སྨན་རྩིས་དྲ་བ། - དྲི་མེད་ཤེལ་ཕྲེང་།

མཇུག་བྱང༌།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 14.06.2015
དྲི་མེད་ཤེལ་ཕྲེང་། >>

 

མཇུག་བྱང༌།

འདིར་སྨྲས་པ། སྟོབས་བཅུ་མངའ་བའི་མཁྱེན་བརྩེ་ཇི་སྙེད་པ། །བྱེད་པོས་གཅིག་ཏུ་བསྡུས་དང་རྣམ་པ་ཀུན། །མཚུངས་པ་རྣམ་འདྲེན་མཆོག་གི་སློབ་དཔོན་ཆེས། །ལེགས་བཤད་སྨྲ་ཀུན་དབུས་ན་མངོན་པར་མཐོ། །གང་དེའི་གསུང་གསང་རྣམ་པ་ཐམས་ཅད་པ། །སྐད་ཅིག་རྣར་ལྷུང་མོད་ལ་མཐའ་མེད་པའི། །འཁྲུལ་བའི་གྲོང་ཁྱེར་མ་ལུས་འཇོམས་པའི་མཐུ། །མངའ་དེ་དྲན་ཅིང་སྙིང་ནས་མཆི་མ་དཀུ། །ཟད་པའི་མཐའ་བྲལ་རྗེས་འཛིན་རིག་པ་དང༌། །བདག་བློ་ལྷན་ཅིག་འགྲོགས་ནས་རིང་ལོན་མཐུས། །གཞན་གྱིས་མི་སྤོབས་ཚུལ་འདིའི་གཏིང་མཐའ་ཀུན། །སྐད་ཅིག་གཞལ་ལ་ངལ་བ་བརྟེན་དོན་ཅི། །རྒྱུད་མང་ཆུ་གཏེར་ལས་འཐོན་འོད་བརྒྱ་པའི། །སྙིང་པོ་རྗོད་བྱེད་སྲད་བུར་ཆགས་པའི་ལྕིད། །འདོད་དགུའི་སྣང་བརྙན་ཕུན་ཚོགས་བཀྲ་བ་ཅན། །དྲི་མེད་ཤེལ་ཕྲེང་ཞེས་བོད་དོན་དང་ལྡན། །འགྲེལ་ཆེན་ཕལ་ཆེར་ཆུ་ཤིང་སྡོང་པོ་ཆེ། །མཐོང་ལ་དགག་བཞག་ཚིག་འདབ་འབུམ་ལྡན་ལྗོན།།  སྤྲོས་ན་དཔྱོད་ལྡན་བྱ་ཚོགས་འདུ་བའི་རྟེན། །འབྱུང་ལ་འཚོགས་ནས་འབྲས་བཟང་མྱངས་པས་ཚིམ། །ཐོས་པའི་ལུང་གི་མེས་གཞུས་སྐྱོན་ཡོན་ཤན། །བསམ་པའི་རིག་པས་དྭངས་སྙིགས་འབྱེད་པའི་བྲུན། །ཆུ་ཤིང་སྡོང་སྟེང་འདོར་ལ་རྨང་ཆགས་པ། །འོས་ཀྱང་ཡི་གེར་འཇིགས་པས་རེ་ཞིག་བཤོལ། །འོན་ཀྱང་ད་ལྟ་འཚོ་བཞེས་རྣམས། །འདིར་འགལ་གང་མཆིས་འདི་ཞེས་ཟློས། །དེ་ལ་ལུང་རིགས་ཚད་ལྡན་པའི། །གཟུ་ལུམས་བྲལ་བའི་ལན་བསྙད་དོ། །འོལ་ཙམ་མིན་པར་དཔྱད་གསུམ་ལྕེས། །མྱང་གིན་བདའ་བའི་རོ་མངའ་བས། །རྩབ་མོས་མྱོས་པའི་ཁ་རླངས་དྲི། །སྐྱུར་དུག་སྤྲོ་བའི་གོ་སྐབས་འགགས། །ཀྱེ་མ་སྙིགས་མུན་སྨག་བོད་འདིར། །གསོ་རིག་བདུད་རྩིའི་འབྲས་འཐོར་བ། །ཚོད་བསྙབས་སྤར་མོས་ཟིན་པ་ཉུང༌། །རེ་ཉུང་ཟིན་པ་རྡུལ་དང་བཅས། །ཐོས་ཆུང་ལོངས་སྤྱོད་འབྱོར་ལྡན་པ། །ཆེ་ཟོབ་མིང་གིས་གྲགས་ཐོན་འགར། །བསྟན་ནས་མན་ངག་ཤོག་དྲིལ་རེའི། །འབྲུག་སྒྲ་ལྡིར་དང་འདི་མི་འདྲ། །རིན་ཆེན་འབུམ་གྱི་སྙིང་པོ་ཅན། །ལེགས་བཤད་ཀུན་གྱི་འབྱུང་གནས་ཆེ། །ཆུ་ཡི་གཏེར་བཞིན་གཏིང་རིང་བ། །བསིལ་ལྡན་ལྗོངས་འདིར་ཁྱད་པར་འཕགས། །མཁས་གྲགས་ཐོན་རྣམས་དོན་འགྲེལ་མི་སྤྲོ་ན། །གྲགས་པ་དོན་མེད་ལུང་རིགས་ཚད་ཕེབས་པའི། །ལེགས་བཤད་བརྩམས་པ་སྐལ་བཟང་བསམ་འཕེལ་གྱི། །ནོར་ལས་ངོ་མཚར་འབུམ་སྡེས་ལྷག་པར་བརྒལ། །འདི་ལྟར་ལྷག་བསམ་རྣམ་དཀར་འོ་མའི་རྒྱ་མཚོ་ངལ་མེད་འབད་བརྒྱས་རྩོལ་དྲག་བསྲུབས་པའི་ལྦུ། །མ་རྟོག་ལོག་འབྱམ་ཆུ་དང་རབ་འབྱེད་སྙིང་པོ་བཅུད་ལྡན་མར་དུ་བསྒྲིལ་བའི་དགེ་ལེགས་མཐུས། །རྒྱུད་དྲུག་བག་ཆགས་བརྟས་པའི་རང་གཟུགས་རྒྱུ་འབྲས་རླུང་གིས་རབ་མྱོས་ཐར་བགྲོད་གོམ་འཆོལ་རྣམས། །བཀྲེས་རྒུད་ཕོངས་པའི་གོ་སྐབས་དང་བྲལ་རྫོགས་ལྡན་བདེ་སྐྱིད་སྣུམ་པོའི་ལང་ཚོ་རྒྱས་གྱུར་ཅིག ཅེས་གསོ་བ་རིག་པའི་གཞུང་ལུགས་ཆེན་པོ་འདིར་བརྩོན་པ་དག་ལ་དགོས་ཆེད་གོང་སྨོས་འདི་ལྟར་དགོས་ཞེས།  སྔ་ནས་བཟོ་སྤྲུལ་མཆོག་གི་ཡང་རྩེར་སོན་པ། རྫ་སྟོད་ལྷ་ཆེན་པ་དྷརྨ་མངྒ་ལས་ནན་བསྐུལ་གནང་བར་མགོ་བརྩམས་པར་གཡེང་བས་ལོ་ཤས་ལུས་ལ། དེ་ཚེ་རང་སློབ་གསར་བུ་འགར་དྲི་བཤད་ལན་མང་བཏབ་ཀྱང་མི་བརྟན་བརྗེད་ངས་ཆེ་བ་དག་གིས། འདི་ཕྱོགས་མཁས་གྲགས་ཐོན་པ་དག་གིས་ཀྱང་གསལ་ཁ་འདི་ཞེས་དང༌། སྔ་ཕྱི་ཞལ་མཚུངས་པ་ཞིག་མི་ཡོང་བར་ཐེ་ཚོམ་པ་ལས་མ་བྱུང་ཕྱིར། འདིར་གཏུགས་པའི་དགོས་ཁྱད་གཞན་ལ་ཡང་འདི་ལྟར་གསུངས་ཞེས་རྒྱུ་མཚན་ཡོད་པ་ཞིག་ངེད་དག་བརྗེད་ངས་ཆེ་བས་མི་ཡོང་འདུག་ཕྱིར་གང་ནས་ཕལ་ཆེར་གང་ལྕོགས་ཤིག་ཡི་གེར་འདེབས་ཐུབ་བྱུང་ན་རང་གཞན་ཀུན་ལ་ཕན་སླེབ་ཆེ་བར་འདུག་ཅེས་ནན་བསྐྱེད་པ་དེར། བདེན་པའི་ཚིག་ལ་སྤྲོ་བའི་དགའ་བ་བཅས་བྲི་བར་བྱས་ལ། དེར་ཡང་སྨན་ངོ་ཚང་མ་ཞིག་མ་བྲིས་ན་ཐོར་བུ་རེས་གོ་མི་ཆོད་སྙམ་ནས། རྒྱས་པ་བྲི་མ་ལངས་ཀྱང་ཐོར་ཆགས་ཚང་བར་བྲིས་ལ། དེར་ཡང་སྨན་རིགས་ཕལ་ཆེ་བ་ལ་ཁུངས་གཏམ་རྒྱུས་བཤད་རེ་འདུག་ཀྱང་མ་སྤྲོས། སྐབས་རེར་ཕྲེང་རེ་ཙམ་མེད་ན་གསར་སྐྱེས་རྣམས་སྤྲོས་པ་མི་ཚིམ་འདུག་པར་བསྟུན། རྒྱས་མིན་རྒྱས་མིང་བཏགས་པའི་ཟོལ་གྱིས་གཡར་ཁྲལ་ཙམ་དུ། མེ་ལུག་ཟླ་བ་དང་པོའི་ཚེས་བཅུ་དགུ་ཉི་མ་མེ་བཞིའི་འགྲུབ་སྦྱོར་ནས་བརྩམས། ཕྱི་མ་བཤོལ་བའི་ཚེས་བཅུ་བདུན་གོང་བཞིན་ཉི་མ་མེ་བཞིའི་འགྲུབ་སྦྱོར་ལ་གྲུབ་པར་བྱས་ཏེ། དེ་བར་ཞག་ཉེར་བརྒྱད་པོའི་རིང་ལ་བཅད་མཚམས་དམ་པས་འདི་ཉིད་ཁོ་ན་ལས་རྩོལ་བ་མེད་པར་འབད་དེ། ཨ་ཀྵ་ཤ་བ་རར་བརྒྱུད་ལྡན་བི་ཇིའི་རིགས་འབངས། ཀར་བརྒྱུད་ཀྱི་བཙུན་པ་ཡོངས་ཀྱི་བྲན་མཐའ། དགེ་བཤེས་བསྟན་འཛིན་ཕུན་ཚོགས་བྱ་བས་སྦྱར་བའི་དགེ་བས། གསོ་རིག་བརྒྱུད་འཛིན་ཀུན་གྱིས་དགོངས་བཞེས་སུ་གྱུར་ནས། ལུས་ཅན་ཡོངས་ལ་ཕན་པའི་རྒྱུར་གྱུར་ཅིག །ཨོཾ་སྭ་སྟི་སིདྡྷི། མཁྱེན་བརྩེ་ནུས་པའི་གསོས་སྨན་གྱིས། །ལུས་ཅན་སྡུག་བསྔལ་མི་བཟད་པའི། །ཟུག་རྔུ་མཐར་མཛད་བཅོམ་ལྡན་འདས། །བླ་མ་སྨན་པའི་རྒྱལ་པོར་འདུད། །ཐམས་ཅད་མཁྱེན་རྒྱུ་རིག་པའི་གནས། །རྣམ་ལྔའི་ནང་གསེས་གསོ་བའི་གཞུང༌། །ཀུན་བཏུས་སྨན་གྱི་དངོས་མིང་སོགས། །ལེགས་བཤད་ཤེལ་གོང་ཤེལ་ཕྲེང་དག །གཅིག་ལས་མང་འབྱུང་ཕྱི་མོའི་འཕྲུལ། །འདི་ཡང་གཙུག་ལག་ལུགས་བརྒྱའི་སྡེ། །མཁྱེན་དཔྱོད་སྔོན་བསགས་དགེ་བས་ཕྱིས། །བསྟན་པའི་སྦྱིན་བདག་ཚེ་རིང་གི། རིག་བྱེད་ཕ་རོལ་སོན་གང་གིས། །མཐོ་མཛེས་རིན་ཆེན་རྒྱལ་ཁབ་ནི། །བསོད་ནམས་བྱེད་པོས་བསྐྲུན་པ་དེར། །དམར་སེར་གནམ་ལོའི་བུ་མོ་ཡི། །དབྱར་སྐྱེས་ལན་བུ་གཡོ་དུས་བསྐྲུན། །རྣམ་དཀར་ལེགས་བྱས་ཀ|u་རས། །རྣམ་མང་འགྲོ་བའི་ལས་ཉོན་རིམས།། རྣམ་བཅོམ་བདེ་བ་རྒྱུ་བཅས་དང༌། །རྣམ་པ་ཀུན་ཏུ་འགྲོགས་པར་ཤོག །ཅེས་པ་འདི་ཡང་སྒྲོ་བཏགས་པ་བཎྡེ་ཚུལ་རིན་གྱིས་སྨྲས་པའོ།། །།

སརྦ་མངྒལཾ།།

 

མཐའ་མའི་འདོན་ཐེངས་།: 15.06.2015 ཉིན། 9:31 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།