སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ།

འགན་འཛིན་སྐབས་ལྔ་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.04.2016
སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>


འགན་འཛིན་སྐབས་ལྔ་བའི་སྐབས།

(1980-1985)

ཀ༽འགན་འཛིན་གྱི་ངོ་སྤྲོད་མདོ་ཙམ།

ྋསྐུའི་གཅེན་པོ་སྟག་ལྷ་བློ་བཟང་བསམ་གཏན་མཆོག་ནི། ཕྱི་ལོ་ ༡༩༣༡ ལོར་བོད་ཤར་ཕྱོད་མདོ་སྨད་ཙོང་ཁའི་ལྟག་མཚེར་དུ་སྐུ་འཁྲུངས།   ཁོང་ནི་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ྋགོང་ས་རྒྱལ་མཆོག་བཅུ་བཞི་པ་ཆེན་མོ་མཆོག་གི་ྋསྐུའི་གཅེན་པོ་ཡིན་ཞིང་།  ཆུང་དུས་ནས་རབ་ཏུ་བྱུང་སྟེ་གདན་ས་ཆེན་པོ་རྗེ་སྐུ་འབུམ་བྱམས་པ་གླིང་དུ་ཆོས་ཞུགས་གནང་། རྗེས་སུ་ྋགོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་གསེར་ཁྲི་མངའ་གསོལ་གནང་རྗེས་སྤྱི་ཁྱབ་མཁན་པོའི་མཚན་གནས་བཞེས། ༡༩༥༩ ལོར་ྋགོང་ས་མཆོག་དང་ལྷན་དུ་བཙན་བྱོལ་ལ་ཕེབས་ཤིང་།  ཕྱི་ལོ་ ༡༩༦༢ ལོར་ནང་སྲིད་བཀའ་བློན་ཕྱག་རོགས་གནང་ཡོད་པ་དང་།  ཕྱི་ལོ་ ༡༩༦༣ ལོར་དི་ལླིི་སྐུ་ཚབ་དོན་གཅོད་པའི་ཕྱག་རོགས་དང་ལས་ཚབ་གནང་ཡོད་པ་མ་ཟད། ཕྱི་ལོ ༡༩༦༤ ལོར་སླར་ཡང་ནང་སྲིད་བཀའ་བློན་ཕྱག་རོགས་གནང་།  དེའི་རྗེས་ཨ་རིའི་སྐུ་ཚབ་དོན་གཅོད་ལས་རོགས་གནང་ཡོད་པ་དང་།   ཕྱི་ལོ་༡༩༦༥ ལོར་སུ་ཛར་ལནཌ་དོན་གཅོད་ལས་རོགས་གནང་།

 

ཕྱི་ལོ ༡༩༦༩ ལོར་རྒྱ་གར་ནང་ཕྱིར་ཕེབས་ཀྱིས་ཕྱི་ལོ་ ༡༩༨༠ ལོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་གཟིགས་སྐོར་དང་པོའི་གྲས་སུ་ཕེབས།  ཕྱི་ལོ་ ༡༩༨༠ ནས་ ༡༩༨༥ བར་སྨན་རྩིས་ཁང་གི་འགན་འཛིན་གནང་སྟེ་སྨན་རྩིས་ཁང་གི་གནས་བབ་ཤིན་ཏུ་ཡར་རྒྱས་ཀྱི་རྣམ་པར་བསྒྱུར་ཏེ་ཕྱི་ལོ་ ༡༩༨༥ ལོར་སྨན་རྩིས་ཁང་རང་དུ་སྐུ་གཤེགས་ཡོད་པ་བཅས་སོ།།

 

ཁ༽གནས་བབས་སྤྱི།

ཕྱི་ལོ་ ༡༩༨༠ ལོར་དབུ་འཛིན་ཚ་རོང་འཇིགས་མེད་ལགས་དབུ་འཛིན་ནས་དགོངས་ཞུས་ཀྱིས་སྨན་རྩིས་ཉམས་ཞིབ་ཚན་པར་ཕྱག་ལས་གནང་བའི་ཚབ་ཏུ། གཟིམ་ཆུང་བཀའ་འབྲེལ་ྋབཞིན་སྐུའི་གཅེན་པོ་སྟག་ལྷ་བློ་བཟང་བསམ་གཏན་མཆོག་སྨན་རྩིས་དབུ་འཛིན་དུ་བསྐོ་བཞག་མཛད།  ཕྱི་ལོ ༡༩༨༤ ལོར་སྐར་རྩིས་པ་རྒྱ་ནང་བློ་བཟང་ནོར་བུ་མཆོག་སྐར་རྩིས་ཁང་དུ་གནས་སྤོས་སོང་ཚབ་ཏུ་ལོ་གཅིག་རིང་དགའ་གདོང་བློ་བསྟན་ལགས་དྲུང་ཆེར་བསྐོས། ལོ་དེར་སྐུའི་བླ་སྨན་ཡེ་ཤེས་དོན་ལྡན་མཆོག་ནས་ྋསྐུའི་བླ་སྨན་ཞབས་ཕྱི་ནས་དགོངས་པ་ཞུས། སྔར་རྒྱུན་བཞིན་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཕྲོད་བཞེས་ཐད་སྔར་ནས་བླ་སྨན་འཇམ་དབྱངས་བཀྲ་ཤིས་ཡོད་མུས་ཐོག་དེ་སྔ་བོད་ནས་སྐུའི་བླ་སྨན་གཞོན་པ་ཡིན་པ་བསྟན་འཛིན་ཆོས་གྲགས་མཆོག་ལོ་དེར་བདེ་འབྱོར་བྱུང་བ་དང་། ཕྱི་ལོ་ ༡༩༨༤ ལོར་སྨན་པ་བློ་བཟང་དབང་རྒྱལ་བོད་ནས་འབྱོར་འཕྲལ་སྐུའི་བླ་སྨན་པ་གཞོན་པར་བསྐོ་བསྩལ་བྱུང་བ་བཞིན་ལྗགས་སྨན་སྦྱོར་རྡུང་སྒྲིལ་གསུམ་གྱིས་དུས་ཐོག་སོ་སོར་འདེགས་འབུལ་གྱི་ཞབས་འདེགས་གང་ལེགས་བསྒྲུབས་ཡོད་པ་མ་ཟད།  སྐུའི་དགུང་ཀེག་ཀེག་རྩིས་ཀྱང་སྔར་ལྟར་འབུལ་ལམ་ཞུས།

 

འགན་འཛིན་འདིའི་རིང་སྨན་རྩིས་ཁང་གི་ལས་དོན་བྱེད་ཕྱོགས་ཀྱི་ཆ་ནས་འཛིན་སྐྱོང་དང་རིག་གཞུང་སྡེ་ཚན་བཅས་ཁག་ཁ་ཤས་སྔར་ནས་ཡོད་པའི་སྟེང་སྡེ་ཚན་དང་ཚན་པ་ཁ་ཤས་གསར་འཛུགས་བྱུང་བའི་སྐོར་གཤམ་དུ་གལ་ཆེའི་ལས་གཞིའི་སྐབས་སུ་གསལ་ཞིང་།  ཁོང་གི་འགན་འཛིན་གནང་རིང་སྔར་ཡོད་ལས་བྱེད་རྣམས་ཀྱི་སྟེང་ལས་བྱེད་གསར་བ་ལྔ་བཅུ་ང་ལྔ་ཙམ་བྱུང་ཡོད་པས་ཁྱོན་བསྡོམས་ལས་བྱེད་གྲངས་ ༩༠ ཡོད།  དེ་ལྟར་གློ་བུར་དུ་ལས་བྱེད་ཕོན་འབོར་འཕར་བའི་སྟེང་ནས་ལས་ཀའི་གཞི་རྒྱ་སོགས་ལ་ཚོད་དཔག་བྱེད་ཐུབ་པ་མ་ཟད་ཡར་རྒྱས་ཀྱི་རྣམ་པ་ཡང་མཚོན་ཐུབ།

 

ཕྱི་ལོ་ ༡༩༨༠ ལོར་ཁྱབ་ཁོངས་ངྷ་ས་སྟེང་ཤོད་ཡན་ལག་སྨན་ཁང་གཉིས་ཀྱིས་མཚོན་ཕྱོགས་མཐའི་ཡན་ལག་སྨན་ཁང་ཁག་ཏུ་ནད་པ་བསྟེན་གཏུགས་བྱེད་མཁན་རང་རེ་བོད་རིགས་དང་།         ཕྱི་རྒྱལ་བ། རྒྱ་གར་སོགས་གང་མང་བྱུང་ཡོད་ངེས་ཀྱང་ལོ་དེའི་ནང་ནད་པའི་གྲངས་འབོར་དང་།  སྨན་ཐུན་གྲངས་ཀ་སོགས་ཀྱི་ཡིག་ཆ་རྙེད་སོན་མ་བྱུང་བས་འགོད་ཐབས་བྲལ།  ལོ་དེ་ནི་བོད་གཞུང་སྨན་རྩིས་ཁང་དེ་བཞིན་ ༡༩༦༡ ལོར་གསར་འཛུགས་བསྐྱངས་པ་ནས་ལོ་ངོ་ཉི་ཤུ་འཁོར་བའི་དུས་ཚིགས་ཡིན་ལ།  སྨན་སྦྱིན་ཁང་བཙུགས་ནས་དུས་ཡུན་གང་འཚམས་རིང་ྋསྐུ་སྒེར་ནས་རིན་ཆེན་སྣ་ལྔ་སོགས་སྨན་རྒྱུའི་འགྲོ་གྲོན་གསོལ་སྩལ་གནང་ཡོད་པ་ལས་ལོ་ཉི་ཤུའི་རིང་རང་གཞུང་བཀའ་ཤག་དང་འདུ་འགོད་དཔལ་འབྱོར་ལས་ཁུངས་གང་ནས་ཀྱང་དགོས་དངུལ་རོགས་རམ་དམིགས་བསལ་ནང་བ་བྱུང་མི་འདུག་ཀྱང་།  སྨན་རྩིས་ཁང་རང་ངོས་ནས་འགྲོ་སོང་རང་ཁ་རང་གསོ་ཐུབ་པའི་ཐོག་རིག་གཞུང་མི་ཉམས་གོང་འཕེལ་གྱི་འགྲོ་གྲོན་དང་དེ་བཞིན་ཉམ་ཐག་ནད་པའི་རིགས་ལ་སྨན་སྦྱིན་བཏང་བ་དཔེར་ན།  ཕྱི་ལོ་ ༡༩༨༡ ལོ་གཅིག་པོར་ཡང་བོད་ནས་གཉེན་འཕྲད་དུ་ཡོངས་མཁན་གསར་འབྱོར་བ་དང་། རྒྱ་གར་དུ་གནས་སྡོད་རང་རིགས་གཙོར་གྱུར་རྒྱ་གར་བ་སོགས་རིས་སུ་མ་ཆད་པའི་མི་གྲངས་ ༢༠༣༤ ལ་སྨན་ཐུན་གྲངས་ ༧༨༧༥༢ རིན་བསྒྱུར་སྒོར་ ༢༡༤༡༤།༠༠ ཟིན་པའི་སྨན་སྦྱིན་བཏང་ཡོད་པ་དང་།  སྔ་མོ་ནས་སྲི་ཞུ་ལས་བྱེད་རྣམས་ལ་སྨན་སྦྱིན་གཏོང་མུས་སུ་ཡོད་ལ། ཕྱི་ལོ་ ༡༩༨༢ ལོར་རང་གཞུང་གིས་ལས་བྱེད་པའི་འཕྲོད་ལས་རྩ་འཛིན་གཏན་འབེབས་ལྟར་བཀའ་ཤག་ནས་གྲོས་དོན་བཀོད་རྒྱ་ཕེབས་དོན་བཞིན་རང་གཞུང་སྲི་ཞུ་ལས་བྱེད་རྣམས་ལ་སྨན་རྩིས་ཁང་ནས་སྨན་སྦྱིན་གནང་དགོས་པའི་བཀོད་རྒྱ་ངོས་ལེན་ཞུས་ཏེ་རང་གཞུང་སྲི་ཞུ་ལས་བྱེད་གཙོས་ཉམ་ཐག་ནད་མནར་རིགས་ལ་དུས་ཐོག་སྨན་སྦྱིན་ནར་གཏོང་གནང་།  ལོ་དེར་སྨན་སྦྱིན་བཏང་བ་ཧིན་སྒོར ༦༢༦༥༩།༠༠ དང་།  རྒྱ་གར་ལྷོ་ཕྱོགས་སུ་ནད་པ་གྲངས ༣༦༠༧༧ དང་ངྷ་སར་ནད་པ་གྲངས ༡༢༦༡༢   ལ་བརྟག་དཔྱད་སྨན་བཅོས་གནང་འདུག

 

ལོ་དེའི་ནང་བྱུང་སོང་ཁ་འཐབ་བྱས་པའི་ལྷག་དངུལ་སྒོར་ ༢༣༣༠༣༢། ༠༩ ཡོད་པའི་ཁར་སྔར་ལོའི་ལྷག་བསྡད་སྒོར་ ༢༨༠༩༢།༠༠  བཅས་བསྡོམས་པའི་ལོ་དེར་ལྷག་དངུལ་ ༥༡༣༩༦༡།༩༢ ཡིན་འདུག གཞན་ལོ་དེར་སྔོ་སྨན་དང་ཁྲོག་སྨན། སྨན་རིགས་གཞན་སོགས་བེད་སྤྱོད་བཏང་རྗེས་སྨན་རྒྱུ་ལྷག་བསྡད་ཀི་ལོ་ ༨༥༢༢།༨༠༠དང་། གསེར་དངུལ་སོགས་རིན་ཆེན་རིགས་དང་། ཁ་ཆེ་ཤ་སྐམ་སོགས་སྨན་གོང་ཆེན་ལྷག་བསྡད་སྒོར་ ༣༢༢༣༥༠།༩༣ བཅས་ཀྱི་མ་རྩ་ཡོད། ཕྱི་ལོ་ ༡༩༨༢ ལོའི་ལས་བསྡོམས་ནང་གསལ་ལྟར་ན།  ལོ་དེར་ལས་དོན་མང་པོ་ཞིག་མགོ་འཛུགས་ཞུས་ཡོད་པ་མ་ཟད། ལས་དོན་གང་མང་ཞིག་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་བྱུང་འདུག དེ་ཡང་ལོ་དེའི་ལས་བསྡོམས་སུ་འདི་ག་ལས་བྱེད་རྒན་གཞོན་བར་གསུམ་ནས་དུས་དང་རྣམ་པ་ཀུན་ཏུ་རང་འཁྲིའི་ཞུ་བྱ་གང་སར་ཁ་ཞེ་ངོ་ལྐོག་སྤངས་ཏེ་ལས་དོན་གྱི་ཛ་གལ་དང་བསྟུན་སྔ་ལངས་འཕྱི་ཉལ་ཞུ་རྒྱུའི་མཚོན་འབད་འབུངས་ཧུར་བསྐྱེད་ཞུས་པ་འཁོད་པས།  སྐབས་དེའི་སྨན་རྩིས་ཁང་གི་གནས་བབས་དང་དཔག་པའི་ལས་ཁུར་ཧུར་ཐག་ཞུས་ཡོད་པ་གསལ་བོ་རེད། ཡང་ལོ་དེར་ྋསྐུའི་བླ་སྨན་པ་རྣམ་གཉིས་དང་།  ཁྲོ་དགའ་བ་རིན་པོ་ཆེ།  སྨན་པ་པདྨ་རྡོ་རྗེ། སྨན་པ་ཟླ་སྒྲོན་བཅས་ལ་ནད་པ་བསྟེན་གཏུག་བྱེད་མཁན་རང་རིགས་དང་། རྒྱ་གར་བ། ལ་དྭགས་པ།  འབྲས་འབྲུག  བལ་པོ། ཕྱི་རྒྱལ་སོགས་མི་གྲངས་  ༨༧༢༡  བྱུང་འདུག་པར་བརྟག་དཔྱད་སྨན་བཅོས་བྱས་ཏེ་སྨན་ཐུན་གྲངས་ ༢༧༥༦༡༢  སྨན་དོད་གཏན་འབེབས་ལྟར་བསྡུ་ལེན་ཞུས་ཡོད་པ་དང་།  བོད་ནས་གསར་དུ་འབྱོར་བའི་རང་རིགས་སྤུན་ཟླ་དང་།  ཉམ་ཐག་སོགས་ནད་པ་གྲངས་ ༣༨༩༡ ལ་སྨན་ཐུན་གྲངས་ ༩༨༢༥༡  སྨན་སྦྱིན་གནང་བའི་བབ་སྒོར་ ༣༥༥༢༢།༢༥ ཟིན་འདུག་པར་འཁོད་པ་དང་།  ཕྱོགས་མཚུངས་སྐབས་དེའི་ྋསྐུའི་བླ་སྨན་པ་རྣམ་གཉིས་ཀྱིས་གཙོས་སྨན་པ་བགྲེས་གཞོན་མང་པོ་རྒྱ་གར་ས་གནས་ཁག་མང་པོ་དང་།  ཕྱི་རྒྱལ་ཡུལ་གྲུ་གང་མང་ཞིག་ལ་སྨན་བསྐོར་དུ་ཆེད་བསྐྱོད་དང་ཡིག་ཟམ་སྦྲགས་ཁང་བརྒྱུད་པ་བཅས་ནས་ནད་པ་གྲངས་ ༡༨༢༦༣ ལ་བརྟག་དཔྱད་སྨན་བཅོས་བྱས་པར་སྨན་ཐུན་གྲངས་ ༨༧༠༡༡༢  བཏང་བས་རང་གཞན་གཉིས་ལ་ཕན་ཐོགས་གང་ལེགས་བྱུང་འདུག།

 

ཕྱི་ལོ་༡༩༨༣ ལོར་དབུས་དང་ཡན་ལག་སྨན་ཁང་ཁག་ནས་ནད་པ་གྲངས་༦༧༤༢༧ ལ་བརྟག་དཔྱད་སྨན་བཅོས་གནང་བ་དང་།        སྨན་སྦྱིན་བཏང་བ་ཧིན་སྒོར་༡༡༥༨༧༧།༨༣ བོད་གཞུང་གི་སྲིད་ཞུ་བ་རྣམས་ལ་སྨན་སྦྱིན་ཧིན་སྒོར་༡༠༢༦༧།༤༠ གནང་ཡོད། ཕྱི་ལོ་ ༡༩༨༤ ལོར་འགྲོ་ཕན་སྨན་རྩིས་ཁང་གི་དབུས་དང་།  ཡན་ལག་སྨན་ཁང་རྣམས་ལ་ནད་པ་བསྟེན་གཏུགས་བྱེད་མི་གྲངས་ ༦༧༧༣༦ བྱུང་བ་དང་།  སྨན་སྦྱིན་ཧིན་སྒོར་ ༡༢༡༢༨༢།༠༥ གནང་འདུག་པ་བཅས་རྒྱུན་ལྡན་གྱི་ལས་དོན་དང་འབྲེལ་བའི་གནས་བབ་སྤྱི་ཙམ་མོ།།

 

ག༽གལ་ཆེའི་ལས་གཞི།

༡༽རིག་གཞུང་དང་འབྲེལ་བའི་སྐོར།

ཕྱི་ལོ ༡༩༧༩ ལོར་བོད་དུ་སྐུ་ཚབ་ཚོགས་པ་ཆེད་བསྐྱོད་གནང་བ་ཐེངས་དང་པོ་དེ་ཡིན་ཞིང་། དེ་སྔ་ཕྱི་ལོ་ ༡༩༧༤ ཙམ་ནས་ྋགོང་ས་མཆོག་གི་བོད་རྒྱ་ཞི་མོལ་ཡོང་ཐབས་ཀྱི་སྲིད་ཇུས་དབུ་མའི་ལམ་གྱི་འཆར་སྣང་གི་གྲོས་བསྡུར་བྱུང་དོན་བཞིན། ྋསྐུའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་རྒྱ་གཞུང་གི་མགོ་ཁྲིད་ཏང་ཞོ་ཕང་དང་མཇལ་འཕྲད་ཀྱིས་བོད་རྒྱ་ཞི་མོལ་ཡོང་ཐབས་ཀྱི་གྲོས་མགོ་བཏོན་པའི་ལོ་ཚིགས་ཀྱང་ཡིན། སྐུ་ཚབ་ཚོགས་པ་བོད་དུ་བསྐྱོད་སྐབས་སྐུའི་གཅེན་པོ་བློ་བཟང་བསམ་གཏན་མཆོག་གིས་བོད་ནས་ྋསྐུའི་བླ་སྨན་གཞོན་པའི་གྲས་བསྟན་འཛིན་ཆོས་གྲགས་དང་མཇལ་འཕྲད་ཀྱིས་མགྲོན་འབོད་གདན་ཞུ་གནང་བ་བཞིན། ཕྱི་ལོ་ ༡༩༨༠ ལོ་མཇུག་ཙམ་དུ་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་བོད་ནས་བདེ་འབྱོར་བྱུང་བ་དང་།  སྐབས་དེ་ལ་མཚོན་ན་རྒྱ་ནག་གི་མགོ་ཁྲིད་ཧོ་ཡོ་པང་སྲིད་སྟེགས་ནས་གཡུགས་ཏེ་ཏང་ཞོ་ཕང་ལ་ཏང་སྲིད་དམག་གསུམ་གྱི་དབང་ཚད་ཆ་ཚང་ཐོབ་སྟེ་ཕྱི་ཕྱོགས་སྒོ་འབྱེད་ཅེས་སྲིད་ཇུས་ལག་བསྟར་བྱེད་མགོ་ཚུགས་པའི་སྐབས་དང་འཁེལ་སྟབས་སྔར་ལས་ཅུང་གུ་ཡང་གི་རྣམ་པ་ཡོད་ལ། བཙོན་ཁང་ཁག་ནས་ཉེས་མེད་བླ་དཔོན་སོགས་གྲལ་རིམ་ངན་པ་ཞེས་གདུང་རྡེག་དགག་རྒྱག་བྱ་ཡུལ་རྣམས་དཀར་འདོན་དང་།  གཞུང་བཞེས་དངོས་ཟོག་གི་སྐྱིན་ཚབ་མ་སྟོང་ཙམ་ཕྱིར་སྤྲོད་བྱེད་མགོ་ཚུགས་པའི་སྐབས་ཡིན་པར་བརྟེན། བཙོན་པ་མང་པོ་གློད་བཀྲོལ་གཏོང་བཞིན་པའི་སྐབས་ཤིག་ཏུ་འཁེལ་བས་ཁོང་གིས་ཀྱང་གློད་བཀྲོལ་ཐོབ་པའི་གོ་སྐབས་དམ་བཟུང་གིས་ཕེབས་འབྱོར་ཐུབ་པ་བྱུང་བ་རེད།  ཕྱི་ལོ་ ༡༩༨༢ ལོའི་ཟླ་ ༤ ཚེས་ ༢༨ ཉིན་གཟའ་སྐར་འཕྲོད་སྦྱོར་དགེ་བ་དང་བསྟུན་ནས་ྋསྐུའི་བླ་སྨན་བགྲེས་པ་བསྟན་འཛིན་ཆོས་གྲགས་མཆོག་དབུ་བཞུགས་ཀྱིས་ྋརྒྱལ་བའི་ཕོ་བྲང་དུ་རིན་ཆེན་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་བཞེས་ཉམས་བསྟར་མཛད་སྒོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཤིང༌། ྋབླ་སྨན་བསྟན་འཛིན་ཆོས་གྲགས་ལགས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་རྗེས། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་འདི་ཕྱིའི་བླངས་དོར་གྱི་ལམ་སྟོན་བཀའ་སློབ་ཟབ་མོ་བསྩལ།

 

དེ་ནས་ྋབླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་གིས་གཙོས་སྨན་པ་བསྟན་འཛིན་རྣམ་རྒྱལ་སོགས་ནས་བཅུད་རྒྱལ་བཙོ་ཐལ་གྱི་སྦྱོར་དངོས་མཇུག་གསུམ་སོ་སོའི་ཕྱག་ལེན་མན་ངག་ཇི་བཞིན་ལེགས་བསྒྲུབས་མཛད། དེ་ཡང་ཕོ་བྲང་གཟིམ་ཆུང་ལྷོ་ངོས་སུ་མི་ཀྲར་བདུན་ཅུ་ཙམ་གྱི་སར་ྋགོང་ས་མཆོག་གིས་ནམ་རྒྱུན་སྦྱིན་སྲེག་གནང་ཡུལ་ཡིན་པ། གཙང་ཞིང་རྒྱ་ཆེ་ལ་དབེན་པའི་གནས་ཁྱད་པར་ཅན་དེར་ཟླ་བ་གཉིས་ལྷག་གི་རིང་དངུལ་ཆུ་བཙོ་ཕྱིས་སྦྱངས་གསུམ་དང༌། ཟ་འཆིང་ཁམས་བརྒྱད་སོ་སོ་དུག་འདོན་གཡའ་ཕྱི་སོགས་མཐོང་བརྒྱུད་ལག་ལེན་ཚུལ་བཞིན་ལེགས་གྲུབ་ཀྱིས་བདུད་རྩི་བཅུད་ཀྱི་རྒྱལ་པོ་དངུལ་ཆུ་བཙོ་ཐལ་ཆེན་མོ་ལམ་ལྷོང་ལྡན་པའི་སྒོ་ནས་ལེགས་འགྲུབ་བྱུང་། ཐེངས་དེའི་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དེ་ནི་ངྷ་ས་འགྲོ་ཕན་སྨན་རྩིས་ཁང་བཙུགས་པ་ནས་བཟུང་བཟོ་ཐེངས་དང་པོ་དེ་ཡིན་ཞིང་། བཅུད་ཀྱི་རྒྱལ་པོར་འབོད་པའི་རིན་ཆེན་བཙོ་བཀྲུ་ཆེན་མོ་གསར་སྦྱོར་ཐུབ་པ་ནས་རིན་ཆེན་རཏྣ་བསམ་འཕེལ་དང་།  མང་སྦྱོར་ཆེན་མོ། བཙོ་བཀྲུ་ཟླ་ཤེལ་ཆེན་མོ་བཅས་གསར་བཟོ་ཐུབ་པ་བྱུང་བ་མ་ཟད། ནད་པ་ཛ་དྲག་ཅན་ལ་དངུལ་ཆུ་བཙོ་ཐལ་གྱི་ཁ་ཚར་བསྣན་ཏེ་གསར་བཟོ་ཞུ་དགོས་རིགས་ཀྱིས་མཚོན་ལོ་དེར་རིལ་བུ་དང་། ཕྱེ་མ། ཐང་སོགས་སྨན་རྣམས་གྲངས་མི་འདྲ་བ་ ༡༨༥  བརྡུང་སྒྲིལ་དབུར་གསུམ་གྱི་ལམ་ནས་ནད་པར་གཏོང་ཐུབ་པ་བྱུང་།  ཐེངས་དང་པོའི་བཙོ་ཐལ་ལག་ལེན་གྲུབ་རྗེས་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་གིས་བཙོ་ཐལ་ཕྱག་ལེན་གནང་མི་ཚོར་ཀོང་སྤྲུལ་རིན་པོ་ཆེའི་གསུང་བདུད་རྩི་བཅུད་ཀྱི་རྒྱལ་པོ་རིན་ཆེན་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་སྦྱོར་བས་གྲུབ་པའི་བཅུད་ལེན་དུ་བསྒྱུར་བའི་ལག་ལེན་རྣམ་པར་གསལ་བ་འཚོ་བྱེད་མཁས་པའི་སྙིང་བཅུད་ཀྱི་ལྗགས་ལུང་གནང་བ་དང༌། ཕྱག་ལེན་གནང་མིའི་ཁོངས་སུ་ྋསྐུའི་བླ་སྨན་གཞོན་པ་འཇམ་དབྱངས་བཀྲ་ཤིས་ལགས་དང༌། སྨན་པ་བསྟན་འཛིན་རྣམ་རྒྱལ་ལགས། སྨན་པ་བྱམས་པ་བསོད་ནམས་ལགས། སྨན་པ་ཡེ་ཤེས་བསོད་ནམས་ལགས། སྨན་པ་བློ་བཟང་ཆོས་འཕེལ་ལགས། སྨན་པ་པད་མ་རྡོ་རྗེ་ལགས། སྨན་པ་པ་སངས་ཡོན་ཏན་ལགས། སྨན་པ་ཚེ་དབང་རྟ་མགྲིན་ལགས། སྨན་པ་རྣམ་རྒྱལ་ཚེ་རིང་ལགས། སྨན་སློབ་སྐབས་བཞི་བའི་གྲས་མཐོ་གླིང་སྤྲུལ་སྐུ་ཐུབ་བསྟན་རྒྱལ་མཚན་ལགས་བཅས་ཡོད། ཕྱི་ལོ་ ༡༩༨༤ ལོར་ཨི་ཊ་ལིའི་སྐུ་མགྲོན་འགའ་ཤས་དང་སྨན་རྩིས་ཁང་གི་ལས་སློབ་ཡོངས་ལ་ལྡན་མ་བློ་ཆོས་རིན་པོ་ཆེ་མཆོག་ནས་གཡུ་ཐོག་སྙིང་ཐིག་གི་ཚེ་དབང་གནང་། དེ་བཞིན་ ༡༩༨༥ ལོར་དིལ་འགོ་མཁྱེན་རྩེ་རིན་པོ་ཆེ་མཆོག་ནས་སྨན་རྩིས་ཁང་གི་ལས་སློབ་ཡོངས་ལ་གཡོ་ཐོག་སྙིང་ཐིག་གི་བཀའ་དབང་གནང་།

 

༢༽ཕྱིའི་འཛུགས་སྐྲུན་སྐོར།

འགན་འཛིན་གང་ཉིད་ཀྱི་རླབས་ཆེ་བའི་དགོངས་གཞི་དང་མཁས་མཛངས་ལྡན་པའི་མཛད་བྱུས་ལ་བརྟེན། ལོ་ཤས་ནང་སྨན་ཁང་དང་ཚོགས་ཁང་ཆེན་མོ། དེ་བཞིན་རྒྱ་བལ་ཁུལ་གྱི་གྲོང་ཁྱེར་ཆེ་ས་དང་བོད་མི་འདུས་སྡོད་ཁག་གང་མང་ཞིག་ལ་ཡན་ལག་སྨན་ཁང་རྒྱ་ཆེ་འགྲེམས་འཛུགས་ཀྱིས་འགྲོ་ཕན་སྨན་རྩིས་ཁང་ཡར་རྒྱས་ཀྱི་ཚད་གཞི་ཧ་ཅང་མཐོ་བོར་བསྙེགས་པར་ལམ་ལྷོང་ལྡན་པའི་ངང་བྱ་བ་རླབས་ཆེན་མཛད་གནང་ཡོད་པ་དང་།  ལྷག་པར་འགན་འཛིན་དང་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་རྣམ་གཉིས་ཀྱིས་གཙོས་སྨན་པ་རྣམ་པས་བོད་སྨན་དེ་བཞིན་ཁྲིམས་མཐུན་གྱི་སྒོ་ནས་སྤྱོད་ཆོག་པའི་གོ་བསྡུར་ཡང་ཡང་བགྱིས་པ་བཞིན། ཨིན་དྲུང་སྟག་ལྷ་རྣམ་རྒྱལ་ལྷ་མོ་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་ཆེད་བསྐྱོད་ཀྱིས་འབྲེལ་ཡོད་ལྷན་ཁང་ལ་དེའི་སྐོར་ཞུ་སྙན་ཕུལ་ཡང་། སྐབས་དེར་བོད་སྨན་ནི་རྒྱ་གར་ཚེའི་རིག་བྱེད་དང་གཅིག་མཚུངས་ཡིན་པའི་འདུ་ཤེས་ཤུགས་ཆེར་ཡོད་པའི་སྟབས་ཀྱིས་དམིགས་བསལ་ཡ་ལན་གནང་མེད་ན་ཡང་། དེ་སྔ་བཞིན་ལག་ལེན་གནང་ན་འགྲིག་པ་དང་གལ་སྲིད་ཁྲིམས་མཐུན་བྱེད་དགོས་ཚེ་རྒྱ་གར་གཞུང་གི་གྲོས་ཚོགས་ནང་དུ་གྲོས་གཞི་གྲོས་བསྡུར་བརྒྱུད་ནས་གཏན་འབེབས་དགོས་ལུགས་ཀྱི་ལམ་སྟོན་གནང་འདུག

 

ཁོང་གིས་སྐབས་འཕྲལ་ཙམ་མ་ཡིན་པར་འབྱུང་འགྱུར་ལ་ཁ་ཕྱོགས་ཏེ་སྨན་རྩིས་ཁང་གི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་ལས་རིམ་ནང་ངེས་པར་དགོས་མཁོར་གཟིགས་ཏེ་སྔར་ཡོད་ཀྱི་སྡེ་ཚན་ཁག་གི་སྟེང་ཡན་ལག་སྤྱི་ཁྱབ་ཡིག་ཚང་ཟུར་འཛུགས་གནང་ཞིང་། ཡན་ལག་སྤྱི་ཁྱབ་ཡིག་ཚང་གི་འགན་འཁུར་བ་དང་པོར་ལྷ་རྩེ་རྡོ་རྗེ་བསྐོས། དེ་བཞིན་དུ་སློབ་ཡོན་འབྲེལ་མཐུད་ཚན་པ་དང་།  གསར་འཕྲིན་ཚན་པ། མཁས་པའི་ཚོགས་ཆུང་སོགས་ཚན་པ་བཅས་གསར་འཛུགས་བསྐྱངས་ཏེ་སྨན་རྩིས་ཁང་གི་ལས་ཀའི་སྒྲོམ་གཞི་སྔར་ལས་གྲ་རྒྱས་རུ་དང་རྨང་གཞི་བརྟན་དུ་བཏང་།  ལྷག་པར་དབུ་འཛིན་དམ་པ་འདིས་བོད་ནས་སྐུའི་བླ་སྨན་གཞོན་པ་ཡིན་པ་བསྟན་འཛིན་ཆོས་གྲགས་མཆོག་གདན་ཞུས་ཀྱིས་ྋསྐུའི་བླ་སྨན་བགྲེས་པར་བསྐོ་བཞག་བསྩལ་ཏེ་བོད་ཀྱི་གསོ་བ་རིག་པ་འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་པའི་འཕྲིན་ལས་ཀྱི་སྒོ་འཕར་ཡངས་པོར་ཕྱེས་གནང་མཛད་པ་ནི་དབུ་འཛིན་འདིའི་རླབས་ཆེ་བའི་གྲུབ་འབྲས་ཉག་གཅིག་ཏུ་འཁུམས།

 

ཕྱི་ལོ ༡༩༨༠ ཡས་མས་སུ་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཡོང་ཁོངས་སུ་ཆོས་དོན་ལྷན་ཁང་གི་བཀའ་བློན་དང་དྲུང་ཆེ། གཞན་བུ་ཁྱིམ་འགན་འཛིན་བཅས་ལས་གཞན་ཕལ་ཆེ་བ་སྨན་རྩིས་ཁང་གི་བླ་སྨན་པ་རྣམ་པ་དང་དབུ་འཛིན་སོགས་ཡིན་པ་ལས་འཕྲོད་བསྟེན་ལས་ཁང་གི་སྐུ་ཚབ་སོགས་མེད་པ་རེད་འདུག་དེ་དུས་སྨན་པ་རྒན་གྲས་ཁག་ཅིག་ཡོད་ན་ཡང་སྨན་པས་མ་འདང་བའི་དཀའ་ངལ་དང་། སྨན་དགེ་བར་ཞི་ཕུན་ཚོགས་དབང་རྒྱལ་མཆོག་དགོངས་པ་རྫོགས་པའི་དབང་གིས་སྨན་དགེས་མི་འདང་བ། སྨན་པ་རྒན་པ་དང་གཞོན་པའི་བར་མཐུད་མ་ཐུབ་པ་སོགས་ཀྱི་དཀའ་ངལ་སེལ་ཆེད་དང་། སྨན་རྒྱུ་འཚོལ་སྒྲུབ་དང་སྨན་སྦྱོར་སོགས་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་སྔར་ཡོད་ངྷ་སྟེང་དུ་འཕྲུལ་འཁོར་ཐོག་སྨན་འཐག་སྒྲིལ་སོགས་བྱེད་མུས་ནས་ལས་གཞི་རྒྱ་བསྐྱེད་ཀྱིས་འདི་ག་ངྷ་ཤོད་དུ་ཡང་སྨན་རྡུང་ཚགས་སྒྲིལ་གསུམ་འཕྲུལ་འཁོར་གསར་འཛུགས་བྱས་ཡོད་ནའང་།  ངྷ་ཤོད་དུ་སྨན་སྦྱོར་ཁང་གསར་རྒྱག་གིས་སྨན་རྡུང་འཕྲུལ་འཁོར་གསར་འཛུགས་བྱ་འཆར་སོགས་འབྱུང་འགྱུར་ལས་གཞི་རྒྱ་བསྐྱེད་བྱ་ཕྱོགས་སྐོར་ལ་གཤམ་གསལ་གྲོས་གཞི་རྣམས་བཏོན།

 

དེ་ཡང་སྨན་སྦྱོར་རྡུང་སྒྲིལ་གསུམ་གྱི་ལས་གཞི་རྒྱ་བསྐྱེད་བྱེད་རྒྱུའི་ཐོག་མྱུར་མགྱོགས་ཐོན་བབ་ཆེ་བ་དང་། དགོས་ངེས་སྨན་རྒྱུ་ཡང་གང་མང་ལོ་ལྟར་དུས་ཐོག་ཏུ་ཕོན་ཆེན་ལག་སོན་ཡོང་ཐུབ་ཇི་དགེའི་སྐོར།

 

སྨན་རྩིས་སློབ་གྲྭའི་འཛིན་གྲྭ་དང་ཉལ་ཁང་བཅས་ཀྱིས་མི་འདང་བའི་དཀའ་ངལ་དེ་དག་རང་གཞུང་སྨན་རྩིས་ཁང་གི་སྔོན་རྩིས་ནང་མ་གནས་འབུམ་བཅུ་གཉིས་སྐོར་གནས་པས་སྨན་རྩིས་ཁང་གི་དངུལ་འབོར་ཁོངས་ནས་གཏོང་ཐབས་བྲལ་བས་ཐབས་ཤེས་བྱ་ཕྱོགས་ཇི་དགེའི་སྐོར།

 

ད་ཡོད་ཡན་ལག་སྨན་ཁང་རྣམས་ཡར་རྒྱས་གཏོང་ཕྱོགས་དང་ད་དུང་བོད་མིའི་གཞིས་སྒར་ཁག་སོགས་ནས་ཡན་ལག་སྨན་ཁང་གསར་བ་མང་པོ་འཛུགས་གནང་ཡོང་བ་ཞུས་འདུག་ཀྱང་སྨན་པས་མི་འདང་བའི་དཀའ་ངལ་སེལ་ཐབས་ཇི་དགེའི་སྐོར།

 

དེ་བཞིན་དུ་དཔལ་འབྱོར་འཚོལ་སྒྲུབ་ཐད་སྨན་པ་རྣམས་ཀྱིས་འགན་ཁུར་ལེན་ཕྱོགས་ཇི་དགེའི་སྐོར།

རིག་གཞུང་རྐང་འཛིན་དང་སྨན་རྩིས་ལས་བྱེད་རྣམས་རང་སྒེར་གྱི་དཀའ་ངལ་རྣམས་དཀའ་ངལ་མི་འཕྲད་ཕྱིར་སྨན་ལས་རྣམས་ཀྱི་ཕྲུ་གུའི་སློབ་ཡོན་སོགས་ལ་རོགས་རམ་ཡོང་ཐབས་ལ་འབད་བརྩོན་བྱ་རྒྱུ་བཅས་གྲོས་གཞིའི་ཐོག་གོ་བསྡུར་གནང་སྟེ་གྲོས་ཆོད་བཞག་པ་བཞིན་འགན་འཛིན་དེའི་རིང་གང་འཚམས་ལག་བསྟར་གནང་ཐུབ་པ་བྱུང་འདུག དེ་བཞིན་དུ་ཕྱིི་ལོ་ ༡༩༨༤ ལོར། བོད་ཀྱི་གསོ་རིག་མཐོ་རིམ་སློབ་གཉེར་ཁང་ནས་མཁས་པའི་ཚོགས་ཆུང་གསར་འཛུགས་ཀྱིས་དེ་སྔའི་བོད་ཀྱི་སྨན་རྩིས་སློབ་ཚན་ཕྱོགས་བསྒྲིགས་སྙན་ཞུ་ལོ་རིམ་དང་པོ་ནས་བདུན་པ་བར་ཡོད་པ་དེར་བསྐྱར་བཅོས་གནང་སྟེ། དེང་དུས་དང་མཐུན་པའི་སློབ་ཚན་གསར་བསྒྲིགས་དང་།  ཤེས་ཚད་རྒྱུགས་སྤྲོད་ཀྱི་རྩ་འཛིན་གཞུང་ཚད་ཡན་ལག་དང་བཅས་པ་ཞིབ་འཁོད་སྙན་ཞུ་ྋགོང་ས་ྋསྐྱབས་མགོན་ཆེན་པོར་དགོངས་འཁྲོལ་བཀའ་ཕེབས་གཞིར་བཟུང་བོད་ཀྱི་དམའ་རིམ་འཕྲོད་བསྟེན་ལས་བྱེད་པའི་གཞུང་ཚད་ནས་འབྲིང་རིམ་སྨན་རྩིས་དཀའ་བཅུ་བ། མཐོ་རིམ་སྨན་རམས་པ་དང་རྩིས་རམས་པ་བཅས་ཀྱི་རང་ལུགས་རྩ་འཛིན་གཞུང་ཚད་གཏན་འཁེལ་གནང༌། ཡིན་ནའང་འབྲིང་རིམ་སྨན་རྩིས་དཀའ་བཅུ་བའི་གཞུང་ཚད་སྨན་རྩིས་མཐོ་སློབ་སྡེ་ཚན་ནས་ལག་བསྟར་གནང་བ་ལས། མཐོ་རིམ་སྨན་རམས་པ་དང་རྩིས་རམས་པའི་གཞུང་ཚད་ཁོངས་ཕྱག་དཔེ་མང་དག་ཅིག་སྐབས་དེར་ལག་སོན་བྱུང་མིན་གྱིས་ལག་ལེན་བསྟར་ཐུབ་མེད་པ་རེད།

 

དེ་དུས་སྨན་རྩིས་སློབ་ཕྲུག་རྣམས་ཀྱི་ཞལ་ལག་གངས་སྐྱིད་དུ་ཡོད་པའི་བོད་གཞུང་ལས་བྱེད་སྤྱི་ཐབ་ཀྱི་སྒྲིག་ཁོངས་ནང་ཞུགས་ཏེ་འཚོ་གྲོན་དངུལ་འབབ་ཅི་སོང་ཟླ་རེ་བཞིན་སྨན་རྩིས་ཁང་གཞུང་ངོས་ནས་རྩིས་རྒྱག་བྱེད་བཞིན་ཡོད་ལ། དུས་སྐབས་འདི་ཙམ་ནས་བཟུང་སྨན་རྩིས་ཁང་གཞི་རྒྱ་ཆེ་རུ་ཕྱིན་པ་དང༌། སྨན་རྩིས་སློབ་ཕྲུག་གི་གྲངས་འབོར་ཡང་སྔར་ལས་ཇེ་མང་དུ་ཕྱིན་ཡོད་པ་དེ་དག་གི་འཚོ་བའི་མཐུན་རྐྱེན་ཆེད་སྨན་རྩིས་ཁང་རང་ལ་སྤྱི་ཐབ་ཁང་ཞིག་མེད་དུ་མི་རུང་བའི་དགོས་མཁོར་དམིགས་ཏེ། ད་ཡོད་སྤྱི་ཐབ་ཆེན་མོ་གསར་རྒྱག་ཐུབ་པར་བརྟེན་སློབ་མ་རྣམས་ཀྱི་གཙང་འཕྲོད་དང༌། སློབ་སྦྱོང་སོགས་སྔར་ལས་སྟབས་བདེར་ཕྱིན་པ་མ་ཟད། སྨན་རྩིས་ཁང་རང་གི་སྐུ་མགྲོན་ཁག་སྣེ་ལེན་དང་། གསོལ་སྟོན་བཤམ་རྒྱུ་སོགས་ལའང་ཕན་ཐོགས་ཆེན་པོ་བྱུང་པ་རེད།

 

ཕྱི་ལོ་ ༡༩༨༢ ཟླ་ ༡ ཚེས་ ༡ ཉིན་ཧུན་སུར་ཡན་ལག་སྨན་ཁང་གསར་འཛུགས་གནང་ཡོད་པ་དང་། གངས་སྐྱིད་ཡན་ལག་སྨན་ཁང་།  བལ་ཡུལ་བཀྲ་ཤིས་དཔལ་སྐྱིད་ཡན་ལག་སྨན་ཁང་།  མོན་གྷོ་གཞིས་གྲོང་གསུམ་པའི་ཡན་ལག་སྨན་ཁང་། ཨོ་རི་ས་ཕུན་ཚོགས་གླིང་ཡན་ལག་སྨན་ཁང་བཅས་གསར་འཛུགས་གནང་བ་མ་ཟད། ལོ་དེར་༡༩༨༤་ལོར་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལ་དང་ཌལ་ཧོར། བལ་ཡུལ་བྱམས་པ་གླིང་བཅས་ཀྱང་འཛུགས་ཐུབ་པ་བྱུང་།

 

ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་ལྟར་ཕྱི་ལོ་ ༡༩༨༢ ཟླ་ ༡༢ ཚེས་ ༦ ནས་ ༡༢ བར་རྒྱ་གར་རྒྱལ་ས་དི་ལླིར་བོད་སྨན་གྱི་བདུན་ཕྲག་ཅེས་ཐེངས་དང་པོ་ཚུགས་པའི་སྐབས་རྒྱ་གར་བ་མང་པོ་འཚམས་གཟིགས་དང་བསྟེན་གཏུགས་ཡོང་བ་ལ་བརྟེན་རྒྱ་གར་གྲོང་ཁྱེར་གཞན་དག་གིས་ཀྱང་དེ་བཞིན་སྨན་གྱི་བདུན་ཕྲག་ཚུགས་ཐབས་ཀྱི་རེ་སྐུལ་ཞུས་པ་སོགས་ལ་བརྟེན་ནས་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་གང་མང་ཞིག་གི་ནང་ཡན་ལག་སྨན་ཁང་གསར་རྒྱག་ཐུབ་པ་བྱུང་ཞིང་། དེ་ཡང་སྨན་གྱི་བདུན་ཕྲག་ཐེངས་དང་པོ་ཚུགས་པའི་སྐབས་སུ་རྒྱ་གར་ཡུལ་མི་སྨན་བཅོས་བརྟག་དཔྱད་བརྒྱུད་སྨན་སྦྱིན་དང་། དེ་མིན་སྨན་དང་རྩིས་ཀྱི་འགྲེམས་སྟོན་དང་གསུང་བཤད་བཅས་ཀྱི་གཞི་རྒྱ་ཆེ་བའི་ལས་གཞི་དེས་ཕན་ཐོགས་ཆེན་པོ་བྱུང་བས། སྐབས་དེའི་དིལླིིའི་ Lieut. Governor སྐུ་ཞབས་ Mr. Jagmohan ནས་སྨན་རྩིས་ཁང་གི་སྤྱི་ཚོགས་ཞབས་ཞུའི་ལས་དོན་དེར་ཐུགས་ཤིན་ཏུ་དགྱེས་ཏེ་ཁང་གླ་དམའ་བོའི་ཐོག་ཁང་པ་ཞིག་གཡར་པོ་གནང་ཏེ་དི་ལླིིར་ཡན་ལག་སྨན་ཁང་ཞིག་འཛུགས་རྒྱུའི་མཐུན་འགྱུར་རོགས་རམ་གནང་།

ཕྱི་ལོ་ ༡༩༨༢ ལོར་ཡན་ལག་སྨན་ཁང་ཞིག་གསར་རྒྱག་ཐུབ་པ་བྱུང་།  སྐབས་དེར་སྨན་པ་ཟླ་སྒྲོན་ལགས་དང་སྨན་པ་བསོད་ནམས་ཚེ་རིང་ལགས་གཉིས་དི་ལླིའི་ཡན་ལག་སྨན་ཁང་དུ་བཏང་བ་དང་། ཟླ་ངོ་གཉིས་རེའི་མཚམས་བླ་སྨན་པ་བསྟན་འཛིན་ཆོས་གྲགས་ལགས་ཆེད་ཕེབས་ཀྱིས་བདུན་གཉིས་རིང་བཞུགས་ཏེ་ནད་པར་བརྟག་དཔྱད་སྨན་བཅོས་གནང་པས་ཕན་ཐོགས་རྒྱ་ཆེར་བྱུང་ཞིང་།          ལོ་ཤས་རིང་དི་ལླིི་ཡན་ལག་སྨན་ཁང་དེ་བཞིན་ས་གནས་དེར་ཚུགས་ཏེ་ཕྱི་ལོ་ ༡༩༨༥ ཟླ་ ༨ ཚེས་ ༡ ནས་ཡན་ལག་སྨན་ཁང་དེ་ད་ལྟའི་ཆགས་ཡུལ་ནི་ཛ་མུ་དིན་དུ་གནས་སྤོས་ཀྱིས་གཏན་འཇགས་སྨན་ཁང་ཆེ་ཤོས་སུ་གྱུར། ཕྱི་ལོ་ ༡༩༨༤ ཟླ་ ༥ ཚེས་ ༢༣ ཉིན་ཌལ་ཧོར་ཡན་ལག་སྨན་ཁང་གསར་འཛུགས་གནང་བ་དང་། ཡང་ལོ་དེར་སྤོག་ར་བྱམས་པ་གླིང་ཡན་ལག་སྨན་ཁང་གཉིས་གསར་འཛུགས་ཞུས་ཡོད་པ་དང་།  ཕྱི་ལོ་ ༡༩༨༥ ལོར་ཀ་སྦུག་ཡན་ལག་སྨན་དང་སིམ་ལ་ཡན་ལག་སྨན་ཁང་གཉིས་གསར་འཛུགས་གནང་ཡོད་པ་རེད། དུས་དེ་ནས་བཟུང་རྒྱ་བལ་ཁུལ་གྱི་གྲོང་ཁྱེར་ཆེ་ཁག་གང་སར་གནས་སྡོད་བོད་མི་དང་ས་གནས་རྒྱ་གར་མང་ཚོགས་མང་པོས་ཡང་ཡང་རེ་འབོད་གནང་བ་བཞིན་དབུས་སྨན་རྩིས་ཁང་ནས་དགོངས་པ་ཆེར་བཞེས་ཀྱིས་ས་གནས་དེ་དག་ཏུ་ཡན་ལག་སྨན་ཁང་མང་པོ་རིམ་པས་གསར་འཛུགས་གི་ལས་གཞི་འགོ་འཛུགས་ཐུབ་པ་བྱུང་ཡོད་པས་གཞིས་ཆགས་ཁག་གི་མང་ཚོགས་དང་རྒྱ་གར་ཡུལ་མི་ཚོས་བོད་སྨན་བསྟེན་གཏུགས་བྱེད་པ་ལ་དཀའ་ངལ་མེད་པར་གྱུར།

 

༣༽སྨན་བསྐོར་དང་ཚོགས་ཞུགས་ཚོགས་སྐོང་སྐོར།

ཕྱི་ལོ་ ༡༩༨༢ ལོར་ྋགོང་ས་མཆོག་གི་བཀའ་དགོངས་ལྟར་དུས་འཁོར་བ་བློ་གྲོས་རྒྱ་མཚོ་སླར་ཡང་རྩིས་ཁང་དུ་ཞབས་འཁོད་ཀྱིས་སྐར་རྩིས་སྡེ་ཚན་གྱི་སློབ་སྟོན་པར་བཞུགས་མུས་ཐོག་སྨན་རྩིས་ཁང་གི་ཆོས་སྲིད་དཔལ་འབྱོར་ལེགས་ཚོགས་སྤེལ་ཕྱིར་དགྲ་ལྷ་བཅུ་གསུམ་གྱི་སྲོག་མཁར་རླུང་རྟའི་མདོས་གསར་བཞེངས་གནང་བར་དིལླི་བོད་སྨན་འགྲེམས་སྟོན་སྟོན་སྐབས་དེ་ཡང་འགྲེམས་སྟོན་ཞུས། ཡང་ལོ་དེར་རྒྱ་གར་རྒྱལ་ས་དི་ལླིི་ནང་སྨན་རྩིས་རིག་གཞུང་གི་འགྲེམས་སྟོན་ཞིག་བདུན་ཕྲག་གཅིག་རིང་གོ་སྒྲིག་དང་སྦྲགས་བརྟག་དཔྱད་སྨན་བཅོས་དང་། སྨན་རྩིས་ངོ་སྤྲོད་དང་འབྲེལ་སྨན་རྩིས་ཀྱི་ཕན་ནུས་སྐོར་གསུང་བཤད་གནང་བར་མཉམ་ཞུགས་གནང་མཁན་ཇེ་མང་ནས་ཇེ་མང་དུ་གྱུར་བར་བརྟེན། བདུན་ཕྲག་གཅིག་ཕར་འགྱངས་བྱེད་དགོས་བྱུང་འདུག

 

དི་ལླི་འགྲེམས་སྟོན་དེའི་སྐབས་རྒྱ་གར་རྒྱལ་ཡོངས་རྩིས་པའི་ཚོགས་ཆེན་ཞིག་ཀྱང་ཚོགས་པར་འདི་གའི་རྩིས་པ་བྲག་མཐོན་བྱམས་པ་རྒྱལ་མཚན་དང་།  

 

སྐད་སྒྱུར་སྨན་སློབ་རྣམ་རྒྱལ་གཉིས་མཉམ་ཞུགས་གནང་སྟེ་བོད་རྩིས་རིག་པའི་སྐོར་ལ་གསུང་བཤད་དང་། བགྲོ་གླེང་གནང་སྟེ་མི་རིགས་འདྲ་མིན་གྱི་རིག་གཞུང་ལེགས་བྱང་བརྗེ་རེས་ལ་ཕན་ཐོགས་གང་ལེགས་བྱུང་བར་བརྟེན་དེའི་རྗེས་སུ་རྒྱལ་ས་དི་ལླིི་དང་། ཀལ་ཀ་ཏ་ཏ་༼ཀོལ་ཀཏ་ཏ༽བཅས་སུ་རྩིས་རིག་ཚོགས་འདུར་མགྲོན་འབོད་ཞུས།

 

ཕྱི་ལོ་ ༡༩༨༣ ལོར་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་དང་།  སྨན་པ་བློ་བཟང་སྒྲོལ་མ་སོགས་ཨི་ཊ་ལིར་སྨན་བསྐོར་གནང་སྐབས། ས་གནས་ཀྱི་ཡུལ་མི་ལ་ཕན་ཐོགས་ཆེན་པོ་བྱུང་བ་མ་ཟད། ལོ་དེར་ཨི་ཊ་ལིར་སྨན་པའི་བགྲོ་གླེང་ཚོགས་འདུ་ལེགས་པར་གྲུབ་རྗེས་སུཛར་ལན་ཌ་གནས་སྡོད་དགེ་བཤེས་རབ་བརྟན་ལགས་ཀྱིས་གདན་ཞུས་ལྟར་སུཛར་ལནཌར་བསྐྱོད་དེ་བོད་རིགས་ནད་པ་རྣམས་ལ་བརྟག་དཔྱད་སྨན་བཅོས་ཞུས་ཏེ་སྨན་སྐོར་གྱི་མཛད་འཕྲིན་ཤིན་ཏུ་རྒྱས། དེ་བཞིན་ཨོ་སྟྲེ་ལི་ཡ་དང་།  ཇར་མན། ཨ་རི་སོགས་སུ་བསྐྱོད་དེ་བོད་ཀྱི་གསོ་བ་རིག་པ་དང་རྩིས་རིག་པ་གཉིས་ཀྱི་སྐོར་ལ་འགྲེམས་སྟོན་དང་འགྲེལ་བཤད་དང་། ནད་པ་ཉམ་ཐག་ལ་སྨན་བཅོས་གནང་བས་ས་གནས་ཀྱི་མི་མང་གིས་དགའ་བསུ་དང་ཕན་ཐོགས་ཆེན་པོ་བྱུང་། ལོ་དེར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྡོ་རྗེ་གདན་ནས་གསུང་ཆོས་གནང་སྐབས་ྋགོང་ས་མཆོག་གི་སྐུའི་འཕྲོད་བཞེས་དང་།  ཆོས་ཞུ་བའི་འཕྲོད་བསྟེན་གྱི་ཆེད་དབུས་སྨན་རྩིས་ཁང་གི་བཀའ་འབྲེལ་བཞིན་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་གིས་གཙོས་སྨན་ལས་སྐོར་ཞིག་ཆེད་ཕེབས་གནང་སྟེ་མི་མང་གི་འཕྲོད་བཞེས་ཐད་ལམ་སྟོན་དང་།  ནད་མནར་རིགས་ལ་སྨན་བཅོས་གནང་སྟེ་ཕན་ཐོགས་རྒྱ་ཆེར་བྱུང་། དེ་རྗེས་ྋགོང་ས་མཆོག་མོན་གྷོ་འདོད་རྒུ་གླིང་ལ་ཆིབས་བསྒྱུར་སྐབས་ཀྱང་སྔར་ལྟར་སྨན་པ་རྣམས་ཕེབས་ཏེ་ཆོས་ཞུ་དགེ་འདུན་པས་གཙོས་མི་མང་གི་འཕྲོད་བཞེས་ལ་དགོངས་བཞེས་ཀྱིས་བརྟག་དཔྱད་སྨན་བཅོས་གནང་ཡོད་པ་དང་། དེའི་སྐབས་ལྷོ་གཞིས་མང་པོས་ས་གནས་ཀྱི་ནད་པར་བརྟག་དཔྱད་ཆེད་སྨན་པ་གདན་ཞུ་གནང་མོད། འོན་ཀྱང་དབུས་དང་ཡན་ལག་ཁག་ཏུ་སྨན་ལས་ཉུང་རྐྱེན་གྱིས་སྨན་པ་གཏོང་ཐུབ་མ་ཐུབ་པའི་དཀའ་ངལ་འཕྲད་འདུག དེ་བཞིན་ལོ་དེའིཟླ་ ༤ པའི་ནང་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་དང་།  སྨན་པ་རྣམ་རྒྱལ་ལྷ་མོ་ལགས། སྨན་རྩིས་འགན་འཛིན་ཟུར་པ་ཚ་རོང་འཇིགས་མེད།  སྨན་པ་བློ་བཟང་སྒྲོལ་མ། ཁྲོ་དགའ་བ་རིན་པོ་ཆེ་བཅས་ཨི་ཊ་ལི་ཨར་ཅི་དྷོ་སོ་ Aricdosso ནང་ International Convention on Tibetan Medicine ཞེས་པའི་སྨན་གྱི་བགྲོ་གླེང་ཚོགས་འདུ་ཆེན་པོ་ཞིག་ལ་མཁས་དབང་ནམ་མཁའི་ནོར་བུ་བརྒྱུད་གདན་ཞུ་གནང་བ་ལྟར་ཚོགས་ཞུགས་བྱས། གཞན་ཡང་ཕྱིི་ལོ་ ༡༩༨༣ ལོར་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་ཨ་རིར་བསྐྱོད་སྐབས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ནས་གདན་ཞུས་ལམ་སྟོན་གནང་བ་ལྟར་ཨ་རིའི་མི་དམངས་སྨན་ཁང་གི་སྨན་པའི་བགྲོ་གླེང་ཚོགས་འདུར་ཞུགས་ཐུབ་པ་བྱུང་སྟེ་འགྲོ་དོན་གང་ལེགས་བྱུང་།  དེ་བཞིན་དུ་སུད་སུར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱལ་སྤྱིའི་སྲོལ་རྒྱུན་སྨན་གྱི་ལེགས་བྱང་བརྗེ་རེས་ཚོགས་ཆེན་ཐོག་ཕེབས་པའི་རྒྱ་ནག་དང་། ཉི་ཧོང་སོགས་རྒྱལ་ཁབ་བཅུ་གསུམ་གྱི་མི་སྣ་འཛོམས་པའི་སར་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་གིས་བོད་ཀྱི་གསོ་བ་རིག་པའི་སྐོར་ལ་གསུང་བཤད་གནང་བས་ཚོགས་ཞུགས་པ་རྣམས་ལ་བོད་ཀྱི་གསོ་བ་རིག་པའི་གོ་རྟོགས་གང་ལེགས་བྱུང་བ་མ་ཟད། བོད་ཀྱི་གསོ་བ་རིག་པ་ཁྱབ་སྤེལ་གྱི་ཐད་ལ་ཡང་ཕན་འབྲས་གང་ལེགས་བྱུང་།

 

དེ་དང་ཕྱོགས་མཚུངས་ཨིན་ལན་དུ་བསོད་རྒྱལ་རིན་པོ་ཆེའི་ནང་པའི་ཆོས་ཚོགས་རིག་པ་ཞེས་པས་གོ་སྒྲིག་གནང་བ་བཞིན་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་དང་། ཁྲོ་དགའ་བ་རིན་པོ་ཆེ་རྣམ་གཉིས་གདན་ཞུས་ལྟར་ཉིན་གཉིས་རིང་བོད་ཀྱི་གསོ་བ་རིག་པའི་ཁྱད་ཆོས་དང་། འབྲས་ནད། རིན་ཆེན་རིལ་བུའི་སྦྱོར་བཟོ་གནང་སྟངས་སོགས་ཀྱི་སྐོར་ལ་ཟབ་ཁྲིད་གནང་བ་མ་ཟད། འབྲས་ནད་རོགས་སྐྱོར་བསྟི་གནས་ (Cancer Help Centre) ལ་ཕེབས་སྐབས། འབྲས་ནད་སྨན་བཅོས་ཆེད་ལས་པ་སྨན་པ་ Dr. Contreras མཆོག་དང་མཇལ་འཕྲད་ཀྱིས་འབྲས་ནད་ནད་པའི་ཟས་སྤྱོད་སྐོར་ལ་བཀའ་མོལ་གནང་བར་ཕྱོགས་གཉིས་ཀྱི་ངོས་འཛིན་བྱེད་སྟངས་གཅིག་མཐུན་བྱུང་བས། འབྲས་ནད་རོགས་སྐྱོར་བསྟི་གནས་ (Cancer Help Centre) ཁང་གི་འགན་འཛིན་ Dr. Forbes མཆོག་གིས་གཙོས་ལས་བྱེད་རྣམས་ཀྱིས་བོད་ཀྱི་གསོ་རིག་ལ་གདེང་འཇོག་དང་ཡིད་ཆེས་ཆེན་པོ་གནང་། དེ་བཞིན་ ༡༩༨༣ ལོར་ཨི་ཊ་ལའི་སེམས་ཁམས་རིག་པའི་སྨན་པ་ Dr, Gianlorenzo Masaraki དང་ཨི་ཊ་ལའི་ནང་པའི་ཆོས་ཚོགས་དགེ་ཕན་གླིང་གཉིས་ཀྱིས་རེ་སྐུལ་ཞུས་དོན་ལྟར་ལོ་དེའིི་ཟླ་ ༡༠ ཚེས་ ༡༧ ནས་ ༢༦ བར་ཉིན་བཅུའི་རིང་འདི་ག་སྨན་རྩིས་ཁང་དུ་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་ཀྱིས་གཙོས་སྨན་རྩིས་པ་དྲུག་གིས་ཚོགས་ཞུགས་པ་མི་སུམ་ཅུ་ཙམ་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྨན་རྩིས་རིག་པ་ངོ་སྤྲོད་ཀྱི་ཟབ་སྦྱོང་ཐེངས་དང་པོ་དེ་གནང་།

 

ཕྱི་ལོ་ ༡༩༨༣ ལོར་བར་ཞི་རྩེ་མགྲོན་ངག་དབང་བསྟན་སྐྱོང་ལགས་ཁེ་ན་ཌ་ནས་བཞུགས་སྒར་དུ་ཕེབས་འབྱོར་རྗེས་གཟིམ་ཆུང་བཀའ་འབྲེལ་ལྟར་སྨན་རྩིས་ཁང་གི་དབུ་འཛིན་ཕྱག་རོགས་སུ་བསྐོ་བཞག་གནང་། བོད་ཀྱི་གསོ་བ་རིག་པ་དང་། རྩིས་རིག་བཅས་ཡར་རྒྱས་ལ་རོགས་འདེགས་གང་ལེགས་བྱུང་།  དེ་ཡང་འཛམ་གླིང་གང་སར་དྲིལ་བསྒྲགས་གནང་བས་ཕྱི་ནང་མི་རིགས་གཉིས་ཀས་དོ་སྣང་དང་དོན་གཉེར་བྱ་མི་མང་པོས་བོད་སྨན་སློབ་སྦྱོང་བྱ་ཕྱོགས་དང་།  སྨན་པའི་གནས་ཚད་ཀྱི་གོ་མིང་སོགས་གང་ཅིར་ཚད་ལྡན་ཞིག་དགོས་གལ་ཆེ་བས་གང་ཉིད་ཀྱིས་གཙོ་འགན་བཞེས་ཏེ་ཚོགས་ཆུང་ཟུར་འཛུགས་ཐོག་སྨན་རྩིས་ལས་བྱེད་པའི་བླངས་དོར་སྒྲིག་གཞི་དང༌། སྨན་རྩིས་མཐོ་སློབ་ནས་ཐོན་པའི་སློབ་གཉེར་བ་རྣམས་ལ་དེང་མཐུན་གྱི་ལག་འཁྱེར་དང་། གནས་འཕར་འགྲོ་ལུགས་འཆར་ཟིན་གསར་བཀོད་ཟིན་བྲིས་གཟིམ་ཆུང་དུ་སྙན་སེང་འཆར་འབུལ་གྱིས་ཕྱག་རྟགས་ཕེབས་ཏེ་གཏན་འབེབས་ལག་བསྟར་གནང་ཐུབ་པའི་བྱས་རྗེས་དུས་ད་ལྟའི་བར་རྩ་འཛིན་སྒྲིག་གཞི་ལག་བསྟར་དང༌། སྨན་རྩིས་སློབ་ཐོན་རིམ་པར་ལག་འཁྱེར་གནང་མུས་ཡོད་པ་སོགས་མཛད་འཕྲིན་གང་ལེགས་རྒྱས་པ་དེ་ལྟ་ནའང༌། ཁོང་ཉིད་སྨན་རྩིས་ཁང་དུ་ལོ་གཉིས་ཙམ་བཞུགས་རྗེས་རྒྱ་གར་ནང་འཁྲུགས་ཀྱི་རྐྱེན་པས་ཕྱི་རྒྱལ་མི་རིགས་ཕྱིར་འབུད་སྲིད་ཇུས་ལག་བསྟར་བྱེད་པ་དང་སྐབས་འཁེལ་བས་རྒྱ་གར་དུ་བཞུགས་མ་ཐུབ་པར་ཁེ་ན་ཌར་ཕྱིར་ལོག་གནང་དགོས་བྱུང༌།

 

ཕྱི་ལོ་ ༡༩༨༤ ཟླ་ ༨ ཚེས་ ༢༠ སྨན་པ་བློ་བཟང་བཀྲ་ཤིས་དང་སྐད་སྒྱུར་མཚན་ཉིད་སློབ་གྲྭའི་སྐུ་ཞབས་སྐལ་བཟང་དགྲ་འདུལ་གཉིས་ཆོས་རིག་ལས་ཁུངས་ཀྱི་བཀའ་འབྲེལ་བཞིན་སོག་པོའི་མི་མང་སྲོལ་རྒྱུན་སྨན་གྱི་ལྟེ་གནས་ཁང་གིས་གདན་ཞུ་གནང་བ་བཞིན་ཕེབས་ཏེ། ཟླ་གཅིག་ལྷག་གི་རིང་དེ་གའི་སྔོ་སྨན་སྡེ་ཚན་གྱི་སྨན་པ་རྣམས་དང་ལྷན་དུ་སྔོ་སྨན་ངོས་འཛིན་དང་སྨན་རྒྱུ་མཁོ་སྒྲུབ་གནང་། དེ་བཞིན་དུ་སོག་པོའི་མི་མང་སྤྱི་མཐུས་ཚོགས་པའི་འཕྲོད་བསྟེན་བློན་ཆེན་དང་། ཆོས་རིག་བློན་ཆེན་ Mr.Tadnair Ananda Butuevich དེ་མིན་གྱི་སྨན་པ་གྲགས་ཅན་ཁག་ཅིག དགའ་ལྡན་ཐེག་ཆེན་གླིང་དགོན་པའི་མཁན་པོ་སོགས་ལ་མཇལ་འཕྲད་གནང་སྟེ་བོད་ཀྱི་གསོ་བ་རིག་པ་ངོ་སྤྲོད་གནང་། གཞན་ཡང་ཨོ་ལིན་བ་ཐོའི་ནང་ཡོད་པའི་ནང་པའི་དགོན་པས་གདན་ཞུ་གནང་བ་བཞིན་ཨོ་ལིན་བ་ཐོ་ལ་ཕེབས་ཏེ་ཆོས་རིག་བཀའ་བློན་མཆོག་དང་། ཨུ་རུ་སུ་དང་སོག་པའི་སྨན་པ་གྲགས་ཅན་རྣམས་ལ་མཇལ་འཕྲད་དང་ནད་པ་རྣམས་ལ་བརྟག་དཔྱད་སྨན་བཅོས་གནང་། དེ་རྗེས་ཨོ་ལིན་བ་ཐོ་ལ་ཡོད་པའི་ཚན་རིག་གི་སློབ་གྲྭར་གཟིགས་སྐོར་གནང་སྟེ་དགེ་ཕན་གང་ལེགས་བྱུང་།

 

ལོ་དེར་བོམ་བེ་རུ་གནས་སྡོད་རྒྱ་གར་གྱི་རྡོ་རྗེ་ཕ་ལམ་གྱི་ཚོང་པ་ Mr. Shantichand Jhaveri ཡིས་གདན་ཞུ་གནང་བ་བཞིན་བླ་སྨན་བློ་བཟང་དབང་རྒྱལ་མཆོག་དང་། སྨན་པ་པདྨ་རྡོ་རྗེ། སྨན་པ་གཅུང་ལགས་ཡོན་ཏན་སོགས་བོམ་བེ་རུ་ཕེབས་ཏེ་ནད་པ་གཅིག་སྟོང་ལྷག་ལ་བརྟག་དཔྱད་སྨན་བཅོས་གནང་ཏེ་ཕན་འབྲས་གང་ལེགས་བྱུང་བས་ལོ་རྗེས་མར་ཡང་བསྐྱར་གདན་ཞུས་གནང་ཡོད། དེ་བཞིན་དུ་ལོ་དེར་ཌེ་རཌུན་གྱིས་གཙོས་ཧི་མ་ཅལ་མངའ་སྡེའི་ས་གནས་ལྔ་ཙམ་ལ་སྨན་པ་པདྨ་རྡོ་རྗེས་སྨན་སྐོར་དང་།  བཙན་བྱོལ་གཞུང་རྒྱ་གར་དུ་འབྱོར་ནས་ལོ་ཉེར་ལྔ་འཁོར་བའི་དུས་དྲན་དི་ལླིི་བོད་ཁང་དུ་སྲུང་བརྩི་བྱེད་སྐབས་བླ་སྨན་བསྟན་འཛིན་ཆོས་གྲགས་དང་། སྨན་པ་རྟ་མགྲིན་གཉིས་ཀྱིས་ནད་པ་རྣམས་ལ་བརྟག་དཔྱད་སྨན་བཅོས་དང་སྨན་རྩིས་གཉིས་ཀྱི་འགྲེམས་སྟོན་གནང་།

 

གཞན་ཡང་ལོ་དེའི་ཟླ་ ༡༠ ཚེས་ ༡༤ ཉིན་དི་ལླིི་བོད་ཁང་གི་འགན་འཛིན་རྡོ་འབུམ་སྤྲུལ་སྐུ་མཆོག་ནས་གོ་སྒྲིག་གནང་བ་བཞིན་སྲོལ་རྒྱུན་སྨན་གྱི་ཚོགས་འདུ་ Comparative Systems of Medicine ཞིག་རྒྱ་གར་རྒྱལ་ཡོངས་ལྟེ་གནས་ཁང་ India International Center དུ་ཚོགས་འདུའི་སྐབས་རྒྱ་གར་ཚེ་ཡི་རིག་བྱེད་དང་། ཧོ་མོ་པེ་ཏི་ Homoepathy ཕྱི་ལུགས་སྨན་གྱི་རིག་པ་སོགས་སྨན་ལུགས་འདྲ་མིན་གྱི་སྨན་པའི་ཚོགས་འདུའི་སྟེང་། བོད་ཀྱི་གསོ་བ་རིག་པའི་འཐུས་མི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་བཅས་ཚོགས་ཞུགས་གནང་འདུག དེ་བཞིན་ཟླ་ ༡༡ ཚེས་ ༡༠ ཉིན་བདེ་ལེགས་སྨན་ཁང་གི་སྨན་པ་ཚེ་བརྟན་ས་འདུ་ཚང་གིས་གོ་སྒྲིག་གནང་བ་བཞིན་ཡཱོལ (Yol) དམག་མིའི་སྨན་ཁང་།  ངྷ་ཤོད་མི་མང་སྨན་ཁང་ Civil གི་སྐུ་ཚབ། བདེ་ལེགས་སྨན་ཁང་གི་སྨན་པ་ Dr. J.Cebon སྨན་རྩིས་ཁང་གི་བླ་སྨན་པ་བློ་བཟང་དབང་རྒྱལ་བཅས་ཚང་འཛོམས་ཐོག་སྨན་པ་ Dr. J.Cebon མཆོག་ནས་ཁྲག་རླུང་སྟོད་འཚངས་ཀྱི་ནད་གཞིའི་བརྗོད་གཞིའི་ཐོག་ཕྱི་ལུགས་སྨན་གྱི་སྟེང་ནས་ངོས་འཛིན་ཇི་འདྲ་གནང་བཞིན་པའི་སྐོར་འགྲེལ་བརྗོད་གནང་བ་དང་། སྨན་པ་བློ་བཟང་དབང་རྒྱལ་གྱིས་བོད་ལུགས་ནས་བརྗོད་གཞི་དེའི་ཐོག་འགྲེལ་བརྗོད་གནང་སྟེ་ཕྱི་ལུགས་དང་བོད་ལུགས་ཀྱི་ལེགས་ཆ་བརྗེ་རེས་གནང་སྟེ་ཕན་ཐོགས་གང་ལེགས་བྱུང་། ཕྱི་ལོ་ ༡༩༨༥ ལོར་དབུས་སྨན་རྩིས་ཁང་གིས་རྒྱ་གར་རྒྱལ་ས་དི་ལླིར་བོད་སྨན་ཁྱབ་བསྒྲགས་འགྲེམས་སྟོན་གནང་སྐབས། ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་དང་། སྨན་པ་ཟླ་སྒྲོན། སྨན་པ་རྟ་མགྲིན། ཁྲོ་དགའ་བ་རིན་པོ་ཆེ། སྨན་པ་པདྨ་རྡོ་རྗེ་བཅས་ཀྱིས་ནད་པར་བརྟག་དཔྱད་ཀྱིས་སྨན་བཅོས་གནང་བ་མ་ཟད། རྒྱ་གར་འཕྲོད་བསྟེན་ལས་བྱེད་གདན་ཞུས་ཀྱིས་བོད་སྨན་ངོ་སྤྲོད་ཀྱི་གཏམ་བཤད་ཀྱང་སྤེལ་བ་ལ་བརྟེན་རྒྱ་གར་ནང་ལོགས་སུ་བོད་སྨན་ཁྱབ་བསྒྲགས་ཤུགས་ཆེན་བྱུང་།

 

ལོ་དེར་བླ་སྨན་པ་བསྟན་འཛིན་ཆོས་གྲགས་མཆོག་གཙོ་བོར་གྱུར་བའི་སྨན་པ་བསོད་ནམས་ལྷ་མོ་དང་སྨན་པ་པ་སངས་ཡོན་ཏན་སོགས་རྒྱ་གར་གྲོང་ཁྱེར་བོམ་བེེ་རུ་སྐུ་ཞབས་ Mr. Shanti Jhaveri ཡི་གོ་སྒྲིག་དང་ Prashant Corporation  གྱིས་སྦྱིན་བདག་གནང་བ་བཞིན་བདུན་ཕྲག་གཉིས་རིང་སྨན་བསྐོར་གནང་རྗེས་གུཇ་རཱ་ཏ་ (Gujurat) ཀྱི་ས་གནས་པ་ལི་ཊ་ན་ཞེས་པའི་གཅེར་བུ་བའི་གནས་ཆེན་དུ་ཕེབས་ཏེ་ཁོང་ཚོའི་གྲྭ་བཙུན་དང་མི་མང་གིས་གཙོས་པའི་མི་གྲངས་ ༢༠༠ ཙམ་ལ་བརྟག་དཔྱད་སྨན་བཅོས་གནང་། ལོ་དེའི་ཟླ་བ་དང་པོའི་ནང་དུས་འཁོར་དབང་ཆེན་ཚོགས་ཡུལ་རྡོར་གདན་དུ་བླ་སྨན་པ་བློ་བཟང་དབང་རྒྱལ་ལགས་དང་སྨན་པ་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་གཙོས་པའི་སྨན་ལས་འགའ་ཕེབས་ཏེ་ནད་པ་གྲངས་ ༡༠༠༠ ཙམ་ལ་བརྟག་དཔྱད་སྨན་བཅོས་གནང་།         ལོ་དེའི་དགུན་ཁར་སྨན་པ་བློ་བཟང་ཆོས་འཕེལ་ལགས་བོད་པའི་གཞིས་སྒར་མེན་པཌ་དང་བྷན་དཱ་རར་ནད་པར་སྨན་བཅོས་ཆེད་ཕེབས་བྱས། ལོ་དེའིི་ཟླ་དྲུག་པའི་ནང་བླ་སྨན་བློ་བཟང་དབང་རྒྱལ་ལགས་དང་སྨན་པ་བསྟན་འཛིན་རྣམ་རྒྱལ་ལགས་གཉིས་ྋགོང་ས་མཆོག་གི་ཆིབས་ཞབས་སུ་ཀུ་ལུ་དང་གར་ཤ་རུ་བཅར་ཏེ་ནད་པར་བརྟག་དཔྱད་སྨན་བཅོས་གནང་སྟེ་ཕན་ཐོགས་གང་ལེགས་བྱུང་ཡོད།

 

ཕྱི་ལོ་ ༡༩༨༤ ལོར་བརྟག་དཔྱད་འགན་འཛིན་བླ་སྨན་པ་བསྟན་འཛིན་ཆོས་གྲགས་ལགས་དང་།  སྨན་སྦྱོར་སྨན་པ་བསྟན་འཛིན་རྣམ་རྒྱལ་ལགས། འགན་འཛིན་སྐུ་ངོ་སྟག་ལྷ་བློ་བཟང་བསམ་གཏན་ལགས་བཅས་འབྲས་ནད་ཀྱི་སྨན་སྦྱོར་དམིགས་བསལ་ཞིག་གི་ཆེད་རྒྱ་གར་རྒྱལ་ས་བོམ་བེ་རུ་རྡོ་རྗེ་ཕ་ལམ་ཉོ་བར་ཕེབས་སྐབས་ Prashant Corporation ནང་ཕྱག་ལས་གནང་བཞིན་པའི་རྡོ་རྗེ་ཕ་ལམ་གྱི་ཕྱིར་ཚོང་པ་ Mr. S. Jhaveri དང་མཇལ་འཕྲད་བྱུང་ནས་ཁོང་གི་སྤུན་ཉེ་དང་གྲོགས་པོ་འགར་བླ་སྨན་པས་བརྟག་དཔྱད་སྨན་བཅོས་གནང་སྟེ་དྲག་སྐྱེད་གང་ལེགས་བྱུང་བར་དགའ་ཚོར་ཆེན་པོས་རྡོ་རྗེ་ཕ་ལམ་རིན་གོང་ཁེ་པོར་བཙོང་བ་མ་ཟད་སྨན་རྩིས་ཁང་གི་སྨན་པ་རྣམས་སྦོམ་སྦེ་རུ་སྨན་བསྐོར་དུ་ཐོག་མར་གདན་འདྲེན་ཞུས་པ་བཅས་སོ།།

 

ང༽ལས་བྱེད་འཕོ་འགྱུར།

ཕྱི་ལོ་ ༡༩༨༠ ལོར་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་བོད་ནས་ཕེབས་ཏེ་ྋརྒྱལ་བའི་བླ་སྨན་གྱི་མཚན་གནས་ཐོག་སྨན་རྩིས་ཁང་དུ་སྨན་པའི་ལས་འགན་ཁུར་བླངས་ཞུས། ཚ་རོང་འཇིགས་མེད་ལགས་ནས་ཉམས་ཞིབ་ཚན་པའི་འགན་འཛིན་ཐོག་མའི་ལས་ཁུར་ཞུས།

 

ཕྱི་ལོ་ ༡༩༨༡ ལོར་སྨན་པ་བསྟན་འཛིན་རྣམ་རྒྱལ་ལགས་བོད་ནས་ཕེབས་ཏེ་སྨན་སྦྱོར་ཁང་གི་འགན་འཛིན་གྱི་ཐུགས་འགན་བཞེས།

 

ཕྱི་ལོ་ ༡༩༨༢ ལོར་ནད་བཅོས་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་ཚ་རོང་འཇིགས་མེད་གནས་སྤོས་གནང་བ་དང་། བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་དང་སྨན་པ་བསོད་ནམས་ཚེ་རིང་གཉིས་ཉམས་ཞིབ་ཚན་པའི་འགན་འཛིན་དུ་བསྐོ་བཞག་གནང་།

 

ཕྱི་ལོ་ ༡༩༨༣ ལོར་བར་ཞི་རྩེ་མགྲོན་ངག་དབང་བསྟན་སྐྱོང་ལགས་སྨན་རྩིས་ཁང་གི་དབུ་འཛིན་ཕྱག་རོགས་སུ་བསྐོ་བཞག་དང་། ྋསྐུའི་བླ་སྨན་བློ་བཟང་དབང་རྒྱལ་མཆོག་བོད་ནས་གསར་དུ་ཕེབས་ཏེ་ྋསྐུའི་བླ་སྨན་དུ་བསྐོ་བཞག་གནང་བ་དང་། ༡༩༨༢ ལོར་དུས་འཁོར་བློ་གྲོས་རྒྱ་མཚོ་སླར་ཡང་སྨན་རྩིས་ཁང་གི་རྩིས་རིག་པའི་གཙོ་འཛིན་དུ་བསྐོ་བཞག་གནང་། དབུས་སྨན་རྩིས་ཁང་གི་དྲུང་ཆེ་རྒྱལ་ནང་བློ་བཟང་ནོར་བུ་མཆོག་དངུལ་རྩིས་སྡེ་ཚན་གྱི་འགན་འཛིན་ནས་གནས་སྤོས་དང་། ཕུར་བུ་ཚེ་རིང་དངུལ་རྩིས་སྡེ་ཚན་གྱི་འགན་འཛིན་དུ་བསྐོ་བཞག་གནང་།

 

ཕྱིི་ལོ་ ༡༩༨༣ ལོར། འཛིན་སྐྱོང་ཡིག་ཚང་ནས་རྒྱུགས་བཞེས་ཚོགས་ཆུང་ཟུར་འཛུགས་ཐོག་སྒྲིག་གཞི་གཏན་འབེབས་གནང་བའི་དགོངས་དོན་ལྟར་རྒྱུགས་བཞེས་ལམ་ནས་ཨང་རིམ་རྩེ་བཏོག་གིས་སྐབས་དྲུག་པའི་སྨན་སློབ་གྲངས་བཅོ་བརྒྱད་དང༌། སྐབས་གསུམ་པའི་རྩིས་སློབ་གྲངས་བཞི་གཏན་ཉིན་སློབ་གྲྭ་ཁག་དང༌། གྲྭ་བཙུན། ཧི་མ་ལ་ཡའི་མི་རིགས། བོད་ནས་གསར་དུ་འབྱོར་བ་བཅས་ཡོང་ཁུངས་འདྲ་མིན་ནས་བསྡུ་བཞེས་གནང༌། སློབ་སྤྱི་མཁས་དབང་བར་ཞི་ཕུན་ཚོགས་དབང་རྒྱལ་མཆོག་དགུང་གྲངས་བདུན་ཅུའི་སྟེང་དགོངས་པ་རྫོགས་སྟབས་སློབ་དགེ་པ་སངས་ཡོན་ཏན་ལགས་སུ་སློབ་སྤྱི་དང་སྨན་པ་བློ་བཟང་བཀྲ་ཤིས་ལགས་སློབ་སྤྱིའི་ལས་རོགས་སུ་བསྐོ་བཞག་དང༌། རྩིས་དགེ་ཆེན་མོའི་ཐུགས་འགན་བྲག་མཐོན་བྱམས་པ་རྒྱལ་མཚན་ལགས་བཅས་ལ་བསྐོ་བཞག་སྩལ།  འོན་ཀྱང་སྨན་པ་བློ་བཟང་བཀྲ་ཤིས་ལགས་ཟླ་ཤས་རྗེས་སུ་ཀ་སྦུག་ཡན་ལག་སྨན་པར་བསྐོ་བཞག་སོང་བའི་ཚབ་ཏུ་སྨན་པ་བློ་བཟང་ཆོས་འཕེལ་ལགས་ནས་རབ་བྱུང་བཅུ་བདུན་པའི་ས་ཕག་བར་སློབ་དགེའི་ཐུགས་འགན་བཞེས།  ལོ་འདིར་ཡན་ལག་སྤྱི་ཁྱབ་སྡེ་ཚན་གསར་འཛུགས་བསྐྱངས་ཏེ་ལྷ་རྩེ་རྡོ་རྗེ་འགན་འཛིན་དུ་བསྐོས།  ཕྱིི་ལོ་ ༡༩༨༥ ལོར་བློ་བཟང་ནོར་བུ་ལགས་སྨན་རྩིས་ཁང་གི་དྲུང་ཆེ་ནས་གནས་སྤོས་ཀྱིས་སྐར་དཔྱད་རྩིས་རིག་གི་ལས་འགན་དངོས་སུ་བཞེས་པ་དང་།   དགའ་གདོང་བློ་བསྟན་མཆོག་སྨན་རྩིས་ཁང་གི་དྲུང་ཆེར་གནས་སྤོས་གནང་།

 

ཕྱི་ལོ་ ༡༩༨༥ ལོར་དགའ་ལྡོང་བློ་བསྟན་སྨན་རྩིས་ཁང་གི་དྲུང་ཆེ་ནས་གནས་སྤོས་སོང་བ་དང་།  ཐང་སྤེ་ཕུན་ཚོགས་རྣམ་རྒྱལ་སྨན་རྩིས་ཁང་གི་དྲུང་ཆེར་བསྐོ་བཞག་གནང་། དངུལ་རྩིས་སྡེ་ཚན་གྱི་འགན་འཛིན་ཕུར་བུ་ཚེ་རིང་གནས་སྤོས་གནང་ཚབ་བཀྲ་ཤིས་ཚེ་རིང་ལགས་དངུལ་རྩིས་སྡེ་ཚན་གྱི་འགན་འཛིན་དུ་བསྐོ་བཞག་གནང་བ་བཅས་འགན་འཛིན་འདིའི་སྐབས་ཏེ་ལྔ་བའོ།།

 

ཀུན་སྙོམས་བྱམས་བརྩེའི་གཟིགས་པ་སྒམ་པོ་ཡིས།།

སྨན་རྩིས་རིག་པའི་སྐྱེད་ཚལ་ཚར་དངར་བའི།།

འབྲས་བཟང་དགུང་དུ་བཏེགས་པའི་གྲིབ་བསིལ་ལས།།

ངེས་དོན་འགྲོ་ཕན་ལས་ཀྱི་འོ་མཚོ་བསྐྱིལ།། །།


མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 11:11 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།