ལ་ནི་མཐའ་སྣང་ཆེན་པོའོ། །མཐའ་སྣང་ཆེན་པོ་ཕྲག་བཅུ་ལ་ནི་རྒྱུ་རིག་གོ །རྒྱུ་རིག་ཕྲག་བཅུ་ལ་ནི་རྒྱུ་རིག་ཆེན་པོའོ། །རྒྱུ་རིག་ཆེན་པོ་ཕྲག་བཅུ་ལ་ནི་འོད་མཛེས་སོ། །འོད་མཛེས་ཕྲག་བཅུ་ལ་ནི་འོད་མཛེས་ཆེན་པོའོ། །འོད་མཛེས་ཆེན་པོ་ཕྲག་བཅུ་ལ་ནི་དབང་པོའོ། །དབང་པོ་ཕྲག་བཅུ་ལ་ནི་དབང་ཆེན་ནོ། །དབང་ཆེན་ཕྲག་བཅུ་ལ་ནི་ལེགས་ཕྱིན་ནོ། །ལེགས་ཕྱིན་ཕྲག་བཅུ་ལ་ནི་ལེགས་ཕྱིན་ཆེན་པོའོ། །ལེགས་ཕྱིན་ཆེན་པོ་ཕྲག་བཅུ་ལ་ནི་རྟོགས་འགྲོའོ། །རྟོགས་འགྲོ་ཕྲག་བཅུ་ལ་ནི་རྟོགས་འགྲོ་ཆེན་པོའོ། །རྟོགས་འགྲོ་ཆེན་པོ་ཕྲག་བཅུ་ལ་འབྱིང་རྡུལ་ལོ། །འབྱིང་རྡུལ་ཕྲག་བཅུ་ལ་ནི་འབྱིང་རྡུལ་ཆེན་པོའོ། །འབྱིང་རྡུལ་ཆེན་པོ་ཕྲག་བཅུ་ལ་ནི་རྒྱ་རྟགས་སོ། །རྒྱ་རྟགས་ཕྲག་བཅུ་ལ་ནི་རྒྱ་རྟགས་ཆེན་པོའོ། །རྒྱ་རྟགས་ཆེན་པོ་ཕྲག་བཅུ་ལ་ནི་སྟོབས་འཁོར་རོ། །སྟོབས་འཁོར་ཕྲག་བཅུ་ལ་ནི་སྟོབས་འཁོར་ཆེན་པོའོ། །སྟོབས་འཁོར་ཆེན་པོ་ཕྲག་བཅུ་ལ་ནི་བརྡ་ཤེས་སོ། །བརྡ་ཤེས་ཕྲག་བཅུ་ལ་ནི་བརྡ་ཤེས་ཆེན་པོའོ། །བརྡ་ཤེས་ཆེན་པོ་ཕྲག་བཅུ་ལ་ནི་རྣམ་འབྱུང་ངོ་། །རྣམ་འབྱུང་ཕྲག་བཅུ་ལ་ནི་རྣམ་འབྱུང་ཆེན་པོའོ། །རྣམ་འབྱུང་ཆེན་པོ་ཕྲག་བཅུ་ལ་ནི་སྟོབས་མིག་གོ །སྟོབས་མིག་ཕྲག་བཅུ་ལ་ནི་སྟོབས་མིག་ཆེན་པོའོ། །སྟོབས་མིག་ཆེན་པོ་ཕྲག་བཅུ་ལ་ནི་གྲངས་མེད་པ་སྟེ། བར་གྱི་གནས་བརྒྱད་ནི་མ་རྙེད་དོ། །དེ་ལྟར་ན་གནས་གཞན་དྲུག་ཅུར་ཕྱིན་པ་དེ་དག་ཏུ་ཕྱིན་པའི་བསྐལ་པ་ནི། བསྐལ་པ་གྲངས་མེད་པ་ཞེས་བྱའོ། །51 ཞེས་འབྱུང་།


            འདིར་གྲངས་གནས་གསུངས་པ་གཅིག་ནས་འགོ་བརྩམས་ཏེ་བཅུ་འགྱུར་རེ་ལ་གནས་རེར་བརྩིས་པའི་གྲངས་ལ་འཇོག་པས། གྲངས་ཀྱི་གནས་དྲུག་ཅུ་པ་གྲངས་མེད་ཅེས་པ་ནི། གཏན་ནས་བརྩིར་མི་རུང་བ་ཞིག་ལ་མི་གོ་ལ། གཅིག་བཅུ་དང་། བཅུ་བཅུར་བསྒྱུར་བས་བརྒྱ། བརྒྱ་བཅུར་བསྒྱུར་བས་སྟོང་སོགས་བརྩིས་པའི་མཐར། གྲངས་ཀྱི་གནས་ང་དགུ་པ་དེ་བཅུར་བསྒྱུར་བའི་གྲངས་ལ་བྱའོ། །


            དེ་དག་ལས་གཅིག་ནས་དུང་ཕྱུར་བར་གྲངས་གནས་དགུ་ལ་རྐྱང་པའི་གྲངས་ཀ་དང་། ཐེར་འབུམ་ནས་བཟུང་གྲངས་མེད་ཀྱི་སྔ་ལོགས་བར་ཆེན་པོའི་ཟླ་དང་བཅས་པའི་གྲངས་ཀ་རྣམས་ལ་ཁུགས་པའི་གྲངས་ཀ་ཟེར་ལ། བར་གྱི་གྲངས་ཀ་བརྒྱད་ཀྱི་མིང་མ་རྙེད་པས་གྲངས་ཀའི་མིང་གང་ཡང་རུང་བ་བརྒྱད་སྣོན་དགོས་པར་གསུངས་པས། མཁས་པ་རྣམས་ཀྱི་ཕྱག་ལེན་ལ་གོང་གི་སྟོབས་མིག་ཆེན་པོ་ཕྲག་བཅུའི་འཕྲོར་བྱམས་སོགས་ཚད་མེད་བཞིའི་མིང་བཅུག་སྟེ། སྟོབས་མིག་ཆེན་པོ་ཕྲག་བཅུ་ལ་བྱམས་པ། བྱམས་པ་བཅུ་ལ་བྱམས་པ་ཆེན་པོ། བྱམས་པ་ཆེན་པོ་བཅུ་ལ་སྙིང་རྗེ། སྙིང་རྗེ་བཅུ་ལ་སྙིང་རྗེ་ཆེན་པོ། སྙིང་རྗེ་ཆེན་པོ་བཅུ་ལ་དགའ་བ། དགའ་བ་བཅུ་ལ་དགའ་བ་ཆེན་པོ། དགའ་བ་ཆེན་པོ་བཅུ་ལ་བཏང་སྙོམས། བཏང་སྙོམས་བཅུ་ལ་བཏང་སྙོམས་ཆེན་པོ། བཏང་སྙོམས་ཆེན་པོ་བཅུ་ལ་གྲངས་མེད་གཅིག་ཅེས་རྩི་བའམ། ཡང་ན། ས་ཆུ་མེ་རླུང་གི་འབྱུང་བ་བཞི་ལ་ཆེན་པོའི་ཟླ་དང་བཅས་རྩི་བའི་སྲོལ་ཡང་ཡོད་པར་བཤད་དོ། །གཞན་ཡང་གོང་དུ་བཤད་པའི་གྲངས་ཀྱི་གནས་དྲུག་ཅུ་པ་གྲངས་མེད་པའི་འཕྲོར། ཚད་མེད། དཔག་མེད། བརྗོད་མེད། དཔག་ཡས། གཞལ་མེད། གཞལ་གྱིས་མི་ལང་། བསམ་གྱིས་མི་ཁྱབ་པ་རྣམས་གོང་ནས་གོང་དུ་བཅུ་བཅུས་བསྒྱུར་བའི་གྲངས་རྩི་ཚུལ་སོགས་ཡོད་དོ། །


            གྲངས་ཀྱི་གནས་རྩི་ཚུལ་གཞན་ཡང་ཡོད་པ་དཔེར་ན། རྒྱ་ཆེར་རོལ་པའི་མདོ་ལས། “བྱེ་བ་ཕྲག་བརྒྱ་ན་ཐེར་འབུམ་ཞེས་བྱའོ། །ཐེར་འབུམ་ཕྲག་བརྒྱ་ན་ཁྲག་ཁྲིག་ཅེས་བྱའོ། །ཞེས་པ་ནས། དེའི་ཡང་གོང་ན་རྡུལ་ཕྲ་རབ་ལ་འཇུག་པའི་རྗེས་སུ་སོང་བ་ཞེས་བྱ་བའི་གྲངས་ཡོད་དེ།”52 ཞེས་སོགས་འབྱུང་བ་ལྟར། བྱེ་བ་ནས་བཟུང་གོང་ནས་གོང་དུ་བསྒྲེས་ཏེ་རྡུལ་ཕྲ་རབ་ལ་འཇུག་པའི་རྗེས་སུ་སོང་བ་ཞེས་བྱ་བའི་བར་གྲངས་ཀྱི་གནས་སུམ་ཅུ་སོ་གཉིས་རྩི་ཚུལ་དང་། མདོ་སྡེ་ཕལ་ཆེན་ལས། “བརྒྱ་སྟོང་ཕྲག་བརྒྱ་ན་བྱེ་བའོ། །ཞེས་པ་ནས། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ལ་བསྒྲེས་པ་ཤིན་ཏུ་བསྟན་པའོ། །”53 ཞེས་འབྱུང་བ་ལྟར། བརྒྱ་ཐམ་པ་ནས་བཟུང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་གོང་ནས་གོང་དུ་བསྒྲེས་ཏེ་གྲངས་ཀྱི་གནས་བརྒྱ་དང་ཉི་ཤུ་རྩི་ཚུལ་ཡང་ཡོད་པ་ལྟ་བུས་མཚོན་མདོ་རྣམས་ལས་རྩི་ཚུལ་དུ་མ་གསུངས་སོ། །


            གོང་དུ་བཤད་པ་རྣམས་ཀྱི་དོན་བསྡུས་ན། འཇིག་རྟེན་གྱི་ཁམས་འདི་རྒྱུན་གྱི་ཆ་ནས་མཐའ་མེད་དང་། རྐྱེན་གྱི་ཆ་ནས་ཆགས་འཇིག ངོ་བོའི་ཆ་ནས་ལྟོས་གྲུབ། རིགས་ཀྱི་ཆ་ནས་གསུམ། གྲངས་ཀྱི་ཆ་ནས་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་སོགས་ཀྱང་ཡོད་པར་བཤད་པས་འཇིག་རྟེན་འདིའི་འབྱུང་ཁུངས་ཅི་ཞིག་ཡིན་པ་དང་། ངོ་བོ་གང་ཡིན་པ། ཇི་ལྟར་བྱུང་བའི་ཚུལ་རྣམས་གསལ་ལོ། །


            འོན་ཀྱང་ཆགས་འཇིག་གི་བརྒྱུད་རིམ་ནང་འབྱུང་བ་ཀུན་གྱི་རྟེན་གཞི་མཁའ་རྡུལ་དང་དེའི་བྱེད་ལས་སོགས་ངོས་འཛིན་ཙམ་ལས་ཞིབ་ཚགས་ཀྱི་འཚོལ་ཞིབ་ཉུང་བ་ནི་ནང་པས་རྩ་བའི་ཆ་ནས་བདེ་སྡུག་འདོར་ལེན་ནི་འཚོལ་ཞིབ་མཐའ་དག་གི་རྩ་གནད་དུ་བཟུང་ནས་ད་གཟོད་ཤེས་བྱའི་ཁམས་སུ་འཚོལ་སྙེག་གི་ལས་ལ་ཞུགས་པ་ཡིན་པས་ནང་བཅུད་ཀྱི་སེམས་ཅན་གྱི་བྱུང་བ་དང་ཤེས་པའི་རྣམ་གཞག་ལ་ལྟོས་ན་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་འགྲེལ་བཤད་ནི་ཞར་བྱུང་ཞིག་ཏུ་གྱུར་པས་ཡིན།


            ནང་པའི་གཞུང་དུ་འཇིག་རྟེན་གྱི་ཁམས་ཐོག་མར་ཆགས་པ་དང་། དེ་ནས་གནས་པ་དང་། དེ་ནས་འཇིག་པ་དང་། དེ་ནས་སྟོང་པར་འདོད་ཅིང་། སྟོང་པའི་གནས་སྐབས་སུ་བར་སྣང་གི་རྡུལ་ཕྲ་རབ་བམ་སྟོང་པའི་རྡུལ་དེ་དག་ལས་སླར་ཡང་འཇིག་རྟེན་གྱི་ཁམས་གསར་པ་ཞིག་འགྲུབ་པས་སྟོང་པ་ནས་ཆགས་པ་དང་། གནས་པ་དང་། འཇིག་པ་དང་། སླར་ཡང་སྟོང་པ་སྟེ་བརྒྱུད་རིམ་གྱི་འཁོར་ལོ་འདིས་མཐའ་མེད་པར་རང་ཉིད་ཀྱི་རྒྱུན་སྐྱོང་བར་བྱེད།


            སྟོང་པའི་གནས་སྐབས་ཀྱི་བར་སྣང་གི་རྡུལ་ཕྲ་རབ་དེ་ལ་དུས་འཁོར་ནས་སྟོང་པའི་རྡུལ་ཞེས་འབོད་ཅིང་། དེ་དག་ལས་ནམ་མཁའི་རྡུལ་ནི་གཟུགས་ཅན་མཐའ་དག་གི་རྒྱུ་རུ་གནས་ཤིང་ཕལ་ཆེར་ནུས་པ་ཙམ་དུ་ཟད་པས་མངོན་པར་གསལ་བའི་གོང་བུའི་རང་ཚུགས་ཤིག་ཡོད་པར་མི་འདོད། མཁའི་རྡུལ་དེ་དག་གི་ཤུགས་རྐྱེན་ལ་བརྟེན་ནས་འབྱུང་བ་བཞི་པོ་ཕྲ་བའི་གནས་རིམ་ནས་རགས་པའི་གནས་རིམ་བར་དུ་འབྱུང་བ་དང༌། སླར་ཡང་དེ་དག་རགས་པའི་གནས་རིམ་ནས་ཕྲ་བའི་གནས་རིམ་བར་དུ་རིམ་གྱིས་འཐོར་ཞིག་ཏུ་སོང་སྟེ་སླར་ཡང་མཁའི་རྡུལ་གྱི་རང་བཞིན་དེ་ཉིད་དུ་ཐིམ་པས། མཁའི་རྡུལ་ཕྲ་རབ་རྣམས་འཇིག་རྟེན་ཆགས་འཇིག་གི་བརྒྱུད་རིམ་ཧྲིལ་པོ་འདིའི་རྩ་བའི་རྒྱུ་རུ་གྱུར་ཡོད།


            འོན་ཀྱང་སྟོང་པའི་རྡུལ་ཕྲ་མོ་དེ་དག་ཇི་ཙམ་ནས་འཇིག་རྟེན་ཆགས་པའི་རྒྱུ་རུ་འགྱུར་མིན་དུས་འཁོར་གྱི་ལུགས་ལྟར་ན། འཇིག་རྟེན་བྱེ་བྲག་པ་གང་ཞིག་ཡིན་རུང་མ་གྲུབ་པའི་སྔ་རོལ་ཏུ་སྟོང་པའི་རང་བཞིན་དུ་གནས་པ་དང་། འཇིག་རྟེ ན་བྱེ་བྲག་པ་དེའི་གཟུགས་ཅན་གྱི་གྲུབ་ཆ་ཐམས་ཅད་སྟོང་པའི་རྡུལ་གྱི་རང་བཞིན་དུ་གནས་པས་དེ་ལྟ་བུའི་སྟོང་པའི་རྡུལ་དེ་འཇིག་རྟེན་གྱི་ཁམས་བྱེ་བྲག་པ་དེའི་རྩ་བའི་རྩོམ་གཞི་དང་། དེའི་སྟེང་དུ་འཇིག་རྟེན་གྱི་ཁམས་བྱེ་བྲག་པ་དེར་སྐྱེ་འགྱུར་གྱི་སེམས་ཅན་དག་གི་ལས་ཀྱི་ནུས་པ་སྨིན་ཏེ་དེར་ཤུགས་རྐྱེན་ཐེབས་པ་ནས་རླུང་གི་རྡུལ་རྣམས་འདུ་འགོ་ཚུགས་ཏེ་རིམ་གྱིས་འཇིག་རྟེན་དེ་གྲུབ་པར་འདོད།


            དེ་ཡང་འཇིག་རྟེན་གྱི་ཁམས་ཇི་ལྟར་ཆགས་པ་དང་འཇིག་པའི་གོ་རིམ་ནི། འཇིག་པ་ན་ས། ཆུ། མེ། རླུང་། མཐར་ནམ་མཁའི་དབྱིངས་སུ་ཐིམ་པ་དང་། སྐྱེས་པའི་གོ་རིམ་ཡང་ནམ་མཁའ་ནས་རླུང༌། མེ། ཆུ། ས་རྣམས་ཡིན་པས། འབྱུང་བ་བཞི་པོ་ནམ་མཁའི་དབྱིངས་ནས་ཤར་ཞིང་སླར་ཡང་ནམ་མཁའ་ལ་ཐིམ་པས་བར་སྣང་ཁམས་འདི་ནི་འབྱུང་བ་བཞི་པོ་སྐྱེ་འཇིག་གི་རྟེན་གཞི་རུ་གྱུར་ཡོད། དེ་ལྟར་ནའང་འཇིག་རྟེ ན་ཁམས་ཀྱི་དབྱིབས་དང༌། དེའི་ནང་གི་གཟའ་དང་སྐར་མ། མི་དང་དུད་འགྲོ་ལྟ་བུའི་ལུས་འགྲུབ་བྱེད་ཀྱི་མཐར་ཐུག་གི་རྒྱུ་དེ་ཡར་དེད་ཚེ་བར་སྣང་གི་རྡུལ་ཕྲ་རབ་རྣམས་ལ་ཐུག་པས་བར་སྣང་གི་རྡུལ་ཕྲ་རབ་དེ་རྣམས་ལས་འཇིག་རྟེན་གྱི་ཁམས་འདིའི་རྒྱུ་རུ་སོང་བའི་འབྱུང་བ་བཞི་པོ་ལ་བཟོ་དབྱིབས་ཐོན་པའི་ནུས་པ་ཇི་ལྟར་ཐོབ་པའི་བརྒྱུད་རིམ་དེར་ད་དུང་དཔྱད་རྒྱུ་ཡོད་སྙམ།


            སྤྱིར་ནང་པའི་ལྟ་ཚུལ་ལ་འཇིག་རྟེན་གྱི་ཁམས་ལ་འདོད་ཁམས་དང༌། གཟུགས་ཁམས། གཟུགས་མེད་ཁམས་བཅས་གསུམ་སྟེ། དེ་གསུམ་ནི་ཕྱི་གཟུགས་སྒྲ་སོགས་འདོད་པའི་ཡོན་ཏན་ལ་གཙོ་བོར་བརྟེན་པ་ཞིག་དང་། ནང་བསམ་གཏན་གྱི་བདེ་བ་ལ་གཙོ་བོར་བརྟེན་པ་ཞིག་དང་། བསམ་གཏན་གྱི་བདེ་བས་ཀྱང་ཡིད་སུན་ནས་ཚོར་བ་བཏང་སྙོམས་དང་འབྲེལ་བའི་ཞི་བའི་ཡོན་ཏན་ཞིག་ལ་གཙོ་བོར་བརྟེན་པའི་རིགས་ཐ་དད་པའི་འཇིག་རྟེན་གསུམ་ཡིན།


            གཞན་ཡང་ཁམས་གསུམ་ལུས་དང་ཚོར་བ་དང་ལོངས་སྤྱོད་གསུམ་གྱི་སྒོ་ནས་འགྲེལ་ན། འདོད་ཁམས་ཀྱི་ངོ་བོ་ནི་ལུས་རགས་པ་དང་། སྡུག་བསྔལ་དང་བདེ་སྡུག་འདྲེས་མ་ཤས་ཆེ་བ་དང་། ཕལ་ཆེ་བ་ཁམ་ཟས་རགས་པ་ལ་བརྟེན་ཅིང་གནས། གཟུགས་ཁམས་ནི་ལུས་འོད་ཀྱི་རང་བཞིན་དང་། རྟག་ཏུ་བདེ་ཚོར་གྱིས་ཁྱབ་ཅིང་། ཁམ་ཟས་རགས་པ་ལ་མི་བརྟེན་པ་ཡིན། གཟུགས་མེད་ཁམས་ནི་སེམས་ཅན་དུ་མཚོན་བྱེད་ཀྱི་ལུས་ཕུང་རགས་པས་སྟོང་བ་དང་། ཚོར་བ་བདེ་སྡུག་ལས་ཡོངས་སུ་འདས་ནས་ཚོར་བ་བཏང་སྙོམས་ལ་གནས་པ་དང་། ཟས་ལ་མི་བརྟེན་པར་ཡིད་ལ་བྱེད་པ་གང་ཡང་བཀག་པ་ལྟ་བུའི་དམིགས་ཡུལ་ནམ་མཁའ་སོགས་ལ་བརྟེན་པའི་ཏིང་ངེ་འཛིན་འབའ་ཞིག་ལ་ཚེ་གང་གནས་པ་ཡིན། འདོད་ཁམས་ཀྱི་གནས་རིམ་མཐོ་བོར་གནས་པའི་སྐྱེས་བུ་དང༌། གཟུགས་ཁམས་དང་གཟུགས་མེད་ཁམས་གཉིས་ཀྱི་སྐྱེས་བུ་རྣམས་ལྷ་ཡིན་པར་བཤད།


            རྣམ་ཤེས་དང་ལས་གཉིས་འཇིག་རྟེན་གྱི་གྲུབ་ཆ་མེད་དུ་མི་རུང་བ་ཞིག་ཡིན་པས་ལས་ཀྱི་གོ་དོན་འཁྲུལ་ན་དེས་རང་ཉིད་དང་འཇིག་རྟེན་གྱི་ཁམས་གཉིས་ཕྱོགས་ཡོངས་ནས་ལས་ཀྱི་བཀོད་བྱུས་འོག་སྡོད་དགོས་པའི་ལྟ་ཚུལ་ཡོང་སྲིད། སྤྱིར་ལས་ཞེས་པའི་ཚིག་འདིའི་ཐད་ཀའི་དོན་ནི་བྱ་བ་ཡིན་ཞིང་། དེ་ཡང་སེམས་ཅན་ཞིག་གི་ཀུན་སློང་གི་ཁྱད་པར་དང་འབྲེལ་བའི་བྱ་སྤྱོད་ཅིག་ལ་གོ།


            འདི་འདྲའི་བྱ་བའམ་ལས་ནི་ལུས། ངག ཡིད་གསུམ་གྱིས་བསྐྱེད་ཅིང་། ཆེ་ཆུང་ལ་མ་ལྟོས་པར་འདི་འདྲའི་ལས་ཀྱིས་གང་ཟག་ཅིག་གི་སེམས་ཀྱི་སྟེང་དུ་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཀུན་སློང་ལས་ལུས་ངག་གི་བྱ་སྤྱོད་འབྱུང་བ་དང༌། བྱ་སྤྱོད་དེ་དག་གིས་སླར་ཡང་སེམས་ཀྱི་འགྱུར་ཕྱོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པས་ཕན་ཚུན་ཤུགས་རྐྱེན་འདོན་རེས་བྱེད་པའི་རྒྱུ་འབྲས་ཀྱི་བརྒྱུད་རིམ་འདི་གང་ཟག་སྒེར་སོ་སོ་གཅིག་པུ་མ་ཡིན་པར་སྡེ་ཁག་དང་སྤྱི་ཚོགས་སྤྱི་ལ་འཇུག་པར་བཤད་དོ།། །།


 

40 སྡེ་དགེ བསྟན། མངོན་པ། ཀུ གནས་གསུམ་པ། ཤོག ༡༥༥ ན། དཔེ་བསྡུར་མ། དེབ། ༧༩ ཤོག ༣༡༨

41 སྡེ་དགེ བཀའ། མདོ་སྡེ། ཁ། ལེའུ་བཅུ་གཉིས་པ། ཤོག ༧༧ ན། དཔེ་བསྡུར་མ། དེབ། ༤༦ ཤོག ༡༨༥

42 སྡེ་དགེ བསྟན། མངོན་པ། ཨི། ཚིགས་བཞི་པ། ཤོག ༩ བ། དཔེ་བསྡུར་མ། དེབ། ༧༨ ཤོག ༦༥༠

43 སྡེ་དགེ བཀའ། རྒྱུད། ཀ ལེའུ་དང་པོ། ཤླཽཀ ༡༣ ཤོག ༢༣ བ། དཔེ་བསྡུར་མ། དེབ། ༧༧ ཤོག ༦༠

44 བྲིས་མ། བམ་པོ་བརྒྱ་དང་སོ་ལྔ་པ། ཤོག ༣༤༠

45 སྡེ་དགེ བསྟན། མངོན་པ། ཀུ གནས་གསུམ་པ། ཤླཽཀ ༨༨-༨༩ ཤོག ༡༠ ན། དཔེ་བསྡུར་མ། དེབ། ༧༩ ཤོག ༢༢

46 སྡེ་དགེ བསྟན། མངོན་པ། ཀུ གནས་གསུམ་པ། ཤོག ༡༥༥ བ། དཔེ་བསྡུར་མ། དེབ། ༧༩ ཤོག ༣༨༢

47 སྡེ་དགེ བསྟན། མངོན་པ། ཀུ གནས་གསུམ་པ། ཤླཽཀ ༩༠-༩༣ ཤོག ༡༠ ན། དཔེ་བསྡུར་མ། དེབ། ༧༩ ཤོག ༢༣

48 སྡེ་དགེ བསྟན། མངོན་པ། ཅུ། གནས་གསུམ་པ། ཤོག ༣༣༩ ན། དཔེ་བསྡུར་མ། དེབ། ༨༡ ཤོག ༨༤༠

49 སྡེ་དགེ བསྟན། དབུ་མ། ཧ། ལེའུ་བརྒྱད་པ། ཤོག ༡༢༢ བ། དཔེ་བསྡུར་མ། དེབ། ༦༣ ཤོག ༣༢༧

50 སྡེ་དགེ བསྟན། རྒྱུད་འགྲེལ། ཐ། ཁམས་ལེའི་མདོར་བསྡུས་བརྒྱད་པ། ཤོག ༡༦༩ ན། དཔེ་བསྡུར་མ། དེབ། ༦ ཤོག ༣༩༩

51 སྡེ་དགེ བསྟན། མངོན་པ། ཀུ གནས་གསུམ་པ། ཤོག ༡༥༧ བ། དཔེ་བསྡུར་མ། དེབ། ༧༩ ཤོག ༣༨༨

52 སྡེ་དགེ བཀའ། མདོ་སྡེ། ཁ། ལེའུ་བཅུ་གཉིས་པ། ཤོག ༧༦ ན། དཔེ་བསྡུར་མ། དེབ། ༤༦ ཤོག ༡༨༣

53 སྡེ་དགེ བཀའ། ཕལ་ཆེན། ཁ། ལེའུ་སོ་དྲུག་པ། ཤོག ༣༨༥ ན། དཔེ་བསྡུར་མ། དེབ། ༣༦ ཤོག ༨༠༨


- སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་ཁྱབ་ལམ་སྟོན་འོག་ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་ནས་རྩོམ་སྒྲིག་ཞུས་པ། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས། གཞི་དངོས་པོའི་རྣམ་གཞག་གམ་ཚན་རིག སྟོད་ཆ། ཀུན་བཏུས་པོད། ༡ པོ་ནས་ཟུར་འདོན་ཞུས།


 

 

 

སྐབས་ལྔ་པ། སྣོད་བཅུད་ཀྱི་འཇིག་རྟེན་ཆགས་འཇིག་གི་རིམ་པ་བཤད་པ།

༦ འཇལ་བྱེད་ཀྱི་ཚད་དང་གྲངས་ཀྱི་རྣམ་གཞག

 (ཀུན་བཏུས། པོད་ལྔ་པ།)

- ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་།

 

༡ སྤྱིར་བཤད་པ།

            མངོན་པ་དང་དུས་ཀྱི་འཁོར་ལོའི་གཞུང་སོགས་ལས་སྣོད་ཀྱི་འཇིག་རྟེན་གྱི་རྒྱ་ཁྱོན་དང་། སྣོད་བཅུད་ཀྱི་འཇིག་རྟེན་ཆགས་པ་དང་གནས་པ་དང་འཇིག་པ་དང་སྟོང་པའི་ཡུན་ཚད་སོགས་གཏན་ལ་འབེབས་སྐབས། དེ་དག་འཇལ་བྱེད་ཀྱི་ཚད་ཀྱི་རྣམ་གཞག་རྒྱས་པར་གསུངས་ཤིང་། འཇལ་བྱེད་ཀྱི་ཚད་དེ་ལ་གཟུགས་ཀྱི་ཚད་དང་། དུས་ཀྱི་ཚད་གཉིས་ཡོད་ལ། སྔར་བཤད་པ་ལྟར་སློབ་དཔོན་དབྱིག་གཉེན་གྱིས་མངོན་པ་མཛོད་རྩ་འགྲེལ་ལས་གཟུགས་ཀྱི་ཆུང་བའི་མཐར་ཐུག་པ་རྡུལ་ཕྲ་རབ་ཡིན་པ་དང་། དེ་བསགས་པ་ལས་རྒྱང་གྲགས་དང་དཔག་ཚད་འགྲུབ། མིང་གི་མཐར་ཐུག་པ་ཡི་གེ་ཡིན་ཞིང་། དེ་བསགས་པ་ལས་ཤླཽ་ཀ་དང་རབ་བྱེད་དང་བསྟན་བཅོས་འགྲུབ། དུས་ཀྱི་ཐུང་བའི་མཐར་ཐུག་པ་དུས་མཐའི་སྐད་ཅིག་མ་ཡིན་པ་དང་། དེ་བསགས་པ་ལས་ཞག་དང་ཟླ་བ་དང་ལོ་དང་བསྐལ་པ་རྣམས་འགྲུབ་པར་གསུངས་སོ། །


 

༢) གཟུགས་ཅན་གྱི་ཚད་བཤད་པ།

            དེ་ལ་གཟུགས་ཀྱི་ཚད་བཤད་པ་ནི། རྡུལ་ཕྲ་རབ་བདུན་འདུས་པ་རྡུལ་ཕྲན་གཅིག་གི་ཚད་དང་། རྡུལ་ཕྲན་བདུན་ལ་ལྕགས་རྡུལ་གཅིག ལྕགས་རྡུལ་བདུན་ལ་ཆུ་རྡུལ་གཅིག ཆུ་རྡུལ་བདུན་ལ་རི་བོང་གི་རྡུལ་གཅིག རི་བོང་གི་རྡུལ་བདུན་ལ་ལུག་རྡུལ་གཅིག ལུག་རྡུལ་བདུན་ལ་གླང་རྡུལ་གཅིག གླང་རྡུལ་བདུན་ལ་ཉི་ཟེར་གྱི་རྡུལ་གཅིག ཉི་ཟེར་གྱི་རྡུལ་བདུན་ལ་སྲོ་མ་གཅིག སྲོ་མ་བདུན་ལ་ནི་དེ་ལས་བྱུང་བའི་ཤིག་གཅིག ཤིག་བདུན་ལ་ནས་གཅིག ནས་བདུན་ལ་སོར་མོའི་ཚིགས་གཅིག སོར་བཅུ་གཉིས་ལ་མཐོ་གང་། སོར་ཉེར་བཞི་ལ་ཁྲུ་གང་། ཁྲུ་བཞི་ལ་འདོམ་གང་། གཞུ་འདོམ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་ཏུ་མཛོད་རྩ་འགྲེལ་ལས་བཤད་ལ། རྒྱ་ཆེར་རོལ་པའི་མདོ་དང་། འཇིག་རྟེན་བཞག་པ། དུས་ཀྱི་འཁོར་ལོའི་གཞུང་རྣམས་ལས་མཛོད་རྩ་འགྲེལ་ལས་བཤད་པ་དེ་དང་ཅུང་ཟད་མི་འདྲ་བ་རེ་འབྱུང་བའི་ཚུལ་གོང་དུ་རྡུལ་ཕྲན་བཤད་པའི་སྐབས་སུ་བརྗོད་ཟིན་ཏོ།།


༣) དུས་ཀྱི་ཚད་བཤད་པ།

            དུས་ཀྱི་ཚད་འཇལ་བྱེད་ལ་ལོ་དང་བསྐལ་པ་གཉིས་ལས་ལོ་བཤད་པ་ནི། གོང་དུ་བཤད་པའི་དུས་མཐའི་སྐད་ཅིག་མ་བརྒྱ་དང་ཉི་ཤུ་མཐུད་པའི་ཡུན་ལ་དེའི་སྐད་ཅིག་མ་དང་། དེའི་སྐད་ཅིག་མ་དྲུག་ཅུ་ལ་ཐང་ཅིག་དང་། ཐང་ཅིག་སུམ་ཅུ་ལ་ཡུད་ཙམ་གཅིག་དང་། ཡུད་ཙམ་སུམ་ཅུ་ལ་ཉིན་ཞག་གཅིག་དང་། ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་འཇོག་པར་ཆོས་མངོན་པ་བྱེ་བྲག་ཏུ་བཤད་པ་ཆེན་པོ་དང་30 མཛོད་རྩ་འགྲེལ་ལས་བཤད་དོ།།31


            དུས་འཁོར་བའི་རྩིས་ཀྱི་ལུགས་ལ་ནི། ཉི་མའི་རང་འགྲོས་གཡོན་སྐོར་གྱིས་ཁྱིམ་གྱི་གོ་ལར་སྐོར་བ་གཅིག་རྫོགས་པའི་ཡུན་ལ་ཆ་སུམ་བརྒྱ་དྲུག་ཅུར་ཕྱེ་བའི་ཆ་གཅིག་གམ། ཁྱིམ་རེ་ལ་ཆ་སུམ་ཅུ་རེར་བགོས་པའི་ཆ་རེ་ལ་ཉི་མས་བགྲོད་པའི་ཡུན་ལ་ཁྱིམ་ཞག་ཅེས་བྱ་ལ། ཉི་མའི་རླུང་འགྲོས་གཡོན་སྐོར་གྱིས་སའི་གོ་ལར་སྐོར་བ་བྱེད་སྐབས་ས་གནས་སོ་སོར་ཞོགས་པ་སྔ་པོ་ལག་པའི་རི་མོ་མཐོང་བ་ནས་སང་ཉིན་ལག་པའི་རི་མོ་མཐོང་བའི་བར་ལ་ཉིན་ཞག་ཅེས་བྱ་ཞིང་། ཟླ་བའི་རང་འགྲོས་གཡོན་སྐོར་གྱིས་སའི་གོ་ལར་སྐོར་བ་གཅིག་འཁོར་བའི་ཡུན་ལ་འཕེལ་ཆ་བཅོ་ལྔ་དང་འགྲིབ་ཆ་བཅོ་ལྔ་ཡོད་པའི་འཕེལ་འགྲིབ་ཀྱི་ཆ་རེ་ལ་ཚེས་ཞག་ཅེས་བྱའོ། །


            དེ་ཡང་སྐྱེས་བུ་ནད་མེད་གཅིག་གི་དབུགས་ཕྱིར་གཏོང་བ་དང་ནང་དུ་རྔུབ་པའི་ཁུགས་པ་གཅིག་ལ་དབུགས་གཅིག་དང་། དབུགས་དྲུག་ལ་ཆུ་སྲང་གཅིག ཆུ་སྲང་དྲུག་ཅུ་ལ་ཆུ་ཚོད་གཅིག ཆུ་ཚོད་དྲུག་ཅུ་ལ་ཉིན་ཞག་གཅིག ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག ཟླ་བ་བཅུ་གཉིས་ལ་ལོར་འཇོག་པ་ཡིན་ཞིང་། དེ་ལྟར་བརྩིས་པས་ཉིན་ཞག་གཅིག་ལ་ནི་དབུགས་ཀྱི་ཁུགས་པ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད་པར་བཤད། ཁྱིམ་ཞག་ཉིན་ཞག་ཚེས་ཞག་གསུམ་པོ་རང་རང་གི་དབང་དུ་བྱས་པའི་ཟླ་བ་བཅུ་གཉིས་རེ་རྫོགས་པ་ན་ཞག་གསུམ་པོ་རང་རང་གི་ལོ་རེར་འཇོག་དགོས་པས། ཚེས་ཞག་སུམ་བརྒྱ་དྲུག་ཅུ་ལ་ཚེས་ཞག་གི་ལོ་གཅིག་དང་། ཉིན་ཞག་སུམ་བརྒྱ་དྲུག་ཅུ་ལ་ཉིན་ཞག་གི་ལོ་གཅིག་དང་། ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་ལ་ཁྱིམ་ཞག་གི་ལོ་གཅིག་ཏུ་འཇོག་པ་ཡིན་ནོ། །དེ་གསུམ་གྱི་ནང་ནས་ཐུང་ཤོས་ཚེས་ཞག་གི་དབང་དུ་བྱས་པའི་ལོ་ཡིན་ཞིང་། ཉིན་ཞག་གི་དབང་དུ་བྱས་པའི་ལོ་ནི་ཚེས་ཞག་གི་ལོ་ལས་ཞག་དྲུག་གིས་རིང་ལ། ཁྱིམ་ཞག་གི་དབང་དུ་བྱས་པའི་ལོ་ནི་ཉིན་ཞག་གི་ལོ་ལས་ཀྱང་ཞག་ལྔ་ལྷག་ཙམ་གྱིས་རིང་ལ། དེ་ལྟར་ན་རགས་པའི་དབང་དུ་བྱས་ན་ཚེས་ཞག་སུམ་བརྒྱ་བདུན་ཅུ་དོན་གཅིག་དང་། ཉིན་ཞག་སུམ་བརྒྱ་དྲུག་ཅུ་རེ་ལྔ། ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་ཐམ་པ་རྣམས་ཡུན་ཚད་མཉམ་པ་ཡིན་ནོ། །


            བསྐལ་པའི་ཚད་བཤད་པ་ནི། གོང་དུ་སྣོད་བཅུད་ཀྱི་འཇིག་རྟེན་བྱུང་རིམ་འཆད་སྐབས་བཤད་ཟིན་པ་ལྟར་བསྐལ་པ་ལ་འཇིག་པའི་བསྐལ་པ། སྟོང་པའི་བསྐལ་པ། འཆགས་པའི་བསྐལ་པ། གནས་པའི་བསྐལ་པ་དང་། དེ་བཞི་བསྡོམས་པའི་བསྐལ་པ་ཆེན་པོ་བཅས་མདོ་དང་མངོན་པའི་བསྟན་བཅོས་དག་ལས་གསུངས་ལ། དེ་དག་ལས་འཇིག་པའི་བསྐལ་པ་ནི་མནར་མེད་པའི་དམྱལ་བར་སེམས་ཅན་གསར་དུ་སྐྱེ་བ་མེད་པ་ནས་འགོ་བརྩམས་ཏེ། སྣོད་ཀྱི་འཇིག་རྟེན་ཟད་པའི་བར་ལ་འཇོག་ཅིང་། དེ་ལ་བཅུད་ཀྱི་སེམས་ཅན་འཇིག་པའི་ཡུན་ལ་བར་བསྐལ་བཅུ་དགུ་དང་། སྣོད་ཀྱི་འཇིག་རྟེན་འཇིག་པའི་ཡུན་ལ་བར་བསྐལ་གཅིག་སྟེ་བར་གྱི་བསྐལ་པ་ཉི་ཤུའི་ཡུན་ཚད་ཡོད་དོ། །སྟོང་པའི་བསྐལ་པ་ནི། འཇིག་རྟེན་སྔ་མ་ཞིག་ནས་ཕྱི་མ་འཆགས་པའི་འགོ་མ་བརྩམས་པའི་བར་སྟོང་པར་སྡོད་པའི་ཡུན་ཚད་དེ་ལ་ཟེར་ཞིང་། དེ་ལའང་བར་བསྐལ་ཉི་ཤུ་ཡོད་དོ། །འཆགས་པའི་བསྐལ་པ་ནི། དང་པོ་འོག་གཞི་རླུང་གི་དཀྱིལ་འཁོར་འཆགས་པའི་འགོ་ཚུགས་པ་ནས་བརྩམས་ཏེ་དམྱལ་བར་སེམས་ཅན་གཅིག་ཐོག་མར་སྐྱེས་པའི་བར་ལ་འཇོག་ཅིང་། སྣོད་ཆགས་པ་ལ་བར་བསྐལ་གཅིག་དང་། བཅུད་ཆགས་པ་ལ་བར་བསྐལ་བཅུ་དགུ་སྟེ་དེའི་ཡུན་ལའང་བར་བསྐལ་ཉི་ཤུ་ཡོད་དོ། །གནས་པའི་བསྐལ་པ་ནི། ཡ་ཐོག་རིང་མོ་ལ་བར་བསྐལ་གཅིག་དང་མཐའི་མ་ཐོག་རིང་མོ་ལ་བར་བསྐལ་གཅིག །བར་གྱི་ཁུགས་པ་བཅོ་བརྒྱད་ལ་བར་བསྐལ་རེ་རེ་བཅས་བསྡོམས་པས་བར་བསྐལ་ཉི་ཤུའི་ཡུན་ཚད་ཅན་ཡིན་ལ། ཡ་ཐོག་རིང་མོ་ནི་ཚེ་ལོ་དཔག་མེད་ལས་འགྲིབ་པ་ནས་བཟུང་སྟེ་ཚེ་ལོ་བཅུ་བ་ལ་ཐུག་གི་བར་གྱི་ཡུན་ཚད་ཅན་གྱི་བར་བསྐལ་གཅིག་པོ་དེ་ཡིན་ནོ། །


            བར་གྱི་ཁུགས་པ་བཅོ་བརྒྱད་ཅེས་བྱ་བ་ནི། ཚེ་ལོ་བཅུ་པ་ནས་བརྒྱད་ཁྲིའི་བར་དུ་ཡར་འཕེལ་བ་དང་བརྒྱད་ཁྲི་ནས་བཅུ་པའི་བར་དུ་མར་འགྲིབ་པའི་བར་ནི་ཁུགས་པ་གཅིག་ཡིན་ལ། དེ་ལྟ་བུའི་ཡར་འཕེལ་མར་འགྲིབ་གཉིས་ཁུགས་པ་རེར་བརྩིས་པའི་ཁུགས་པ་བཅོ་བརྒྱད་འབྱུང་བ་དེ་ཡིན་ནོ། །མ་ཐོག་རིང་མོ་ནི་བར་གྱི་ཁུགས་པ་བཅོ་བརྒྱད་པོ་སོང་བའི་རྗེས་ལ་ཚེ་ལོ་བཅུ་པ་ནས་ཡར་བརྒྱད་ཁྲིའི་བར་འཕེལ་བའི་ཡུན་ཚད་ཅན་གྱི་བར་བསྐལ་གཅིག་པོ་དེ་ཡིན་ནོ། །གནས་པའི་བསྐལ་པའི་ཐོག་མཐའི་རྐྱང་པ་གཉིས་དལ་གྱིས་འགྲོ་ལ། བར་གྱི་ཁུགས་པ་རྣམས་མགྱོགས་པོར་འགྲོ་བས་ཐོག་མཐའི་རྐྱང་པ་གཉིས་པོ་རེ་རེ་དང་བར་གྱི་ཁུགས་པ་རེ་རེ་ཡུན་ཚད་མཉམ་མོ། །དེ་ལྟ་བུའི་གནས་པའི་བསྐལ་པ་དང་། འཆགས་པའི་བསྐལ་པ། འཇིག་པའི་བསྐལ་པ། ཞིག་ནས་སྟོང་པར་འདུག་པའི་བསྐལ་པ་བཞི་པོའི་ཡུན་ཚད་བར་བསྐལ་ཉི་ཤུ་ཉི་ཤུར་མཉམ་པ་ཡིན་ལ། དེ་དག་བསྡོམས་པའི་བར་བསྐལ་བརྒྱད་ཅུ་ནི་བསྐལ་ཆེན་གཅིག་གི་ཚད་ཡིན་པར་མཛོད་རྩ་འགྲེལ་ལས་བཤད་དོ།།32


            དེ་ལྟ་བུའི་བསྐལ་པ་དེ་དག་གི་ཡུན་ཚད་ལ་མི་ལོའི་གྲངས་ཇི་ཙམ་ཡོད་ཅེ་ན། འདི་ལ་བར་བསྐལ་གཅིག་ལ་མི་ལོ་དཀྲིགས་ཆེན་པོ་གསུམ་དང་། དཀྲིགས་གསུམ། གཏམས་ཆེན་པོ་དགུ། གཏམས་བདུན། རབ་བཀྲམ་ཆེན་པོ་གསུམ། རབ་བཀྲམ་བརྒྱད། ཁྲག་ཁྲིག་ཆེན་པོ་དྲུག ཁྲག་ཁྲིག་གཉིས། ཐེར་འབུམ་ཆེན་པོ་བཞི་སྟེ། དེ་ཨང་ཀིར་ཕབ་ན། ༣༣༩༧༣༨༦༢༤༠༠༠༠༠༠༠༠༠༠། བཅས་གྲངས་ཀྱི་གནས་བཅུ་དགུ་ལོངས་པ་དང་། བསྐལ་ཆེན་གཅིག་ལ་མི་ལོ་མི་འཁྲུགས་ཆེན་པོ་གཉིས་དང་། མི་འཁྲུགས་བདུན། དཀྲིགས་ཆེན་པོ་གཅིག དཀྲིགས་བདུན། གཏམས་ཆེན་པོ་དགུ རབ་བཀྲམ་ཆེན་པོ་བརྒྱད། རབ་བཀྲམ་དགུ ཁྲག་ཁྲིག་ཆེན་པོ་དགུ ཁྲག་ཁྲིག་གཉིས་ཏེ། དེ་ཡང་ཨང་ཀིར་ཕབ་ན། ༢༧༡༧༩༠༨༩༩༢༠༠༠༠༠༠༠༠༠༠༠། བཅས་གྲངས་གནས་ཉེར་གཅིག་ལོངས་པ་ཡོད་པར་འདོད་པ་དང་། ཡང་བར་བསྐལ་གཅིག་ལ་མི་ལོ་དཀྲིགས་ཕྲག་དགུ་དང་། བསྐལ་ཆེན་གཅིག་ལ་མི་ལོ་མི་འཁྲུགས་བདུན་དང་དཀྲིགས་ཆེན་གཉིས་ཡོད་པར་འདོད་པའི་ལུགས་མི་འདྲ་བ་བྱུང་བར་སྣང་།


            པཎྜི་ཏ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་ནི། ལྕགས་ཀྱི་ར་བ་གྲུ་བཞི་པ་མཐོ་ཚད་དང་ལོགས་བཞི་ལ་རྒྱང་གྲགས་རེ་ཡོད་པ་ཞིག་གི་ནང་དུ་ཏིལ་འབྲུའམ་ཡུངས་ཀར་གྱིས་བཀང་བ་ལས་ལོ་བརྒྱ་རེའི་མཚམས་སུ་འབྲུ་རེ་རེ་བཏོན་ཏེ་རྫོགས་པའི་ཡུན་ཚད་ནི་བར་བསྐལ་གཅིག་དང་། དེ་འདྲ་བ་བརྒྱད་ཅུ་བསྡོམས་པ་བསྐལ་ཆེན་གཅིག་གི་ཡུན་ཚད་དུ་གསུངས།


            དུས་འཁོར་འགྲེལ་ཆེན་དྲི་མེད་འོད་སོགས་དཔལ་དུས་ཀྱི་འཁོར་ལོའི་ཆོས་སྐོར་ལས་བསྐལ་པ་ཆུང་ངུ་དང་། བསྐལ་པ་བར་མ། མཆོག་གི་བསྐལ་པ། བསྐལ་པ་ཆེན་པོ་བཅས་ཀྱི་ཐ་སྙད་འབྱུང་ཞིང་། དེ་དག་གི་ཡུན་ཚད་ནི་ངོས་བཞི་དང་ཟབས་སུ་དཔག་ཚད་རེ་རེ་ཡོད་པའི་དོང་གྲུ་བཞི་པ་གཅིག་སྐྲའི་རྩེ་མོ་ཟླུམ་པོས་བཀང་བ་ལས་ལོ་བརྒྱ་རེ་སོང་བའི་མཚམས་སུ་སྐྲ་རྩེ་རེ་རེ་བཏོན་ནས་རྫོགས་པའི་ཡུན་ཚད་ནི་བསྐལ་པ་ཆུང་ངུའི་ཞག་གཅིག་གི་ཚད་དང་། དེ་ལྟ་བུའི་ཞག་སུམ་བརྒྱ་དྲུག་ཅུ་ལ་ལོ་གཅིག་ཏུ་བརྩིས་པའི་ལོ་བརྒྱ་ཐམ་པ་ནི་བསྐལ་པ་ཆུང་ངུའི་ཡུན་ཚད་དང༌། བསྐལ་པ་ཆུང་ངུའི་ལོ་དེ་ལྟ་བུ་བརྒྱ་རེ་སོང་བའི་མཚམས་སུ་སྔར་བཤད་པའི་དོང་སྐྲ་རྩེས་བཀང་བ་དེའི་ནང་ནས་སྐྲའི་རྩེ་མོ་རེ་རེ་བཏོན་ནས་རྫོགས་པའི་ཡུན་ཚད་ལ་ཞག་གཅིག་ཏུ་བྱས་པའི་ལོ་བརྒྱ་ཐམ་པ་ནི་བསྐལ་པ་བར་མའི་ཡུན་ཚད་དང༌། བསྐལ་པ་བར་མའི་ལོ་དེ་ལྟ་བུ་བརྒྱ་བརྒྱ་ན་སྔར་བཤད་པའི་དོང་སྐྲ་རྩེས་བཀང་བ་དེའི་ནང་ནས་སྐྲའི་རྩེ་མོ་རེ་རེ་བཏོན་ནས་རྫོགས་པའི་ཡུན་ཚད་ལ་ཞག་གཅིག་ཏུ་བྱས་པའི་ལོ་བརྒྱ་ཐམ་པ་ནི་མཆོག་གི་བསྐལ་པའི་ཚད་ཡིན་པར་གསུངས་སོ།།33


༤) གྲངས་ཀྱི་གནས་བཤད་པ།

            དེ་ལྟར་ལོ་དང་བསྐལ་པ་སོགས་ཀྱི་ཚད་བཤད་པ་རྣམས་ཀྱང་གྲངས་ཀྱི་གནས་རྣམས་ཀྱིས་རྟོགས་དགོས་པས། གྲངས་ཀྱི་གནས་རྣམས་ཀྱི་མིང་ཇི་ལྟ་བུ་ཡིན་སྙམ་ན། འདི་ལ་མདོ་དང་བསྟན་བཅོས་དག་ལས་རྩི་ཚུལ་དུ་མ་འབྱུང་བ་ལས། སློབ་དཔོན་དབྱིག་གཉེན་གྱིས་ཡོངས་གྲགས་ཀྱི་གྲངས་གནས་དྲུག་ཅུ་རྩི་ཚུལ་ལུང་སིལ་བུར་འབྱུང་བ་ལྟར་མཛོད་རང་འགྲེལ་དུ་ཞིབ་ཏུ་བཀོད་པ་འདིར་དྲངས་ན། དེ་ཉིད་ལས།


            མདོ་སིལ་བུ་ལས། གྲངས་ནི་གནས་གཞན་དྲུག་ཅུ་དག་གོ་ཞེས་འབྱུང་ངོ་། །དྲུག་ཅུ་གང་ཞེ་ན། གཅིག་སྟེ་གཉིས་པ་མ་ཡིན་པ་ནི་གནས་གཞན་དང་པོ་ཡིན་ནོ། །གཅིག་བཅུ་ནི་གཉིས་པ་ཡིན་ནོ། །བཅུ་ཕྲག་བཅུ་ལ་ནི་བརྒྱ་སྟེ་གསུམ་པ་ཡིན་ནོ། །བརྒྱ་ཕྲག་བཅུ་ལ་ནི་སྟོང་ངོ། །སྟོང་ཕྲག་བཅུ་ལ་ནི་ཁྲིའོ། །ཁྲི་ཕྲག་བཅུ་ལ་ནི་འབུམ་མོ། །འབུམ་ཕྲག་བཅུ་ལ་ནི་ས་ཡའོ། །ས་ཡ་ཕྲག་བཅུ་ལ་ནི་བྱེ་བའོ། །བྱེ་བ་ཕྲག་བཅུ་ལ་ནི་དུང་ཕྱུར་རོ། །དུང་ཕྱུར་ཕྲག་བཅུ་ལ་ནི་ཐེར་འབུམ་མོ། །ཐེར་འབུམ་ཕྲག་བཅུ་ལ་ནི་ཐེར་འབུམ་ཆེན་པོའོ། །ཐེར་འབུམ་ཆེན་པོ་ཕྲག་བཅུ་ལ་ནི་ཁྲག་ཁྲིག་གོ །ཁྲག་ཁྲིག་ཕྲག་བཅུ་ལ་ནི་ཁྲག་ཁྲིག་ཆེན་པོའོ། །ཁྲག་ཁྲིག་ཆེན་པོ་ཕྲག་བཅུ་ལ་ནི་རབ་བཀྲམ་མོ། །རབ་བཀྲམ་ཕྲག་བཅུ་ལ་ནི་རབ་བཀྲམ་ཆེན་པོའོ། །རབ་བཀྲམ་ཆེན་པོ་ཕྲག་བཅུ་ལ་ནི་གཏམས་སོ། །གཏམས་ཕྲག་བཅུ་ལ་ནི་གཏམས་ཆེན་ནོ། །གཏམས་ཆེན་ཕྲག་བཅུ་ལ་ནི་དཀྲིགས་སོ། །དཀྲིགས་ཕྲག་བཅུ་ལ་ནི་དཀྲིགས་ཆེན་ནོ། །དཀྲིགས་ཆེན་ཕྲག་བཅུ་ལ་ནི་མི་འཁྲུགས་པའོ། །མི་འཁྲུགས་པ་ཕྲག་བཅུ་ལ་ནི་མི་འཁྲུགས་པ་ཆེན་པོའོ། །མི་འཁྲུགས་པ་ཆེན་པོ་ཕྲག་བཅུ་ལ་ནི་ཁྱད་ཕྱིན་ནོ། །ཁྱད་ཕྱིན་ཕྲག་བཅུ་ལ་ནི་ཁྱད་ཕྱིན་ཆེན་པོའོ། །ཁྱད་ཕྱིན་ཆེན་པོ་ཕྲག་བཅུ་ལ་ནི་པང་སྟེང་ངོ་། །པང་སྟེང་ཕྲག་བཅུ་ལ་ནི་པང་སྟེང་ཆེན་པོའོ། །པང་སྟེང་ཆེན་པོ་ཕྲག་བཅུ་ལ་ནི་དེད་འདྲེན་ནོ། །དེད་འདྲེན་ཕྲག་བཅུ་ལ་ནི་དེད་འདྲེན་ཆེན་པོའོ། །དེད་འདྲེན་ཆེན་པོ་ཕྲག་བཅུ་ལ་ནི་མཐའ་སྣང་ངོ་། མཐའ་སྣང་ཕྲག་བཅུ་ལ་ནི་མཐའ་སྣང་ཆེན་པོའོ། །མཐའ་སྣང་ཆེན་པོ་ཕྲག་བཅུ་ལ་ནི་རྒྱུ་རིག་གོ །རྒྱུ་རིག་ཕྲག་བཅུ་ལ་ནི་རྒྱུ་རིག་ཆེན་པོའོ། །རྒྱུ་རིག་ཆེན་པོ་ཕྲག་བཅུ་ལ་ནི་འོད་མཛེས་སོ། །འོད་མཛེས་ཕྲག་བཅུ་ལ་ནི་འོད་མཛེས་ཆེན་པོའོ། །འོད་མཛེས་ཆེན་པོ་ཕྲག་བཅུ་ལ་ནི་དབང་པོའོ། །དབང་པོ་ཕྲག་བཅུ་ལ་ནི་དབང་ཆེན་ནོ། །དབང་ཆེན་ཕྲག་བཅུ་ལ་ནི་ལེགས་ཕྱིན་ནོ། །ལེགས་ཕྱིན་ཕྲག་བཅུ་ལ་ནི་ལེགས་ཕྱིན་ཆེན་པོའོ། །ལེགས་ཕྱིན་ཆེན་པོ་ཕྲག་བཅུ་ལ་ནི་རྟོགས་འགྲོའོ། །རྟོགས་འགྲོ་ཕྲག་བཅུ་ལ་ནི་རྟོགས་འགྲོ་ཆེན་པོའོ། །རྟོགས་འགྲོ་ཆེན་པོ་ཕྲག་བཅུ་ལ་འབྱིང་རྡུལ་ལོ། །འབྱིང་རྡུལ་ཕྲག་བཅུ་ལ་ནི་འབྱིང་རྡུལ་ཆེན་པོའོ། །འབྱིང་རྡུལ་ཆེན་པོ་ཕྲག་བཅུ་ལ་ནི་རྒྱ་རྟགས་སོ། །རྒྱ་རྟགས་ཕྲག་བཅུ་ལ་ནི་རྒྱ་རྟགས་ཆེན་པོའོ། །རྒྱ་རྟགས་ཆེན་པོ་ཕྲག་བཅུ་ལ་ནི་སྟོབས་འཁོར་རོ། །སྟོབས་འཁོར་ཕྲག་བཅུ་ལ་ནི་སྟོབས་འཁོར་ཆེན་པོའོ། །སྟོབས་འཁོར་ཆེན་པོ་ཕྲག་བཅུ་ལ་ནི་བརྡ་ཤེས་སོ། །བརྡ་ཤེས་ཕྲག་བཅུ་ལ་ནི་བརྡ་ཤེས་ཆེན་པོའོ། །བརྡ་ཤེས་ཆེན་པོ་ཕྲག་བཅུ་ལ་ནི་རྣམ་འབྱུང་ངོ་། །རྣམ་འབྱུང་ཕྲག་བཅུ་ལ་ནི་རྣམ་འབྱུང་ཆེན་པོའོ། །རྣམ་འབྱུང་ཆེན་པོ་ཕྲག་བཅུ་ལ་ནི་སྟོབས་མིག་གོ །སྟོབས་མིག་ཕྲག་བཅུ་ལ་ནི་སྟོབས་མིག་ཆེན་པོའོ། །སྟོབས་མིག་ཆེན་པོ་ཕྲག་བཅུ་ལ་ནི་གྲངས་མེད་པ་སྟེ། བར་གྱི་གནས་བརྒྱད་ནི་མ་རྙེད་དོ། །དེ་ལྟར་ན་གནས་གཞན་དྲུག་ཅུར་ཕྱིན་པ་དེ་དག་ཏུ་ཕྱིན་པའི་བསྐལ་པ་ནི། བསྐལ་པ་གྲངས་མེད་པ་ཞེས་བྱའོ། །34

ཞེས་འབྱུང་། འདིར་གྲངས་གནས་གསུངས་པ་གཅིག་ནས་འགོ་བརྩམས་ཏེ་བཅུ་འགྱུར་རེ་ལ་གནས་རེར་བརྩིས་པའི་གྲངས་ལ་འཇོག་པས། གྲངས་ཀྱི་གནས་དྲུག་ཅུ་པ་གྲངས་མེད་ཅེས་པ་ནི། གཏན་ནས་བརྩིར་མི་རུང་བ་ཞིག་ལ་མི་གོ་ལ། གཅིག་བཅུ་དང་། བཅུ་བཅུར་བསྒྱུར་བས་བརྒྱ། བརྒྱ་བཅུར་བསྒྱུར་བས་སྟོང་སོགས་བརྩིས་པའི་མཐར། གྲངས་ཀྱི་གནས་ང་དགུ་པ་དེ་བཅུར་བསྒྱུར་བའི་གྲངས་ལ་བྱའོ། །


            དེ་དག་ལས་གཅིག་ནས་དུང་ཕྱུར་བར་གྲངས་གནས་དགུ་ལ་རྐྱང་པའི་གྲངས་ཀ་དང་། ཐེར་འབུམ་ནས་བཟུང་གྲངས་མེད་ཀྱི་སྔ་ལོགས་བར་ཆེན་པོའི་ཟླ་དང་བཅས་པའི་གྲངས་ཀ་རྣམས་ལ་ཁུགས་པའི་གྲངས་ཀ་ཟེར་ལ། བར་གྱི་གྲངས་ཀ་བརྒྱད་ཀྱི་མིང་མ་རྙེད་པས་གྲངས་ཀའི་མིང་གང་ཡང་རུང་བ་བརྒྱད་སྣོན་དགོས་པར་གསུངས་པས། མཁས་པ་རྣམས་ཀྱི་ཕྱག་ལེན་ལ་གོང་གི་སྟོབས་མིག་ཆེན་པོ་ཕྲག་བཅུའི་འཕྲོར་བྱམས་སོགས་ཚད་མེད་བཞིའི་མིང་བཅུག་སྟེ། སྟོབས་མིག་ཆེན་པོ་ཕྲག་བཅུ་ལ་བྱམས་པ། བྱམས་པ་བཅུ་ལ་བྱམས་པ་ཆེན་པོ། བྱམས་པ་ཆེན་པོ་བཅུ་ལ་སྙིང་རྗེ། སྙིང་རྗེ་བཅུ་ལ་སྙིང་རྗེ་ཆེན་པོ། སྙིང་རྗེ་ཆེན་པོ་བཅུ་ལ་དགའ་བ། དགའ་བ་བཅུ་ལ་དགའ་བ་ཆེན་པོ། དགའ་བ་ཆེན་པོ་བཅུ་ལ་བཏང་སྙོམས། བཏང་སྙོམས་བཅུ་ལ་བཏང་སྙོམས་ཆེན་པོ། བཏང་སྙོམས་ཆེན་པོ་བཅུ་ལ་གྲངས་མེད་གཅིག་ཅེས་རྩི་བའམ། ཡང་ན། ས་ཆུ་མེ་རླུང་གི་འབྱུང་བ་བཞི་ལ་ཆེན་པོའི་ཟླ་དང་བཅས་རྩི་བའི་སྲོལ་ཡང་ཡོད་པར་བཤད་དོ། །


            གཞན་ཡང་གོང་དུ་བཤད་པའི་གྲངས་ཀྱི་གནས་དྲུག་ཅུ་པ་གྲངས་མེད་པའི་འཕྲོར། ཚད་མེད། དཔག་མེད། བརྗོད་མེད། དཔག་ཡས། གཞལ་མེད། གཞལ་གྱིས་མི་ལང་། བསམ་གྱིས་མི་ཁྱབ་པ་རྣམས་གོང་ནས་གོང་དུ་བཅུ་བཅུས་བསྒྱུར་བའི་གྲངས་རྩི་ཚུལ་སོགས་ཡོད་ཅིང་རྒྱ་ཆེར་རོག་པའི་མདོ་དང་།35 མདོ་སྡེ་ཕལ་ཆེན་སོགས་ལས་གྲངས་ཀྱི་གནས་རྩི་ཚུལ་གཞན་ཡང་གསུངས་སོ།།36


            མདོར་ན་གོང་དུ་བཤད་པ་འདི་དག་གིས་ནི། འཇིག་རྟེན་གྱི་ཁམས་འདི་རྒྱུན་གྱི་ཆ་ནས་མཐའ་མེད་དང་། རྐྱེན་གྱི་ཆ་ནས་ཆགས་འཇིག ངོ་བོའི་ཆ་ནས་ལྟོས་གྲུབ། རིགས་ཀྱི་ཆ་ནས་གསུམ། གྲངས་ཀྱི་ཆ་ནས་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་སོགས་ཀྱང་ཡོད་པར་བཤད་པས་འཇིག་རྟེན་འདིའི་འབྱུང་ཁུངས་ཅི་ཞིག་ཡིན་པ་དང་། ངོ་བོ་གང་ཡིན་པ། ཇི་ལྟར་བྱུང་བའི་ཚུལ་རྣམས་གསལ་སོ།། །།


30 བྲིས་མ། བམ་པོ་བརྒྱ་དང་སོ་ལྔ་པ། ཤོག ༣༤༠

31 སྡེ་དགེ བསྟན། མངོན་པ། ཀུ གནས་གསུམ་པ། ཤླཽཀ ༨༨-༨༩ ཤོག ༡༠ ན། དཔེ་བསྡུར་མ། དེབ། ༧༩ ཤོག ༢༢

32 སྡེ་དགེ བསྟན། མངོན་པ། ཀུ གནས་གསུམ་པ། ཤླཽཀ ༩༠-༩༣ ཤོག ༡༠ ན། དཔེ་བསྡུར་མ། དེབ། ༧༩ ཤོག ༢༣

33 སྡེ་དགེ བསྟན། རྒྱུད་འགྲེལ། ཐ། ཁམས་ལེའི་མདོར་བསྡུས་བརྒྱད་པ། ཤོག ༡༦༩ ན། དཔེ་བསྡུར་མ། དེབ། ༦ ཤོག ༣༩༩

34 སྡེ་དགེ བསྟན། མངོན་པ། ཀུ གནས་གསུམ་པ། ཤོག ༡༥༧ བ། དཔེ་བསྡུར་མ། དེབ། ༧༩ ཤོག ༣༨༨

35 སྡེ་དགེ བཀའ། མདོ་སྡེ། ཁ། ལེའུ་བཅུ་གཉིས་པ། ཤོག ༧༦ ན། དཔེ་བསྡུར་མ། དེབ། ༤༦ ཤོག ༡༨༣

36 སྡེ་དགེ བཀའ། ཕལ་ཆེན། ཁ། ལེའུ་སོ་དྲུག་པ། ཤོག ༣༨༥ ན། དཔེ་བསྡུར་མ། དེབ། ༣༦ ཤོག ༨༠༨


- སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་ཁྱབ་ལམ་སྟོན་འོག་ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་ནས་རྩོམ་སྒྲིག་ཞུས་པ། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས། པོད་འབྲིང་བའི་སྟོད་ཆ། ཀུན་བཏུས་པོད། ༥ པ་ནས་ཟུར་འདོན་ཞུས།

 

 

 

 

 

 

 

མཐའ་མའི་འདོན་ཐེངས་།: 03.10.2016 ཉིན། 12:36 PM

<< སྔ་མ།