སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

ཙན་པ་ཤི་ལ་ཧ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.03.2014
གསོ་རིག་མཁས་དབང་རིམ་བྱོན། >>


ཙན་པ་ཤི་ལ་ཧ།

- བྱམས་པ་འཕྲིན་ལས།


ཙན་པ་ཤི་ལ་ཧ་(1)ཞེས་པ་ནི་བོད་ཀྱི་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱི་སྲས་ལྗང་ཚ་ལྷ་དབོན་གྱི་བཙུན་མོར་ཁྲང་རྔན་ནས་གྱིམ་ཤིང་ཀོང་ཇོ་བོད་ལ་བསུས་པའི་དུས་སྐབས་དང་།  དེ་རྗེས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་ནམ་ཚངས་པ་ལྷའི་མེ་ཏོག་གིས་རྒྱལ་སྲིད་ཐོག་མར་སྐྱོང་བའི་དུས་སུ་བོད་ལ་གདན་དྲངས་པའི་སྤྲུལ་པའི་སྲས་གསུམ་ཞེས་པའི་ནང་ནས་གཅིག་ནི་ཙན་པ་ཤི་ལ་ཧ་ཡིན་པ་《སྡེ་སྲིད་ཁོག་འབུགས་》སོགས་ལས་གསལ་བ་དང་།  བོད་ལ་བཞུགས་ཡུན་ཅུང་རིང་ཙམ་ཡིན་ཚོད་འདུག

དེའི་རིང་ཙན་པ་ཤི་ལ་ཧས་ཁྲོམ་གྱི་ཁྱད་ཆོས་ལྡན་པའི་སྨན་གཞུང་མི་ཉུང་བ་ཞིག་བསྒྱུར་པ་དང་བརྩམས་པའི་ནང་《རྒྱུད་ཤེལ་གྱི་མེ་ལོང་》ལེའུ་ལྔ་བཅུ་པ། དེ་ལ་བརྟེན་ནས་《བྱང་ཁོག་སྟོད་ཀྱི་དམར་བྱང་གསལ་བའི་སྒྲོན་མེ།》 ལེའུ་བཞི་བཅུ་ཞེ་གཉིས། 《སྨད་ཀྱི་དམར་བྱང་འཕྲུལ་གྱི་ལྡེ་མིག》《ལེའུ་ཉེར་ལྔ་པ། 《ཡན་ལག་གི་བཅོས་ཐེམ་བྱང་》ལེའུ་བཞི་བཅུ་ཞེ་གཉིས། དེ་རྣམས་ཀྱི་འགྲེལ་པ་《གསང་ཏི་ཀ་གསུམ་》བཅས་ཐུན་མོང་མ་ཡིན་པ་གསང་བའི་བུ་བཞི་སོགས་རྒྱས་པའི་སྐོར་དང་།  འབྲིང་བར་《བཻ་བུམ་སྨུག་པོ་ཏིག་ཡང་ཏིག་》གཉིས་དང་།  ཤིན་ཏུ་བསྡུས་པ་《ཡི་གེ་དམར་ཆུང་རྩ་འགྲེལ་ཏིག་གསུམ། དེ་མིན་བྱང་ཁོག་ལེའུ་གསུམ་ག་དྲིལ་བ་ལ་《བདུད་རྩི་མེ་ལོང་》གི་སྐོར་ལེའུ་ཆེ་བ་བརྒྱད་དང་།  ཆུང་བ་བཅུ་གསུམ་སྟེ་ཉེར་གཅིག་《རྨ་སྐོར་གསུམ་སྟོན་པ་ཐིག་ལེ་གསལ་བའི་མདོ།》 མགོ་བྱང་ཁོག་འབྲེལ་མར་བཅོས་པ་《དོན་སྙིང་རྣམ་པ་ལྔའི་དཔྱང་ཐག།》 རྒྱ་ནག་གི་དྲང་སྲོང་གིས་མཛད་པ་《རིན་ཆེན་དབྱིག་》ལེའུ་བདུན་ཅུ་པ་དང་།  《མོ་དབྱིག》 ལེའུ་བདུན་པ་དྲིལ་བས་བམ་པོ་ཉི་ཤུ་རྩ་ལྔ་པ། ཕྱག་རྡོར་གྱིས་མཛད་པ་《མགོ་བོའི་རྩོད་བཟློག》 སྤྲུལ་པའི་ཁྱེའུས་མཛད་པ་《བདུད་རྩི་དར་ཡ་ཀན་ལྷུང་བཟེད་ཀྱི་འཕྲུལ་འཁོར།》 དེའི་འགྲེལ་པ་ཧྭ་ཤང་མཧཱ་ཀྱིན་དས་མཛད་པ་《མདོ་བྱང་ཆེ་ཆུང་།》བྱ་བ་དང་།  《ཉེས་དམིགས་སུམ་ཅུ་རྩ་ལྔ་པ།》 《རོ་བཀྲ་འཕྲུལ་གྱི་མེ་ལོང་》ཉེའུ་ཉེར་དྲུག་པ། 《རོ་བཀྲ་ཐ་གུ་དགུ་སྦྱོར།》 《གསོན་ཐིག་རོ་ཐིག་གི་རྣམ་གཞག་དྲང་སྲོང་མིའི་ཁོག་པ་》ལེའུ་བཅུ་པ། དྲང་སྲོང་རྒྱུན་ཤེས་ཀྱིས་མཛད་པར་གྲགས་པ་《བྱང་ཁོག་ཁྲེམས་ཀྱི་མདོ་》ཞེས་བྱ་བ་དང་།  ཡན་ལག་ལ་《དྲང་སྲོང་གི་ཀེང་རུས་ཆེ་ཆུང་》བྱ་བ་དང་། 《ལེའུ་བཅུ་གསུམ་པ་》བྱ་བ་དང་།  《ཚིགས་ཀྱི་སྡོམས་ཀྱི་ལེའུ་》ཞེས་བྱ་བ་དང་།  《རིན་པོ་ཆེའི་མཛོད་ཕན་པ་སྨན་གྱི་ལེའུ་བཅུ་པ།》 《སྨན་པ་ལ་རབ་ཏུ་གཅེས་པའི་ལེའུ་བཞི་པ་》དང་།  《རིན་པོ་ཆེའི་ཕྲེང་བ་》ཞེས་བྱ་བ་ལེའུ་ལྔ་བཅུ་པ། 《རིན་པོ་ཆེའི་དབྱིག་》ལེའུ་བདུན་ཅུ་པ་རྣམས་བསྒྱུར་ནས་རྒྱལ་པོ་ལ་ཕུལ་བས་དེ་རྣམས་ཕྱོགས་གཅིག་ཏུ་ཟ་འོག་གི་སྒྲོམ་བུར་བཞུགས་པ་ལ་《བླ་དཔྱད་ཀྱི་གཞུང་འཚོ་བའི་མདོ་》ཞེས་སུ་གྲགས།

ཙན་པ་ཤི་ལ་ཧ་དེས་ཕྱིས་བོད་དུ་སྲིད་བསྐྱངས་པས་བི་ཇིའི་བརྒྱུད་པ་སྔར་ནས་བྱུང་རུང་འདི་ནས་ཀྱང་འཕེལ་ཞེས་ཟེར། སློབ་བརྒྱུད་ལ་ཞང་དང་།  སྟོང་དང་།  བྲང་ཏི་གསུམ་གྱིས་གཙོས་དུ་མར་འཕེལ། དེ་གསུམ་པོས་མདོ་ཁམས་ཀྱི་སོ་ཁ་བསྲུང་བ་པོ་ལོ་བཞི་བྱས་པའི་བྱ་དགའ་ལ་རྒྱལ་པོས་《རྒྱུད་ཤེལ་གྱི་མེ་ལོང་》དང་《རྨ་བཅོས་མ་བུ་བཅུ་བདུན་》སོགས་རྒྱས་འབྲིང་བསྡུས་གསུམ་ཡི་གེ་དམར་ཆུང་དང་བཅས་པ་གནང་སྟེ་མི་བརྒྱུད་ནས་མི་བརྒྱུད་བར་རྒྱལ་པོའི་བླ་སྨན་དུ་དབང་བསྐུར་ཞིང་དམག་ནས་ཀྱང་བཏོན་པར་གྲགས།

          ཡང་བཤད་ཚུལ་ལ་ལར་རྒྱལ་པོས་ཙན་པ་ཤི་ལ་ཧའི་སློབ་མ་སྟོང་བཞེར་མེས་པོ་ལ་མགོ་དཔྱད། བྲང་ཏི་རྒྱལ་མཉེས་མཁར་བུར་བྱང་ཁོག ཞང་ལྷ་མོ་གཟི་ལ་ཡན་ལག་རྣམས་ཀྱི་བཅོས་གནང་བའི་སྐོར་ཡང་མཆིས། མཐའ་གཞུང་ཙན་པ་ཤི་ལ་ཧ་རང་ཡུལ་དུ་འབྱོན་ཁར་སྲས་ལ་གདམས་པ། 《བེ་བུམ་ནག་པོའི་སྐོར་འཇལ་ཚད་དང་བཅས་པ་》དང་།  ཙ་ར་ཀས་མཛད་པ་《དྲང་སྲོང་སྙིང་རྒྱུད་མགོ་བྱང་ཁོག་ཡན་ལག་གི་པྲ་ཁྲིད་སྐོར་གསུམ་》དང་།  མགོ་བྱང་ཁོག་འདུ་བ་ཐོར་བུ་དང་བཅས་པའི་བཅོས་ཐབས་རྩ་བའི་མན་ངག་དོན་བརྒྱད་པ་རྣམས་ལ་《བི་ཇིའི་པོ་ཏི་ཁ་སེར།》 ཞེས་པ་རྣམས་བརྩམས་ནས་རྒྱལ་པོར་ཕུལ་བ་ལས། ཕྱི་མ་ལ་《རྒྱལ་པོའི་བླ་ཡིག་འོད་འབར་》ཞེས་པའི་མཚན་ཀྱང་བཏགས་སོ།།

         གཞན་ཡང་《སྡེ་སྲིད་ཁོག་འབུགས་》ནང་《བཀའ་ཐང་》ལེའུ་གྱ་ལྔ་པའི་ལུང་དྲངས་ཏེ་གསུངས་དོན། རྒྱ་ནག་སྨན་པ་ཧྭ་ཤང་དེ་ཝ་དང་།  བླ་སྨན་ཉང་ཙན་ཤི་ལ་ཧ་སོགས་པས། །ཡན་ལག་བརྒྱད་པ་བདུད་རྩི་སྙིང་པོ་དང་།  །སྨན་གྱི་བཅུད་ལེན་བྱེད་ཐབས་མང་པོ་བསྒྱུར། །ཞེས་《རྒྱུད་བཞི་》རྒྱ་ནག་ནས་བྱུང་བ་སྒྱུར་མཁན་གྱི་ལོ་ཙཱ་ཡིན་པར་བཤད་སྲོལ་ཡོད་ཅེས་གསལ། མཁས་གྲུབ་གཉིས་ལྡན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་《ཤེས་བྱ་ཀུན་ཁྱབ་མཛོད་》ཀྱི་གསོ་རིག་ལོ་རྒྱུས་ནང་།  ཙན་པ་ཤི་ལ་ཧས་རྒྱ་ནག་གི་གཞུང་དུ་མ་བསྒྱུར་ཞིང་རྩོམ་བརྒྱུད་མང་དུ་བྱུང་ཞེས་འཁོད་འདུག་པས་སྐབས་དེར་ཁྲོམ་གྱི་ཁྱད་ཆོས་ལྡན་པའི་གསོ་རིག་ཙམ་དུ་མ་ཟད་ཀྲུང་དབྱི་གསོ་རིག་ཀྱང་ཙན་པ་ཤི་ལ་ཧས་མཁྱེན་གྱི་ཡོད་སྟབས་བོད་ཀྱི་གསོ་རིག་སྔར་ལས་ལྷག་པའི་གོང་འཕེལ་འགྲོ་རྒྱུར་མཛད་རྗེས་ཆེ་བ་ཞིག་ཡིན།

གོང་གསལ་ཙན་པ་ཤི་ལ་ཧ་བོད་དུ་བཞུགས་རིང་བསྒྱུར་ཞིང་བརྩམས་པའི་སྨན་གཞུང་སྐོར་ད་ལྟ་འདི་ཡིན་མ་མཐོང་རུང་།  《བི་ཇིའི་པོ་ཏི་ཁ་སེར་》ཞེས་པ་ད་ལྟའང་ལྗོངས་སྨན་རྩིས་ཁང་དུ་ཉར་འཚག་(ཚགས་)བྱས་ཡོད་པས་འདི་ནི་དུས་རབས་བརྒྱད་པའི་ནང་བྱུང་བའི་སྨན་གཞུང་སྔ་ཤོས་ཀྱི་གྲས་ཡིན་ནོ།།


མཆན་བུ།

            (1) ཙན་པ་ཤི་ལ་ཧ་ཞེས་པ་ཁྲོམ་གྱི་སྐད་ཡིན་ཞིང་།  དེའི་དོན་འདི་ཡིན་མ་རྙེད་ཀྱང་ཆོས་རྒྱལ་མེས་ཨག་ཚོམ་དང་།  ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་ལོ་རྒྱུས་མང་པོའི་ནང་ཙན་པ་ཤི་ལ་ཧའི་མཚན་འདུག ཁོང་ནི་སྨན་རྩིས་སོགས་རིག་གནས་ལ་ཧ་ཅང་མཁས་པའི་ཁར་རྒྱའི་སྐད་ཡིག་ཀྱང་བྱང་ཆུབ་པ་ཞིག་ཡིན་པ་འདྲ། 《པདྨ་བཀའ་ཐང་། ཤོག་གྲངས་༡༡༣་ན་༣》ནང་ཁྲི་སྲོང་ལྡེའུ་བཙན་འཁྲུངས་ཤིང་རྒྱལ་སྲིད་བཟུང་བའི་ལེའུ་ང་བཞི་པ་ལས། རྒྱ་ནག་མཁས་པ་བི་རྗེ་ཙན་པ་ཡིས། །གབ་རྩེ་བཏིང་ནས་བཟང་ངན་རྩིས་པའི་ལུང་།  །རྒྱ་ཡི་གཙུག་ལག་སྤོར་ཐང་ཁྲ་མོ་ལས། །དཔལ་འབར་མི་ཡི་འཁྲུངས་དཔེ་རྩིས་སུ་ཤར། །ཞེས་པ་དང་།  ཡང་《ཤོག་གྲངས་༡༡༤་ན་༤》ལས། དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས། བླ་མཁྱེན་བི་རྗེ་ཙན་པར་མངའ་གསོལ་ནས། །བོད་ཡུལ་ལུང་པའི་ས་དཔྱད་གང་ལེགས་བཙལ། །ཞེས་དང་།  ཡང་《པདྨ་བཀའ་ཐང་། ཤོག་གྲངས་༡༢༤ བ་༦》ནང་།  སྒྲ་བསྒྱུར་པའི་ལེའུ་གྱ་བཞི་པ་ལས། ཤར་སྒོ་འཇམ་དཔལ་གླིང་དུ་རྩིས་སྨན་བསྒྱུར། །རྒྱ་ནག་སློབ་དཔོན་ཧ་ར་ནག་པོ་དང་།  ཧྭ་ཤང་མཧཱ་ཡ་ན་སུ་ཏྲ་དང་།  །མཧཱ་རྭ་ཛ་མཧཱ་དེ་ཝ་དང་།  །ལོ་ཙཱ་བི་རྗེ་ཙན་པ་ཤི་ལ་སོགས། །བོད་ཀྱི་མཁས་པ་མི་བཞིས་ནག་རྩིས་བསྒྱུར། །ཕྱི་འགྱུར་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱིས། །བི་རྗེ་ཙན་པ་ཤི་ལ་གདན་དྲངས་ནས། །རྒྱ་ཡི་བསྟན་པ་བཅོ་བརྒྱད་བསྒྱུར་འཕྲོ་བསྒྱུར། །དེ་ཡི་དུས་ན་ལོ་པཎ་ཐམས་ཅད་ལ། །བློན་པོ་མགོས་ཀྱིས་ཟ་འགྱོགས་བྱས་པའི་གྲལ། །མདོ་སྔགས་རྩིས་སྨན་ཆོས་ཀྱི་བགྲོ་གླེང་མཛད། །ཅེས་གསལ་ལོ།།


- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།



མཐའ་མའི་འདོན་ཐེངས་།: 12.12.2017 ཉིན། 3:23 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།