སྨན་རྩིས་དྲ་བ། - མདུན་ངོས།

ཛི་ཁཱ་གཉན་རིམས་ཀྱིས་བྱིས་པའི་ཀླད་པར་གནོད་སྐྱོན་གཏོང་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.04.2016
མདུན་ངོས། >>


ཛི་ཁཱ་གཉན་རིམས་ཀྱིས་བྱིས་པའི་ཀླད་པར་གནོད་སྐྱོན་གཏོང་བ།

 

ཉེ་ལམ་ཛི་ཁཱ་གཉན་རིམས་(Zika virus fever) ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བ་རཱ་ཛིལ་ནང་ཁྱབ་བརྡལ་ཤུགས་ཆེར་འགྲོ་བཞིན་ཡོད་པ་མ་ཟད། སྔར་རྒྱུན་དང་མི་འདྲ་བར་ཀླད་པ་དང་འབྲེལ་བའི་ནད་གཞི་བྱུང་བཞིན་ཡོད།


ཕྱི་ལོ་༢༠༡༦ ཟླ་༢ ཚེས་༡ ཉིན་འཛམ་གླིང་འཕྲོད་བསྟེན་ལས་ཁུངས་ནས་རྒྱལ་སྤྱིའི་ངོས་ནས་ནད་ཡམས་དེར་རྫ་དྲག་སྨན་བཅོས་དང་སྔོན་འགོག་བྱ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་འདུག
 

གཉན་རིམས་དེ་ལྷོ་ཨ་མི་རི་ཁས་གཙོས་པའི་རྒྱལ་ཁབ་༣༥ ནང་ཁྱབ་བརྡལ་འགྲོ་བཞིན་ཡོད་པ་དང་། རྒྱལ་ཁབ་དེའི་ནང་གསར་སྐྱེས་ལོ་ཆུང་བྱིས་པ་ཚོའི་ཀླད་པ་འཚར་ལོངས་ཡག་པོ་བྱེད་མ་ཐུབ་པར་རྒྱུན་ལྡན་ལས་ཀླད་བོངས་ཆུང་བའི་ནད་(microcephaly) མང་པོ་བྱུང་བ་དང་། གཉན་ནད་ཀླད་རྩར་ཞུགས་ནས་ནད་འགོག་མ་ལག་གིས་ལོག་པའི་ལས་བགྱིས་ནས་རྐང་ལག་ཞ་བ་དང་སྲོག་ཉེན་ཆེ་བའི་ནད་(GBS) ཡང་རྒྱལ་ཁབ་དེ་ཙམ་མ་ཟད་རྒྱལ་ཁབ་གཞན་དུའང་མང་པོ་འབྱུང་བཞིན་པའི་གནས་ཚུལ་ཡང་ཐོན་འདུག


ཚན་རིག་པས་སྔོན་འགྲོའི་ཞིབ་འཇུག་བྱས་པའི་གྲུབ་དོན་ལ་ཛི་ཁཱ་གཉན་རིམས་དང་གོང་གསལ་ཀླད་ནད་དབར་ཐད་ཀར་འབྲེལ་བ་ཡོད་པའི་ཚོད་དཔག་ཤུགས་ཆེར་བྱེད་བཞིན་ཡོད་པ་མ་ཟད། འདི་ཟླའི་ཚེས་༡༣ ཉིན་ཨ་རིའི་ནད་ཡམས་འགོག་བཅོས་ལྟེ་གནས་ཁང་(CDC)གིས་སྔར་ཞིབ་འཇུག་སྙན་ཐོ་མང་པོར་དབྱེ་ཞིབ་བགྱིས་ཏེ། ཛི་ཁཱ་གཉན་རིམས་ཀྱིས་བྱིས་པའི་ཀླད་པར་གནོད་སྐྱོན་གཏོང་གི་ཡོད་པ་མཐའ་སྡོམ་གནང་འདུག


གཉན་རིམས་འདི་ཕྱི་ལོ་༡༩༤༧ ལོར་ཡུ་གྷན་ཌའི་ཛི་ཁཱ་ནགས་ཚལ་ནང་ཚད་རིམས་ཞིག་ལ་ཞིབ་འཇུག་བྱེད་པའི་སྐབས་སྤྲེའུ་རིགས་ཤིག་ནས་ཛི་ཁཱ་གཉན་རིམས་ཀྱི་ནད་འབུ་དེ་ཐོག་མར་འཚོལ་རྙེད་དང་། ཕྱི་ལོ་༡༩༤༨ ལོར་དུག་སྦྲང་རིགས་(Andes aegypti mosquito)ནས་སླར་ཡང་ནད་འབུ་འདི་རྙེད་གསོན་བྱུང་འདུག ཕྱི་ལོ་༡༩༥༢ ལོར་ཡུ་གྷན་ཌ་དང་ཏན་ཛ་ནིཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་ལ་འགོས་ཁྱབ་བྱུང་བའི་གནས་ཚུལ་ཐོག་མར་ཐོན་འདུག
 

སྤྱིར་བཏང་ཛི་ཁཱ་གཉན་རིམས་འདི་བཞིན་དུག་སྦྲང་གིས་སོ་བརྒྱབ་ནས་འགོས་ཁྱབ་འགྲོ་བ་དང་། ཡང་ནད་ཡམས་དེ་འགོས་པའི་མི་དང་འཁྲིག་སྦྱོར་བྱས་ནའང་འགོས་ཁྱབ་འགྲོ་གི་ཡོད་པ་ཤེས་འདུག

ནད་ཡམས་དེ་འགོས་ནས་ཉིན་གཉིས་ནས་བདུན་ཕྲག་གཅིག་བར་ཚ་བ་འབར་བ་དང་། ལྤགས་མདོག་འགྱུར་བ། མིག་སྤྲིན་དམར་པོ་ཆགས་པ། ཤ་གནད་དང་རུས་ཚིགས་གཟེར་བ། མགོ་ན་བ་སོགས་ཀྱི་རྟགས་སྟོན་གྱི་ཡོད། འོན་ཀྱང་མཚམས་རེ་ནད་རྟགས་གང་ཡང་སྟོན་གྱི་མེད་སྟབས་ནད་གཞི་འགོས་ཁྱབ་བྱུང་བའང་ཤེས་རྟོགས་ཐུབ་ཀྱི་མེད་ལ། འདས་པའི་ནང་གཉན་རིམས་འདི་ལྟར་སྣང་འཕྲལ་ནད་ལྟ་བུར་ངོས་འཛིན་བྱས་འདུག འོན་ཀྱང་དེང་སྐབས་ཚན་རིག་པས་ཞིབ་འཇུག་བྱས་པ་བརྒྱུད། གལ་ཏེ་སྦྲུམ་ལྡན་ལ་ནད་ཡམས་དེ་འགོས་ཁྱབ་བྱུང་བ་ཡིན་ན་བྱིས་པར་ལྷན་སྐྱེས་ཀླད་པའི་ནད་ཡོང་སྲིད་པ་དེང་སྐབས་ཚན་རིག་པས་ངོས་འཛིན་གཅིག་མཐུན་གནང་བཞིན་ཡོད་སྟབས། ད་ལྟ་ནད་ཡམས་འདི་ཧ་ཅང་ཉེན་ཚབས་ཆེ་བའི་ནད་གཞིར་གྱུར་ཡོད།

དུག་སྦྲང་བརྒྱུད་ནས་འགོས་ཁྱབ་བྱུང་བའི་ནད་གཞི་དེ་དག་སྔོན་འགོག་བྱེད་ཐུབ་པའི་ཐབས་ལམ་མང་པོ་ཞིག་ཡོད། དུག་སྦྲང་ཡོད་པའི་ས་གནས་གང་ཞིག་ལ་ཉལ་བའི་སྐབས། ཉལ་གུར་འབུབས་དགོས་པ་དང་། ཕུ་ཐུང་རིང་པོ་ཡོད་པའི་གུ་ཐུང་སྡོད་ཐུང་གྱོན་དགོས་པ། འབུ་སྲིན་རིགས་རང་གི་སར་མི་ཡོང་བའི་ཆེད་དུག་རྫས་རིགས་ཁྲོམ་གཞུང་ནས་ཉོས་ཏེ་བེད་སྤྱོད་བྱེད་དགོས་པ་ཡིན། དེར་མ་ཟད་གྲོད་ཁོག་སྟོང་པ་དང་སེམས་ཞུམ་པའི་སྐབས་རིམས་ནད་འགོ་སླ་བས་སྔོན་འགོག་ངེས་པར་དུ་བྱ་དགོས།
 

མཐའ་མའི་འདོན་ཐེངས་།: 03.05.2016 ཉིན། 3:01 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཐེངས་ལྔ་པ་ལེགས་གྲུབ།

ལུས་སེམས་འཕྲོད་བསྟེན་ཟུང་འབྲེལ་སྐོར།

ངོ་མཚར་རྩ་བདུན་བརྟག་པའི་ཚུལ།

གསར་འགོད་གསལ་བསྒྲགས།

གཞིའི་སྐུ་གསུམ་ལམ་འཁྱེར་རབ་གསལ་སྒྲོན་མེ།

ཆགས་པའི་རྩའི་སྐོར་གྱི་བཞེད་ཚུལ།

ཨ་རིར་རིག་གཞུང་གོ་རྟོགས་ཆེད་བསྐྱོད་རྒྱུ།

དཔོན་ཚང་ཡེ་ཤེས།

དཀོན་མཆོག་འགྲོ་ཕན་དབང་པོ།

འབྲི་གུང་ཆོས་གྲགས།

གཙང་སྨན་ཡེ་ཤེས་བཟང་པོ།

བླ་སྨན་ཆེན་པོ་ཐབས་མཁས་པ།

འཆི་རིམ་དང་ཐུགས་དམ་སྐོར།

ཟི་ན་ངག་དབང་ཚུལ་ཁྲིམས་དར་རྒྱས།

སུམ་པ་ཡེ་ཤེས་དཔལ་འབྱོར།