སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ།

འགན་འཛིན་སྐབས་བཞི་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.04.2016
སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>


འགན་འཛིན་སྐབས་བཞི་བའི་སྐབས།

(1975-1980)

ཀ༽འགན་འཛིན་གྱི་ངོ་སྤྲོད་མདོ་ཙམ།

ཚ་རོང་འཇིགས་མེད་མཆོག་ནི་ཕྱི་ལོ་ ༡༩༤༥ ཟླ་ ༩ ཚེས་ ༣༠ ཉིན་བོད་དབུས་འགྱུར་ལྷ་ས་རུ་འབྲི་གུང་སྐྱབས་མགོན་སྐུ་ཕྲེང་བདུན་པའི་ཡབ་ཚ་རོང་སྐུ་ངོ་བདུད་འདུལ་རྣམ་རྒྱལ་མཆོག་གི་སྲས་སུ་སྐྱེས་ཤིང་།  ཕྱི་ལོ་ ༡༩༦༣ ལོར་རྡོར་གླིང་ (St. Joseph 痴 School) གཞི་རིམ་དང་འབྲིང་རིམ་སློབ་ཐོན་བྱུང་ཡོད་པ་དང་། ཕྱི་ལོ ༡༩༦༧ ལོར་ཨེ་སི་ཌི་འཇོ་སིབ་མཐོ་རིམ་ (St. Joseph 痴 College) སློབ་གྲྭ་ནས་ B.A ཐོན། ཕྱི་ལོ་ ༡༩༧༠ ལོར་ ཝལ་པཱ་རི་སོཊ་གཙུག་ལག་སློབ་གཉེར་ཁང་ (Valparaiso Universty) ནས་ B.A (IR) ཐོན་ཡོད་ཅིང་།  ཕྱི་ལོ་ ༡༩༧༥ ནས ༡༩༨༠ བར་སྨན་རྩིས་ཁང་གི་འགན་འཛིན་གནང་།   སྨན་རྩིས་ཁང་གི་འགན་འཛིན་ལས་ཁུར་གནང་རྗེས་ལོ་གཉིས་ལྷག་གི་རིང་བོད་ཀྱི་གསོ་རིག་ཐོག་དོ་སྣང་ཆེན་པོས་ཉམས་ཞིབ་གནང་འགོ་ཚུགས་ཤིང་།  ཕྱི་ལོ་ ༡༩༨༢ ནས་སྨན་རྩིས་ཁང་ནས་ཐོན་ཏེ་སྒེར་ངོས་ནས་བོད་ལུགས་སྨན་རྫས་དང་ནད་བཅོས་སྐོར་ལ་ཉམས་ཞིབ་བྱས་དང་བྱེད་བཞིན་འབྲས་ལྗོངས་སྒང་ཏོག་ཏུ་བཞུགས་མུས་ཡིན་པ་བཅས་ངོ་སྤྲོད་མདོར་བསྡུས་སོ།།

 

ཁ༽གནས་བབས་སྤྱི།

ཕྱི་ལོ་ ༡༩༧༥ གཟིམ་ཆུང་གི་བཀའ་འབྲེལ་ལྟར་ཚ་རོང་འཇིགས་མེད་མཆོག་སྨན་རྩིས་ཁང་གི་འགན་འཛིན་དུ་བསྐོ་བཞག་སྩལ།  ཕྱི་ལོ་ ༡༩༧༦ ལོར་རྒྱ་ནང་བློ་བཟང་ནོར་བུ་ལགས་དྲུང་ཆེར་བསྐོས།  དབུ་འཛིན་ཚ་རོང་འཇིགས་མེད་མཆོག་གིས་སྨན་རྩིས་ཁང་བུ་ཁྱིམ་གྱི་འཛིན་སྐྱོང་འོག་ནས་རྩིས་བཞེས་གནང་སྟེ་སྐུ་སྒེར་ཡིག་ཚང་གི་ཐད་ཀའི་འཛིན་སྐྱོང་ཁྱབ་ཁོངས་སུ་བཅུག་གནང་མཛད། ཅེས་སྔར་གྱི་ལོ་རྒྱུས་ནང་དུ་འཁོད་པ་བཞིན་དེ་དང་འབྲེལ་པའི་གནས་སྟངས་རྒྱུས་ལོན་ཆེད་ྋསྐུ་སྒེར་དྲུང་ཆེ་ཟུར་བ་སྐུ་ངོ་རྟ་ར་མཆོག་ལ་བཀའ་འདྲི་ཞུས་པར་ཁོང་ནས་ཚིག་ཐག་ཆོད་པོའི་སྟེང་ནས་སྤྱིར་ྋགོང་ས་མཆོག་ནས་སྨན་རྩིས་ཁང་ལ་གཟིགས་པ་ཆེན་པོའི་ཐུགས་རེ་ཆེ་བ་དང་། སྔར་སྨན་རྩིས་ཁང་གསར་དུ་བཙུགས་པའི་སྐབས་ཐོག་དེ་དང་དེའི་རྗེས་ཀྱི་ལོ་ཤས་རིང་སྨན་རྒྱུས་གཙོས་གྲོན་དངུལ་གྱིས་རོགས་འདེགས་གནང་ཡོད་པ་ལས་ཚ་རོང་འཇིགས་མེད་ཀྱིས་སྨན་རྩིས་ཁང་བུ་ཁྱིམ་གྱི་འཛིན་སྐྱོང་འོག་ནས་རྩིས་བཞེས་གནང་སྟེ་སྐུ་སྒེར་ཡིག་ཚང་གི་ཐད་ཀའི་འཛིན་སྐྱོང་ཁྱབ་ཁོངས་སུ་བཅུག་གནང་མཛད།  ཅེས་པའི་སྐད་ཆ་དེ་ཐལ་སྐྱོན་ཤོར་བ་རེད། རྒྱུ་མཚན་གང་ཞེ་ན།  དེ་ལྟར་སྐུ་སྒེར་ཡིག་ཚང་གིས་འཛིན་སྐྱོང་གནང་ཡོད་ན།  ངོས་དེ་དུས་ནས་སྐུ་སྒེར་དྲུང་ཡིག་ཡིན་པས་ཤེས་རྟོགས་དགོས་ངེས་རེད་ལ། ཚ་རོང་འཇིགས་མེད་སྨན་རྩིས་ཁང་གི་འགན་འཛིན་དུ་བཀའ་འབྲེལ་ཐོག་བསྐོས་པ་བདེན་པ་རེད་མ་གཏོགས་ཁོང་སྐུ་སྒེར་ཡིག་ཚང་གི་ལས་བྱེད་ཀྱང་མ་རེད། དེའི་སྟབས་ཀྱིས་འདི་ནས་འཛིན་སྐྱོང་རྩ་བ་ནས་གནང་ཡོད་པ་མ་རེད། ཅེས་གསུངས་པས་དེ་ལྟར་ཚད་འཛིན་བྱ་དགོས་པར་མཐོང་།

 

སྐབས་དེར་སྨན་རྩིས་ཁང་ལ་དབུས་འཛིན་སྐྱོང་ཡིག་ཚང་གི་འོག་ཏུ་དབུས་སྡེ་ཚན་གསུམ་དང་ཚན་པ་གཉིས་བཅས་ཡོད་པའི་ནང་ནས་རིག་གཞུང་ཁོངས་མཐོ་སློབ་ཁང་དང་།  སྨན་སྦྱོར་ཁང་། སྐར་དཔྱད་རྩིས་རིག་ཁང་བཅས་རིག་གཞུང་གི་སྡེ་ཚན་ཆེ་བ་གསུམ་དང་། རིག་གཞུང་ཁོངས་སུ་ཉམས་ཞིབ་ཚན་པ་གཅིག  འཛིན་སྐྱོང་ཁོངས་སུ་དངུལ་རྩིས་ཚན་པ་བཅས་ཡོད་མུས་དང་།  ཡན་ལག་སྨན་ཁང་སྔར་ཡོད་ཁག་གི་སྟེང་ཡན་ལག་ཁག་ལྔ་གསར་འཛུགས་བསྐྱངས་ཏེ་བསྡོམས་ཡན་ལག་སྨན་ཁང་ཁག་བཅུ་གཅིག་༼སྐབས་དེར་སྦིར་སྨན་ཁང་དང་། གློ་དམག་སྒར་དང་ཌེ་ར་ཌུུན་དམག་སྒར་བཅས་ནི་ཀྲིག་ཅར་སྨན་ཁང་གི་ངོ་བོར་འཛུགས་ཐུབ་མེད༽ཡོད་ཅིང་། སྐབས་དེར་དབུས་མ་ལག་དང་བཅས་པའི་ནང་ལས་སློབ་གྲངས་བཞི་བཅུ་ཙམ་ཡོད།

 

སྔར་བཞིན་བོད་གཞུང་སྨན་རྩིས་ཁང་ལ་བགྱི་སྒོ་གང་འཚམས་ཡོད་པའི་ནང་ནས་གཙོ་ཆེ་ཤོས་ནི་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་མེད་དབུ་ཁྲིད་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ྋསྐུའི་འཕྲོད་བཞེས་ཡིན་པར་བརྟེན་ྋསྐུའི་བླ་སྨན་ཡེ་ཤེས་དོན་ལྡན་མཆོག་གིས་གཙོས་བླ་སྨན་རྣམ་གཉིས་ལྗགས་སྨན་སྦྱོར་རྡུང་སྒྲིལ་གསུམ་གྱིས་འདེགས་འབུལ་ཞུས་ཡོད་པ་དང་།  སྐར་རྩིས་སྡེ་ཚན་གྱི་རྩིས་རིག་སློབ་དཔོན་བྲག་མཐོན་བྱམས་པ་རྒྱལ་མཚན་ལགས་ཀྱིས་ལོ་རེའི་ྋསྐུའི་དགུང་ཀེག་ཀེག་རྩིས་སོགས་ཀྱི་ཞུ་སྒོ་མཐའ་དག་གིས་མཚོན་སྨན་རྩིས་གཉིས་ཀྱི་རྒྱུན་ལྡན་བགྱིད་སྒོ་རྣམས་སྔར་ལྷག་ཡར་ལྡན་གྱི་ངོ་བོར་ཤུགས་སྣོན་བརྒྱབས་འདུག། དེ་ཡང་ཕྱི་ལོ་ ༡༩༧༥ ལོར་དབུས་སྨན་རྩིས་ཁང་དང་ཕྱོགས་མཐའི་ཡན་ལག་སྨན་ཁང་ཁག་ཏུ་ནད་པ་བསྟེན་གཏུགས་བྱེད་མཁན་རང་རེ་བོད་རིགས་དང་།   ཕྱི་རྒྱལ་བ་རྒྱ་གར་སོགས་ལོ་རེའི་ནང་ནད་པ་གང་མང་ལ་སྨན་པ་རྣམ་པས་བལྟ་རེག་དྲི་གསུམ་གྱི་སྒོ་ནས་ནད་གཞི་ངོས་འཛིན་གྱིས་དགོས་མཁོའི་གསོལ་སྨན་མཁོ་སྤྲོད་བྱས་ཡོད་ལ།  དེའི་ནང་དུ་རང་གཞུང་གི་སྲི་ཞུ་ལས་བྱེད་དང་།  ཉམ་ཐག བྱ་བྲལ་བ།  བོད་ནས་གསར་དུ་འབྱོར་བའི་ནད་པ་བཅས་སུ་རིན་མེད་སྨན་སྦྱིན་དང་། གྲྭ་བཙུན་སྔགས་གསུམ་ལ་སྨན་རིན་ཕྱེད་བཅག་གནང་ཡོད་པའི་གནས་ཚུལ་འཁོད་ཀྱང་ལོ་རེའི་ནང་གི་ནད་གྲངས་དང་སྨན་ཐུན་སོགས་ཀྱི་ཁ་གྲངས་གསལ་བའི་ཡིག་ཆ་འཚོལ་ཞིབ་ཇི་ལྟར་བྱས་ཀྱང་བརྒྱུད་ལམ་གང་ནས་ཀྱང་རྙེད་སོན་མ་བྱུང་བས་འདི་ཙམ་ལས་འབྲི་ཐབས་བྲལ།

 

ག༽གལ་ཆེའི་ལས་གཞི་ཁག

༡༽རིག་གཞུང་དང་འབྲེལ་བའི་ལས་དོན་སྐོར།

ཕྱི་ལོ་ ༡༩༧༥ ལོར་སྨན་སློབ་སྐབས་གཉིས་པའི་ཁོངས་ནས་སྨན་པ་དཀའ་བཅུའི་གཞུང་ཚད་ལེགས་པར་སློབ་མཐར་ཕྱིན་པ་སྨན་པ་བརྒྱད་བྱུང་བ་དང་།  དུས་མཚུངས་སུ་ལས་གནས་སོ་སོར་མངགས་གཏོང་བྱས་ཏེ་གསོ་བ་རིག་པའི་བསྟན་པ་རྒྱས་ཐབས་དང་།  ནད་མནར་འགྲོ་བ་དག་ལ་མི་འཇིགས་སྲོག་གི་སྦྱིན་གཏོང་གི་ལས་ལ་འཇུག་པའི་སྐལ་བཟང་ཐོབ།

 

བོད་ཀྱི་སྲོལ་རྒྱུན་སྨན་དང་། རྩིས་ཀྱི་རིག་གཞུང་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་ཕྱི་རྒྱལ་དང་རང་རིགས་རྣམས་ལ་རྒྱུས་ལོན་གསལ་རྟོགས་ཡོང་སླད་ཕྱི་ལོ་ ༡༩༧༦   ཟླ་ ༣    ཚེས་ ༡༠ ཉིན་འགྲེམས་སྟོན་གོ་སྒྲིག་ཞུས་པའི་སྒོ་འབྱེད་མཛད་སྒོའི་གཙོ་མགོན་དུ་ྋགོང་ས་མཆོག་ཞབས་སོར་བཀའ་དྲིན་ཆེ་བསྐྱངས་ཀྱིས་དབུ་འབྱེད་གནང་བ་དང་དུས་མཚུངས་རྒྱ་ཆེའི་མང་ཚོགས་ལ་འགྲེམས་སྟོན་གཟིགས་འབུལ་ཞུས་པས་ཕན་པ་གང་ལེགས་བྱུང་། ཕྱི་ལོ་ ༡༩༧༨ ལོར་སྨན་སློབ་སྐབས་གསུམ་པའི་ཁོངས་ནས་སྨན་རྩིས་གཉིས་ཀ་སློབ་མཐར་ཕྱིན་པ་ལྔ་དང་སྨན་པ་སློབ་ཐོན་པ་བཞི།  ཐོན་རྒྱུགས་མ་འཕྲོད་པ་གསུམ་བཅས་བྱུང་འདུག་ཀྱང་ཐོན་རྒྱུགས་འཕྲོད་པ་རྣམས་རང་རང་སོ་སོའི་ལས་གནས་སུ་ཞུགས་ཐུབ་པ་བྱུང་ཞིང་། དེ་ལྟར་འགྲོ་ཕན་སྨན་རྩིས་ཁང་བཙུགས་ནས་ལོ་ངོ་ཉི་ཤུ་འཁོར་ལ་ཉེ་བའི་དུས་ཡུན་ནང་སྨན་སློབ་ཐེངས་གསུམ་སློབ་ཐོན་གྱིས་ལས་སྣེར་འཛུལ་ཞུགས་གནང་སྟེ།  སྨན་པ་རྒན་རབས་དག་དང་ལྷན་དུ་མཉམ་ལས་ཀྱི་སྒོ་ནས་མན་ངག་མྱོང་བྱང་མཐའ་དག་བརྒྱུད་སྤྲོད་ཞུ་ཐུབ་པ་བྱུང་བ་དེས། སྨན་རྩིས་པ་རྒན་གཞོན་བར་འབྲེལ་མཐུད་ཀྱི་ཟམ་པ་ལྟ་བུའི་ནུས་པ་དགེ་མཚན་ལྡན་པ་ཞིག་ཐོན་ཡོད་པ་མ་ཟད།  སྨན་སློབ་སྐབས་གཉིས་པ་དང་། གསུམ་པར་ཐོན་པའི་སྨན་པ་རྣམས་ནས་རིག་གཞུང་རྒྱུད་འཛིན་དར་སྤེལ་ལ་ཕན་ཐོགས་གང་ལེགས་བྱུང་སྟེ་ད་ཆ་སྨན་རྩིས་ཁང་གི་གཞི་རྐང་འཛིན་མཁན་གྱི་གྲས་ཡིན་པ་མ་ཟད། ཕལ་མོ་ཆེར་ཞབས་ལོ་སུམ་བཅུ་ལྷག་འགྲོ་བཞིན་ཡོད། སྐར་རྩིས་ཐད་སྐབས་དེར་བྲག་མཐོན་བྱམས་པ་རྒྱལ་མཚན་གཅིག་པུ་ལས་མེད་སྟབས་སྐབས་གསུམ་པའི་སློབ་ཐོན་སྨན་རྩིས་པ་བསོད་ནམས་ཚེ་རིང་ལགས་ཕྱག་རོགས་སུ་བསྐོ་གཏོང་གནང་བས་རྒྱུན་ལྡན་རྩིས་ཀྱི་ཞུ་སྒོ་ཁག་དང་ལོ་ཐོ་འདོན་སྤེལ་སོགས་ཀྱི་དཀའ་ངལ་ཅུང་སེལ་ཐུབ་པ་བྱུང༌།

 

ཕྱི་ལོ་ ༡༩༧༩ ལོར་སྨན་སློབ་སྐབས་བཞི་བའི་ཁོངས་ནས་ཁག་ཅིག་ལ་རྐྱེན་ངན་སྣ་ཚོགས་བྱུང་བའི་དབང་གིས་སློབ་སྦྱོང་སློབ་མཐར་ཕྱིན་མ་ཐུབ་པར་བརྟེན་སློབ་གཉེར་བ་གཉིས་སྨན་སློབ་སྐབས་ལྔ་བའི་ཁོངས་སུ་ཞུགས་ཏེ་སློབ་གཉེར་མཇུག་སྐྱོང་བྱས་པའི་གནས་ཚུལ་བྱུང་ཡོད།

 

༢༽ཕྱིའི་འཛུགས་སྐྲུན་དང་འབྲེལ་བའི་སྐོར།

སྨན་སྦྱིན་ཁང་ཐོག་མར་གསར་དུ་བཙུགས་པའི་སྐབས་ཏེ་ཕྱི་ལོ་ ༡༩༦༡ ཙམ་ནས་སྨན་སྦྱིན་སློབ་ཁང་དེ་བཞིན་རྒྱ་གར་གཞུང་ལ་དེབ་སྐྱེལ་ཡོང་ཐབས་ཀྱི་ཐབས་ཤེས་གང་མང་གནང་ཡོད་པ་མ་ཟད།  སྨན་རྩིས་གཉིས་ཟླ་བསྒྲིལ་བཏང་པའི་རྗེས་སུ་ཡང་བུ་གསོ་ཁང་དང་མཉམ་དུ་དེབ་སྐྱེལ་ཡོང་ཐབས་བྱས་ཤིང་།  ལྷག་པར་ཕྱི་ལོ་ ༡༩༧༨   ཟླ་ ༦ ཚེས་ ༡༩ ཉིན་སྨན་རྩིས་ཁང་ནས་རྒྱ་གར་གཞུང་ལ་ཚོགས་པ་དེབ་སྐྱེལ་གྱི་སྙན་ཞུ་ཞིག་ཕུལ་བར་རྟེན་ཕྱི་ལོ་ ༡༩༨༠ ལོར་རྒྱ་གར་གཞུང་ནས་ཇི་ལྟར་སྙན་ཞུ་ཕུལ་བ་བཞིན་ Tibetan Medical Centre ཞེས་པའི་མཚན་བྱང་འོག་སྨན་རྩིས་ཁང་གི་ཚོགས་པ་དེ་ངོས་འཛིན་གནང་བ་དང་།  དུས་དེ་ནས་བཟུང་སྨན་རྩིས་ཁང་ནས་རྒྱ་གར་གཞུང་ལ་ཁྲལ་གྱི་དེབ་སྐྱེལ་ (Income tax registration) དང་སྨན་རྩིས་ཁང་གི་རྩིས་ཁྲར་རྒྱ་གར་དངུལ་རྩིས་པ་ Mr. Kuldeep Kumar Sud, ནས་རྟོག་ཞིབ་གནང་མགོ་ཚུགས་ཡོད་པ་རེད།

 

བོད་མི་གནས་སྡོད་ཀྱི་གཞི་རྒྱ་དང་ས་གནས་ཀྱི་བབ་ལ་བསྟུན་ཏེ་༡༩༧༥ ཟླ་ ༢ ཚེས་ ༡༥ ཉིན་རྡོ་རྗེ་གླིང་ཡན་ལག་སྨན་ཁང་གསར་འཛུགས་ཞུས་ཡོད་པ་དང་།  ཕྱི་ལོ་   ༡༩༧༦  ཟླ་  ༡  པའི་ལོར་འབུམ་སྡེ་ལ་ཡན་ལག་སྨན་ཁང་།   ཕྱི་ལོ་ ༡༩༧༧    ཟླ་    ༡༢   ཚེས ༡༩  ཉིན་བྷེལ་ཀོབ་ཡན་ལག་སྨན་ཁང་བཅས་གསར་འཛུགས་བྱས་པ་བཞིན་གཞི་རྐང་བརྟན་པོ་ཚུགས་པའི་ཐོག་ནད་མནར་འགྲོ་བའི་གདུང་སེལ་སྨན་བཅོས་ལས་དོན་ལ་རྒྱུན་ཆད་མེད་པར་བརྩོན་པའི་སྒོ་མོ་ཕྱེས།

 

༣༽སྨན་སྐོར་དང་ཚོགས་ཞུགས་ཚོགས་སྐོང་སྐོར།

ཕྱི་ལོ་ ༡༩༧༦ ལོར་ནུབ་ཕྱོགས་རྒྱལ་ཁབ་ཨི་ཊ་ལིར་བོད་སྨན་བགྲོ་གླེང་ཚོགས་འདུ་ཞིག་མཁས་དབང་ནམ་མཁའི་ནོར་བུ་ལགས་ནས་གོ་སྒྲིག་གནང་སྟེ། རྒྱལ་ཁབ་ཤར་ནུབ་གང་ས་ནས་སྨན་པ་དང་ཚན་རིག་པ་མཁས་ཅན་མང་པོ་གདན་འདྲེན་ཞུས་འདུག་པ་དེར།  སྨན་རྩིས་ཁང་གཞུང་འབྲེལ་ཐོག་གྲ་ཁང་དཀར་སྨན་པ་བློ་བཟང་སྒྲོལ་མ་ལགས་དང་དབུ་འཛིན་ཚ་རོང་འཇིགས་མེད་ལགས་རྣམ་གཉིས་ཚོགས་ཞུགས་ཀྱིས་བོད་སྨན་སྐོར་གསུང་བཤད་དང༌། ནད་པ་མང་པོར་བལྟ་རེག་དྲི་གསུམ་གྱི་སྒོ་ནས་བརྟག་དཔྱད་སྨན་བཅོས་དང༌། སྨན་རྩིས་ཁང་གི་སྒྲིག་འཛུགས་ངོ་བོ། བོད་སྨན་གྱི་ཁྱད་ཆོས་སོགས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཁྱབ་བསྒྲགས་གང་ལེགས་བྱེད་ཐུབ་པ་བྱུང༌འདུག།

 

ང་།༽ལས་བྱེད་འཕོ་འགྱུར།

ཕྱི་ལོ་ ༡༩༧༥ ལོར་སྨན་སློབ་སྐབས་གཉིས་པའི་ཁོངས་ནས་སྨན་པ་བཀའ་བཅུའི་གཞུང་ཚད་ལེགས་པར་སློབ་མཐར་ཕྱིན་པ་སྨན་པ་བརྒྱད་བྱུང་བ་ཟླ་སྒྲོན་ལགས་དང་། པདྨ་རྡོ་རྗེ། ངག་དབང་མཁྱེན་བརྩེ། སྐྱིད་འཛོམས་བུ་ཁྲིད། ཚེ་རིང་རྡོ་རྗེ། ཚེ་རིང་ཆོས་སྐྱིད། བསོད་ནམས་ལྷ་མོ། ཀུན་བཟང་སྒྲོལ་མ་བཅས་སྨན་པ་དཀའ་བཅུ་བའི་གཞུང་ཚད་སློབ་ཐོན་བྱུང་བ་དང་དུས་མཚུངས་འབུམ་སྡེ་ལ་དང་། རྡོ་རྗེ་གླིང་བཅས་ཡན་ལག་སྨན་ཁང་གསར་འཛུགས་ཀྱིས་དབུས་སྡེ་ཚན་ཁག་དང་ཡན་ལག་དེ་དག་ལ་སོ་སོའི་འདོད་མོས་ལྟར་སྨན་པའི་ལས་ཁུར་བསྐོ་བཞག་བསྩལ། རྒྱལ་ནང་བློ་བཟང་ནོར་བུ་མཆོག་ནས་དཀར་ནག་དབྱངས་གསུམ་རྩིས་ལ་སྦྱང་བརྩོན་གནང་བཞིན་པའི་སྐབས་སུ་འཛིན་སྐྱོང་གི་དགོས་དབང་གིས་ཨར་རྒྱག་གཞི་རྒྱ་ཆེ་བ་དེའི་དངུལ་རྩིས་པར་བསྐོ་བཞག་དང་། ཕྱི་ལོ་ ༡༩༧༦ ལོར་རྩིས་དྲུང་ཚེ་རིང་སྐྱིད་འཛོམས་ལགས་འཕོས་ཚབ་ཏུ་རྒྱལ་ནང་བློ་བཟང་ནོར་བུ་མཆོག་འགྲོ་ཕན་སྨན་རྩིས་ཁང་གི་དྲུང་ཆེར་བསྐོ་བཞག་བསྩལ་བ་བཞིན་ཕྱི་ལོ ༡༩༨༤ བར་དྲུང་ཆེའི་ལས་འཁུར་ཞུས།

 

ཕྱི་ལོ་ ༡༩༧༦ ལོར་རྩིས་དྲུང་དང་དངུལ་རྩིས་སྡེ་ཚན་གྱི་འགན་འཛིན་ཚེ་རིང་དབྱངས་འཛོམས་གནས་སྤོས་སུ་སོང་ཚབ་རྒྱལ་ནང་བློ་བཟང་ནོར་བུ་མཆོག་དྲུང་ཆེ་དང་དངུལ་རྩིས་སྡེ་ཚན་གྱི་འགན་འཛིན་གཅིག་ལྕོགས་ཐོག་བསྐོ་བཞག་གནང་། ལོ་འདིར་སྨན་པ་བློ་བཟང་ཆོས་འཕེལ་ལགས་རྡོར་གླིང་ནས་སྨན་རྩིས་ཁང་དུ་ཕེབས་འབྱོར་གྱིས་སྨན་སྦྱོར་ཁང་དུ་ལས་བགོས་གནང་།

 

ཕྱི་ལོ་ ༡༩༧༧ ལོར་སྨན་སྦྱོར་འགན་འཛིན་མཚོ་སྣ་སྨན་པ་འཇམ་དབྱངས་བཀྲ་ཤིས་ྋསྐུའི་བླ་སྨན་གཞོན་པར་བསྐོ་བཞག་བསྩལ་ཞིང་། དུས་དེ་ནས་བཟུང་དགོངས་པ་མ་རྫོགས་པར་སྐུའི་འཕྲོད་བཞེས་ཀྱི་ཞབས་ཕྱི་གང་ཐུབ་ཞུས། ལོ་དེར་གྲ་ཁང་དཀར་སྨན་པ་བློ་བཟང་སྒྲོལ་མ་ལགས་ཕྱི་རྒྱལ་དུ་ཕྱོགས་ཕེབས་གནང་སྟེ་དུས་ཡུན་རིང་པོ་ཕྱིན་པ་མ་ཟད།  ཕྱིར་འཁོར་མཚམས་སུའང་དུས་ཡུན་རིང་པོར་ལས་བཅར་མ་ཞུས་པར་བརྟེན་སྒྲིག་གཞི་གཞིར་བཟུང་འགྲོ་ཕན་སྨན་རྩིས་ཁོངས་ནས་དགོངས་ཞུ་གནང་དགོས་བྱུང་།

 

ཕྱི་ལོ་ ༡༩༧༨ ལོར་སྐབས་གསུམ་པའི་སྨན་སློབ་ཁོངས་ནས་སྨན་རྩིས་གཉིས་ལྡན་གྱི་སློབ་ཕྲུག་པ་སངས་ཡོན་ཏན་དང་།  རྣམ་རྒྱལ་ཚེ་རིང་།  ལ་དྭགས་ཚུལ་ཁྲིམས་རྒྱ་མཚོ། ཚེ་དབང་རྟ་མགྲིན། བསོད་ནམས་དབང་འདུས། བསོད་ནམས་ཚེ་རིང་བཅས་ནི་སྨན་རྩིས་གཉིས་ཀར་ཐོན་པ་བཞིན་ཁག་ཅིག་སྨན་ལས་སུ་ཞུགས་པ་དང་རེ་ཟུང་རྩིས་ལས་ལ་ཞུགས། གཅུང་ལགས། དགེ་ལེགས་རྒྱ་མཚོ། པདྨ་དབྱངས་འཛོམས་བཅས་མི་གྲངས་གསུམ་སྨན་པ་དཀའ་བཅུ་བའི་གཞུང་ཚད་ཐོན་ཏེ་ྋགོང་ས་མཆོག་ལ་མཇལ་ཁ་ཞུས་རྗེས་སྨན་སྦྱོར་ཁང་སོགས་དབུས་ཀྱི་སྡེ་ཚན་ཁག་དང་ཡན་ལག་སྨན་ཁང་བཅས་པར་ལས་བགོས་བཀོད་ཁྱབ་བསྩལ་བ་ལྟར་ལས་ཞུགས་ཞུས་པ་བཅས་འགན་འཛིན་བཞི་བའི་སྐབས་ཀྱི་བྱུང་བ་མདོ་ཙམ་མོ།།

 

བཀའ་འབྲེལ་བཞིན་དུ་ལོ་ངོ་ལྔ་ཡི་རིང་།།

སྔར་ཡོད་ཁྱིམ་གཞིའི་རྨང་རྡོ་ལེགས་བཅོས་ཀྱིས།།

ཁྲིམས་མཐུན་དེབ་སྐྱེལ་སོགས་ཀྱི་ལས་དོན་འགའ།།

ཡང་དག་བསྒྲུབས་པས་བགྲོད་ལམ་ཡངས་པོར་ཕྱེས།། །།


མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 11:11 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།