སྨན་རྩིས་དྲ་བ། - མདུན་ངོས།

ཚགས་པར་ནང་ཟས་རིགས་མ་བསྒྲིལ་རོགས། འཕྲོད་བསྟེན་ལ་གནོད་ཟེར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 13.12.2016
མདུན་ངོས། >>


ཚགས་པར་ནང་ཟས་རིགས་མ་བསྒྲིལ་རོགས།

འཕྲོད་བསྟེན་ལ་གནོད་ཟེར།

 

འདི་ཟླའི་ཚེས་༦ཉིན་རྒྱ་གར་གཞུང་ཟས་རིགས་བདེ་འཇགས་དང་སྤུས་ཚད་དོ་དམ་ཁང་(FSSAI)གིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། གཡོས་སྦྱོར་ཟིན་པའི་ཟས་རིགས་ཚགས་པར་ནང་བསྒྲིལ་ཏེ་ཟོས་པ་ཡིན་ན་མིའི་འཕྲོད་བསྟེན་ལ་གནོད་སྐྱོན་ཚབས་ཆེན་གཏོང་གི་ཡོད་པས་མྱུར་དུ་མཚམས་འཇོག་དགོས་པའི་ནན་བསྐུལ་གནང་འདུག


ཚགས་པར་ནང་ཟས་རིགས་སྒྲིལ་ཐུམ་བྱས་ན་འཕྲོད་བསྟེན་ལ་གནོད་སྟངས་སྐོར་འཁོད་དོན།
དེ་ཡང་ཚགས་པར་ནང་གི་ཡི་གེ་དང་རི་མོ་སོགས་སྣག་ཚས་བྲིས་པ་ཡིན་དུས་ཟས་རིགས་ཚགས་པར་ནང་བསྒྲིལ་ན་སྣག་ཚ་འགོས་ཏེ་སྦག་བཙོག་ཆགས། དེ་དག་ང་ཚོས་ཟོས་པ་ཡིན་ན་རང་རེའི་འཕྲོད་བསྟེན་ལ་གནོད་སྐྱོན་ཚབས་ཆེན་གཏོང་གི་ཡོད། གང་ལགས་ཤེ་ན་སྣག་ཚའི་ནང་མིའི་ལུས་ཁམས་ལ་གནོད་པའི་དུག་རྫས་རིགས་མང་པོ་ཡོད། སྣག་ཚའི་ཁ་མདོག་མི་འདྲ་བ་ལ་ཚོན་རྫས་མི་འདྲ་བ་དང་། འབྱར་རྫས། རུལ་སུངས་འགོག་བྱེད་ཀྱི་རྫས་སོགས་ཡོད། དེར་མ་ཟད་ཚགས་པར་རྣམས་གཞན་གྱིས་བེད་སྤྱོད་བྱས་ཟིན་པ་ཞིག་ཡིན་དུས་ཚགས་པར་བརྒྱུད་ནད་འབུ་ཕྲ་མོའི་རིགས་ཀྱང་ང་ཚོར་འགོ་སྲིད་པ་ཡིན་ཞེས་འཁོད་འདུག

 

ཤོག་སྒམ་ནང་ལའང་ཟས་རིགས་སྒྲིལ་ཐུམ་བྱས་ན་འཕྲོད་བསྟེན་ལ་གནོད་ཀྱི་ཡོད་པའི་སྐོར་འཁོད་དོན། ཚགས་པར་ཙམ་མ་ཟད་ཤོག་བུ་རྙིང་པ་ལས་བཟོས་པའི་ཤོག་སྒམ་རིགས་ལའང་ཅ་དངོས་མཉེན་འགྱུར་བཟོ་བའི་རྫས་(phthalates)ཡོད་སྲིད་པས། རྫས་དེས་འཇུ་བྱེད་མ་ལག་ལ་གནོད་སྐྱོན་གཏོང་བ་དང་ཚབས་ཆེ་བའི་རྫས་དུག་ལའང་འགྱུར་ཉེན་ཡོད། ལྷག་པར་དུ་དེས་ན་ཚོད་རྒས་པ་དང་བྱིས་པ། ད་དུང་གཅོང་ནད་དང་ནད་འགོག་མ་ལག་ཞན་པའི་མི་རྣམས་ལ་འབྲས་ནད་དང་འབྲེལ་བའི་བླ་གཉན་སློང་ཉེན་ཆེན་པོ་ཡོད་ཅེས་འཁོད་འདུག

 

མཐར་རྒྱ་གར་གཞུང་ཟས་རིགས་བདེ་འཇགས་དང་སྤུས་ཚད་དོ་དམ་ཁང་གིས་་འབོད་བསྐུལ་གནང་དོན། ཚགས་པར་ནང་ཟས་རིགས་སྒྲིལ་ན་འཕྲོད་བསྟེན་ལ་གནོད་ཚབས་ཆེན་པོ་ཡོད་པ་འབྲེལ་ཡོད་ཟ་ཁང་དང་། ཟས་རིགས་འཚོང་འགྲེམས་མཁན། རྒྱ་ཆེའི་འཛད་སྤྱོད་པ་བཅས་ལ་གོ་རྟོགས་སྤེལ་ཏེ། ཚགས་པར་ནང་ཟས་རིགས་སྒྲིལ་བའི་ངན་གོམས་མྱུར་དུ་མཚམས་འཇོག་དགོས་པའི་ནན་བསྐུལ་དང་། མངའ་སྡེའི་འབྲེལ་ཡོད་ཚན་པས་གོ་རིམ་ལྡན་པའི་ལས་འགུལ་སྤེལ་དགོས་པའི་རེ་བསྐུལ་ཡང་གནང་འདུག

མཐའ་མའི་འདོན་ཐེངས་།: 15.12.2016 ཉིན། 2:43 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཧི་མ་ཅལ་མངའ་སྡེའི་ནང་ཕག་པའི་ཆམ་རིམས་ཀྱི་འཇིགས་སྣང་།

ནུས་པ་གྲང་བསིལ་ཆེས་པའི་སྣུམ་གྱིས་ནད་སྣ་ཚོགས་སྐྱེད་པར་བཤད།

སྨན་རྩིས་སློབ་མ་གསར་བསྡུའི་རྒྱུགས་རིམ་དང་པོའི་གྲུབ་འབྲས།

མིང་དོན་བརྡ་སྤྲོད་རྣམ་ལྔ།

གཙང་སྨན་པའི་བསླབ་བྱ་དང་སྐྱོ་མགུར།

གཙང་སྨན་པའི་སྨན་གྱི་འདྲ་དཔེ།

སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྨན་རྩིས་རིག་གནས་ཐད་ཀྱི་མཛད་རྗེས་གཙོ་བོ།

སྨན་རྩིས་ཁང་འགན་འཛིན་མཆོག་གི་གསུང་བཤད།

ཡོ་ག་ལག་ལེན་དམར་ཁྲིད་དབུ་ཚུགས་པ།

རིགས་ལམ་ངོ་སྤྲོད་སོགས་ཀྱི་འཆད་ཁྲིད་མུ་མཐུད་གནང་རྒྱུ།

ལོ་ངོ་ ༡༠༡ འཁོར་བའི་དུས་དྲན་མཛད་སྒོ།

བརྟག་ཐབས་རིག་པའི་རྒྱལ་ཡོངས་ཚོགས་འདུའི་སྒོ་འབྱེད་གཏམ་བཤད།

གཏེར་བདག་གླིང་པ།

ཉི་ཐང་སྨན་མཁྱེན་བློ་བཟང་རྒྱ་མཚོ།

རྒྱལ་བ་ལྔ་པ་ཆེན་པོ།